ལྷུག་རྩོམ་བོད་འགྱུར་མ《རྟ་བབས》ཞེས་པ།

3019

 
ཡུས་ཆིའུ་ཡུས་ཀྱིས་བརྩམས།   བོན་རྒྱ་ཆང་གཞོན་ནུས་བསྒྱུར།


                གསར་རྩོམ་གྱི་རྒྱབ་ལྗོངས། 



 ལོ་རབས་དགུ་བཅུ་བར་བྲིས་པའི《དཀའ་སྡུག་གི་རིག་གནས་འགྲུལ་བཞུད། 文化苦旅/Cultural Perplexity in Agonized Travel》ཅེས་པའི་དེབ་འདི་ནི་ཐོག་མར་ལང་ཚོའི་དཔའ་སྤོབས་མི་ཞུམ་པའི་ཨ་མེ་རི་ཁའི་དགེ་རྒན་ཆེན་མོ་ཞིག་གི་སྐུལ་སློང་བརྒྱུད་ནས་བརྩམས་པ་ཡིན། དགེ་རྒན་ཆེན་མོ་ཁོང་ལོ་ན་བགྲེས་ཀྱང་ཉེན་ཁ་ལ་མ་འཛེམས་པར་ཀྲུང་གོའི་ལྷོ་ནུབ་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་མང་པོར་ཡུལ་སྐོར་དུ་བསྐྱོད་ཐུབ་པ་བྱུང་བ་ལ་རྐྱེན་བྱས། རྩོམ་པ་པོས་མེས་རྒྱལ་གྱི་ས་གཞི་ཆེན་པོར་བསྐྱར་དུ་ཤེས་རྟོགས་བྱེད་པའི་བསམ་འདུན་འཁྲུངས་པ་དང་འབྲེལ། ཀྲུང་ཧྭའི་རིག་གནས་ལ་བསམ་གཞིག་དང་འཚོལ་སྙེག་བྱེད་འདུན་བྱུང་བ་རེད། གཉིས་ནས་འདི་ནི་རྩོམ་པ་པོས་རང་ཉིད་དང་སྤྱི་ཚོགས་ལ་བྱས་པའི་སེམས་གསོ་ཞིག་ཀྱང་ཡིན། རྩོམ་པ་པོས་འགྲུལ་བཞུད་ཁྲོད་དུ་རང་ཉིད་ཀྱི་སེམས་པ་བཅིངས་འགྲོལ་དང་ཀྲུང་གོའི་རིག་གནས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན། ཡུས་ཆིའུ་ཡུས(余秋雨)ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དཔོན་གནས་ལ་དགོངས་ཞུ་བྱས་ཏེ་དཔེ་ཁང་ནས་ཕྱིར་བུད་དེ། དཀའ་སྡུག་གི་རིག་གནས་འགྲུལ་བཞུད་བྱེད་མགོ་བརྩམས།

གཅིག     

བྱིས་དུས་སུ། ཕ་ཡུལ་དུ་རྟ་བབས་ཧ་ཅང་མང་།  རྟ་བབས་ནི་རྡོ་རྒྱུའི་སྒོ་སྒྲོམ་ཞིག་རེད། སྤྱིར་བཏང་ཐོག་སོ་ཉིས་ལྡན་གྱི་མཐོ་ཚད་ཙམ་ཡོད། ལོ་ལྟར་གྲོང་གསེབ་ཏུ་དམངས་ཡོངས་འཚོགས་ནས་རྟེན་འབྲེལ་ཞུ་བའི“དགོན་པའི་ཚོགས་ཆེན”སྤེལ་སྐབས་དགོན་པའི་སྒོ་འགྲམ་དུ་གནས་སྐབས་ཤིང་བྱང་གིས་རྟ་བབས་ཤིག་བཙུགས་ནས་དེའི་ཐོག་མཛེས་རྒྱན་སྤྲས་ཏེ་ཉིན་ཁ་ཤས་ནང་མཆོད་འབུལ་བྱས་ནས་བཤིག་གི་ཡོད། ནམ་ཡང་བཤིག་མི་དགོས་པ་ནི་རྡོ་ཡིས་བཟོས་པའི་རྟ་བབས་དེ་རིགས་རེད། རྟ་བབས་ཆེས་རྙིང་བར་ལོ་ལྔ་བརྒྱའི་ལོ་རྒྱུས་ཡོད།    གྲོང་གསེབ་ཀྱི་ལག་ཤེས་པའི་ཁྲོད་རྡོ་བཟོའི་གོ་གནས་མཐོ་པོ་ཡོད། དེ་ནི་ལག་ཤེས་པ་གཞན་པའི་ལས་ཀ་སྤྱིར་བཏང་བ་ཞིག་ཡིན་མོད། འོན་ཀྱང་རྡོ་བཟོའི་ལས་ཀ་ཚང་མ་གལ་ཆེན་ཞིག་རེད། རྡོ་བཟོ་བའི་ཁྲོད་ཀྱང་རིམ་པ་གསུམ་དུ་དབྱེ་ཡོད་ཅིང་། རིམ་པ་ཆེས་དམའ་བའི་གྲས་ཀྱིས་དུར་བྱང་རྡོ་རིང་རྩིག་གིན་ཡོད་པ་དང་། རིམ་པ་འབྲིང་གྲས་ཀྱིས་རྡོ་ཟམ་བཟོ་ཡི་ཡོད། ཆེས་མཐོ་བའི་རིམ་པ་དང་པོའི་གྲས་ཀྱིས་རྟ་བབས་གདུང་ཁང་རྩིག་གིན་ཡོད་པ་རེད།     

འཇིག་རྟེན་གྱི་ལས་རིགས་མང་པོ་དང་འདྲ་བར་ལས་ཀ་ཅི་ཙམ་མང་ན་རིམ་པ་དེ་ཙམ་གྱིས་དམའ་བ་དང་། ལས་ཀ་ཅི་ཙམ་ཉུང་ན་རིམ་པ་དེ་ཙམ་གྱིས་མཐོ་བ་ཡོད། དེའི་ཞོར་དུ་བྱ་བ་འདི་ཡིས་ཡ་མཚར་གྱི་དོན་ཞིག་བསྐྱལ་ཡོང་གི་ཡོད་ཅིང་། རིམ་པ་ཅི་ཙམ་དམའ་ན་དེ་ཙམ་གྱིས་འཚོ་བའི་ཆ་རྐྱེན་ལེགས་ཙམ་ཡོད་པ་དང་། རིམ་པ་ཅི་ཙམ་མཐོ་ན་དེ་ཙམ་གྱིས་འཚོ་བའི་ཆ་རྐྱེན་བབ་ཆགས་པོ་ཞིག་ལས་ཐོན་གྱིན་མི་འདུག    དུར་བྱང་རྩིག་པ་དེ་ཁྱིམ་ཚང་ཀུན་དང་འབྲེལ་བ་ཡོད། ཁྱིམ་ཚང་སོ་སོས་འདས་པོའི་འདས་མཆོད་སྒྲུབ་སྐབས་དངུལ་གཏོང་ཕོད་ཅིང་། གོང་གཏམ་མཁན་ཧ་ཅང་ཉུང་བས། རྡོ་བཟོ་བ་འདི་རིགས་ཧ་ཅང་ཕྱུག་པོར་གྱུར་ཡོད། ཡིན་ནའང་བང་སོའི་རྡོ་རིང་དེ་རིགས་ཀྱི་རྡོ་བཟོ་བ་དང་དུར་ས་བསྔོགས་བཅོམ་བྱེད་མཁན་གྱི་རྐུན་མ་ཕན་ཚུན་བར་འགྲོ་འོང་བྱེད་ཀྱིན་ཡོད་པ་ཚང་མས་ལྐོག་ཏུ་ཤེས་ཀྱི་ཡོད། དུར་ས་བསྔོགས་བཅོམ་བྱེད་པའི་རྐུན་མ་དེ་རིགས་ཀྱིས་དུར་ས་འདེམས་ནོར་མི་ཤོར་ཞིང་བྱང་ཆ་ཤིན་ཏུ་ལྡན། ཐ་ན་དུར་སའི་སོ་ཕག་རེ་རེར་ཡང་རྐུན་མ་དེ་ཚོས་རྒྱུས་ཟབ་མོ་ལོན་འདུག་པ་ཅིའི་ཕྱིར་ཡིན་ནམ། དེ་ནི་རྡོ་བཟོ་བའི་ས་ནས་ཕྱི་ལ་ཤོར་བའི་གསང་བ་མ་ཡིན་ནམ།

གྲོང་མི་རྣམས་ཀྱིས་དུར་སའི་རྐུན་མ་དག་ལ“དུར་རྐོའི་ཁྲམ་པ”ཞེས་འབོད་པ་དང་། ཉེ་འཁོར་གྱི་ལེ་དབར་བཅུ་ཕྲག་ཁ་ཤས་ཀྱི་སར་སྐད་གྲགས་ཆེ་ཤོས་ཀྱི་དུར་ཁུང་རྐོ་མཁན་ཞིག་ཡོད་པར་“མཚན་ལྷ”ཞེས་འབོད་ཀྱིན་ཡོད། དེར་བརྟེན་གྲོང་མི་རྣམས་ཀྱིས་ཀྱང་དུར་བྱང་གི་རྡོ་བཟོ་བ་ལ“མཚན་ལྷའི་ཚོགས་པ”ཞེས་འབོད་ཅིང་། མིང་གཞན་ལ“ལྷའི་འཛིན་གྲྭ”ཞེས་ཀྱང་འབོད་ཀྱིན་ཡོད།    སྐད་གྲགས་ཆེ་ཤོས་ནི་རྟ་བབས་རྡོ་བཟོ་ཡིན་ཞིང་། ཡུལ་ཚོའི་ཕྱི་ནང་ཀུན་གྱིས་གུས་བཀུར་བྱེད་ཀྱིན་ཡོད། རྟ་བབས་བཟོ་བོ་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་ས་ཞིག་ཡིན་པས། ཁོ་ཚོས་ཀྱང་མི་གཞན་དང་བསྟུན་ནས་མགོ་བོ་འདེགས་པར་བྱེད། ཁོ་ཚོ་ནི་ནམ་ཡང་འཚོ་བ་སྐྱོ་ཤོས་ཤིག་ཡིན་ཡང་། རྟ་བབས་་བཟོ་བོ་ལ་ལས་ཀ་ཉུང་བས་ཡ་མཚན་རྒྱུ་མེད། གང་ལགས་ཤེ་ན། རྟ་བབས་གཟུག་རྒྱུ་ནི་མཐོང་དཀོན་པའི་བྱ་བ་ཞིག་ཡིན་པས། ལོ་མང་པོ་འགོར་ཡང་རེག་མི་ཐུབ་པའི་ལས་ཤིག་རེད།   

ས་གནས་གཞན་པའི་“བདམས་རྩེའི་རྟ་བབས”དང་“གོང་མས་གནང་བའི་རྟ་བབས”དང་མི་འདྲ། འདིར་གྲོང་གསེབ་ཀྱི་རྟ་བབས་ནི་ཕལ་ཆེར་བུད་མེད་ཀྱི་ཆེད་དུ་བཙུགས་པ་དང་། གྲོངས་ཟིན་པའི་བུད་མེད་ཁ་ཤས་ཀྱི་ཆེད་དུ་བསླངས་པ་རེད། རྟ་བབས་རེ་རེ་བཞིན་ཚང་མས་བུད་མེད་དེ་ཚོའི“ཡུགས་མོར་ལུས་ཀྱང་། གཉེན་སྒྲིག་མི་བྱེད་པའི”བྱས་རྗེས་ལ་གཟེངས་བསྟོད་བྱེད་ཀྱིན་ཡོད་པས་དེར“ལ་རྒྱ་སྲུང་བའི་རྟ་བབས”ཞེས་ཀྱང་འབོད་ཀྱིན་ཡོད། འོན་ཀྱང་གྲོང་གསེབ་ཏུ་ཡུགས་ས་མ་ཧ་ཅང་མང་པོ་ཡོད་ཅིང་། རྟ་བབས་འཛུགས་ཐུབ་མཁན་ནི་ཧ་ཅང་ཉུང་ཉུང་ཡིན་པས། ཚད་གཞི་མཐོན་པོ་རབས་དང་རིམ་པ་ཞིག་དགོས། བྱ་བ་དེ་ནི་ཡུལ་ཚོའི་ཚོ་དཔོན་དང་གྲོང་དཔོན་སོགས་ཀྱིས་ཀྱང་ཐག་གཅོད་མི་ཐུབ་པས། ངེས་པར་དུ་ཁོ་ཚོས་གོང་ལ་སྙན་སེང་ཞུས་ནས། “ཞང་མི་དྲག་མཐུན་ཚོགས”ལ་ཐག་གཅོད་དུ་འཇུག་དགོས།    བསྡུར་བ་བྱས་ན། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ལྕམ་ཧྥན་ལགས་ཀྱི་རྟ་བབས་དེ་ཆེ་ཤོས་རེད། ལྕམ་ཧྥན་ལགས་ཀྱི་ཁྱོ་ག་གྲོངས་རྗེས་མོ་གཅིག་པུས་ཕྲུ་གུ་ཚོ་བསྐྱངས་ནས་དར་མ་ཆགས་པ་རེད། དེའི་ནང་གི་བུ་ཞིག་གིས་རྒྱུགས་འཕྲོད་ནས་དཔོན་པོ་ཆེན་པོ་ཞིག་བྱས་འདུག བུ་དེ་ནི་ཏག་ཏག་རང་གི་ཨ་མ་ལྕམ་ཧྥན་ལགས་འདས་མ་ཐག་ཞང་མི་དྲག་ལྷན་ཚོགས་ལ་བཤད་དེ་རྟ་བབས་གཟུག་ཏུ་འཇུག་མཁན་རེད། རྟ་བབས་འཛུགས་པ་དེར་དཔྱད་ཞིབ་དང་དང་དོད་ཆེན་པོ་བྱས་འདུག   

