ངའི་རྩོམ་རིག་དང་། ངའི་འཇིག་རྟེན་གྱི་བར་ཐག_རྫ་སྐྱེས་ཕུར་བ།

913



ལྗོངས་རྒྱུའི་མཛེས་པ་པར་མིག་ཏུ་འཇུག་པ་དང་། རྒྱང་བསྐྱོད་གོམ་པ་རང་དབང་གིས་སྤོ་བ་ནི་ངས་ང་རང་ཉིད་ཀྱི་མི་ཚེའི་སྤྲོ་དགའ་ལོངས་སུ་སྤྱོད་ཚུལ་ཞིག་དང་། ངས་ང་རང་ཉིད་ཀྱི་རྩོམ་འབྲིའི་རྨི་ལམ་དངོས་ཡོད་གཏོང་ཐབས་ཤིག་ལ་བསམ་མྱོང་ཡོད།

དེ་བས་ངས་ལྗོངས་རྒྱུ་དང་རྒྱང་བསྐྱོད་ཁྲོད་ནས། ཉིན་བཞིན་ལྐོག་གྱུར་གྱི་སྣང་བ་དག་སད་པར་རེམ་ཞིང་། མངོན་སུམ་གྱི་མཁར་གཞིས་མང་པོར་འདྲིས་ཐབས་སུ་འབད། དེ་ནི་ངའི་རྩོམ་འབྲིའི་མྱོང་བ་གཏིང་ཟབ་ཡོང་བའི་ལམ་རིམ་ཞིག་དང་། ལས་སྐལ་ཆུ་སྒྲ་ཉན་སའི་འཇིག་རྟེན་དེ་དང་ཉེ་བར་བཅར་བ་ཞིག་ཡིན་སྲིད་པར་འདོད།

བདག་རང་རྩོམ་འབྲིའི་རྨི་ལམ་གྱི་གར་སྟེགས་སུ་བུད་པ་ནས། གོ་རིམ་ངེས་ཅན་མང་དག་བློས་བཏང་ཞིང་། ཕལ་བའི་དགའ་མགུ་མང་པོར་གྱེས་ཕྱག་ཕུལ་དགོས་བྱུང་ཡོད། དེ་ནི་ངའི་རྩོམ་འབྲིའི་ལམ་ལ་བསྐྱོད་པའི་སྐྱོ་གར་དང་ཀྱོག་མཚམས་ཤིག་ཀྱང་མིན་འགྲོ་སྙམ་གྱི་ཡོད།

རྩོམ་རིག་གི་རིན་ཆེན་ཕོ་བྲང་དེ་ཉིད་ནམ་ཞིག་ངས་རྨི་ལམ་གྱི་ཕར་ནང་ནས་རྙེད་སྲིད་པའི་རེ་བ་བྱས་ཤིང་། དེ་རུ་དབྱངས་ཀྱི་ཆུ་འཛིན་དཀར་པོ་བར་མེད་དུ་ལྡང་པ་དང་། དེ་རུ་སྣང་བའི་དགའ་སྐྱོ་མ་ལུས་གཟུགས་ཅན་དུ་མངོན་པ་དང་། དེ་རུ་བསམ་པའི་མཛའ་གཅུགས་གང་ཉིད་བསུང་ཞིམ་གྱིས་ཕེབས་པའི་བར་ལ་བསམ་གཞིག་བྱེད་མྱོང་ཡོད།

ཧི་མ་ལ་ཡའི་རི་སྡིངས་བར་མ་དེ་ནས་ངའི་མིག་ཟུང་གངས་ཚོགས་ཀྱི་མཐོངས་སྣེ་ལ་གཏད་ཅིང་། རྣམ་ཤེས་སྨུག་སྤྲིན་ས་ལ་ལྷུང་བའི་ངང་ཚུལ་ལ་འཁྱུད་དུས། ང་ལ་དྲན་ཞིང་བརྗེད་མེད་དུ་ཡོད་པ་ནི་རྩོམ་འབྲིའི་རྨི་ལམ་གྱི་མྱོང་ཚོར་རྣམས་ཡིན་འདུག་ལ། བྱེ་འུ་དག་གི་སྐད་འགྱུར་གྱིས་དཀྲོག་པའང་རྩོམ་འབྲིའི་རྨི་ལམ་ཁྲོད་ཀྱི་ལྷ་ཚོགས་དག་ཡིན་འདུག

གྲོགས་པོས་ང་ལ་ཁྱེད་ཀྱིས་མཚན་ཉིད་ཀྱི་དཔེ་ཆ་མང་པོར་བལྟས་ཡོད་ཙང་། སྒྱུ་རྩལ་རྩོམ་རིག་ལ་འཇུག་དུས་ཚད་ངེས་ཅན་ནས་བཤད་པ་ཡིན་ན་ཁྱེད་ལ་དཀའ་ཁག་ཏན་ཏན་ཡོད་རེད། ཁྱེད་ཀྱི་ལྷུག་རྩོམ་མང་པོར་མཚན་ཉིད་ཀྱི་བཤད་པའི་འགྲོས་དང་། ཆོས་ཉིད་ཀྱི་སྐད་ཆའི་ཞད་ཆེ་ཙམ་འདུག་ཅེས་བསྐུལ་མ་སྙིང་གཏམ་འདྲིས་མའི་ལམ་སྟོན་ཞིག་གནང་མྱོང་ཡོད།

