སྤྲིན་དཀར་ལྡིང་བའི་ཕྱོགས་ན།__དུང་རུ་ཚེ་དབང་།

2480


སིལ་སིལ་འགུལ་བའི་ལྗོན་པ།


ཞོགས་པའི་སྨུག་པ་སྲབ་མོ་དེ། མཐོ་ལ་བརྗིད་པའི་མཆོང་རིའི་རྩེ་མོར་འཁྲིགས་ནས་འདུག །ཉི་ཟེར་ཕྲ་མོ་ཞིག་ཀྱང་སྨུག་པའི་ཧྲག་བར་བརྒྱུད་ནས་ནགས་ཚལ་དང་སྤང་ལྗོངས་ངོས་སུ་འཕྲོས་ཤིང་། ནགས་ཚལ་འདབས་ཀྱི་རྡོ་རྩེག་གི་ཁང་པ་དང་ཕོ་བྲང་གི་ཡང་སྟེང་དག་ཏུ་འཕྲོས། ཡང་ཕོ་བྲང་དང་ཐག་རིང་བའི་ཁོ་མོའི་གཞིས་ཀ་ཆུང་ངུ་དེར་འཕྲོས་ཤིང་། མིང་དང་བཅས་པར་ཡོངས་མོད་མིང་མེད་པར་གནས་པའི་ཁོ་མོའི་དཀར་སང་སང་གི་གདོང་པར་འཕྲོས། ཉི་འོད་ནི་དེ་འདྲའི་ཁོད་སྙོམས་པ་དང་ཕྱོགས་རིས་བྲལ་བ་ཞིག་རེད་ཨང་།

ཡུལ་འདིའི་ས་བབས་ནི། དྲོ་གྲང་སྙོམ་པའི་ཁོ་མོའི་ཕ་ཡུལ་དང་མི་འདྲ་བར་ཅུང་ས་ཁད་མཐོ་ཞིང་། དུས་བཞིའི་དབྱེ་བ་ཆེས་ཆེར་གསལ། སྒོ་རར་བུད་པ་ན། ནམ་རྒྱུན་ལྟར་ཕར་རིའི་ནགས་གསེང་ནས་གྲགས་པའི་ཁུ་བྱུག་གི་འགྱུར་ཁུག་གསལ་ལྷང་ལྷང་གིས་མོའི་རྣ་བའི་བུ་གར་ལྷུང་། ཡུལ་འདིའི་མི་རྣམས་ཀྱིས་ཁུ་བྱུག་ནི་མོ་རང་གི་ཕ་ཡུལ་ནས་འཕུར་འོང་བ་རེད་ཅེས་བཤད་པས་ཡིན་ནམ། ཅུང་སྐྱོ་ཉམས་སིམས་པའི་ཁུ་བྱུག་གི་འགྱུར་ཁུག་དྭངས་མོ་དེ་རྣ་བར་ལྷུང་པ་དང་། མོའི་སེམས་ཀྱི་རྫི་རླུང་བཀག་ཀྱང་ཁོག་པ་མེད་པར་བཞའ་རླན་གྱི་དྲི་ངད་འཐུལ་བའི་ཕ་ཡུལ་གྱི་ཕྱོགས་སུ་ཞོག །

ཕ་ཡུལ་གྱི་ལྗོན་ཤིང་དེ་དག་དལ་བུར་འགུལ་ཞིང་། ལྗོན་པའི་སྟེང་གི་ཤིང་འབྲས་རེ་རེ་མགོ་བོ་མར་ལ་དུད་དེ་འདུག །དམར་ལ་སྨིན་པའི་ཤིང་འབྲས་ཀྱི་ལྗོན་པའི་འོག་ཏུ། ཆུང་དུས་ཀྱི་རང་ཉིད་ནི་བྱིས་པ་འགའ་དང་མཉམ་དུ་རྩེད་མོ་སྣ་ཚོགས་ལ་གཡེངས་ནས་འདུག །འགའ་རེ་རྒྱལ་བློན་དང་དམག་མི། འགའ་རེ་མ་སྲུ་དང་མོ་སྨན་དུ་བརྫུས། ཤིང་ལོ་དང་ལྡུམ་བུའི་རྒྱན་གོས་སྤྲས། རྡོ་བ་དང་ཤིང་དུམ་གྱི་གསོལ་སྟོན་བསྒྲིགས། ཅི་འདྲའི་ཕུན་སུམ་ཚོགས་ལ་རྣམ་པར་དག་པའི་འཚོ་བ་ཞིག་མ་རེད་དམ། གང་ཞིག་སྨོན་པའི་ཡུལ་དུ་གནས་པ་ནི་ཆེས་མཛེས་པ་དང་ཡིད་དུ་འོང་བ་འདྲ། འོན་ཀྱང་ཁོ་མོས་དེ་དུས་དེ་འདྲ་ཞིག་ལར་ནས་བསམ་མྱོང་མེད།