གཞན་པའི་རྟ་བབས་དེ་ཚོ་བཤད་དུས་ཁྱད་མཚར་པོ་འདུག དཔེར་ན། སྐྱེས་པ་དང་བུད་མེད་ད་དུང་གཉེན་སྒྲིག་བྱས་མེད་པ་དང་། མ་འོངས་པའི་ཁྱོ་ག་ཤི་སོང་བ་ལྟ་བུ་ལ་མཚོན་ན།སྐབས་དེའི་གོམས་སྲོལ་ལྟར། ཁོ་གཉིས་ཀྱིས་ངོ་གཏན་ནས་མཐོང་མ་མྱོང་ནའང་། མ་འོངས་པའི་ཁྱོ་བོའི་ཤི་བརྡ་ཐོས་མ་ཐག་ལམ་སེང་ཁྲོན་པའི་ནང་དུ་ལྡིང་སྟེ་རང་ཤི་རྒྱག་པ་རེད། ཡང་བུད་མེད་ཀྱིས་ཡུགས་སྲུང་བྱས་མ་ཐག་པའི་སྐབས་སུ་གཉེན་སློང་བྱེད་དུ་ཡོང་མཁན་ཡོད་ཅིང་། དེའང་ཐེངས་གསུམ་ཙམ་ལས་ཡོང་གི་མེད་པར་བརྟེན་རང་སྲོག་རང་གིས་གཅོད་ཀྱི་ཡོད། ཡིན་ནའང་དེ་དག་ཚང་མ་ནི་ཁྱིམ་ཚང་ཕྱུག་པོ་རྣམས་ཀྱི་ལས་ཤིག་ཡིན་པ་ལས་སྤྱིར་བཏང་དུ་དབུལ་པོ་རྣམས་ཀྱིས་དེ་ལྟར་མི་བྱེད་ལ་བྱས་ཀྱང་རྟ་བབས་མི་འཛུགས་པ་ནི་སྨོས་ཅི་དགོས།  ལྕམ་ཧྥན་ལགས་ཀྱི་རྟ་བབས་ནི་རྡོ་དཀར་ཡིན་པ་དང་། རེག་ཚེ་འཇམ་ཞིང་སྙོམས་པ་ཞིག་རེད། འོན་ཀྱང་རང་ཤི་བརྒྱབ་པའི་བུ་མོ་ཚོའི་རྟ་བབས་ནི་རྡོ་སྔོན་ཡིན་པ་དང་། ལག་པས་རེག་ན་གྲང་ཤུར་ཤུར་བྱེད།ཀོང་འབུར་ཅན་གྱི་རི་མོ་རེ་རེ་བཞིན་ལག་པར་འཐོག་ངེས།  

དགུན་དུས་ཕུད་རྟ་བབས་ནི་གྲོང་མི་དང་ལམ་འགྲོ་བས་ངལ་གསོ་རྒྱག་སའི་གནས་ཤིག་རེད། རྟ་བབས་ནི་ལམ་ཆེན་གྱི་འགྲམ་དུ་ཡོད་པ་དང་། རྟིང་རྡོ་ཡོད་པ་དེའི་ཐོག་ཏུ་ཉལ་ཆོག་པ་དང་། རྡོའི་ཀ་བ་ཡོད་པ་དེར་རྒྱབ་ཁེན་ཆོག དེར་བརྟེན། མི་མི་ཉུང་བ་ཞིག་འདི་ནས་ཁ་བརྡ་བྱེད་པར་དགའ།གསེག་ནས་ཉལ་ཏེ་སྤྲིན་དཀར་ལ་ལྟ་བཞིན། འབུ་འཛིང་འཛིང་གི་སྐད་ལ་ཉན་ཞོར་ཁ་བརྡ་གློད།   ཉིན་དེའི་ཞོགས་པར་གྲོང་ཚོའི་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་རྟ་བབས་རྡོ་བཟོ་བ་ཧྥན་མུའུ་ཀུང(潘木公)ཁྱིམ་ནས་ཐོན་ཏེ་ལམ་ཆེན་ཐོག་བསྐྱོད། ཁོས་གོས་གཙང་མ་ཞིག་གྱོན་ཞིང་། ཕྲག་པར་རྡོག་ཁྲེས་རིང་པོ་ཞིག་ཁུར་ཡོད། གོམ་པ་མགྱོགས་བུལ་རན་པ་ཞིག་སྤོ་བཞིན་འགྲོ། ཁྱིམ་མཚེས་ཀྱིས་ཁོ་ལ་གང་དུ་འགྲོ་དགོས་ཞེས་དྲིས་པར། ཁོང་གིས་མདང་དགོང་ཡུལ་ཚོ་གཞན་གྱི་འོག་འཇུག་ནག་པོ་གྱོན་མཁན་ཞིག་གི་གདན་ཞུ་ལྟར་ལྷོ་རི་གྲོང་བརྡལ(山南镇)ལ་རྟ་བབས་ཤིག་བཟོ་བར་འགྲོ་དགོས་པར་བཤད།      

དེ་ནི་དོན་ཆེན་ཞིག་ཡིན་ཏེ། འཕྲལ་མར་ཡུལ་ཚོའི་ནང་ཁྱབ།རྒྱུ་མཚན་ནི་གདན་འདྲེན་དེ་འདྲ་ཞུས་པ་ལོ་གཉིས་ཀྱི་རིང་གི་ཐེངས་དང་པོ་རེད། ལྷོ་རི་གྲོང་རྡལ(山南镇)ནི་འདི་ནས་བར་ཐག་ལེ་དབར་བཅུ་ཙམ་ལས་མེད་པའི་གྲོང་རྡལ་ཞིག་ཡིན་མོད། ས་གནས་དེ་གའི་གོམས་སྲོལ་ལྟར་ན་དགེ་རྒན་ཆེན་མོ་ཁོང་ཉིན་ལྟར་རང་ཁྱིམ་དུ་ལོག་ནས་སྡོད་དགོས་ཀྱི་ཡོད། དེར་བརྟེན། ས་སྲོད་ཀྱི་མཚམས་སུ་གྲོང་མི་མང་པོ་ཞིག་རྟ་བབས་ཀྱི་འོག་ཏུ་བསྡད་ནས་ཁོང་ཕྱིར་ཡོང་བར་སྒུག་གིན་ཡོད། ཙོག་པུར་སྡོད་མཁན་ཚོའི་ཁྲོད་ནས་སྤྲོ་སྣང་འཕེལ་ཤོས་ནི་ན་གཞོན“ལྷའི་འཛིན་གྲྭ”བ་ཞིག་ཡོད་པ་དེ་ཡིན་ཞིང་། དེ་ནི་དུར་སའི་གདུང་རྟེན་རྐུ་འཕྲོག་མཁན་དང་ངན་འབྲེལ་ཡོད་པའི་དུར་བྱང་རྐོ་མཁན་ཞིག་ཡིན་སྲིད། བང་སོའི་རྡོ་རིང་གི་རྡོ་བཟོ་བ་དང་རྟ་བབས་རྡོ་བཟོ་བའི་བར་སྔར་ནས་བཟུང་འབྲེལ་བ་མང་པོ་མེད་མོད། ན་གཞོན་རྡོ་བཟོ་བས་སློབ་དཔོན་ཧྥན་མུའུ་ཀུང་ལ་མཇལ་འདོད་ཆེན་པོ་བྱེད་ཀྱིན་ཡོད། དེ་སྔ་མི་གཞན་བརྒྱུད་ནས་སྐད་བསྐུར་ཀྱང་ལན་མ་ཡོང་། དེ་རིང་ཧྥན་མུའུ་ཀུང་ཞོགས་པ་ཕྱི་ལ་འགྲོ་སྐབས་སེམས་པ་སྐྱིད་པོ་འདུག་ཅེས་གོ་ཐོས་བྱུང་བས་རྟ་བབས་འོག་ཏུ་སྒུག་ནས་བསྡད་དེ་ཉེ་སར་བཅར་ཨེ་ནུས་ལ་བརྩོན་འདོད་ཡོད།  གལ་ཏེ་ཁོང་དང་ཉེ་བར་བཅར་ནུས་ཚེ་དོགས་གནད་ཅིག་བཀའ་འདྲི་ཞུ་རྒྱུ་ཡོད། དོགས་གནད་དེ་སེམས་ལ་ཉར་ནས་ཡུན་རིང་འགོར་ཡོད་ཅིང་། མི་གཞན་ཞིག་ལ་བཤད་དགོས་ཀྱང་བཤད་མི་ཕོད་པ་ཞིག་རེད།

གཉིས།    

རི་བོ་བརྒལ་སྐབས་ཀྱི་གོམ་སྟབས་ལ་བལྟས་ན་ཧྥན་མུའུ་ཀུང་དེ་རིང་ཧ་ཅང་ཐང་ཆད་འདུག ལ་ཁའི་ཉི་མའི་འོག་གི་གྲིབ་གཟུགས་གཡས་འཁྱོར་གཡོན་འཁྱོར་ཡིན་པས་ཁོ་ཞོགས་པར་ཕྱི་ལ་འགྲོ་དུས་དང་རྩ་བ་ནས་མི་འདྲ་བར་འདུག   ལོ་ན་གཞོན་པའི་རྡོ་བཟོ་བས་མདུན་བསུས་ནས་ཁོ་རང་བསྐྱོར་ཏེ་རྡོ་རྟིང་ལ་ཁེན་དུ་བཅུག ཧྥན་མུའུ་ཀུང་གིས་ལོ་ན་གཞོན་པའི་རྡོ་བཟོ་བར་ཐུགས་རྗེ་ཆེ་ཞུས་པ་དང་གཞོན་ནུ་རྡོ་བཟོ་བར་བལྟས་པས་རིག་མྱོང་ཞིག་ཡིན་པའི་ཚོར་བ་བྱུང་། ལོ་ན་གཞོན་པའི་རྡོ་བཟོ་བས“ང་ཡང་རྡོ་བཟོ་བ་ཞིག་ཡིན། འཇོན་ཐང་མེད་པས་དུར་སའི་རྡོ་བཟོ་མཁན་ཞིག་ཡིན”ཞེས་བཤད།  “ཁྱོད་ཀྱང་རྡོ་བཟོ་བ་ཡིན་ནམ”ཞེས་ཧྥན་མུའུ་ཀུང་གིས་ཁོའི་ལག་པ་ནས་འཇུས་ཏེ“སང་ཉིན་ང་དང་མཉམ་དུ་ལྷོ་རིའི་གྲོང་རྡལ་དུ་འགྲོ་བར་བྱ། ས་ཆ་དེར་ང་ལ་རོགས་པ་ཞིག་ཀྱང་མི་འདུག”ཅེས་བཤད།ལོ་ན་གཞོན་པའི་རྡོ་བཟོ་བས་ཐོས་མ་ཐག་འཕྲལ་དུ་མགོ་བོ་ལྕོག་ལྕོག་བྱས་ནས“ལགས་སོ། །  ང་ཁྱེད་ཀྱི་རྗེས་སུ་འབྲངས་ནས་ཁྱེད་ཀྱི་བཀའ་ལ་ཉན་རྒྱུ་ཡིན”ཞེས་བཤད།   

