གཞོན་ལམ་གྱི་ཟིན་རྩོམ་ཆེད་བསྒྲིགས།(ཕྱི་དུམ།)

541


 ངང་འོང་གི་སེམས།

ནུ་བོས། “ཁོ་རང་ཡོད་སའི་སློབ་གྲྭ་དེ་གཅུན་སྡོམ་ཤིན་ཏུ་ཛ་དྲག་མོད། སློབ་འབྲས་གྲོང་ཁྱེར་དེ་ཡི་སློབ་གྲྭ་ཐམས་ཅད་ལས་གཞུག་ནས་བརྩིས་པའི་ཨང་དང་པོ་རེད་” ཟེར། དེས་གཅུན་པ་ནི་སློབ་སྦྱོང་གི་ལྡོག་པའི་རྒྱུའོ་ཞེས་ཁ་གྲག་གིན་ཡོད་པ་རེད།

ཡང་། སི་ཏུ་པཎ་ཆེན་གྱིས། “ལ་ལས་ལོ་བརྒྱར་སྦྱངས་པ་གང་། །ལ་ལས་བདེ་བླག་ཉིད་དུ་ཤེས། །” ཟེར། དེས་སློབ་སྦྱོང་ལ་དུས་ཚོད་ངོམས་རྒྱུ་མེད། ཐབས་ལམ་གལ་ཆེ་གསུང་གི་ཡོད་པ་རེད།

ཡང་། ཟླ་བ་གྲགས་པས། “ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་” ཟེར། དེས་ཡོན་ཏན་ནི། ཁོ་རང་ལ་རྩེ་གཅིག་དགའ་མཁན་གྱི་བློ་ཞིག་གི་རྗེས་སུ་འགྲོ་ལྡོག་བྱེད་པ་ལས། སྒྱིད་ལུག་པ་ལ་རང་དགར་འོང་བ་དང་། ཕྲག་དོག་པས་ཆེད་དུ་འཕྲོག་པ་ལྟ་བུ་བྱ་ཐབས་མི་འདུག་གསུངས་པ་རེད།

ཡང་། ཞི་བ་ལྷས། “བརྩོན་གང་དགེ་ལ་སྤྲོ་བ་འོ། །” ཟེར། དེས་བརྩོན་འགྲུས་ནི་དགའ་བའི་བློ་ཞིག་ཡིན་པ་མ་གཏོགས། མི་དགའ་བཞིན་རང་གིས་ཨུ་ཚུགས་བྱེད་པའམ། གཞན་གྱིས་བཙན་པོ་བྱེད་པ་ནི་མིན་ནོ་ལབ་ཀྱི་ཡོད་པ་རེད།

ཡང་། མགོན་པོ་ཀླུས། “ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། །” ཟེར། དེས་རིག་གཞུང་ཐམས་ཅད་སློབ་པས་མི་ཚར། རང་གིས་གང་འདོད་པ་དེ་ལ་སྦྱོང་ཨ་ཞེས་གདམས་ཀྱི་ཡོད་པ་རེད།

བསྡོམས་ན། སློབ་སྦྱོང་རྩེ་ལ་སོན་ཏེ་མི་ཚེའི་བདེ་སྐྱིད་ཚུགས་མཁན་དག་ནི། བློ་ཞིག་གི་རང་དབང་དང་། བློ་ཞིག་གི་ཐབས་ཤེས་དང་། བློ་ཞིག་གི་དགའ་ཕྱོགས་དང་། བློ་ཞིག་གི་བདམས་གའི་འབྲས་བུ་ཡིན་གསུང་གི་ཡོད་པ་རེད།

བློ་དེའི་ཆེས་རྩ་བའི་ཁྱད་ཆོས་ནི། བསླབ་བྱའི་ཡུལ་དེ་ལ་སྤྲོ་བའོ་ཞེས་ལབ་ཆོག་པ་རེད། དེ་ནི་ཐོག་མར་ངང་གིས་འཇུག་ཅིང་། བར་དུ་ངང་གིས་འཁྱོངས་ལ། མཇུག་ཏུ་ངང་གིས་མཐར་ཕྱིན་འགྲོ།

གནད་དེ་གཟིགས་པའི་ཐུབ་པ་མཆོག་ནས་བཟུང་། དེ་རིང་གི་སློབ་གསོ་མཁས་པ་དག་ལ་ཐུག་པའི་བར་དུ། གཞན་དང་འབྲེལ་བ་མེད་པར་“རང་གི་ངང་གིས་འོང་བའི་སེམས”ལྷན་སྐྱེས་པ་དེ་ལ་བསྲུང་བ་དང་བསྐྱབ་པ་དགོས་ཚུལ་ལུང་རིགས་ཉམས་མྱོང་གསུམ་གས་བསྒྲུབས་ནའང་། ང་ཚོས་དེ་གསོད་པའི་ལས་འབའ་ཞིག་རྩོམ།