ད་ནི་ཁྱོད་རང་རང་ལོ་བཅུ་དྲུག་ཏུ་སོན་པ་རེད། ལོ་དེར་མོ་ལ་ཨ་མས་དེ་ལྟར་བཤད་བྱུང་། སྐད་ཆ་དེས་མོ་རང་གློ་བུར་ནར་སོན་དུ་བཅུག་པ་དང་འདྲ། ཕྱིས་སུ་མོས་ལོ་ངོ་བཅུ་དྲུག་ནི་ཅི་འདྲའི་ཐུང་བ་ལ་ཨང་སྙམ། དེ་འདྲའི་ཐུང་ཐུང་ཡིན་པའི་ལོ་ངོ་བཅུ་དྲུག་གིས། རྒྱུན་རིང་ལ་ཀྱག་ཀྱོག་མང་བའི་མ་འོངས་པའི་མི་ཚེ་ཡོངས་སུ་བཟུངས་ཤིང་། ཡང་དང་བསྐྱར་དུ་དེ་དུས་ཀྱི་སར་ལོག་ནས་འཚོ་དགོས་པ་འདི་ཁོ་མོས་རྗེས་སུ་ཤེས་པ་ཡིན།  ཕ་ཡུལ་དུ་བསྐྱལ་བའི་ལོ་ངོ་བཅུ་དྲུག་ནི། ཁ་དོག་བཀྲ་བའི་ཕ་ཡུལ་གྱི་ལྗོན་པའི་སྟེང་གི་ཤིང་ལོ་དང་ཤིང་འབྲས་དེ་དག་ཡིན་པར་ཆ་བཞག་ན། རྗེས་ཀྱི་མི་ཚེ་ནི་མིང་མེད་པའི་རྫི་རླུང་ཕྲ་མོ་ཞིག་དང་འདྲ་སྟེ། ཆེས་རྒྱུས་མེད་ཀྱི་ས་མཐའ་ཞིག་ནས་མངོན་མེད་ཚོར་མེད་ངང་། དལ་བ་དལ་བུར་ཕ་ཡུལ་གྱི་ཕྱོགས་སུ་ལྡངས་ཤིང་། དེ་ནས་ཕ་ཡུལ་གྱི་རྩྭ་དང་མེ་ཏོག །ལམ་ཕྲན་དང་ཆུ་མིག །ཞིང་ཁ་དང་སྙེ་མའི་རྦ་རླབས་བརྒྱུད། ཁ་དོག་རྣམ་པར་བཀྲ་བའི་ལྗོན་པའི་སྟེང་གི་ཤིང་ལོ་དང་ཤིང་འབྲས་དེ་དག་སིལ་སིལ་སྒུལ་བའི་ལས་སུ་འབད།

སིལ་སིལ་འགུལ་བའི་ལྗོན་ཤིང་སྣ་ཚོགས་འཁྲིགས་པའི་གྲོང་པ་འདིའི་སྲས་མོ་གཅིག་པུ་སྟེ། མོ་རང་ལ་ཨ་མས། ད་ནི་ཁྱོད་རང་རང་ལོ་བཅུ་དྲུག་ཏུ་སོན་པ་རེད་ཅེས་བཤད་པའི་སྟོན་ཁ་དེར། རྒན་གཞོན་མཐའ་དག་སྒོ་ཁར་བུད་ནས་ནམ་མཁའི་དབྱིངས་སུ་བལྟས་ནས་འདུག །མོ་རང་ཡང་མ་ཡུམ་དང་མཉམ་དུ་ཟུར་གྱི་ཐོག་ཁང་ཞིག་གི་སྒོ་རར་ལངས་ནས། གྲོང་པ་འདིའི་མི་གཞན་དག་དང་འདྲ་བར་ནམ་མཁར་བལྟས་ནས་བསྡད།

སྤྲིན་པ་དུམ་བུ་ཞིག །བྱང་ཕྱོགས་ཀྱི་མཁའ་མཐའ་ནས་ཡར་བཀྱགས་རྗེས། རིམ་བཞིན་ཇེ་ཆེར་ཕྱིན་པ་དང་། ཁ་དོག་དག་ཀྱང་ནག་པོར་གྱུར་ཏེ། གྲོང་པ་འདིའི་རླབས་ཀྱིས་འཕྱོ་བའི་ཞིང་ཁ། སིལ་སིལ་འགུལ་བའི་ལྗོན་ཤིང་སྣ་ཚོགས། བག་ཕེབས་ཀྱི་འཚོ་བ་རོལ་བའི་མི་རྣམས་ཀྱི་ནམ་མཁའི་མཐོང་ན་ཐོན།