ཉིན་གཉིས་པར་ལྷོ་རིའི་གྲོང་རྡལ་དུ་བསྐྱོད་པའི་ལམ་བར་དུ་ན་གཞོན་རྡོ་བཟོ་བས་ཧྥན་མུའུ་ཀུང་དང་སྐད་ཆ་རྒྱུན་ཆད་མེད་པར་བཤད་དེ་མཐར་སེམས་སུ་ཡུན་རིང་ཉར་བའི་དོན་གནད་དེ་ཁོང་ལ་ཞུས།“མུའུ་ཀུང་། ཁྱེད་ཀྱིས་མི་ཚེ་གང་པོར་བཙུགས་པའི་རྟ་བབས་དེ་འདྲ་མང་པོ་ཞིག་མང་ཆེ་བ་བུ་མོ་ཆུང་ཆུང་དག་གི་ཡིན་ནམ། ”“འུན། ”ཧྥན་མུའུ་ཀུང་ལ་སྤྱིར་ནས་སྨྲ་བ་ཉུང་།    ན་གཞོན་རྡོ་བཟོ་བས“སྙིང་རྗེ་བའི་བུ་མོ་ཆུང་ཆུང་དེ་དག་ལ་ངས་སྔོན་ལ་ཁོ་ཚོར་དུར་སའི་རྡོ་རིང་བརྐོས་རྗེས། ཁྱེད་ཀྱིས་ད་དུང་ཁོ་ཚོར་རྟ་བབས་བརྐོ་དགོས་པས་ཁོ་ཚོ་ལས་བསོད་ཆེ་བར་བརྩི་ཆོག ”“ལས་བསོད” ཧྥན་མུའུ་ཀུང་གིས་ལྡོག་འདྲི་བྱས།  “ངས་ཁ་ལས་རླུང་རྟ་རེད་ཟེར་གྱིན་ཡོད། ”ན་གཞོན་རྡོ་བཟོ་བས་ཐེ་ཚོམ་ཞིག་བྱས་ནས་ཡང་བསྐྱར“ཁྱེད་ཀྱིས་མོ་ཚོར་རྟ་བབས་བསྐྲུན་པས་མོ་ཚོ་གནམ་ལ་འཕུར་བ་རེད”ཅེས་བཤད།
 “གནམ་ལ་འཕུར་བ། ”ཧྥན་མུའུ་ཀུང་གིས་མགོ་བོ་གཡུག་གཡུག་བྱས་ནས“རྟ་བབས་ལ་ནུས་པ་དེ་ཙམ་མེད། རང་ཤི་བརྒྱབ་པ་ནི་རང་ཤི་བརྒྱབ་པ་རང་རེད། ཚང་མ་ལོ་ན་ཞེ་དྲག་ཆུང་བ་རྐྱང་ཡིན་པས་རྟག་ཏུ་མི་རྣམས་སེམས་སྡུག་གི་གནས་སུ་གྱར་གྱི་འདུག”ཅེས་བཤད།  ན་གཞོན་རྡོ་བཟོ་བས“འོན་ཀྱང་། ཁྱེད་ཀྱིས་མོ་རང་ཚོའི་ཆེད་དུ་རྟ་བབས་བསྐྲུན་པ་ཡིན་ན། དུར་སྒམ་སྟོང་པར་གྱུར་འགྲོ། དངོས་གནས་འཕུར་བ་རེད་དམ”ཅེས་བཤད། ཧྥན་མུའུ་ཀུང་གློ་བུར་དུ་ཕྱིར་ཡོང་ནས་ན་གཞོན་རྡོ་བཟོ་པའི་ལག་པར་འཇུས་ཏེ“ཅི་ཟེར། དུར་སྒམ་སྟོང་བ་རེད། ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན་ནམ”ཞེས་དྲིས་པར།   སྐབས་དེར་ན་གཞོན་རྡོ་བཟོ་བ་འཚབ་བྱུང་། ཁོས་ཐེངས་རེར་ལས་ཀ་ཚར་རྗེས། དུར་ས་རྐུ་མཁན་གྱིས་འཇིགས་སྐུལ་དང་བསླུ་བྲིད་བྱས་ཏེ། ཁོ་ལ་བཙན་གྱིས་དུར་སའི་གནས་ཚུལ་བཤད་དུ་བཅུག འོན་ཀྱང་། རང་སྲོག་བཅད་ནས་རྟ་བབས་བཙུགས་པའི་བུད་མེད་ཅིག་ཡིན་ཕྱིན། དུར་རྫས་བརྐུ་བར་ཕྱིན་པ་དག་རྟག་པར་ལག་སྟོང་དུ་ཕྱིར་ལོག་གིན་ཡོད་པས། ཁོ་ལ་གཤེ་གཤེ་གཏོང་གི་ཡོད། དེ་འདྲའི་བྱ་བ་ལན་མང་དུ་བྱུང་བས། ན་གཞོན་རྡོ་བཟོ་བས་བརྡར་ཤ་བཅད་ནས་བུད་མེད་དེ་ཚོ་ཚང་མ་མཁའ་ལ་འཕགས་པར་འདོད།

འོན་ཀྱང་དེ་ནི་ཚོད་དཔག་ཙམ་ཡིན་པས། ཧྥན་མུའུ་ཀུང་གི་ས་ནས་བཤད་སྟངས་ཤིག་ཉན་འདོད་ཆེན་པོ་འདུག“ཁྱོད་རང་དུར་སྒམ་རྐུ་འཕྲོག་བྱེད་མཁན་དག་གི་གྲས་སུ་མ་ཞུགས་སམ”ཧྥན་མུའུ་ཀུང་གིས་ཁོ་ལ་ཚ་འདྲི་བྱས། “མ་ཞུགས། དུར་རྐོ་མཁན་གྱི་ཁྲམ་པ་དག་གིས་བཤད་པ་རེད།”ན་གཞོན་རྡོ་བཟོ་བས་མྱུར་དུ་དག་སེལ་བྱས། ཁོང་གིས་ཧྥན་མུའུ་ཀུང་གི་ཐེ་ཚོམ་གྱི་མིག་མདངས་ལ་བལྟས་ཏེ། ཟོལ་མེད་ཀྱི་རྣམ་འགྱུར་གྱིས་ཐད་ཀར་དུ་དུར་རྐོ་མཁན་དེ་དག་གིས་བུད་མེད་གང་དག་གི་དུར་ས་བརྐོས་པ་རེ་རེ་བཞིན་སྙན་སེང་ཞུས།  “ཚང་མ་སྟོང་པ་རེད། ”ཧྥན་མུའུ་ཀུང་གིས་གོམ་པ་སྤོ་མཚམས་བཞག་སྟེ་ལམ་འགྲམ་གྱི་ཕ་བོང་ཞིག་ཏུ་བསྡད་ནས་ཁེར་བཤད་བྱས། ཁོང་གིས་མགོ་བོ་བཏེགས་ནས་ན་གཞོན་རྡོ་བཟོ་བར“པུར་འཇུག་སྐབས།དུར་སྒམ་ནང་དུ་བཞག་པ་ཁོ་ཐག་ཡིན་ནམ”ཞེས་དྲིས་པར།“ང་ཡང་ཡུལ་དངོས་ན་ཡོད། ནང་དུ་བཅུག་པ་ཁོ་ཐག་ཡིན། ནང་མི་རྣམས་ངུས་ནས་ཤི་མ་གསོན་དུ་འདུག”ཅེས་བཤད། “དུར་སྒམ་སྟོང་པ་མ་རེད་དམ།”ཧྥན་མུའུ་ཀུང་གིས་དྲིས།“དེ་ངས་ཇི་ལྟར་ཤེས་སམ།ཡིན་ནའང་ཡར་འདེགས་པའི་རྣམ་པར་བལྟས་ན་ལྗིད་ཚད་ངེས་ཅན་ཞིག་ཡོད་པ་འདྲ”ཞེས་བཤད།ཧྥན་མུའུ་ཀུང་གིས་སྐེད་པ་ནས་དུ་བ་རྐང་གཅིག་བླངས་ནས་མེ་བསྒོས་ཏེ་རྔུབ་བྱུང་།   ཅང་མ་འགོར་བར། ཧྥན་མུའུ་ཀུང་གིས་རྒྱུན་མི་ཆད་པར།“ངས་རྟ་བབས་བཟོ་བའི་སྐབས་སུ་ཡང་ཡ་མཚར་བའི་བྱ་བ་འགའ་ལ་འཕྲད་མྱོང་། སྔར་བཞིན་འདང་མ་ཕོག  དུར་སའི་ནང་སྟོང་བ་ཡིན་པ་ཅི་ཡིན་ནམ། ཏའོ་ལུགས་པས་བཤད་ན་གནམ་ལ་འཕུར་བ་རེད་ཟེར། དེ་ནི་རྣམ་ཤེས་ཟེར་བ་ལས་ལུས་པོ་ཟེར་བ་མ་རེད། འོ་ན་དུར་སའི་ནང་གི་མིའི་ལུས་པོ་གང་ལ་བུད་སོང་ངམ། ”  དུ་བ་འཐེན་ཚར་རྗེས་ཁོ་གཉིས་ཡར་ལངས་ནས་ལྷོ་རི་གྲོང་རྡལ་གྱི་ཕྱོགས་སུ་སོང་། གོམ་པ་གང་རེ་གང་རེ་སྤོས་ཏེ་ཁོ་གཉིས་ཡང་བསྐྱར་རྟ་བབས་གསར་པ་ཞིག་བཟོ་རུ་ཆས།

  གསུམ། 


 ཧྥན་མུའུ་ཀུང་ཙོག་སྟེ་ཐ་མག་འཐེན་སའི་ས་ཆ་ནི་ཐག་མི་རིང་བའི་སར་ཡོད་པའི་ཞིག་རལ་དུ་གྱུར་པའི་གླིང་ག་ཆུང་ཆུང་ཞིག་ཡོད་པ་དེ་ཡིན། དེའི་གྱང་ནི་ས་འདམ་གྱིས་བརྩིགས་པ་ཞིག་ཡིན་མོད་ད་ལྟ་ལོག་འདུག ཁང་བའི་སྟེང་དུ་རྩྭ་ལྡུམ་སྐྱེས་ཡོད།དེ་ནི་བེད་མེད་དུ་བསྐྱུར་བའི་ཇོ་མོའི་དགོན་པ་ཞིག་རེད།   རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན། ཇོ་སྒར་འདི་སྔོན་ཆད་དར་རྒྱས་ཆེ་མོད། ཕྱིས་སུ་ཇོ་མོ་ཇེ་ཉུང་དུ་གྱུར་ཏེ་ཉམས་ཆག་ཏུ་གྱུར། ལོ་གཉིས་ཀྱི་སྔོན་དུ། ཆེས་རྗེས་མའི་ཇོ་མོ་གཉིས་ཀྱང་འཚོ་ཐབས་མ་བྱུང་བས་གནས་གཞན་དུ་གྱར། གང་ཞིག་ཏུ་སོང་བར་སུ་ཡང་གསལ་ཆ་མེད།     རྒན་པོ་དག་གིས་བཤད་པར་གཞིགས་ན།མ་གཞི་ཇོ་སྒར་གྱི་དར་རྒྱས་དེ་གནས་མཇལ་བ་ཁོ་ནར་རག་ལས་པ་ཞིག་མ་ཡིན་པར། བཙུན་མ་དེ་དག་གང་ནས་ཡོང་བ་མི་ཤེས་མོད།གཅིག་ཡོང་རྗེས་གཅིག་བུད་འགྲོ།གཅིག་སོང་རྗེས་ཡང་གཅིག་ཡོང་ངེས།བཙུན་མ་དག་ཡག་པོ་ཞེ་དྲག་འདུག་པས་ཡུལ་མི་ཚོས་རེས་མོས་ངང་ལྟ་བཞིན་མཆིས།ཁྲོམ་དུ་འགྲོ་དུས་ཚང་མས་ཇོ་སྒར་དུ་མགོ་བོ་ནང་དུ་བཀུག་ནས་ལྟ་བར་བྱེད་ལ། མི་ངན་དང་ལེ་ལོ་ཅན་ཁ་ཤས་ཉིན་ཕྱེད་ཙམ་ལ་དེ་གར་སྒྱིད་ལུག་གིས་འདུག་ངེས།

དེར་བརྟེན་སྐབས་དེར་བཙུན་མ་དེ་དག་ནི་ཁོ་ཚོའི་ལོག་གཏམ་རྩུབ་པོས་བདས་ཟིན་པ་ཡིན་སྲིད།      ཇོ་སྒར་དང་མདའ་རྒྱང་གཅིག་གིས་ཆོད་པའི་ནུབ་བྱང་ཕྱོགས་ཀྱི་ས་རུ་ཝུའུ་ཧྲན་ལྷ་ཁང(吴山庙)ཡོད། དེ་གར་གྲྭ་བ་མི་ཉུང་བ་ཞིག་སླེབས་ཡོད།དགེ་འདུན་པ་དང་བཙུན་མ་གཉིས་ཀ་བསྟན་པ་དང་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པ་བདེན་མོད།ཕན་ཚུན་འགྲོ་འོང་བྱེད་ཀྱིན་མེད།སྡེ་མི་དག་གིས་དེ་ནི་སྐད་ཆ་ཆོ་མེད་པའི་རིགས་བཤད་ཨེ་ཡོང་སྙམ་ནས་འཛེམ་ཀྱིན་ཡོད་པ་ཤེས་ཀྱི་ཡོད། དམ་ཆོས་གཙང་མའི་དྲི་ངད་ལྡང་བའི་དབེན་གནས་སུ་སླེབས་ཀྱང་ལྷོད་གཡེང་མེད་དེ།ཝུའུ་ཧྲན་ལྷ་ཁང་དུ་ཉིན་ལྟར་མ་ཎི་འདོན་པའི་དུད་ཁྱིམ་ཡར་མར་གྱི་ཨ་ཕྱི་དང་ཨ་ནེ་མང་བོ་འདུ་བཞིན་ཡོད་པས། དེ་ནི་“དར་རྒྱས་ཆེ་བའི་ལྷ་ཁང”ཞིག་ཏུ་བརྩི་ཆོག ལྷ་ཁང་དུ་ས་ཆ་གཞན་ནས་ཡོང་བའི་གྲྭ་བ་རྒན་པ་གཉིས་ཡོད་པ་དེས་གྲྭ་བ་ཆུང་ཆུང་གཉིས་ཁྲིད་ཡོད།