དེ་ནས་བཟུང་། ངས་ནམ་ཡིན་ཡང་མཚན་ཉིད་རིག་པའི་བཙོ་སྦྱང་གི་ཤེས་རབ་དེ་དང་། སྒྱུ་རྩལ་མྱོང་རོལ་གཙོར་བཟུང་གི་མཐོང་སྣེ་གཉིས་པོ་ཇི་ལྟར་བྱས་ནས་ འདུམ་འགྲིག་ཡོང་མིན་ལ་བསམ་གཞིག་བྱས།

ངའི་བྱིས་དུས་ནི་མཁར་ཁང་སྐྱེད་ཚལ་དང་། བཟོ་ལས་འཇིག་རྟེན་གྱི་ནང་ན་མེད་པར། འབྲོག་གི་སྦྲ་ཁྱིམ་དང་། ནོར་ལུག་འཚོ་སྐྱོང་གི་ཕྱུགས་ལས་དང་འབྲེལ་ནས་ཡོད་ཙང་། ངས་བྱིས་དུས་ཀྱི་མཚར་སྣང་ལ་ཕྱིར་དྲན་བྱེད་དུས། ཝི་ལུ་མ་ཞེས་པའི་འབྲོག་སའི་ཉིན་ལུང་ཞིག་རྟག་པར་དྲན་སོས་ཡོང་། དེ་ལས་བྱུང་བའི་མྱོང་བ་མང་པོ་ཞིག་ནི་ངའི་རྩོམ་འབྲིའི་ལམ་སྦྱོང་ཁྲོད་ཀྱི་ཐོག་མའི་ཚོན་མདོག་དང་རྣམ་པ་ཆགས་སྟངས་དེར་འབྲེལ་བ་མེད་འགྲོ་སྙམ་གྱི་ཡོད།

ང་རང་ལོ་བཅུ་གསུམ་ཐོག་ནས་དགོན་པར་ཆས་ཏེ། སྨོན་ལམ་རྣམ་ལྔ་དང་། ཀུན་གསང་འཇིགས་གསུམ་གཙོས་པའི་ཆོས་སྤྱོད་རྒྱུད་སྡེ་མང་པོ་ཞིག་ངས་བློ་ཐོག་ལ་བཟུང་། གཞིས་དགོན་གྱི་<<རྟ་མགྲིན་བླ་རྒྱུད>>དང་། <<གུ་རུ་ཞི་བ>>རྔ་དང་སྦུག་ཆལ་དུས་གཅིག་གིས་བརྡུངས་ནས་རྫིག་པོ་འདོན་སྲོལ་ཡོད་པའི་དམ་ཆེན་ཆོས་རྒྱལ་གྱི་བསྟོད་པ<<བརྐྱང་བསྐུམ་མ།>>དང་། སེ་ར་ཚོགས་ཆེན་གྱིགཏོར་འབུལ་ཆོ་ག་སོགས་དགོན་པའི་དབྱངས་རྟ་མང་པོ་ཞིག་ངའི་རྣ་ལམ་དུ་ཁྱབ་ཅིང་ཡིད་སེམས་སུ་ཟུག དེས་ཀྱང་ངའི་རྩོམ་རིག་ལ་བག་ཆགས་ཀྱི་གཏིང་རིང་པོ་ཞིག་དང་། རྨི་ལམ་གྱི་ངོས་མང་པོ་ཞིག་བསྩལ་མྱོང་ཡོད་པ་འདྲ།

སྐབས་ཤིག་ང་རང་གཞིས་དགོན་གྱི<<སྨོན་ལམ་ཆེན་མོ>>འི་བརྒྱབ་གྲལ་ན་བསྡད་ཡོད་དུས། རྡུང་གྲལ་བར་མའི་གྲལ་མཇུག་ཏུ་གསང་མེ་སྦར་ཞིང་། གྲལ་གཡས་སུ་སྦུག་ཆལ་དང་། གཡོན་དུ་ལྔ་ཆེན་བསྒྲིགས་ཏེ་ཉམས་དོད་པོའི་དགོང་མོའི་གསོལ་ཁ་འདོན་སྟངས་དེར་ང་རང་ཧ་ཅང་ཚོར་ཤུགས་ཆེན་པོས་ཡིད་སྨོན་སྐྱེས་མྱོང་ཡོད། དབུ་མཛད་ཆེན་མོས་”ལྷ་ལ་དབང་སྒྱུར་ལྷ་མོ་འོད་འབར་མ།།”ཞེས་དབྱངས་འགྲོས་མགྱོགས་ལ་འགྱུར་ཁུག་མང་པའི་བཀའ་སྲུང་གཉིས་ཀྱི་གསོལ་ཁའི་དབུ་སྐལ་ནམ་ལེན་ལ་སྒུག་མྱོང་ཡོད། ད་ལྟ་བསམ་ན་དགོན་པའི་ཆོ་ག་དང་། འདོན་སྐལ་དེ་དག་ནི་ང་ལ་མཚོན་ན་དབྱངས་ཀྱི་གཏེར་ཁ་ཆེན་པོ་ཞིག་ཡིན་པའི་སྣང་བ་སྐྱེ་ཡོང་ལ། ཐུན་མིན་གྱི་དབྱངས་རྟ་དེ་དག་ཕྱིས་སུ་ག་ཙམ་བར་གནས་ཐུབ་མིན་ཐད་ང་ལ་སེམས་ཁྲལ་ཧ་ཅང་ཡོང་གིན་ཡོད།