ཕུ་ཆུང་ཆུང་ཞིག་བཏབ་པས་ཀྱང་འགྱེལ་མི་ཡོང་ངམ་སྙམ་པའི་དམག་མི་རེ་ཟུང་ཞིག་ཕྲག་པ་གློད་ཅིང་གདོང་པ་སྨད་ནས་ཕྱིར་བསླེབས། ཁོ་ཚོའི་ལྗིད་ཏིག་ཏིག་གི་གོམ་པ་རེ་རེས་མི་རྣམས་ཀྱི་སེམས་ལ་མིང་མེད་པའི་བྲེལ་བ་ཞིག་རང་ཤུགས་ཀྱིས་ལང་དུ་འཇུག །

གྲོང་ཚོའི་ནང་གི་སྐྱེས་པ་ཕལ་མོ་ཆེས་རྟ་རེ་ཞོན་ཅིང་། མཁར་རྫོང་ནང་ནས་གོ་མཚོན་དང་འབྲུ་རིགས་མང་པོ་བཀལ་རྗེས། སིལ་སིལ་འགུལ་བའི་ལྗོན་ཤིང་འོག་གི་ལམ་ཕྲན་བརྒྱུད་དེ་གང་ཞིག་ཏུ་ཆས་སོང་། གྲོང་ཚོ་འདིའི་བུད་མེད་དང་རྒན་བྱིས་རྣམས་སྔར་བཞིན་གྲོང་པའི་མཐོང་གི་སྤྲིན་པ་ནག་པོ་དེར་བལྟས་ནས་འདུག །

ཁོ་ཚོ་ཆས་ནས་རིང་ཙམ་འགོར་སོང་། རིང་ཙམ་འགོར་བའི་རྗེས་ནས། སླར་ཡང་མི་རེ་ཟུང་ཞིག་སྔར་ལྟར། ཕྲག་པ་གློད་ཅིང་ལྗིད་ཏིག་གི་གོམ་པ་རེ་སྤོ་བཞིན་ཕྱིར་བསླེབས་ཤིང་། སྒོ་ཁར་བུད་དེ་ནམ་མཁར་བལྟ་བཞིན་པའི་མི་རྣམས་ལའང་མིང་མེད་པའི་བྲེལ་བ་སྣོན་མ་རེ་ལང་དུ་འཇུག །

ཕྱིར་ལོག་པའི་དམག་མི་དེ་དག་གིས་ཁོ་མོར་ལྟ་ཙམ་བྱས། སྒོ་ཁར་བུད་ནས་ནམ་མཁར་བལྟས་ཏེ་ཡོད་པའི་མི་རྣམས་ཀྱིས་ཀྱང་ཁོ་མོར་ལྟ་ཙམ་རེ་བྱས། ཡང་སྙིང་མིག་འོད་དེ་དག་གི་ནང་དུ་ཅི་ཞིག་བསྐུངས་ཡོད་པ་མི་ཤེས་མོད། མོ་ལ་ཐོག་དང་པོར་ཤིན་ཏུ་གྲང་བའི་ཚོར་བ་ཞིག་བྱུང་།

སིལ་སིལ་འགུལ་བའི་ལྗོན་པའི་སྟེང་གི་ལོ་མ་སེར་པོ་འགའ་ཙམ་སྒྲ་ཕྲ་མོ་ཞིག་དང་བཅས་ལྗོན་རྩེ་ནས་མར་ལྷུང་ཞིང་། ལྗོན་ལོ་གཅིག་མོ་རང་ཕར་འཕུར་ཚུར་འཕུར་བྱེད་མྱོང་སའི་ལམ་གྱི་ཟུར་དུ་དལ་བུར་བབས། ཡང་ལྗོན་ལོ་གཞན་ཞིག་ནི། དལ་བ་དལ་བུར་མོའི་སྔུན་དུ་འཕུར་ཡོང་ཞིང་། རང་གི་དཀར་ལ་ཕྲ་བའི་ལག་པ་ཕར་བསྲིངས་ནས་འཛིན་པར་བརྩམས་པ་ན། མོའི་སྔུན་དུ་འཕུར་བའི་ལྗོན་ལོ་སེར་པོ་དེ་ནི། སྒོ་རའི་མེ་ཏོག་སྟེང་གི་ཕྱེ་མ་ལེབ་ཅིག་དང་འདྲ་བར་གཡས་འགྱུར་གཡོན་འགྱུར་འགའ་ཙམ་བྱས་རྗེས། སྡེ་འདབས་ཀྱི་ལམ་ཕྲན་དེད་དེ་འཕུར་ནས་སོང་། མོས་ལྗོན་ལོ་སེར་པོ་འཕུར་བའི་ཕྱོགས་ཀྱི་ལམ་ཕྲན་ངོས་ནས་ཕར་བལྟས་པས། རྫི་རླུང་ཕྲ་མོ་ཞིག་རྒྱང་རིང་རྒྱང་རིང་ནས་ལྡང་ཡོངས་ཏེ། ཞིང་ཁའི་སྙེ་རླབས་བརྒྱུད་མོའི་གནག་ཅིང་སྣུམ་པའི་སྐྲ་ལོ་འཕྱོ་ཙམ་འཕྱོ་ཙམ་བྱས