ད་དུང་ས་གནས་རང་གི་དགོན་པའི་དཀོན་གཉེར་ཞིག་ཀྱང་ཡོད། གྲྭ་བ་ཆེན་པོ་གཉིས་ལས་གཅིག་རྒྱགས་པོ་ཞིག་ཡིན་ལ་ཅིག་ཤོས་ཤ་སྐམ་ཞིང་རིད། གྲྭ་བ་སྐམ་པོ་དེ་ནི་“ཁྱིམ་འཛིན་གྲྭ་པ”ཞིག་ཡིན་པ་དང་།ཆོས་མིང་ལ་“བསམ་གཏན”ཞེས་འབོད་ཀྱིན་ཡོད།ཁོ་རང་ཉིད་ཀྱིས་བཤད་པ་ལྟར་ན།ཁོ་ནི་ཀན་སུའུ་ཡི་ཝུའུ་ཝེ་ཞེས་པའི་ས་ཆ་ནས་ཡོང་བ་ཡིན་ཟེར།      ཇོ་མོ་དགོན་གྱི་འདམ་གྱང་དང་མི་འདྲ་བར།ཝུའུ་ཧྲན་ལྷ་ཁང་གི་གྱང་ལ་ན་ནིང་གསེར་མདོག་བྱུགས་པ་ཡིན་པས་བཀྲག་མདངས་ལྡན། འདམ་གྱང་དང་གྱང་སེར། ད་དུང་རྟ་བབས་ཀྱི་རྡོ་དཀར་དང་རྡོ་སྔོན་སོགས་ཁ་དོག་སྣ་ཚོགས་བསྣན་ནས་ཡུལ་མི་རྣམས་ཀྱི་སྤྱི་བའི་གནས་ཡུལ་མཚོན་པར་བྱས་ཡོད། སྐབས་དེར་གྱང་སེར་པོ་ཁོ་ན་ནི་འཁྲུག་ཆ་དོད་ཤོས་དང་དོན་གོ་བདེ་ཤོས་རེད།མདོག་གཞན་པ་དག་གི་དོན་ནི་ཤིན་ཏུ་གཏིང་ཟབ་ཅིང་ཁྱད་མཚར་བའོ། །


བཞི། 


   ཇོ་མོ་དགོན་པ་ལ་གྲགས་འགུལ་བྱུང་སོང་།   ན་གཞོན་བུ་མོ་གཉིས་ཡུལ་ཚོའི་དཔོན་དང་མཉམ་དུ་ལམ་ཆུང་དེའི་ཕྱོགས་སུ་བསྐྱོད།ཁོ་ཚོའི་མདུན་དུ།སྡེ་དཔོན་གྱིས་ལོ་ན་གཞོན་པའི་ཞིང་བ་གཉིས་ཁྲིད་དེ་ལམ་ནང་གི་འདམ་རྩྭ་དག་བཏོག་ནས་ལམ་ཕྱེས། ན་གཞོན་ཞིང་པ་དེ་གཉིས་ཀྱི་འགྲམ་དུ་ད་དུང་རྡོག་ཁྲེས་འཁུར་མཁན་གཅིག་ཡོད་ཅིང་། དེས་སྒམ་ཆེན་པོ་གཉིས་ཁུར་ཡོད། སྒམ་ཆེན་པོ་འདི་གཉིས་ནི་ན་གཞོན་བུ་མོ་དེ་གཉིས་ཀྱི་ཡིན་པ་སྨོས་མེད་རེད།    ཇོ་མོ་དགོན་གྱི་ཀྱག་ཀྱོག་གི་ལམ་བརྒྱུད་ནས་ཤིང་སྒོའི་རྩར་ཐོན་རྗེས། ཡུལ་ཚོའི་དཔོན་གྱིས་ལྟོ་ཕད་ནང་ནས་ལྡེ་མིག་ཆེན་པོ་ཞིག་བླངས་ཏེ་བཙའ་ཆགས་པའི་ལྕགས་ཟྭ་རྙིང་པ་དེ་ཉིན་ཕྱེད་ཅིག་ལ་བསྣོགས་རྗེས་གཞི་ནས་ཤིང་སྒོ་དེ་ཙིར་སྒྲ་དང་བཅས་ཕྱེས་ཤིང་། ན་གཞོན་ཞིང་བ་གཉིས་ལ་བཤད་རྒྱུར།“སྔོན་ལ་འདུག་ཐུབ་ཙམ་བྱས་ཆོག་པ་ཞིག་བྱོས་དང་རྗེས་ནས་གཙང་སྦྲ་ལེགས་པོ་ཐེངས་གཅིག་བྱ་དགོས”ཞེས་བཤད།    ཡུལ་ཚོའི་དཔོན་གྱིས་ཞིང་པ་བཅུ་གྲངས་ཤིག་ཁོའི་རྗེས་སུ་ཡོང་བ་མཐོང་སྐབས་ཁ་ཕྱིར་འཁོར་ནས་ཚང་མར“འདིར་སློབ་ཆུང་ཞིག་གཟུག་རྒྱུ་ཡིན། འདི་ནི་དགེ་རྒན་གཉིས་ཡིན། སླད་ཕྱིན་ད་དུང་དགེ་རྒན་གསུམ་ཡོང་རྒྱུ་རེད། ཁྱོད་ཚོས་མཉམ་དུ་གཙང་སྦྲ་བྱེད་རོགས་བྱོས་དང་རྗེས་ཕྱོགས་ཁྱིམ་ཚང་ཚང་མའི་ཕྲུ་གུ་དག་འདི་གར་ཡོང་ནས་དཔེ་ཆ་འདོན་དགོས་རྒྱུ་རེད”ཅེས་བཤད། 

ཡུལ་མི་ཚོས་མགོ་ལྕོག་ལྡེམ་ལྡེམ་བྱས།མིག་གིས་བུད་མེད་དགེ་རྒན་གཉིས་ཁོ་ན་ལ་བལྟས་ནས་བསྡད། བུད་མེད་དགེ་རྒན་གཉིས་ངོ་ཚ་ནས་མགོ་བསྒུར་ཏེ་ཚང་མའི་མིག་མདངས་ལ་གཡོལ་ཐབས་བྱས། མོ་རང་ཚོ་མཛེས་དྲགས་ཏེ་མི་གཞན་དག་ཁ་གདངས་ནས་སྐད་ཆ་མི་ཤོད་པའི་ཚད་དུ་བསྐྱལ།    བུད་མེད་དགེ་རྒན་གཉིས་ལོ་ན་གཞོན་པའི་ཞིང་བ་གཉིས་དང་མཉམ་དུ་ར་སྐོར་ཞིག་གི་ནང་དུ་སོང་། ཐེངས་འདིར་མོ་རང་ཚོས་ཁ་ཆེན་པོ་གདངས་ནས་སྐད་ཆ་མི་ཤོད་པར་བྱས་སོང་། ར་བའི་ནང་དུ་བཀྲག་མདངས་རྒྱས་པའི་མེ་ཏོག་མང་པོ་གྲལ་དག་པོར་སྐྱེས་ཡོད་ཅིང་། ཕྱེད་ཀ་སེར་བོ་དང་ཕྱེད་ཀ་སྨུག་པོར་གྱུར་པ་དག་དབྱར་མཚོ་རྒྱས་པ་བཞིན་མཛེས་ཤིང་ལྟ་ན་སྡུག    ཡུལ་ཚོའི་དཔོན་དང་སྡེ་དཔོན་ཡང་རྗེས་དེད་ནས་ཐོན་བྱུང་། ཡུལ་ཚོའི་དཔོན་གྱིས“ར་བ་འདིའི་སྒོ་དུས་ཡུན་རིང་བོ་ཞིག་ལ་བརྒྱབ་པར་མ་ཟད། མི་གཞན་གྱིས་ཀྱང་མཐོང་ཐབས་མེད།གསོ་མཁན་ཡང་མེད་པར་མེ་ཏོག་རྣམས་འདི་འདྲའི་སྐྱེ་སྟོབས་ལྡན་པའི་ངང་ལྟ་ན་སྡུག་པར་བཞད་ཐུབ་པ་ག་རེ་ཡིན་ནམ”ཞེས་བཤད།སྡེ་དཔོན་གྱིས“མེ་ཏོག་ཟེར་བ་འདི། མི་ལ་གཡོལ་ནས་སྦས་བསྐུངས་བྱེད། གཞན་དང་བར་ཐག་ཇི་ལྟར་རིང་ན་དེ་ལྟར་ཡག་པོར་བཞད་ཐུབ”ཅེས་བཤད།   བུད་མེད་དགེ་རྒན་ཞིག་གིས་མངོན་ཆུང་གི་སྒོ་ནས“མེ་ཏོག་འདི་སུས་བཏབ་པ་ཡིན་”ཞེས་དྲིས་པར་ཡུལ་ཚོའི་དཔོན་གྱིས“བཙུན་མ་དག་གིས་བཏབ་པ་རེད། མེ་ཏོག་འདི་འདྲ་མང་པོ་ཞིག་བསྐྱུར་ནས་མོ་རང་ཚོ་གང་དུ་སོང་བ་སུས་ཀྱང་མི་ཤེས”ཞེས་བཤད།   བུད་མེད་དགེ་རྒན་གཉིས་ཀྱི་མིག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། ཡུལ་མི་རྣམས་ཀྱིས་མོ་རང་ཚོར་ལྟ་བར་ཡང་ཁ་ཡ་མི་བྱེད་པར་རྐེད་པ་བསྒུར་ནས་མེ་ཏོག་ལ་ལྟ་བ་དང་སྣོམ་པ།ལག་པ་བརྐྱངས་ནས་དལ་བུར་མེ་ཏོག་སྒུལ་བཞིན་ཡོད།མོ་གཉིས་ཀྱི་རྒྱབ་ཏུ་སྡེ་དཔོན་གྱིས་ཡུལ་མི་ཚོར་བཀོད་འདོམས་བྱས་ཏེ་སྒོ་ར་དང་ཁང་པ་གཙང་སྦྲ་བྱེད་འགོ་བརྩམས།   ཡུལ་ཚོའི་དཔོན་གྱིས་བུད་མེད་དགེ་རྒན་ལ“བཙུན་མ་དེ་དག་ཀྱང་འདིར་ཐོན་དུས་ཁྱོད་ཚོ་དང་འདྲ་བར་ལོ་གཞོན་རེད”ཅེས་བཤད།“ཡང་ཁྱེད་ཚོ་དང་འདྲ་བར་ཧ་ཅང་མཛེས་པོ་འདུག”ཅེས་ཨ་ནེ་ཞིག་གིས་བགད་ནས་བཤད།   གྱང་བརྩིག་དགོས་པ་དང་། ཁང་པ་ཞིག་གསོ་བྱ་དགོས། སློབ་ཁྲིད་ཀྱི་སྒྲོག་ཙེ་དང་རྐུབ་སྟེགས་ཚང་མ་ཡང་བཟོ་དགོས། སྡེ་དཔོན་དང་ཡུལ་ཚོའི་དཔོན་གྱིས་གྲོས་བསྡུར་བྱས་རྗེས་ཡུལ་ཚོའི་ནང་གི་ཤིང་བཟོ་དང་། འབག་བཟོ། རྡོ་བཟོ་བ་བཅས་བཙལ། ཧྥན་མུའུ་ཀུང་དང་འགྲོགས་ནས་ལྷོ་རིའི་གྲོང་རྡལ་དུ་བསྐྱོད་པའི་ན་གཞོན་རྡོ་བཟོ་བ་དེའང་བོས་ཡོང་།ཁོས་དོན་དག་མང་པོ་ཞིག་ཡོད་པར་བལྟས་རྗེས། མྱུར་དུ་འགྲུབ་ཐབས་མེད་པ་ཤེས་ཏེ་རང་ཉིད་ཀྱིས་བསྟེན་ནས་ཡུན་རིང་མ་འགོར་བའི་དགེ་རྒན་ཧྥན་མུའུ་ཀུང་ཡང་གདན་འདྲེན་ཞུས།   

ཧྥན་མུའུ་ཀུང་ཐོན་པས་དོན་དག་ཡག་པོ་འགྲུབ་རྒྱུ་ཡིན་པ་ཤེས་ཏེ་ཡུལ་ཚོའི་དཔོན་གྱིས་ཆེད་དུ་སྒོར་མོ་ཡང་ཕུད་བྱུང་།    ཅང་མ་འགོར་བར། བུད་མེད་དགེ་རྒན་གཞན་པ་གསུམ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བྱུང་། བར་ཁྱམས་ཀྱི་གྱང་ངོས་སུ་ལག་སྒུལ་གྱི་དྲིལ་བརྡ་ཞིག་བཀལ། རྗེས་སུ་སློབ་ཐུན་གྲོལ་ཚོགས་ཀྱི་སྐབས་དྲིལ་བུའི་སྒྲ་ཐོས་རྒྱུ་ཡོད་པར་བྱས།   ཧྥན་མུའུ་ཀུང་གིས་ལས་ཀ་བྱེད་བཞིན་དུ་ཕར་ལྟ་ཚུར་ལྟ་བྱས་ཀྱང་སྐད་ཆ་ཉུང་ཉུང་ལས་མི་བཤད། ཁོང་གིས་མེ་ཏོག་ལ་ཞིབ་ཏུ་ལྟ་ཞིང་སྐབས་དེ་དུས་ཀྱི་བཙུན་མ་ཚོའི་སྡོད་ཁང་ལ་གཟིགས་པ་དང་དེ་རྗེས་བུད་མེད་དགེ་རྒན་ཚོའི་རྒྱབ་གཟུགས་ལ་གཟིགས་པ་རེད། བུད་མེད་དགེ་རྒན་གྱིས་ཕྱིར་མིག་ཅིག་བལྟས་རྗེས། ཁོས་མིག་མདངས་དེ་ཕར་ལ་བསྐོར་ཞིང་།དེ་ནས་ཡང་བསྐྱར་མེ་ཏོག་ལ་བལྟས།   ཁོས་དུ་བ་འཐེན་པའི་དུས་ཚོད་དེ་བས་ཇེ་མང་དུ་གྱུར། རྒྱུན་དུ་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་ཀྱང་མི་གཞན་ལ་མི་བཤད།