མ་གཞི། རང་བཞིན་གནས་རིགས་ལ་མཆིལ་མ་འདེབས་པ་དང་། རྒྱས་འགྱུར་གྱི་རིགས་ལ་འགྲམ་ལྕག་རྒྱག་པར་ང་ཚོས་ “སློབ་གསོ་” ཟེར་ཨང་།

དེ་ལྟ་ན། གང་དུ་སྒྱིད་ལུག་ཅིང་རེ་བ་ཆད་པའི་མི་ཚོགས་ཤིག་ཡོད་ན། དེ་རུ་ “རང་གི་ངང་གིས་འོང་བའི་སེམས”མེད་པ་ཡིན་ལ། གང་དུ་གསོན་ཤུགས་རྒྱས་ཤིང་རེ་བས་འཚོས་པའི་མི་ཚོགས་ཡོད་ན། དེ་ན་“རང་གི་ངང་གིས་འོང་བའི་སེམས་” ཡོད་པ་རེད། དེ་ནི་ཁྱད་པར་སྟེ། ཆེས་ཆེ་བའི་ཁྱད་པར་ཡང་ངོ་། །

ཨེ། རྒྱུས་མེད་ཀྱི་སྙིང་ཉེ་བའི་མི། ཁྱོད་ཀྱང་སློབ་པ་ལ་སུན་གྱི་ཡོད་དམ། དཀའ་ཡི་འདུག་གམ། གལ་ཏེ། ཡོད་ན། འདུག་ན། ཐང་ཆད་པ་དེ་དག་ནི་ཁྱོད་ལན་པ་མ་རེད། ཆེས་རྩ་བའི་ཆ་ནས། ཁྱོད་རང་ཉིད་འགྲོ་བ་མ་ཡིན་པར། གཞན་གྱིས་འདེད་ཀྱི་ཡོད་པས་རེད།

དེ་ནི་བསླབ་ཡུལ་གྱི་ངོས་ནས་སམ། སློབ་ཚུལ་གྱི་ཐབས་ཀྱིས་སམ། སྩོབ་མཁན་གྱི་མི་གང་གི་རྐྱེན་ཡིན་ནའང་འདྲ་སྟེ། “རང་གི་ངང་གིས་འོང་བའི་སེམས”མེད་པ་ཁོ་ནས་ལན་པ་རེད། དེའི་མདུད་པ་འཁྲོལ་ཐབས་ཀྱང་གཅིག་འབའ་ཞིག་ཏུ་ཟད་དེ། གང་ལའམ་གང་གིས་“ངང་འོང་གི་སེམས་”འབྱུང་གི་འདུག་བལྟས་ནས་བསྟུན་པ་ལས། དེ་ལ་རྟོགས་ལྡན་མི་རོ་རྒྱབ་སྤྲོད་མི་བྱེད་པའོ། །

༢༠༢༠. ༡༠. ༢༩ཉིན།

འབྲེལ་མེད་དང་དོན་གཞན།


གཞུང་ལུགས་ཆེན་མོ་དག་ཏུ། “འབྲེལ་བ་མེད་པའི་ཕྱིར”ཞེས་པའམ། “འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར་” ཞེས་པ་སྐབས་དང་སྐབས་སུ་ཐོན་ཡོང་སྟེ། དེས་ནི་ཁྱོད་ཀྱིས་གང་བཤད་རྒྱུའི་དོན་དེ་དང་གཏན་ལ་དབབ་བྱ་གཉིས་ནི་མེ་ཆུ་བཞིན་དུ་འགལ་བ་ལྟག་སྤྲོད་དམ། ཡང་ན། ས་རླུང་བཞིན་དུ་ང་ང་ཁྱོད་ཁྱོད་ཡིན་པའི་གོ་དོན་བཤད་ཀྱི་ཡོད་པ་རེད།

རིག་གཞུང་ནང་གི་ལྟ་ཚུལ་གསེར་འདྲ་བ་དག་ཤོག་ངོས་སུ་ལུས་ཤིང་། ལྕེ་ཐོག་ཏུ་འབབ་པ་ལས། འཚོ་བའི་ཁྲོད་ནས་ཤ་ཐིམ་རུས་ཐིམ་གྱི་གོམས་གཤིས་སུ་ཆགས་མ་ཐུབ་པའི་ང་ཚོར་མཚོན་ན། གོང་གི་འབྲེལ་བ་ཡོད་མེད་ཀྱི་དགོངས་ཚུལ་དེ་ཡང་སོ་སོའི་མི་ཚེ་དང་སྦྲེལ་མ་ཐུབ་པར་ལུས་ཡོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་དུ་སྣང་།