རྨི་ལམ་མང་བའི་ཁུ་བྱུག།



རྨི་ལམ་ནང་དུ། མོ་རང་ཁུ་བྱུག་ཅིག་ཏུ་གྱུར་ཅིང་། གཤོག་པ་བརྐྱངས་ནས་ལྷོ་ཕྱོགས་སུ་འཕུར་དགོས་སྙམ་པ་དང་། མོའི་མགོ་བོའི་ཐད་ཀྱི་ནམ་མཁའ་ནས་སྤྲིན་པ་ནག་པོ་དུམ་བུ་ཞིག་མྱུར་མོར་ལྷོ་ཕྱོགས་སུ་ཆས་ཤིང་། སེར་བ་དྲག་པོ་ཞིག་འབབ་པར་བརྩམས། མོའི་ཡབ་ཡུམ་ཟུང་དང་གནམ་ལ་བལྟས་ནས་ཡོད་པའི་ཡུལ་མི་དག་ལ་བྲེད་ཤ་ཁྱད་པར་བ་ཞིག་ལངས་ཤིང་། ཡོད་ཚད་ལྗོན་པའི་ཕྱོགས་སུ་བརྒྱུགས་ནས་གསོལ་བ་བཏབ་མོད། ལྗོན་པ་ཆེན་པོ་དེ་སྒྲ་དྲག་པོ་ཞིག་དང་བཅས་མར་འགྱེལ་ནས་འོང་བ་དང་། མོ་རང་གཉིད་ལས་དངངས་སད་བྱས།

དེ་ལྟར་རྨི་ལམ་མང་པོ་ཞིག་ནི་དངོས་ཡོད་དང་འདྲ་ཞིང་། དངོས་ཡོད་མང་པོ་ཞིག་ནི་ཡང་རྨི་ལམ་དང་འདྲ་བས་ན། ངས་ནི་འདྲ་མཚུངས་ཀྱི་དཔེ་དོན་འདི་དག་རྒྱུན་པར་ཕན་ཚུན་ནོར་ནས་འགྲོ།

ཅུང་སྐམ་ཤས་དང་གྲང་ངར་ལྡན་པའི་མཁའ་དབུགས་འདིར། ཕར་བལྟས་ཚོད་ཀྱིས་མོ་རང་གོམ་ལོབས་སུ་སོང་ཟིན་པ་དང་འདྲ། ད་ནངས་བབས་པའི་ཁ་བ་སྲབ་མོ་དེ་ངང་གིས་ཞུ་བ་ན། ལྷོ་ཕྱོགས་ཀྱི་མཁའ་མཐའ་ནས་སྤྲིན་དཀར་དུམ་བུ་ཞིག་དལ་གྱིས་འགུལ་བཞིན་འདུག །མོས་སྙམ་མེད་ངང་ལག་པ་གཉིས་དལ་བུར་བརྐྱངས་རྗེས་སྤྲིན་དཀར་ལྡིང་བའི་ཕྱོགས་སུ་འཕུར་བའི་བཟོ་ལྟ་བྱས། མོ་ལ་ཕྱིར་ལོག་དགོས་པའི་འདུན་པ་ཞིག་རྒྱུན་དུ་གནས་ཤིང་། རྨི་ལམ་དུའང་ལག་ཟུང་ཤེད་ཀྱིས་བརྐྱངས་ནས་སླར་འཕུར་བ་ཁོ་ན་རྨིས། སྤྱིར་ནས་འཕུར་རྩལ་སྦྱོང་བ་ནི་མཇུག་མཐར་རང་གི་ཚང་དུ་ཕྱིར་ལོག་པའི་ཆེད་དུ་ཡིན་པ་འདྲ་མོད། འོན་ཀྱང་མོ་རང་གཏན་དུ་ཕྱིར་ལོག་མ་ཐུབ་པ་མ་བྱུང་།