ཅང་མ་འགོར་བར། ཁོས་ཡུལ་ཚོའི་དཔོན་པོ་བཙལ་ནས་བཤད་རྒྱུར།“ངས་སློབ་ཆུང་ལ་རྡོ་སྒོ་ཞིག་ལས་རྒྱུ་ཡིན། རྡོ་རྒྱུ་བདམས་ཟིན་པས། ཡུལ་མི་ཚོས་སྒོར་ཉུང་ཙམ་བཏོན་པས་ཆོག”ཅེས་བཤད།    ཡུལ་ཚོའི་དཔོན་གྱིས་མྱུར་དུ་ཁས་བླངས།ན་གཞོན་རྡོ་བཟོ་བ་དེ་ཡང་བསྐྱར་ཁོང་གི་ལག་རོགས་བྱས།   རྡོ་སྒོ་བཟོས་པ་དང་མཉམ་དུ་ཡུལ་མི་རྣམས་ཀྱིས་བལྟས་མ་ཐག་ཏུ་ཧྥན་མུའུ་ཀུང་གི་སྒྱུ་རྩལ་བརྩམས་ཆོས་ཡིན་པ་ཤེས་སོང་། དེ་ནི་ཁོང་གིས་མི་ཚེ་གང་བོའི་སྟོབས་ཤུགས་ཡོད་ཚད་བཀོལ་ཏེ་བསྐྲུན་པ་ཡིན་པས་ལྕམ་ཧྥན་ལགས་ཀྱི་རྟ་བབས་ལས་ཀྱང་བརྗིད་པོ་ཆགས་འདུག   རྡོ་སྒོའི་སྟེང་ན་གདུང་མ་གཉིས་ཡོད།གོང་མའི་སྟེང་དུ་ཡིག་འབྲུ་ཆུང་ངུས་ཇོ་མོ་དགོན་གྱི་མིང་བརྐོས་ཡོད་ཅིང་།གཤམ་དུ་སློབ་ཆུང་གི་མིང་གི་ཡིག་འབྲུ་ཆེན་པོ་དག་གཏིང་ཟབ་པོར་བརྐོས་འདུག སྒོ་རྩའི་གཡས་གཡོན་དུ་མེ་ཏོག་གིས་ཁེངས་ཤིང་དེ་ཡང་ཕྱེད་ཀ་སེར་པོ་དང་ཕྱེད་ཀ་སྨུག་སྐྱ་རེད། 


ལྔ།   

 ཡུལ་ཚོའི་དཔོན་དང་སྡེ་དཔོན་ཁ་ཤས་ཀྱིས་སློབ་ཆུང་ལ་རོགས་པ་བྱས་ནས་དཀའ་ངལ་ཆེན་པོས་སློབ་མ་བསྡུ་རོགས་དང་ཁྱིམ་ཚང་རེ་རེར་ཁ་ཏ་བྱས། མཇུག་མཐར་སློབ་མ་བསྡུས་པ་ཚང་མ་བུ་ཡིན་ལ་བུ་མོ་མེད།   བརྒྱ་བཤད་སྟོང་བཤད་བྱས་ཀྱང་ཞིང་བ་མང་ཚོགས་ཚང་མས་བུ་མོ་ཚོ་སློབ་གྲྭར་འགྲོ་མི་ཐུབ་པར་ངོས་བཟུང་ཡོད། བུ་མོ་ཆུང་ཆུང་ཚོས་ཆུང་དུས་ནས་སྐུད་འཁེལ་དང་། གཙག་དྲུབ། གོས་འཁྲུད། གཅུང་པོ་ལ་བདག་སྐྱོང་བཅས་བྱེད་ཀྱིན་ཡོད་པས་དེ་མ་ཐག་སློབ་གྲྭའི་ནང་བསྐྱལ་ཏེ་སློབ་མ་བུ་དེ་དག་ལྷན་དུ་རྒོད་ལ་ཤོར་དུ་འཇུག་ག་ལ་ཐུབ།

དེ་ལྟར་ལོ་མང་པོ་འགོར་ནས་ཡི་གེ་ཁ་ཤས་ཤེས་རྗེས་ལས་ཀ་ཅི་ཡང་ལས་མི་ཤེས་པར་གྱུར་ན། ཕྱིས་སུ་གནས་ལ་ཇི་ལྟར་འགྲོ་འམ་སྙམ་བཞིན་ཡོད།    སློབ་མ་བུ་ནི་མི་ཉུང་བ་ཞིག་འདུག  ཁོ་ཚོ་འཛིན་གྲྭ་གསུམ་དུ་བགོས་ཏེ་ཉིན་ལྟར་སློབ་ཐུན་འཚོག་སྐབས་བུད་མེད་དགེ་རྒན་སློབ་ཁྲིད་སྟེགས་བུའི་ཐོག་ལངས་ཤིང་སློབ་མ་བུ་ཚོ་སྒྲོག་ཙེའི་མདུན་དུ་བསྡད། སྒེའུ་ཁུང་ཚང་མར་ཡུལ་མི་མང་པོ་འདུས་ཤིང་། ཉེ་འདབས་ཀྱི་གྲོང་ཚོ་ཁ་ཤས་ཀྱི་མི་དག་ཀྱང་རེས་འཁོར་ནས་ཁག་དང་ཁག་བྱས་ནས་སླེབས་འདུག་པ་ཚང་མ་སྐྱེས་པ་རེད། ཁོ་ཚོས་ཁ་ནས་བུ་དང་། ཚ་བོ། ནུ་བོ་བཅས་སློབ་གྲྭར་སོང་རྗེས་སློབ་ཁྲིད་ལ་ལེགས་པར་ཉན་མིན་ལ་བལྟ་རུ་ཡོང་བར་བཤད་ཀྱང་། དོན་དངོས་སུ་ཁོ་ཚོའི་མིག་ཟུང་ནི་སློབ་ཁྲིད་སྟེགས་བུ་དང་ཁ་འབྲལ་ཐབས་མེད།    བུད་མེད་དགེ་རྒན་གྱིས་བསམ་གཟས་ནས་སྒེའུ་ཁུང་ཕྱོགས་སུ་མི་ལྟ་བ་དང་། མཚམས་རེར་སེམས་ཆུང་མ་བྱས་པར་མིག་བཤེར་ཐེངས་ཤིག་ཤོར་ཚེ་ངོ་གདོང་ལམ་སང་དམར་པོར་གྱུར་འགྲོ། ཁོ་ཚོའི་ངོ་གདོང་ཧ་ཅང་དཀར་བས་དམར་པོར་གྱུར་པ་འང་མངོན་གསལ་དོད་པོས་མཐོང་གི་འདུག   

སྐབས་དེ་དུས་ས་ཆ་འདིར་ད་དུང་ཞ་སྨྱུག་དང་ལྕགས་སྨྱུག་མཐོང་རྒྱུ་མེད་པས་ཡི་གེ་ཞིག་ཤེས་མ་ཐག་སྤུ་སྨྱུག་སྣག་ཚར་བསྒྲེས་ནས་བྲི་དགོས། དེ་བས་སློབ་མ་བུ་དག་གི་ལག་པ་དང་གདོང་ཡོངས་སྣག་ཚའི་ཤུལ་རྗེས་རེད།  “ཁྱོད་ཀྱིས་ལྟོས་དང་། ཡང་འབྲི་ནོར་ཤོར་སོང་།”བུད་མེད་དགེ་རྒན་གྱིས་སློབ་མ་བུ་ཞིག་ལ་སྤུ་སྨྱུག་འབྲི་སྟངས་ཁྲིད་བཞིན་ཡོད། སྐད་དམའ་མོས་བཀྱོན་བཞིན་ཡོད། དོན་དངོས་སུ་སློབ་མ་བུ་ཆུང་གིས་ཡི་གེ་ལ་ལྟ་བཞིན་མེད། དགེ་རྒན་གྱི་སྨིན་མ་རིང་བོ་ལ་ལྟ་བཞིན་འདུག “འདི་འདྲ་ཞིག་རིང་དོན་ཅི་ཡིན་ནམ། འདར་ཙམ་འདར་ཙམ་བྱེད། ”དགེ་རྒན་གྱིས་བཀའ་བཀྱོན་གནང་གིན་པ་ཐོས་རྗེས། ད་གཟོད་རྣམ་ཤེས་ཕྱིར་བསྡུས་ནས་ཡི་གེ་འབྲི་སྲིད་མོད། སྨྱུག་རྩེ་ཡང་འདར་ཙམ་འདར་ཙམ་བྱས་བྱུང་།     སྡེ་བ་ཁ་ཤས་ཀྱི་མི་དག་གིས་བུད་མེད་དགེ་རྒན་དེ་ཚོ་གང་ནས་ཡོང་བ་རེད་ཅེས་གླེང་མོལ་བྱེད་ཀྱིན་འདུག ཚང་མ་ཁྱིམ་ཚང་ཆེན་པོ་དག་གི་སྲས་མོ་རེད་ཟེར། འོ་ན་ཁོ་ཚོའི“ཁྱིམ་ཚང་ཆེན་པོ”དེ་གང་དུ་ཡོད་དམ། རྒྱུན་དུ་ཁྱིམ་ལ་མི་ལོག་པ་ཅི་ཡིན་ནམ།ཕ་མ་ཡང་ཅིའི་ཕྱིར་བལྟ་རུ་མི་ཡོང་བ་ཡིན་ནམ། གནས་ལ་འགྲོ་བའི་ལོ་ཚོད་ལ་སླེབས་འདུག གཞན་དང་གཉེན་རྟགས་བརྒྱབ་ཡོད་དམ། དྲི་བ་འདི་དག་ནི་སྡེ་དཔོན་གྱིས་ཀྱང་མི་ཤེས་པས། ཡུལ་ཚོའི་དཔོན་ལ་འདྲི་རྒྱུ་ལས་ཐབས་གཞན་མེད། ཡུལ་ཚོའི་དཔོན་གྱིས་འཛུམ་དམུལ་དམུལ་ངང“བསམ་བློ་མ་གཏོང་། ངས་ཀྱང་གསལ་པོ་ཤེས་ཀྱིན་མེད”ཅེས་བཤད།འོན་ཀྱང་ཁོའི་འཛུམ་མདངས་ལ་བལྟས་ན་ཁོས་ཅི་ཞིག་ཤེས་ཡོད་པ་འདྲ།   སུས་ཀྱང་དགེ་རྒན་ལ་དངོས་སུ་འདྲི་མི་ཕོད། མོ་ཚོ་ནི་མི་ཡུལ་དུ་བབས་པའི་ལྷ་མོ་ལྟ་བུ་ཞིག་ཡིན་ཞིང་། སྤྲིན་དང་སྨུག་པ་ཡོད་པས་གསལ་པོར་མཐོང་མ་ཐུབ་ནའང་འགྲིག་ཅིང་འོས་པ་ཞིག་རེད།

སྔོན་ལ་སྐྱེས་པ་ཚོ་ཡིད་ཆགས་པ་དང་།དེ་ནས་བུད་མེད་རྣམས་ཀྱང་ཡིད་ཆགས་པ་མ་ཟད།བུད་མེད་དག་ཡིད་ཆགས་པ་ནི་སྐྱེས་པ་ཚོ་ལས་ཞིབ་ཚགས་པ་དང་། སྟུག་པོ། རྒྱུན་རིང་བ་ཞིག་རེད། བུད་མེད་རྣམས་ཀྱིས་ཉིན་རྒྱུན་དུ་ཧོན་འཐོར་བའི་མིག་གིས་བུད་མེད་དགེ་རྒན་གྱི་སྐྲ་ཚུགས་དང་གྱོན་ཆས། རྐེད་པ། གོམ་པའི་འདེགས་འཇོག་སོགས་ལ་ཅེར་ཡོད། ཉེ་སར་སོང་ནས་ཁོ་ཚོའི་འཛུམ་མདངས་ལ་བལྟས། ཁོ་ཚོའི་ལྷིང་འཇགས་དང་ཁོ་ཚོའི་སྐད་སྒྲ། དེ་དག་ཚང་མར་བལྟས་རྗེས་ད་དུང་སེམས་པ་ནི་ཡ་མཚན་ཞིག་རེད། དེ་ནང་བཞིན་ཚང་མ་བུད་མེད་ཡིན་པ་འདྲ་ནའང་ཁོ་ཚོས་ཡི་གེ་ཤེས་པས་ས་གང་དུ་སླེབས་ནའང་ཁ་སོས་ཀྱིན་ཡོད་པ་རེད། འདི་ལྟར་འདང་བརྒྱབ་རྗེས། ཡུལ་ཚོའི་བུད་མེད་རྣམས་ཀྱིས་རང་ཉིད་ནི་ཁོ་ཚོ་ལས་ལྡབ་ཕྱེད་ཀ་ཙམ་གྱིས་ཐུང་བ་ཞིག་མ་རེད་ལ། ལྡབ་གཅིག་ཙམ་གྱིས་ཐུང་བ་ཞིག་ཀྱང་མ་ཡིན་པར། དེ་ནི་ལུས་པོ་ཡོངས་རྫོགས་ས་འོག་ཏུ་བརྫངས་པ་ལྟ་བུ་ཞིག་ཡིན་པའི་ཚོར་སྣང་བྱུང་།