དྲང་པོ་བཤད་ན། ང་ཚོས་རིག་གཞུང་མང་པོ་ཞིག་གི་དོན་གཏན་ལ་འབེབ་ཅིང་བསྡར་ཤ་གཅོད་ཀྱིན་ཡོད་ནའང་། གང་བྱས་བྱས་མཐའ་དག་གི་དམིགས་ཡུལ་ནི། རང་གི་ཚེ་སྲོག་གི་རྣམ་བཞག་དེ་ཉིད་མ་འཕྱུགས་མ་ནོར་བ་ཞིག་ཡོང་བའི་ཆེད་ཡིན་པས་ན། ཆེས་ཤིན་ཏུ་ནན་ཏན་བྱ་འོས་པ་ནི། སོ་སོའི་ཚེ་སྲོག་གི་དུས་ཚོད་བེད་སྤྱད་ནས་དེ་དང་ “འབྲེལ་མེད”ཀྱི་ལས་ཀར་གཞོལ་གྱི་ཡོད་མེད་ལ་ལྟ་རྒྱུ་མིན་ནམ།
སྔོན་མ་ཞིག་ཏུ། ངས་གྲོགས་པོ་ཁ་ཤས་ལ་ལ་ཟིན་ལུང་ཟིན་གྱི་གཏམ་ཉོག་ལབ་དུས་ན། ཁོ་ཚོས་རྩེད་མཚར་དུ“དེ་ང་དང་འབྲེལ་བ་མི་འདུག”ཅེས་ལན་བཏབ་མྱོང་། ཕྱིས་སུ། ང་ལའང་དེ་ལོབས་ཏེ། སྐབས་དང་སྐབས་སུ་འདྲིས་ཆེ་བ་དག་གིས་ངག་འཁྱལ་བའི་གཏམ་ཡན་བཤད་དུས་ན། “དེ་ང་ལ་འབྲེལ་བ་མི་འདུག་”ཟེར་མྱོང་ཞིང་། འདྲིས་མི་ཆེ་བ་དག་གིས་བཤད་དུས་ན། ཁ་ནས་ཐད་ཀར་ལབ་ཐབས་མེད་ཙང་། འོ་རེད་རེད་ཟེར་ཞོར། སེམས་སུ་ “དེ་ང་ལ་འབྲེལ་བ་མི་འདུག་” ཅེས་པའི་ཚིག་འདི་ཐོན་ཡོང་བས། གཅིག་པུར་དགོད་བྲོ་བའང་བྱུང་།

ཡིན་ནའང་། དོན་དངོས་པོའི་ཐོག་ནས། ང་དང་ང་ཚོས་རང་དང་འབྲེལ་བ་མེད་པ་མཐའ་དག་ལ་འབྲེལ་མེད་དུ་བལྟས་ནས་བཏང་སྙོམས་སུ་འཇོག་ཐུབ་ཀྱི་ཡོད་དམ་ཞེ་ན། གཏན་གཏན་ཐུབ་ཀྱི་མི་འདུག་སྟེ། གཞན་གྱིས་བསྟོད་པའམ་སྨད་པ། ཡང་ན་གཞན་དག་གིས་གང་བྱེད་པའམ་མི་བྱེད་པ་སོགས་ནི། རང་དང་འབྲེལ་བ་གང་ཡང་མེད་མོད། འབྲེལ་བ་མེད་བཞིན་དུའང་། རྟག་པར་བསྟོད་སྨད་ལས་དགའ་སྡུག་འཕེལ་ཞིང་། བྱེད་མི་བྱེད་ལས་རྣམ་རྟོག་ལངས་ཏེ། ཡར་བཤད་མར་བཤད་ལུང་པ་གང་བྱ་གིན་ཡོད་པ་མིན་ནམ། ཐ་ན། ཐ་ན། ཐ་ན། གཞན་གྱི་ཉལ་ལུགས་ཟ་སྟངས་འཐུང་ཚུལ་ཚུན་ལ་ཇུས་གཏོགས་མཛད་ཀྱི་ཡོད་པ་མིན་ནམ།