དེ་ནས་ང་རང་ལོ་ཉི་ཤུར་ཐོན་དུས་གྲྭ་སར་ཆས་ཏེ། སེ་རའི་ཕྱེ་གཞུང་དཀར་མོ་ཞེས་པའི་གྲགས་གཡེར་ཆེ་བའི་ཆོས་ར་དེ་ནས། ཁ་དོག་དཀར་དམར་ནས་བཟུང་། དབུ་ཕར་ཚད་གསུམ་བར་ཏུ་བརྩད་ཅིང་། དབུ་ཕར་གྱི་བརྡ་ཆད་མང་པོ་ཞིག་ལ་ང་རང་ངོས་ཀྱིས་གོ་བ་རགས་ཙམ་ཞིག་རྙེད་ཐུབ་པ་བྱུང་ཞིང་། ལྟ་གྲུབ་དང་བླང་དོར་སྟོན་པའི་དཔེ་ཆ་མང་པོར་འདྲིས་ཡུན་རིང་ཙམ་བརྒྱུད་མྱོང་བའི་ལོ་འཁོར་བཅོ་ལྔ་ལྷག་གྲྭ་སའི་འཇིག་རྟེན་ནས་བསྐྱལ་བ་དེས། སྐབས་རེ་བསམས་ན། ངའི་རྩོམ་རིག་གིས་ངའི་སྐད་ཆ་བཤད་པར་རང་བྱུང་གི་ཆ་རྐྱེན་ཞིག་དང་། རང་དབང་གི་ལྕགས་རི་ཞིག་གནང་ཡོད་པར་ངས་རྟག་པར་འདོད་ཀྱི་ཡོད།

ཉེ་ལམ་ང་རང་ཧི་མ་ལ་ཡའི་རི་བོའི་ལྗོངས་དག་ཉུལ་བར་བསྐྱོད་ཅིང་། རང་དབང་གི་རྩོམ་པའི་ལས་ལ་འཇུག་པར་འབད། ཇི་ལྟར་བྱས་ན་ངའི་རྩོམ་འབྲིའི་ནུས་པ་མཐོ་རུ་གཏོང་ཐུབ་བམ་ཞེས་དྲི་བ་དེ་ངས་རྟག་པར་ང་རང་ལ་དྲིས་ཤིང་། ལྗོངས་རྒྱུ་དང་རྒྱང་བསྐྱོད་ནི་དྲིས་ལེན་གྱི་དམིགས་ས་ཞིག་ཏུ་བཟུང་།

དེ་ལྟར་ནར་སོན་གྱི་གོམ་པ་ཀྱ་མ་ཀྱོག་གིས་སྤོ་དུས་ང་ལ་ངའི་རྩོམ་རིག་གི་རྨི་ལམ་ཡོད་པར་གྱུར་ཅིང་། ཁང་ཐོག་ཟླ་འོད་ཀྱིས་ཁྱབ་པར་གྱུར་བའི་དུས་སུ་ངའི་མཐོང་ལམ་ནི་དཀར་རྐྱང་གི་སྣང་བ་ཞིག་གིས་གྲུབ་པ་དང་། ཆར་རླུང་ཕྱོགས་སུ་ལྡང་དུས་ངའི་རེག་ཚོར་ནི་བརླན་གཤེར་གྱིས་བངས་ནས་ཡོད་པ་འདྲ་བའི་མྱོང་ཚོར་མཐའ་མེད་ཀྱི་རླབས་རྒྱུན་ཞིག་མུ་རུ་བསྐྱངས།

ངས་ང་ལ་བཤད་མྱོང་བའི་སྐད་ཆ་ཞིག་ཡོད་དེ། འཚོ་གནས་ཀྱི་མདུན་དུ་ང་ནི་འཚོ་ཚིས་པ་ཞིག་ཡིན་ལ། གཞུང་ལུགས་ཀྱི་ཁྲོད་དུ་ང་ནི་དཔེ་ཆ་པ་ཞིག་ཡིན། ད་དུང་། ཚིག་རྒྱན་གྱི་སྐབས་སུ་ང་ནི་བཟོ་ལས་པ་ཞིག་དང་། རྟོག་ཚོར་གྱི་དུས་སུ་ང་ནི་སྙན་ངག་པ་ཞིག་ཡིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།