མོ་རང་ས་འདིར་དང་པོ་ཐོན་དུས། ཁུ་བྱུག་ལྟར་སླར་འཕུར་བ་ལས་འདི་ལྟར་ལྷག་འགྲོ་བ་ག་ལ་ཤེས། དེ་ལྟ་ནའང་། མི་ཟེར་བ་འདི་མཚམས་རེར་འཆར་གཞི་མང་པོ་བཟོས་པའི་ས་དེར་གཏན་དུ་བསླེབ་མི་སྲིད་ཅིང་། ལན་རེར་ཚ་འབོག་གཅིག་གི་གནས་ནའང་ཚེ་གང་ལུས་ནས་འགྲོ་བར་འདུག །

མཐོ་ལ་བརྗིད་པའི་མཆོང་རིའི་རྩེ་མོར་ཆགས་པའི་མདང་ནུབ་ཀྱི་ཁ་བ་སྲབ་མོ་དེ། ད་དུང་ཡོངས་སུ་ཞུ་ཐུབ་མི་འདུག །འོན་ཀྱང་ད་ནི་ས་ཆུ་ལྷོད་ཅིང་མཚམས་རེར་རླངས་པ་དང་འགྲོགས་པའི་བཞའ་རླན་གྱི་དྲི་ཞིག་ཀྱང་སྣ་ལམ་དུ་མཆེད་ཡོང་། དྲི་ཞིམ་འདིས་མོ་ལ་སླར་ཡང་ཕ་ཡུལ་གྱི་སིལ་སིལ་འགུལ་བའི་ལྗོན་པ་དྲན་དུ་འཇུག་ཅིང་། སྙེ་རླབས་འཕྱོ་བའི་ཞིང་ཁ་དྲན་དུ་འཇུག།ཡབ་ཡུམ་དྲན་དུ་འཇུག །

ཡབ་ཀྱི་རྩུབ་ལ་ཆེ་བའི་ལག་པ་དྲོན་པོ་ཟུང་གིས། མོའི་རྣ་འགྲམ་གཡས་གཡོན་གཉིས་ནས་བྱམས་པོར་བསྡམས་རྗེས་ཡར་འདེགས་ཞོར། ཁྱོད་རང་འཕུར་ཐུབ་མིན་བལྟའོ་གསུངས། མོ་རང་ཡང་དངོས་གནས་འཕུར་ན་འདོད། མོ་རང་འཕུར་འདོད་ཀྱི་འདུན་པ་དེས་མཚམས་རེར་མཚན་མོའི་གཉིད་ལས་ཀྱང་དཀྲོག་པར་བྱེད། མོའི་ལག་པ་ལག་པ་གཉིས་ཐད་དུ་བརྐྱངས་ཤིང་། བྱེའུ་ཞིག་ལྟར། སིལ་སིལ་འགུལ་བའི་ལྗོན་པའི་འོག་ནས་འཕུར་ཏེ། སྙེ་མའི་རླབས་རྒྱུན་འཕྱོ་བའི་རྣང་ཞིང་དང་། དྭངས་ཤིང་གསལ་བའི་ཆུ་མིག་ཁ། མཐོན་པོའི་སྤྲིན་དཀར་སོགས་བརྒྱུད་ནས་ལྡིང་སྐོར་ཡང་ཡང་བརྒྱབ། དེ་ལྟར་མངོན་མེད་ཚོར་མེད་ངང་། ཕ་ཡབ་ཀྱི་ལག་པ་དྲོན་པོས་བཏེགས་ནས་ལྡིང་སྐོར་འགའ་ཙམ་བྱས་རྗེས། རང་གི་སེམས་ལའང་གཤོག་པ་སྐྱེས་ཏེ། དངོས་གནས་འཕུར་ན་ཐུབ་པའི་ཉམས་སྣང་ཞིག་ཀྱང་ངམ་གྱིས་ཤར།

མོའི་ཕ་ཡུལ་ལྟ་བུའི་ཐོག་སོ་མཐོན་པོ་མེད་པའི་ཡུལ་འདིའི་རྡོ་རྩེག་གི་ཁང་པ་ཚོམ་བུ་ཚོམ་བུར་ཐ་ཐོར་ངང་གནས་ཤིང་། རྡོ་རྩེག་ཁང་པའི་སྟེང་གི་དུ་ཞགས་གྱ་གྱུ་གཡའ་དག་པའི་ནམ་མཁར་ཐིམས། མོའི་གཞིས་ཀ་ཆུང་ཆུང་འདིའི་མཐོང་ནས་འཕྱུར་བའི་དུ་ཞགས་གྱ་གྱུ་དེའང་། དུ་ཞགས་གཞན་དང་འདྲ་བར། ཁ་བ་ཞུ་རྗེས་ཀྱི་རླངས་པ་དང་འདྲེས་ཏེ་ཡུལ་ཕྱོགས་འདིའི་གཡའ་དག་པའི་ནམ་མཁར་འདྲེས། འོན་ཀྱང་ཚོར་བ་ཞིག་ལ་རང་ཉིད་ཡུལ་འདིའི་མགྲོན་པོ་ཡིན་པར་སྙམ་ཞིང་། ཡུལ་འདིའི་མི་རྣམས་ལ་ཁྱོད་ཚོས་ཞེས་པའི་ཐ་སྙད་ཅིག་སྤྱོད་པར་གོམས། དེ་ནི་ཡུལ་འདིའི་མི་རྣམས་ཀྱིས་ཁུ་བྱུག་ལ་མོན་བྱ་ཞེས་འདོགས་པ་དང་འདྲ།

