བོད་ཀྱི་སྒྲུང་ཐུང་ཨིན་འགྱུར་དཔེ་དེབ་《འདྲེ་རྙིང་པ་དང་ལྷ་གསར་པ》དཔར་སྐྲུན་བྱས།

1107

 

      གཤམ་གྱི་གནས་ཚུལ་འདི་ནི་ཨ་རིའི་དཔེ་སྐྲུན་ཁང་ORཟེར་བས་ཉེ་ཆར་བོད་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་དཔེ་སྐྲུན་བྱས་པའི་གནས་ཚུལ་དཔེ་སྐྲུན་ཁང་དེའི་དྲ་རྒྱའི་སྟེང་ལ་ཐོན་འདུག  དཔེ་དེབ་འདི་ཁྲོམ་ར་ལ་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ཐོན་རྒྱུ་ཡིན་པ་དང་།  ད་ལྟ་དཔེ་སྐྲུན་ཁང་དེའི་དྲ་རྒྱ་www.orbooks.comཟེར་བའི་སྟེང་ནས་མངགས་ཉོ་བྱེད་ཐུབ།

“འདྲེ་རྙིང་པ་དང་། ལྷ་གསར་པ”ཟེར་བ་འདི་ནི་ནུབ་ཕྱོགས་སུ་བོད་ཀྱི་དེང་དུས་ཀྱི་སྒྲུང་ཐུང་དབྱིན་ཡིག་ཏུ་ཕྱོགས་བསྒྲིགས་བྱས་པ་ཐེངས་དང་པོ་ཡིན་ལ།  འདིའི་ནང་དུ་བོད་ཕྱི་ནང་གཉིས་སུ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་ཏུ་འབྲི་མཁན་གྱི་རྩོམ་པ་པོ་རྩེ་ཕུད་རྣམས་འདུས་ཡོད། བོད་ཀྱི་དེང་རབས་རྩོམ་རིག་ནི་ལོ་ངོ་བཞི་བཅུ་མ་ཟིན་ཙམ་ཞིག་ཡིན་པ་དང་།  དེའི་འཁྲུངས་ལོ་ནི་ ༡༩༨༠ ལོར་ལྷ་སར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཞེས་པའི་དུས་དེབ་དེ་གསར་འདོན་བྱས་པའི་ལོ་དེ་ལ་ཆ་འཇོག་བྱེད། དེ་ནས་བཟུང་སྒྲུང་ཐུང་ནི་དེང་རབས་ཀྱི་བོད་ཀྱི་རྩོམ་རིག་གི་རྩོམ་སྟངས་འགངས་ཆེན་ཞིག་ཏུ་མངོན་ཡོད། སྐབས་འགར་བསམ་ཡུལ་ལས་འདས་ཤིང་། སྐབས་འགར་ཁྱད་མཚར་དུ་མངོན་པ། མཐའ་གཅིག་ཏུ་སེམས་རྩ་སྒུལ་བའི་སྒྲུང་ཐུང་འདི་དག་གིས་དབྱིན་ཡིག་གི་ཀློག་པ་པོ་རྣམས་ལ་དེང་རབས་བོད་པ་དཀྱུས་མ་དང་སྐྱ་བོ་རྣམས་ཀྱི་མི་ཚེ་དང་། ཁོ་ཚོས་དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་བར་འཚོ་ལམ་འཚོལ་བ།  གཞིས་བྱེས་གཉིས་ཀྱི་བོད་པ་སྤྱི་དང་བྱེ་བྲག་གི་གནས་སྟངས་བཅས་ལ་ཤེས་རྟོགས་རྣལ་མ་ཞིག་སྐྱེད་པའི་གོ་སྐབས་ཤིག་བསྐྲུན་ཡོད། སྒྲུང་འདི་དག་གི་བྱུང་ཡུལ་ནི་ཧི་མ་ལ་ཡ་རི་རྒྱུད་དང་། རྒྱ་གར་གྱི་ལྕགས་ལམ་ཞིག ཡང་ན་ནེའུ་ཡོག་གི་གྲོང་ཁྱེར་གྱི་སྨད་འཚོང་ཁང་གང་ཞིག་ཡིན་ཡང་རུང་། འདི་དག་གི་ཐུན་མོང་གི་མཚོན་དོན་ནི་གནའ་བའི་རིག་གཞུང་ཞིག་དང་།  དེང་རབས་ཀྱི་བོད་པའི་མི་ཚེ་ངོ་མ་དེ་ཡིན།

སྒྲུང་རྩོམ་ཕྱོགས་བསྒྲིགས་འདིའི་རྩོམ་སྒྲིག་པ་དང་ཡིག་སྒྱུར་པ་བསྟན་འཛིན་བདེ་སྐྱིད་ལགས་ནས། ད་ལྟ་འཚོ་བཞུགས་ཡིན་པ་དང་། སྙན་གྲགས་ཅན་གྱི་རྩོམ་པ་པོ་པད་མ་འབུམ་དང་།  པད་མ་ཚེ་བརྟན། ཚེ་རིང་དོན་གྲུབ། འོད་ཟེར། དོམ་པ་ཚེ་རིང་དབང་མོ། སྐྱབས་ཆེན་བདེ་གྲོལ། འཇམ་དབྱངས་ནོར་བུ་སོགས་བོད་ཕྱི་ནང་གི་རྩོམ་པ་པོ་བཅུ་དྲུག་གི་སྒྲུང་རྩོམ་ཉི་ཤུ་རྩ་གཅིག་བདམས་ཡོད།

དཔེ་དེབ་ཀྱི་རྒྱབ་ཤའི་རི་མོ་ནི་ཚེ་རིང་ཤར་པ་ཡི་“ཨོ།  དཀོན་མཆོག་མཁྱེན་ནོ།”ཟེར་བ་དེ་ཡིན།

དཔེ་དེབ་འདི་ལ་ཤོག་གྲངས་༢༩༦ ཡོད་པ་དང་།  དེབ་དཀྱུས་མའི་རྒྱལ་སྤྱིའི་དཔེ་དེབ་ཨང་གྲངས་ནི་978-1682191 ཡིན་པ་དང་། འཕྲུལ་དེབ་ཀྱི་རྒྱལ་སྤྱིའི་དཔེ་དེབ་ཨང་གྲངས་ནི་978-1-682191-01-9 ཡིན།

དེབ་འདིའི་སྐོར་ལ་ཨ་རིའི་རྩོམ་པ་པོ་གྲགས་ཅན་Gary Shteyngartཡིས་འདི་ལྟར་གསུངས་ཡོད། “རིག་སྟོབས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་པས་ཅི་མྱངས་ཀྱི་དཔེ་དེབ་ཡུན་རིང་ལ་སྒུག་ནས་བསྡད་པ་ཞིག”​​​

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།