དེ་ལྟ་ནའང་བུད་མེད་རྣམས་ཀྱིས་ཀྱང་་དེ་ལ་འཁང་ར་མི་བྱེད་པར་རང་ཉིད་ཀྱིས་ས་འོག་ནས་མགོ་བོ་བཏེགས་ཏེ་འདི་འདྲའི་ལྷ་མོ་སྐོར་ཞིག་མཐོང་ཐུབ་པའང་བསོད་ནམས་ཤིག་ཏུ་བརྩི་བཞིན་འདུག   སློབ་ཆུང་དུ་རྒན་མོ་ཞིག་གིས་བུད་མེད་དགེ་རྒན་ཚོར་ཟ་མ་ལས་བཞིན་ཡོད་མོད། རྒན་མོ་འདིའང་ས་ཆ་གཞན་ནས་ཡོང་བ་ཡིན་པས། སྐད་ཆ་བཤད་རྒྱུར་མི་དགའ་ལ་བཤད་ནའང་གོ་མི་ཐུབ། དེར་བརྟེན། བུད་མེད་དགེ་རྒན་རྣམས་ཀྱིས་ཟ་མ་ཇི་ལྟར་ཟ་བ་ཡང་མི་ཤེས།    དབྱར་མགོའི་ཉིན་ཞིག་ལ། བུད་མེད་དགེ་རྒན་ཞིག་གིས་སློབ་ཆུང་དང་ཐག་མི་རིང་བའི་གྲོང་རྡལ་དུ་ཚོང་རར་གསར་དུ་བུད་པའི་ཤིང་འབྲས་དབྱང་མེ་ཞིག་ཉོས་ཏེ། ལག་ཕྱིས་ཀྱིས་གཅུད་ནས་ཕྱིར་སློབ་གྲྭར་ལོག ཕལ་ཆེར་ལམ་དུ་མི་སུ་ལའང་འཕྲད་མེད་པ་འདྲ་མོད། འོན་ཀྱང་ཕྱི་ཉིན་ཞོགས་པ་སྔ་པོ་ནས་སློབ་མ་རེ་རེའི་དཔེ་ཁུག་ཏུ་ཤིང་འབྲས་དབྱང་མེ་ཁུག་མ་ཆེན་པོ་ཞིག་ཁྱེར་ཡོང་ནས་དགེ་རྒན་རྣམས་ཀྱི་སྒྲོག་ཙེའི་སྟེང་དུ་དམར་ལམ་ལམ་དུ་བཀང་བྱུང་།    

གྲོང་ཚོ་དེ་དག་ནི་རི་དང་ཐག་ཉེ་བར་བརྟེན། ཁྱིམ་ཚང་ཚང་མར་ཤིང་འབྲས་དབྱང་མེའི་སྡོང་བོ་ཡོད་ཅིང་།ཁ་སང་གཞི་ནས་གནས་ཚུལ་དེ་ཐོས་བྱུང་བ་མ་ཟད།འཕྲལ་དུ་གང་སར་ཁྱབ་ཡོད་པ་སྟེ། བུད་མེད་དགེ་རྒན་ཤིང་འབྲས་དབྱང་མེ་བཟའ་རྒྱུར་དགའ་བ་དེ་རེད།   ཅོག་ཙེའི་སྟེང་བཀང་བའི་ཤིང་འབྲས་དབྱང་མེ་ཡི་ཆེད་དུ། བུད་མེད་དགེ་རྒན་གྱིས་ཨུ་ཚུགས་ངང་བཀའ་དྲིན་ཞུ་དགོས་བསམས་ནས་གཟའ་ཉི་མའི་ཞོགས་པ་ནས་བཟུང་། མོ་ཚོ་སློབ་གྲྭ་ནས་སྒོར་བུད་དེ་སྡེ་བའི་ནང་དུ་སོང་། ཁང་པ་ཚང་མའི་སྒོ་ཕྱེ་ཡོད་མོད། ཚང་མའི་ནང་མི་མི་འདུག  མཐར་ལོ་ན་མཐོ་བའི་སྒྱུག་མོ་ཞིག་ལ་དྲིས་པ་ན། གྲོང་ཚོ་ཡོངས་རི་ལ་ཤིང་འབྲས་དབྱང་མེ་བཏུ་རུ་བུད་སོང་ཞེས་བཤད།

ཨ་ནེ་རྒན་མོ་ཚོའི་མཛུབ་མོའི་སྟོན་ཕྱོགས་དེད་ནས་མོ་རང་ཚོ་རི་འདབས་ཤིག་ཏུ་ཐོན་བྱུང་།  ཚང་མ་ཤིང་སྡོང་ཡིན་ཞིང་།རི་ངོས་དང་གཤོང་ས་ཚང་མར་ཤིང་འབྲས་དབྱང་མེས་ཁེངས་འདུག་ནའང་ཁང་པ་ཞིག་མི་མཐོང་བ་དང་མི་ཡང་མི་མཐོང་བ་རེད། བུད་མེད་དགེ་རྒན་གྱིས་ཕར་ལྟ་ཚུར་ལྟ་བྱས་ཀྱང་ཅི་ཞིག་བྱེད་དགོས་པ་མ་ཤེས། གློ་བུར་དུ་སྡོང་བོའི་སྟེང་ནས་སྐད་ཅོར་བརྒྱབ། སྒྲ་ཞིག་གིས་སྐད་ཆ་མང་པོ་ཞིག་ཁྲིད་ནས་ཐོན་བྱུང་། ཚང་མས་དགེ་རྒན་འབོད་བཞིན་ཡོད་མོད། སྔར་བཞིན་མི་མཐོང་མི་ཐུབ།“རྒན་ལགས། ངའི་ཁྱིམ་གྱི་དབྱང་མེ་ཧ་ཅང་ཡག་པོ་ཡིན། མྱུར་དུ་འདིར་ཤོག”“ངེད་ཚང་གི་འདི་ཁ་སང་གསར་དུ་སྨིན་པ་རེད། ཁྱེད་ཚོའི་ལག་གཡས་སུ་ས་ཞིང་འདོམ་པ་གཉིས་ཡོད་པའི་རི་ལྡེབས་སུ་ཡོད”ཅེས་བཤད།

“ལོ་འདིར་མངར་ཤོས་ནི་ང་ཚོའི་ཁྱིམ་གྱི་འདི་ཡིན། དགེ་རྒན། ནུབ་རིའི་ལྡེབས་སུ་ལག་པ་གཡུག་མཁན་ནི་ང་ཡིན”ཞེས་བཤད།……   བུད་མེད་དགེ་རྒན་རྣམས་དགོད་བཞིན་དུ་ཁ་ཕར་འཁོར་ཚུར་བྱས་ཏེ་ཉོག་འདུག ཇི་ལྟར་འཁོར་ན་སྐད་དེ་ལྟར་མང་།སྐད་གཏོང་མཁན་གྱི་ཕྲུ་གུ་ཚང་མ་སྡོང་མགོར་བསྡད་ཡོད་པས་སྡོང་པོ་ལས་ཐུར་ལ་འབབ་དགོས་ན་དུས་ཚོད་ཏོག་ཙམ་དགོས།མཐར་ཁོང་ཚོ་ནི་བྱིའུ་ཕྲུག་དང་འདྲ་བར་བུད་མེད་དགེ་རྒན་ཚོའི་གམ་དུ་འཕུར་ཞིང་།ཁོ་ཚོའི་རྒྱབ་ཏུ་ཁོ་ཚོའི་ཨ་མ་ལངས་འདུག ཨ་མ་ཚོས་ལག་པ་བརྐྱངས་ནས་བུད་མེད་དགེ་རྒན་འཐེན་འདོད་ཤིན་ཏུ་ཆེ་མོད།འོན་ཀྱང་བུད་མེད་དགེ་རྒན་སྔོན་ལ་ཡོང་ནས་ལག་པར་འཇུས་སོང་།ཉིན་དེར་དབྱང་མེ་རི་བོར་བུད་མེད་དགེ་རྒན་དང་གྲོང་ཚོའི་བུད་མེད་རྣམས་ཀྱིས་ཧ་ཅང་མང་པོ་ཞིག་བཤད་ཅིང་།ཡིད་ཚིམས་པ་ཞིག་བགད་ནས་མང་པོ་ཞིག་ཟོས་སོང་།གྲོང་གསེབ་ཀྱི་བུད་མེད་རྣམས་ཀྱིས་བུད་མེད་དགེ་རྒན་རྣམས་དེ་འདྲ་འདྲིས་བདེ་བ་ཞིག་ཡིན་པ་མ་ཤེས།དེ་འདྲའི་སྤྲོ་བོ་ཞིག་རེད།མཐར་གྲོང་སྡེའི་བུད་མེད་ཅིག་གིས་བུད་མེད་དགེ་རྒན་ཞིག་ཟུར་དུ་འཐེན་ནས“ཁྱེད་ཚོའི་སློབ་ཆུང་དུ་བུད་མེད་སློབ་མ་བསྡུ་ཡི་ཡོད་དམ”ཞེས་དྲིས་པར།“བསྡུ་ནི་རེད། བསྡུ་ནི་རེད།”བུད་མེད་དགེ་རྒན་ཚང་མས་ངང་སྒུག་བྱེད་ལོང་མེད་པར་ཁ་འཕྲོག་ནས་བཤད།

“ང་ལ་ཚ་མོ་ཞིག་ཡོད། ལྷོ་རི་གྲོང་རྡལ(山南镇)དུ་སྡོད་ཀྱི་ཡོད།ཧྥན་མུའུ་ཀུང་ཁོ་ཚོའི་ཁྱིམ་དུ་སོང་ནས་རྟ་བབས་ལས་མྱོང་།ཉིན་ཤས་གོང་ཧྥན་མུའུ་ཀུང་གིས་ཁྱེད་ཚོའི་སློབ་གྲྭར་རྟ་བབས་སྐྲུན་སྐབས་མོ་ཁྲིད་ནས་ཡོང་མྱོང་ཡོད། མོ་ཕྱིར་ཁྱིམ་དུ་ལོག་རྗེས་ཉིན་རྒྱུན་སྐད་ཅོར་བརྒྱབ་ནས་སློབ་གྲྭར་འགྲོ་རྒྱུ་ཡིན”ཞེས་བཤད་ཀྱི་འདུག “ལྷོ་རི་གྲོང་རྡལ། ལམ་ཐག་རིང་ངམ།”བུད་མེད་དགེ་རྒན་གྱིས་དྲིས།“ཐག་རིང་པོ་མེད། འོན་ཀྱང་རི་བརྒལ་ནས་འགྲོ་འོང་བྱེད་དགོས། དཀའ་ངལ་ནི་འདི་ན་ཡོད། གལ་ཏེ་སློབ་གྲྭར་ཡོང་ན་ཞོགས་པ་སྔ་ལངས་དང་། དགོང་མོར་ཉལ་འཕྱི་བྱས་ཏེ་གཅིག་པུར་ཡར་འགོ་མར་འབབ་དང་རེ་འཁྱག་རེ་དྲོ་བྱ་དགོས་པ་རེད། ”ཅེས་བཤད། “ཉིན་གཉིས་སོང་རྗེས་ཁྱེད་ཀྱིས་ང་ཚོ་ལྷོ་རི་གྲོང་རྡལ་ལ་ཐེངས་གཅིག་འཁྲིད་རོགས་ཞུ།”བུད་མེད་དགེ་རྒན་གྱིས་བཤད།

དྲུག


      བུད་མེད་དགེ་རྒན་རྣམས་ལྷོ་རི་གྲོང་རྡལ་དུ་བསྐྱོད་ནས་སློབ་ཆུང་འདིའི་ནང་བུད་མེད་སློབ་མ་དང་པོ་དེ་བསྡུས། མོའི་མིང་ལ་ཧི་དབྱིན་ཟེར།   མོ་སློབ་གྲྭར་ཡོང་རྒྱུ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད།ཉིན་རེར་རི་བོ་དེ་ཐེངས་གཉིས་ལ་བརྒལ་དགོས། ལྷག་པར་དུ་དགུན་ཁ་སླེབས་སྐབས།གང་སར་དར་ཆགས་ཤིང་རི་ལམ་འཁྱགས་པས་ཁེངས་པས་ཤིན་ཏུ་ཤུད་སླ་ཞིང་ཉེན་ཁ་ཧ་ཅང་ཆེ།    བུད་མེད་དགེ་རྒན་ཞིག་གིས་བསམ་ཚུལ་ཞིག་བཏོན།ཧི་དབྱིན་ལ་རི་བོ་བརྒལ་དུས་མགོ་རས་དམར་པོ་ཞིག་གོན་དུ་བཅུག བུད་མེད་དགེ་རྒན་གྱིས་བཤད་རྒྱུར།“ཁྱོད་ཀྱིས་རི་ལ་འགོ་སྐབས་ངས་མགོ་རས་དམར་པོར་བརྟེན་ནས་ཁྱོད་རྙེད་ཐུབ་ཅིང་།གལ་ཏེ་ཁྱོད་རྐང་འདྲེད་ཤོར་ནས་ཤུད་པ་ཡིན་ན་ངས་མཐོང་སྟེ་ཁྱོད་ལ་རོགས་བྱེད་དུ་ཡོང་ཆོག”ཅེས་བཤད། 