མར་འོག་གི་ལུང་ཆུ་དྭངས་མོ་དེ། ལུ་གུ་མེ་ཏོག་བཞད་པའི་ན་སྤང་བརྒྱུད་དེ་འབབ་ཅིང་། བཞད་སྔ་བའི་ལུ་གུ་མེ་ཏོག་རེ་རེས་དྲན་པ་མང་པོ་ཞིག་ཁྱེར་ནས་མིང་མེད་པར་འབུས་ཤིང་། སླར་ཡང་མིང་མེད་ཡལ།

ད་ཡིན་ན། ཁུ་བྱུག་འོང་བའི་དུས་ལ་བསླེབས་ཡོད་ཨང་། མོས་དེ་ལྟར་སྙམ།

མོའི་སྣང་བ་ཞིག་ལ། བཞའ་རླན་གྱི་དྲི་ཞིམ་ཁྱབས་པའི་ཕ་ཡུལ་གྱི་རྣང་ཞིང་སྔར་ལས་རྒྱ་ཁྱོན་ཡངས་ལ་ལོ་ལེགས། ཁ་དོག་བཀྲ་བའི་མདུན་ཕྱོགས་ཀྱི་རི་སྐེད་དག་ནས། སྤྲིན་དཀར་གྱི་དར་ཐག་འཐེན་པ་ལྟ་བུའི་རྦབ་ཆུ་སྐྱ་ཐུལ་ཐུལ་ངང་འབབ་ཅིང་། ཆུ་བྱ་རེ་འགའ་སྡེ་འདབས་ནས་མེར་མེར་བཞུར་བའི་གཙང་ཆེན་བརྒྱུད་དེ་ཡར་མར་འཕུར། གཙང་པོའི་མཁའ་དབྱིངས་སུ་འཐེན་པའི་དཔྱངས་ཟམ་དེ་ནི་འཁྲི་ཤིང་མེ་ཏོག་གིས་གང་དགར་དཀྲིས། ཁོད་ཡངས་པའི་རི་གསེང་དུ་གྱ་གྱུར་འཐེན་པའི་ལམ་བུ་དེད་ནས་བལྟས་ན། བ་གླང་རེ་འགའ་ལྡད་སྐྱུག་ཞོར་དུ་འབྲས་ཞིང་གི་མུ་ཁ་ན་ལེ་ལོ་དང་བཅས་ཉལ་ཞིང་། སིལ་སིལ་འགུལ་བའི་ཤིང་འབྲས་ལྗོན་པའི་ལོ་མ་རབ་ཏུ་རྒྱས་པ་དང་། ཡོངས་སུ་སྨིན་པའི་ཤིང་འབྲས་སྣ་ཚོགས་ཀྱིས་མི་རྣམས་ཀྱི་ཁང་པའི་སྒོ་ར་མ་ལུས་གང་ཞིང་། མོའི་ཡབ་ཡུམ་གཉིས་པོས་མི་རྣམས་དགའ་བའི་གདོང་གི་འོད་ལ་ཡུན་རིང་བར་བལྟས་ནས་འདུག །