   ཧི་དབྱིན་གྱི་ཨ་མས“ཐབས་འདི་ཡག་པོ་འདུག  རིའི་ཕར་ངོས་ནས་ཡར་ལ་འཛེག་དུས་ངས་བལྟ་ཆོག”ཅེས་བཤད།དེ་ནས་ཧི་དབྱིན་འདི་སློབ་གྲྭར་ཡོང་ཚུལ་ནི་ཅུང་བརྗིད་པོ་ཞིག་ཆགས་ཡོད་དེ། རི་བོ་དེའི་ཕར་ངོས་ནས་ཨ་མའི་མིག་གི་མཐོང་ཡུལ་དང་གྱེས་རྗེས་འདི་ཕྱོགས་ཀྱི་རི་ལྡེབས་སུ་བུད་དེ་དགེ་རྒན་གྱི་མཐོང་ཡུལ་དུ་གྱུར། དགུན་དུས་ཀྱི་ཞོགས་པ་རེ་རེར་མོ་ནི་གངས་རིའི་སྟེང་གི་འགུལ་སྐྱོད་བྱེད་པའི་དམར་ཐིག་ཅིག་ཏུ་གྱུར། བུད་མེད་གཉིས་ཀྱི་སྲུང་སྐྱོབ་འོག  མོ་ནི་ནམ་མཁའ་ནས་སར་བབས་པ་དང་ཞེ་དྲག་འདྲ་ཨང་།        

དོན་དངོས་ཐོག་བུད་མེད་གཉིས་ཙམ་གྱིས་མི་ཚད།རིའི་འདི་ཕྱོགས་སུ་སློབ་མ་བུ་ཚང་མ་ད་དུང་ཉལ་ཆས་ནང་དུ་བསྡད་ནས་མི་ལངས། དགུན་ཁའི་ཞོགས་པ་དག་ཏུ་མལ་ཆས་ནི་ཕྲུ་གུ་ཚོ་འབྲལ་ཐབས་དཀའ་བའི་ལྷ་ཡུལ་དེ་ཡིན། ཨ་མས་ཐེངས་དུ་མར་མལ་ལས་ལྡང་བར་བསྐུལ་ཀྱང་ཕན་མི་ཐོགས། དེ་རྗེས་ཁོ་ཚོའི་མིག་ཟུང་སྒེའུ་ཁུང་ཕྱི་རོལ་གྱི་གངས་རིའི་ཕྱོགས་སུ་འཁོར།     ཁྱོད་ཀྱིས་ལྟོས་དང་།མཐར་ཨ་མས་དགའ་སྤྲོའི་ངང་སྐད་ཅོར་ཞིག་བརྒྱབ་ཅིང་།བུ་ཆུང་གིས་ཀྱང་མགོ་མལ་ཆས་ལས་ཕྱིར་བསྲིངས།ཚང་མས་མཐོང་བ་ནི་གངས་རིའི་སྟེང་གི་དམར་ཐིག་དེ་རེད། གངས་རིའི་སྟེང་གི་དམར་ཐིག་དེ་ཉིན་རེ་བཞིན་ཇེ་དཀར་ནས་ཇེ་དཀར་རེད། དམར་ཐིག་འདི་ཙམ་པོ་ཡང་རབ་ཏུ་མིག་དབང་འཕྲོག་པ་ཞིག་རེད་ཨང་། དེ་ཡིས་གངས་རི་གཤགས་ཤིང་མལ་སའི་ནང་གི་བྱིས་པ་དག་ཀྱང་འཐེན་ནས་ཡར་ལ་བསླངས།  ཧི་དབྱིན་སློབ་གྲྭར་སོང་བ་ནི་དཔེ་སྟོན་ཞིག་ཏུ་གྱུར། དེའི་རྗེས་སུ། བུ་མོ་མང་པོ་ཞིག་སློབ་གྲྭར་སོང་བ་མ་ཟད།སློབ་སྦྱོང་གི་སྦྱངས་འབྲས་ཀྱང་སློབ་མ་བུ་དག་ལས་ལེགས། ལོ་གཉིས་ཀྱི་རྗེས་སུ། སློབ་ཆུང་གི་སློབ་མ་བུ་མོ་དག་གི་བསྡུར་ཚད་སུམ་ཆའི་གཅིག་ལ་སླེབས།དགེ་རྒན་ཕོ་ཡང་གཅིག་རྗེས་གཉིས་མཐུད་དུ་སླེབས། སློབ་གྲྭ་ཡང་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཏེ། དེ་སྔོན་ཧྥན་མུའུ་ཀུང་གིས་བཟོས་པའི་རྟ་བབས་དང་མཚུངས་པའི་སློབ་གྲྭའི་སྒོ་ཆེན་བརྗིད་པོ་དེ་དང་ཡང་ཤིན་ཏུ་འཚམ་པ་ཞིག་རེད།


བདུན། 


ང་སློབ་ཆུང་མཐར་ཕྱིན་དུས་ལོ་ན་དགུ་ཙམ་ཡིན། བརྗེད་པར་དཀའ་ཞིང་མཐུད་ཐབས་བྲལ་བའི་དུམ་ཚན་ཁ་ཤས་ཤིག་ལས་བྱིས་དུས་ཀྱི་དོན་དག་མང་བོ་ཞིག་ཡིད་ལ་དྲན་གྱི་མི་འདུག ནར་སོན་རྗེས་ད་གཟོད་ཕྱི་རྒྱལ་གྱི་བརྩམས་སྒྲུང་ཞིག་བཀླགས་པ་ན་གློག་གིས་བརྒྱབ་པ་ལྟར་གློ་བུར་འདས་དོན་ཁ་ཤས་ཐོལ་གྱིས་དྲན་བྱུང་བས་གླེན་ཉམས་ཀྱིས་དུས་ཡུན་རིང་བོ་ཞིག་ལ་བསྡད་པ་ཡིན།  བརྩམས་སྒྲུང་དེའི་མིང་ལ《ཚ་གྲང》ཟེར། དེ་ལས་གཏམ་རྒྱུད་འདི་འདྲ་ཞིག་བྲིས་ཡོད་པ་སྟེ། བུ་མོ་ཞིག་གིས་གཞོན་ནུ་གཉིས་ཀྱི་རྗེས་སུ་འབྲངས་ནས་གྲུ་གཏོང་བར་ཕྱིན། གྲུ་བཏང་ནས་ཡུད་ཙམ་ཕྱིན་རྗེས་གཞོན་ནུ་གཉིས་ཀྱིས་མོར་གུས་ལུགས་དང་མི་མཐུན་པའི་བྱ་སྤྱོད་སྤེལ་འགོ་བརྩམས། མོ་ཆུ་ནང་དུ་མཆོངས་ཤིང་གྲུ་ཆུང་ཡང་མགོ་རྟིང་བསློགས། གཞོན་ནུ་དེ་གཉིས་རྐྱལ་ནས་མཚོ་འགྲམ་དུ་སླེབས་ནའང་། འོན་ཀྱང་མོ་ཆུ་སྐྱེས་སྡོང་པོ(水莲蔓茎)ཡིས་བཀག་ནས་འདམ་དུ་ཟུག་པ་དང་ཚེ་སྲོག་ཤོར་བ་རེད།     

མོའི་ཨ་ཕས་བུ་མོའི་རོ་པང་དུ་བླངས་ཤིང་། སྡུག་བསྔལ་གྱིས་སྨྱོས་ཏེ་ད་དུང་མཁྲེགས་པོ་ཆགས་མེད་པའི་བུ་མོ་འཁྱག་མཛོད་དུ་བཅུག  སྡེ་བའི་ནང་གི་དགེ་སྒྲུབ་མ་རྒན་མོས་ཆོས་ཀྱི་གོང་མར་འཕྲིན་ཡིག་བྲིས་ཏེ།  འཁྱག་རེངས་སུ་གྱུར་པའི་བུ་མོ་འདི་དཀོན་མཆོག་གིས་རྗེས་སུ་འཛིན་པར་རེ་ཞུ་བྱས།     མོ་ནི་ངོ་མ་ཡ་མཚན་ཞིག་རེད།ཐེངས་ཤིག་ལ། ན་གཞོན་ཞིག་ཆང་གིས་བཟི་ནས་འཁྱག་མཛོད་དུ་འཛུལ་ཉེས་ཐེབས།གཉིད་ལས་སད་རྗེས་འཁྱག་མཛོད་ཀྱི་སྒོ་ཆེན་ལ་ཟྭ་བརྒྱབ་ཟིན།ཁོས་འཁྱག་དར་འདི་མཐོང་བ་ན།“མ་གཞི་ནང་དུ་ཡོད་པ་འཁྱགས་ཟིན་པའི་བུ་མོ་ཞིག་རེད།ཁོས་མོ་ཡི་མཛེས་པའི་སྐྲ་ལོ་མཐོང་བྱུང་། དེ་ནི་གསེར་མདོག་ལྡན་པ་ཁོ་ན་ཙམ་མ་ཡིན་ཏེ། དགུན་དུས་ཤེལ་སྒོའི་རྒྱབ་ཏུ་བཞག་པའི་སྒྲོན་མེའི་འོད་མདངས་དང་འདྲ་བར་གསེར་འོད་ལམ་ལམ་འཕྲོ་ཡི་འདུག  མོའི་གཅེར་རྗེན་དམར་ཧྲེང་གི་བྲང་ངོས་འཁྱག་པའི་ནང་དུ་ཧ་ཅང་གསལ། འདི་ནི་མཛེས་སྡུག་ལྡན་པའི་བུ་མོ་ཞིག་སྟེ།མོས་རྨི་ལམ་རྨི་བཞིན་པ་འདྲ་ལ་མིན་པ་ཡང་འདྲ་སྟེ། གྲོང་ཁྱེར་དུ་སླེབས་མ་ཐག་པའི་ལམ་ནོར་ཐེབས་མཁན་ཞིག་ཡིན་པ་འདྲ།”    མཐར་ན་གཞོན་དེ་དར་འཁྱག་དེ་ལ་གླན་པ་ན་ཚ་སོབ་སོབ་ཀྱི་སྣང་བ་ཞིག་ལས་འཁྱག་སྣང་ཚོར་མ་བྱུང་བས། དེས་འཁྱག་མཛོད་ནང་གི་གྲང་ངར་ཡང་འགོག་ཐུབ་པར་གྱུར་སོང་།        

བརྩམས་སྒྲུང་དེའི་མཇུག་ཏུ་གཞོན་ནུ་གཉིས་ལྐོག་ཏུ་འཁྱག་མཛོད་དུ་འཛུལ་ནས་འཇེབ་ཆུང་རླངས་འཁོར་གྱིས་འཁྱག་དར་དེད་དེ་སྐྱ་རེངས་ཀྱི་འོད་ཟེར་ཁྲོད་མགྱོགས་མྱུར་ངང་རྒྱུག་བཞིན་མཆིས།ན་གཞོན་དེ་གཉིས་ཀྱིས་རྔུལ་ནག་ཆུ་ལ་འདྲེས་བཞིན་དུ་རྦད་དེ་འཁྱག་ཞུ་ཐེབས་པའི་བུ་མོ་དེ་བཟུང་ནས་མོ་རང་གནམ་གྱི་མཐའ་ལ་སྐྱེལ་རྒྱུ་ཡིན་པ་ལྟར་ཁོ་གཉིས་མཚོ་ངོས་སུ་བྱ་འཕུར་བ་ལྟར་ཤུགས་ཀྱིས་བརྒྱུགས་ཏེ་སོང་།      ང་རང་ཡིད་ཆེས་ཡོད་དེ། གོང་གི་སྤྲོས་བརྗོད་འདི་བཀླགས་པའི་གྲོགས་པོ་དག་གིས་བརྩམས་སྒྲུང་འདིས་ང་ལ་དེ་འདྲའི་ཚོར་རྣོན་དྲག་པོ་ཞིག་ཇི་ལྟར་བྱིན་པ་ཧ་གོ་མི་ཐུབ།   ངས་བསམས་ན། བུ་མོ་འདི་ཤི་རྗེས་དཀོན་མཆོག་གི་གདུལ་བྱར་གྱུར་པ་ནི་ཀྲུང་གོའི་བུད་མེད་ཁག་ཅིག་ཤི་རྗེས་རྟ་བབས་བསྐྲུན་ཆོག་པར་གྱུར་པ་དང་ཅུང་ཙམ་འདྲ་བར་སྣང་།      

འོན་ཀྱང་། དཀོན་མཆོག་གི་གདུལ་བྱ་ཡིན་ནའང་འདྲ།ཡང་ན་རྟ་བབས་ཡིན་ནའང་འདྲ། བུ་མོ། ཁྱོད་དངོས་གནས་ཤི་སོང་བ་ཡིན་ནམ། ལས་བཟང་པ་ཞིག་ལ་ཨ་ཕ་འདིས་ཁ་རོག་གེར་ད་དུང་སྲ་རེངས་སུ་མ་གྱུར་པའི་བུ་མོ་འཁྱག་པས་སྡོམ་དུ་བཅུག དེ་བས། འཁྱག་པ་འདི་ཡང“འཁྱག་པ་ཚ་པོ”ཞིག་ཏུ་གྱུར་ནས་ཚེ་སྲོག་གི་བརྡ་རྟགས་སྦས་ཏེ་འབྱུང་སྲིད་པ་མང་བོ་ཞིག་བཀབ་ནས་ཡོད།     འཁྱག་མཛོད་དུ་བུ་མོ་འདི་སྔར་བཞིན་མཛེས་སྡུག་ལྡན་ཞིང་ལྟ་ན་སྡུག     དེར་བརྟེན་ང་རང་དོགས་པ་ཆེན་པོ་ཞིག་མི་ཟ་ཀ་མེད་བྱུང་།ཕ་ཡུལ་དུ་རྟ་བབས་བཙུགས་པའི་རང་སྲོག་བཅད་པའི་བུད་མེད་དེ་འདྲའི་མང་པོ་ཞིག་གི་དུར་སྒམ་སྟོང་བ་ཡིན་པ་ཅི་ཡིན་ནམ། དོན་དངོས་སུ་བུད་མེད་དེ་དག་གིས་རང་སྲོག་མ་བཅད་པར་ཁོ་ཚོའི་ཨ་ཕ་དག་གིས་གསང་སྟབས་ཀྱིས་ཡུལ་གཞན་དུ་སྤོ་རུ་བཅུག་པ་ཡིན་ནམ་སྙམ་པའི་དོགས་པ་ཞིག་བྱུང་།       ཁྱིམ་ཚང་ཆེན་པོ་དག་གི་གོང་འོག་ཚང་མས་འདས་མཆོད་གཅིག་འཕྲལ་མར་གཉིས་སུ་བསྒྱུར་རྒྱུར་བསྒུགས་ནས་བསྡད་ཡོད། དེའི་ཕྱིར་ནམ་ཕྱེད་ཀྱི་གྲུ་ཆུང་དང་། སྟབས་བདེའི་གྱོན་ཆས། མི་མེད་དུར་འཇུག མཛེས་རྒྱན་སྤྲས་པའི་དུར་འཇུག་སོགས་ཡོད་ཚད་སོ་སོའི་སེམས་སུ་ཁྲིགས་ཁྲིགས་ཡིན་པ་སྨོས་མ་དགོས་པ་ཞིག་རེད།    

འོན་ཀྱང་ཕ་མ་གཉིས་ཀྱི་ངུ་ཤུམ་ནི་ངོ་མ་ཡིན།མིག་ཆུ་འཐོར་ཏེ་སྐྲ་དང་ཁ་སྤུ་དཀར་པོའི་ཐོག་ཟགས། མི་ཚེ་གང་པོར་བུ་མོ་མཐོང་མི་ཐུབ་ལ།བུ་མོ་ས་ཆ་གང་གི་ཕྱོགས་སུ་འཁྱམ་རྒྱུ་ཡིན་པ་ཡང་ཤེས་ཀྱི་མེད།     ང་རང་དོགས་པ་སྐྱེ་ཡི་ཡོད་དེ། ནམ་གུང་གི་གྲུ་ཆུང་དུ་བསྡད་ཡོད་པ་ནི་སྲོག་ཉེན་ལ་གཡོལ་མཁན་མ་ཡིན་པར་གཉེན་སྒྲིག་ལ་གཡོལ་ཐབས་བྱེད་མཁན་ཡིན།གཉེན་སྒྲིག་མ་བྱས་པའི་གོང་མག་གསར་ཚེ་ལས་འདས་མེད་མོད།བག་གསར་དག“གློ་བུར་རྐྱེན་ལམ་དུ་ཤོར་བ”འམ“གཞན་གྱིས་བསླུས་ནས”སོང་བ་འམ་ཡང་ན“གར་སོང་ཆ་མེད་དུ་གྱུར་པ”རེད།     

མུན་ནག་གི་ཟླ་འོད་འོག་ཏུ་གྲུ་ཆུང་སྐྱེལ་མ་བྱེད་མཁན་ནི་རྒྱུན་པར་ཨ་ཕ་ཡིན།རྒྱུ་མཚན་ནི་ཨ་མའི་རྐང་བ་བསྡམས་ནས་ཡོད་པས་འགྲོ་དུས་སྟབས་མི་བདེ་བ་དང་།མོས་ཆུ་འགྲམ་ནས་ངུ་སྐད་བཏོན་ཏེ་གཞན་གྱིས་ཤེས་པར་སྐྲག་པས་རེད།ཨ་ཕ་ནི་སྨྲ་བ་ཉུང་ཞིང་གོམ་པ་ཡང་མོར་སྤོས་ནས་མགྱོགས་མྱུར་ངང་གྲུ་ཆུང་གི་ཕྱོགས་སུ་བསྐྱོད།རྣམ་འགྱུར་དེ་ནི་རང་གི་བུ་མོ་འཁྱག་མཛོད་དུ་བཅུག་པའི་ཕྱི་རྒྱལ་གྱི་ཨ་ཕ་དེ་དང་ཡོངས་སུ་མཚུངས་ཨང་།     ཀྲུང་གོའི་གྲུ་ཆུང་འཁྱག་མཛོད་དུ་བཅུག་མེད།འོ་ན་དོན་དངོས་སུ་མཚོ་དང་ཆུ་བོ་གང་ཞིག་བརྒལ་ནས་གང་དུ་ཆས་སོང་ངམ།     ང་རང་དོགས་པ་སྐྱེ་ས་ནི། རྟ་བབས་སྐྲུན་མཁན་གྱི་རྡོ་བཟོ་བ་ཧྥན་མུའུ་ཀུང་གིས་དོན་འདིའི་གསང་བ་ཕལ་ཆེར་ཤེས་ཡོད་པ་འདྲ། སྐབས་དེར་ཁོང་གིས་ན་གཞོན་རྡོ་བཟོ་བ་དེས་དུར་སྒམ་ཚང་མ་སྟོང་བ་རེད་ཅེས་བཤད་པར་ཉན་རྗེས་འཚུབ་ཆ་ལངས་ནས་གཏིང་འདྲི་བྱེད་དོན་ཅི་ཡིན་ནམ།ཁོང་ཐེངས་དང་པོར་ཇོ་སྒར་དུ་སླེབས་སྐབས་ཡར་ལྟ་མར་ལྟ་ཞིག་བྱས་རྗེས་སྐད་ཆ་ཉུང་ཉུང་ཞིག་ལས་མི་བཤད་པར་མུ་མཐུད་ཐ་མག་འཐེན་དགོས་དོན་གང་ཡིན་ནམ།ཁོས་ཅིའི་ཕྱིར་མ་བསྐུལ་དང་བླངས་ཀྱི་སྒོ་ནས་སློབ་ཆུང་ལ་རྟ་བབས་དང་ཧ་ཅང་འདྲ་བའི་རྡོ་སྒོ་ཞིག་བསྐྲུན་དགོས་པ་ཡང་ག་རེ་ཡིན་ནམ།      ངས་རིམ་བཞིན་ཧ་གོ་སོང་།ང་ཚོའི་གྲོང་སྡེའི་ནང་དུ་ཅིའི་ཕྱིར་དེ་འདྲའི་རྟ་བབས་མང་པོ་ཞིག་ཡོད་པ་དང་། ཡང་ཆ་རྒྱུས་མེད་པའི་མཛེས་སྡུག་རིགས་ཤིག་ཐོལ་གྱིས་འཕྱུར་བ་སྟེ།ལྟ་བས་ཆོག་མི་ཤེས་པའི་བཙུན་མ་དང་བུད་མེད་དགེ་རྒན་དེ་དག་གང་ནས་ཡོང་ངམ།    

ངས་རིམ་བཞིན་ཧ་གོ་སོང་། བུད་མེད་དགེ་རྒན་རྣམས་ཀྱིས་སློབ་མ་བུ་མོ་དག་བསྡུ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཏུ་སེམས་དོན་དང་།དེའི་ཆེད་དུ་ལ་བརྒྱབ་ཀླུང་བརྒལ་བྱ་དགོས་ཀྱང་ཅི་མི་སྙམ་དོན།     ཧི་དབྱིན། གངས་རིའི་སྟེང་གི་དམར་ཐིག་ཅིག འཁྱག་པས་བཏུམས་པའི་གསེར་མདོག་གི་སྐྲ་ལོ་དེ་དང་མཚུངས།   འཁྱག་པས་བཏུམས་པའི་གསེར་མདོག་གི་སྐྲ་ལོ་དེ་གཞི་ནས་དེང་རབས་ཀྱི་གཞོན་ནུ་གཉིས་ཀྱིས་རླངས་འཁོར་ཆུང་ངུས་དེད་དེ་འཁྱག་མཛོད་ལས་ཕུད། ཞོགས་པའི་འོད་མདངས་ཁྲོད་ནས་བུ་མོ་དེའི་འཁྱག་རོམ་ཡོངས་སུ་ཞུ་བར་གྱུར། སྐྲ་ལོ་ནག་པོ་ལྷབ་ལྷུབ་ཏུ་གཡོ་བའི་ཀྲུང་གོའི་བུ་མོ་སྐོར་ཞིག་གཞན་གྱི་རླངས་འཁོར་ཆུང་བར་མ་བརྟེན་པར་མོ་རང་ཚོས་རང་ཉིད་ཀྱི་འཁྱག་རོམ་རང་ཉིད་ཀྱིས་ཞུ་རུ་བཅུག མོ་རང་ཚོ་ཕྱོགས་བཞིའི་ལྷིང་འཇགས་ཀྱི་ཀློང་ནས་འཁྱག་ཞུ་ཐེབས།    མཛེས་སྡུག་ལ་ཟླ་མེད་པའི་ཤར་ཕྱོགས་ཀྱི་བུད་མེད་དེ་ཚོས་ཡུལ་ཚོ་དང་རི་གྲོང་རེ་རེའི་འཁྱག་རོམ་ཞུ་རུ་བཅུག་ཅིང་བུ་དང་བུ་མོ་རེ་རེའི་འཁྱག་རོམ་ཡང་ཞུ་རུ་བཅུག་སོང་། ངས་ཚིག་ཐག་བཅད་ནས་བཤད་ཐུབ་པ་ནི་ས་གཞི་ད་དུང་གཉིད་དུ་ཡུར་བའི་དུས་སུ་ག་ལེར་འཕྲོས་པའི་ཞོགས་པའི་འོད་མདངས་ཕྲན་བུ་དེ་ནི《ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་གར་སོང་ཆ་མེད་དུ་གྱུར་པའི་བུད་མེད་ཀྱི་མིང་ཐོ》དང་འབྲེལ་བ་ཡོད་པ་དེ་རེད། འོན་ཀྱང་། མིང་ཐོ་དེ་ནི་རི་ཀླུང་གི་ངོ་མཚར་དང་ལོ་ཟླ་ཡི་གསང་བ་ཡིན་པས། དེ་ལ་རྗེས་ཤུལ་ཕྲན་བུ་ཙམ་ཡང་མེད་དོ། །     དེ་ལ་རྟགས་དང་མཚན་མ་སོགས་ཅི་ཡང་མེད་ཀྱང་གནམ་ས་ཡིས་ཡིད་ལ་དམ་པོར་བཟུང་ཡོད། ངས་ཤེས་རྟོགས་བྱུང་བ་ཁོ་ན་ནི། རང་ཉིད་ནི་འཁྱག་རོམ་ཞུ་ཟིན་པའི་གྲོང་ཚོ་དེ་ནས་ཡོང་བ་ཞིག་ཡིན་པ་དེ་རེད།


མཇུག་ཏུ་ཞུ་བྱ། 

 རྩོམ་ཡིག་འདི་ནི་རྒྱའི་དེང་རབས་མཁས་པ་དང་རྩོམ་མཁན་གྲགས་ཅན་སྐུ་ཞབས་ཡུས་ཆིའུ་ཡུས(余秋雨)ལགས་ཀྱི་བརྩམས་ཆོས་དག་ལས་གྲགས་ཆེ་ཤོས་ཀྱི་རིག་གནས་ལྷུག་རྩོམ《དཀའ་སྡུག་གི་རིག་གནས་འགྲུལ་བཞུད། /文化苦旅》ཅེས་པའི་དབུ་རྩོམ་སྟེ། རྨི་ལམ་ལྟ་བུའི་མགོ་འཛུགས་ས(如梦起点)ཞེས་པ་ལ་ས་བཅད་གསུམ་ཡོད་པ་ལས་དང་བོ་བདམས་ཏེ་རང་ཅག་རྩོམ་འབྲིའི་ལས་ལ་ཞུགས་དང་འཇུག་བཞིན་པའི་རྩོམ་མཁན་དག་ལ་ལྷུག་རྩོམ་འབྲི་སྟངས་ཀྱི་ཐད་ནས་འདི་ལ་སློབ་སྦྱོང་དང་མིག་ལྟོས་བྱ་འོས་པའི་ཆ་མང་དུ་བདོག་པར་དམིགས་ཏེ་བསྒྱུར་པ་ཡིན་མོད།ལོ་ཙཱའི་འཇོན་ནུས་ཞན་པའི་ཁར་ཐོས་བསམ་གྱི་རྒྱ་ཁབ་མིག་ལྟར་དོག་པའི་བདག་གི་བསྒྱུར་རྩོམ་འདི་ལ་འགྱུར་ཉེས་ཀྱི་ཆ་མ་མཆིས་པ་མི་སྲིད་པས་ཀུན་གྱིས་མཛུབ་སྟོན་གནང་བར་འཚལ་ཞེས་ཆང་གཞོན་ནུའམ་བོན་རྒྱ་ལྷ་དཀར་རྒྱལ་གྱིས་སློབ་གསེང་གི་ཁོམ་ལོང་བར་ནས་གངས་ལྗོངས་ཤེས་རིག་སློབ་གླིང་དུ་བསྒྱུར་པའོ། ། 


མ་རྩོམ་ལ་འདི་ནས་གཟིགསཆོག


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།