གསལ་བཤད། ངའི་ཕ་ཡུལ་དུ། ལྷ་མི་གཉན་གསུམ་མཉམ་དུ་འཚོ་ཞིང་། སོ་སོའི་སྐྱིད་སྡུག་གི་གཏམ་རྒྱུད་དག་ཀྱང་མཉམ་དུ་འཆད། རྩོམ་ཐུང་འདིའང་ངའི་ཕ་ཡུལ་གྱི་མདུན་རི་མོན་ཡུ་མར་བྲིས་པ་ཞིག་ཡིན། མོ་དང་འབྲེལ་བའི་གཏམ་རྒྱུད་རེ་གཉིས་ཡོད་པ་ལས། ང་རང་དགའ་ཤོས་ནི། “དེ་ཡང་། སྔ་མོར་ཡུལ་འདིའི་གཞི་བདག་གཉན་ཆེན་དམག་དཔོན་དབྱི་རྒྱལ(བོད་ཀྱི་གཉན་སྡེ་བཞིའི་ནང་གསེས་ཤིག་སྟེ། རི་བོ་ཆེའི་དཀྱིལ་སྙིང་ལྟ་བུར་ཆགས་ཡོད)གྱིས་ལྷོ་ཕྱོགས་མོན་དུ་དམགས་དྲངས་ཤིང་། མོན་གྱི་གཞི་བདག་གི་བུ་མོ་ཞིག་བཙུན་མོར་ཕྲོགས་ནས་འོངས། འོན་ཀྱང་། ཁོའི་སྔར་ཡོད་ཀྱི་བཙུན་མོ་གཞན་རྣམས་མ་དགྱེས་སྟབས། ནང་དུ་འཁྲིད་མ་ནུས་པར་ས་འདིར་བཞག །མོ་རང་ཕྱིར་རང་གི་ཕ་ཡུལ་ལའང་ལོག་ཐབས་མ་བྱུང་ཞིང་། དམག་དཔོན་གྱིས་ཀྱང་མོར་ཡ་མི་བྱེད་སྟབས། ཁེར་རྐྱང་ངང་ས་འདིར་ལུས་པས། མོན་ཡུ་མ་ཞེས་ཐོགས་པ་རེད”ཟེར་བའི་ཚན་པ་དེ་ཡིན། མཚམས་རེར་ང་རང་ལྷ་སྒྲུང་གི་ནང་དུ་ཐིམས་ཏེ། ས་མཐར་ལུས་པའི་རི་བོ་འདིའི་ལས་དབང་ལ་རྟོག་འཆར་སྣ་ཚོགས་བྱེད་པར་ཤོར། རི་བོ་འདིར་གསེས་མཁར་དང་མཆོད་བསྟོད་གང་ཡང་བྱེད་སྲོལ་མེད་ནའང་། མི་རྣམས་ཀྱིས་ད་དུང་ཡང་མོན་ཡུ་མ་ཞེས་འབོད་ཅིང་ཅུང་གཉན་པར་བརྩི། རི་མགོ་ཡང་ཅུང་ཟད་གཡོན་པའི་ཚུལ་གྱིས་ལྷོ་ཕྱོགས་སུ་བལྟས་ནས་ཡོད་པ་དང་འདྲ།

2020.12.27

0

2 Responses to སྤྲིན་དཀར་ལྡིང་བའི་ཕྱོགས་ན།__དུང་རུ་ཚེ་དབང་།

  1. དུང་རུ་ཚེ་དབང་། ལགས་ཀྱིས:

    ངའི་ཚོར་བ་ཞིག་ལ། མོན་ཡུ་མ་ནི་རང་གི་རྒྱལ་ཁབ་དང་ཕ་ཡུལ་གྱི་ཆེད་དུ་ས་མཐར་མི་ཚེ་བཏང་བའི་བུ་མོ་ཞིག་ཡིན་ལ། མོ་རང་རྒྱལ་ཁབ་གཞན་གྱིས་བཙན་འཁྲིད་བྱས་ནས་ས་མཐར་ཐོན་ཀྱང་། རྒྱལ་པོ་དེ་གས་ལྟ་སྐྱོང་གང་ཡང་མ་རེག་ལ། བཙུན་མོ་སོགས་ཀྱི་ཆོ་ལོ་ཡང་མ་བྱུང་ཞིང་། བསྐུར་སྟི་དག་ཀྱང་མེད་པར་གྱུར་པ་ན། མོ་ལ་ཕྱིར་རང་གི་ཕ་ཡུལ་དུ་ལོག་མི་ལོག་གི་གདམ་ཀ་བྱུང་བའི་སྐབས། ས་མཐའ་མི་ཡུལ་འདིར་འདུག་རྒྱུར་ཐག་གིས་བཅད། དེ་ཡང་། ཕྱིར་ལོག་ན་རྒྱལ་པོ་འདིས་དོན་དེར་ཁ་གཡར་ནས་ཕ་ཡུལ་དུ་དམགས་དྲངས་ཏེ་གཞོམ་པར་འགྱུར་ངེས་ཤིང་། མ་ལོག་ནས་མི་ཡུལ་ས་མཐའ་འདིར་བསྡད་དེ་ཚེ་ཡི་འཕེན་པ་རྫོགས་ན་ཁོས་ཀྱང་ཅི་བྱེད་མེད་སྟབས། རང་གི་ལང་ཚོ་བཏང་ནས་ཕ་ཡུལ་ལ་སྲུང་སྐྱོབས་བྱས་པར་སྙམ།
    མོན་ཡུ་མས་སོ་སོའི་རྣམ་དག་གི་རྨི་ལམ་བསྲུངས་ཤིང་། དེའི་ཆེད་དུ་ཡོད་ཚད་བློས་བཏང་བས། གཏམ་རྒྱུད་འདི་ནི་སྐྱོ་གར་ནང་གི་སྐྱིད་གར་ཞིག་ཏུ་གྱུར། འོན་ཀྱང་ང་ཚོ་ནི་དེ་ལས་ལྡོག་སྟེ། གནས་སྐབས་ཀྱི་ཚོར་བ་ཉི་ཚེ་བ་རེའི་དོན་དུ་རྣམ་དག་གི་བརྩེ་བ་ཁྱི་རོར་ལྟ་མཁན་གྱི་རིགས་སུ་འདུ། མི་ལ་རྨི་ལམ་ཀྱང་མེད་པར་གྱུར་པ་ན། དེ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་མ་རེད་དམ། དེ་བས་ང་ཚོའི་གཏམ་རྒྱུད་ནི་སྐྱིད་གར་ནང་གི་སྐྱོ་གར་ཞིག་ཏུ་རང་ཤུགས་ཀྱིས་གྲུབ་ཚར་བ་རེད་འདོད།

  2. དུང་རུ་ཚེ་དབང་། ལགས་ཀྱིས:

    ༉ ངའི་ཚོར་བ་ཞིག་ལ། མོན་ཡུ་མ་ནི་རང་གི་རྒྱལ་ཁབ་དང་ཕ་ཡུལ་གྱི་ཆེད་དུ་ས་མཐར་མི་ཚེ་བཏང་བའི་བུ་མོ་ཞིག་ཡིན་ལ། མོ་རང་རྒྱལ་ཁབ་གཞན་གྱིས་བཙན་འཁྲིད་བྱས་ནས་ས་མཐར་ཐོན་ཀྱང་། རྒྱལ་པོ་དེ་གས་ལྟ་སྐྱོང་གང་ཡང་མ་རེག་ལ། བཙུན་མོ་སོགས་ཀྱི་ཆོ་ལོ་ཡང་མ་བྱུང་ཞིང་། བསྐུར་སྟི་དག་ཀྱང་མེད་པར་གྱུར་པ་ན། མོ་ལ་ཕྱིར་རང་གི་ཕ་ཡུལ་དུ་ལོག་མི་ལོག་གི་གདམ་ཀ་བྱུང་བའི་སྐབས། ས་མཐའ་མི་ཡུལ་འདིར་འདུག་རྒྱུར་ཐག་གིས་བཅད། དེ་ཡང་། ཕྱིར་ལོག་ན་རྒྱལ་པོ་འདིས་དོན་དེར་ཁ་གཡར་ནས་ཕ་ཡུལ་དུ་དམགས་དྲངས་ཏེ་གཞོམ་པར་འགྱུར་ངེས་ཤིང་། མ་ལོག་ནས་མི་ཡུལ་ས་མཐའ་འདིར་བསྡད་དེ་ཚེ་ཡི་འཕེན་པ་རྫོགས་ན་ཁོས་ཀྱང་ཅི་བྱེད་མེད་སྟབས། རང་གི་ལང་ཚོ་བཏང་ནས་ཕ་ཡུལ་ལ་སྲུང་སྐྱོབས་བྱས་པར་སྙམ།
    མོན་ཡུ་མས་སོ་སོའི་རྣམ་དག་གི་རྨི་ལམ་བསྲུངས་ཤིང་། དེའི་ཆེད་དུ་ཡོད་ཚད་བློས་བཏང་བས། གཏམ་རྒྱུད་འདི་ནི་སྐྱོ་གར་ནང་གི་སྐྱིད་གར་ཞིག་ཏུ་གྱུར། འོན་ཀྱང་ང་ཚོ་ནི་དེ་ལས་ལྡོག་སྟེ། གནས་སྐབས་ཀྱི་ཚོར་བ་ཉི་ཚེ་བ་རེའི་དོན་དུ་རྣམ་དག་གི་བརྩེ་བ་ཁྱི་རོར་ལྟ་མཁན་གྱི་རིགས་སུ་འདུ། མི་ལ་རྨི་ལམ་ཀྱང་མེད་པར་གྱུར་པ་ན། དེ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་མ་རེད་དམ། དེ་བས་ང་ཚོའི་གཏམ་རྒྱུད་ནི་སྐྱིད་གར་ནང་གི་སྐྱོ་གར་ཞིག་ཏུ་རང་ཤུགས་ཀྱིས་གྲུབ་ཚར་བ་རེད་འདོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།