གལ་ཏེ། རང་དང་འབྲེལ་མེད་དག་གི་སྟེང་ན་བཞག་པའི་བསམ་བློ་ཕྲ་ཞིང་ཕྲ་བ་དེ་ཚོ་རང་ངམ་རང་དང་འབྲེལ་ཡོད་ཀྱི་ཐོག་ཏུ་བཀོལ་ཏེ་སོང་ན་ནི། སྔ་ས་ཞིག་ནས་སླེབས་ས་ཞིག་ཏུ་སླེབས་ཚར་ཞིང་། ཐོན་ས་ཞིག་ཏུ་ཐོན་ཚར་ཏེ་ཡོད་ངེས་པས་ན། “འགྲོ་མཚམས་བཞག་ནས་ཁྱི་ཟུག་ཚད་ལ་རྡོ་གཞུས་ན། ནམ་ཡང་དམིགས་ཡུལ་དུ་མི་སླེབས་” ཞེས་གསུངས་པ་དེའང་། ཅི་འདྲའི་ཉམས་མྱོང་གིས་ཕྱུག་པ་ཞིག་རེད་ཨང་། རེད་ནི་རེད་དེ། ང་ཚོས་ད་དུང་། ད་དུང་། ད་དུང་། ཁྱི་ཟུག་ཚད་ལ་རྡོ་གཞུ་གིན་བསྡད་བསྡད་ནས། ད་དུང་། ད་དུང་། ད་དུང་། འདོད་སར་མ་སླེབས་པའི་སྡུག་ཡུས་འཕོ་གིན་པ་ནི་མཚར་རེ་ཆེ།

ཉིན་འདི་དག་ལ། ང་རང་ཧ་ཅང་རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་འདུག་སྟེ། བཅོས་མི་དགོས་པར་རང་གི་ངང་གིས་སྔོན་ཆད་གང་བྱས་པ་དག་རང་ཉིད་ལ་འབྲེལ་བ་ཅི་ཡང་མེད་པའི་ཚོར་བ་བྱུང་ཞིང་། ད་ལྟ་སྒྲུབ་ཀྱིན་པ་དག་ཀྱང་རང་ཉིད་དང་དོན་གཞན་དུ་གྱུར་ཡོད་པའི་འདུ་ཤེས་སྐྱེ་ཡི་འདུག དེ་ལྟར་བསམ་བློ་བཏང་པས། ང་ནི་ལན་རེ་རང་ལ་དགོད་བྲོ་ཞིང་། མཚམས་རེར་རང་ལ་ཡིད་ཀྱང་ཆད་དོ། །

གཞན་དང་གཞན་གྱིས་ག་རེ་བྱེད་ཅིང་ག་རེ་བཤད་པའང་རང་དང་འབྲེལ་བ་མེད་པའི་འཆར་སྣང་ཞིག་གིས། སྔོན་ཆད་དོ་སྣང་བྱ་ཡུལ་དག་ལ་དོ་སྣང་ཅི་ཡང་བྱ་མི་འདོད་ཅིང་། སྔོན་ཆད་བསམ་གཞིག་བྱ་ས་དག་ལ་ད་ནི་བསམ་གཞིག་ཀྱང་བྱ་མི་འདོད་དེ། དྲང་མོ་བྱས་ན། འཇིག་རྟེན་འདི་དང་ངའི་བར་དུ་འབྲེལ་བ་ཅི་ཡང་མེད་པའི་བློ་ཞིག་རྒྱ་མཚོ་འཕྱུར་འཕྱུར་དང་། ཆར་པ་འབབ་འབབ་བྱ་གིན་འདུག

དེ་སྔོན་རང་ཉིད་ཀྱིས་སོ་སོ་དང་འབྲེལ་མེད་ཀྱི་ཉལ་ཉིལ་དང་ཟང་ཟིང་ལ་འབྲེལ་ཡོད་དུ་བཟུང་ནས་ཡོད་པ་ལྟར་སྣང་མོད། གཅིག་བྱས་ན། ང་ཙམ་རེད་མི་འདུག་སྟེ། སུས་ཀྱང་རང་ཉིད་དང་འབྲེལ་མེད་འབའ་ཞིག་ལ་མེད་ཐབས་མེད་པའི་འབྲེལ་ཡོད་དུ་བཟུང་ནས་ངལ་ངལ་བའི་མཐར་ཅི་ཡང་མ་ཐོབ། གང་ཡང་མ་རག་པར་སོང་དང་འགྲོ་གིན་པ་ལྟ་བུ་རེད། མ་རེད་དམ། ཨ། ཁྱེད་ཚོ་ནང་བཞིན་ཡོད་ཚད་རང་ལ་འབྲེལ་བ་ཨེ་ཡོད་བསམ་བསམ་གྱི་གཏམ་སྤྱོད་ཀྱང་ཡག་པོ་མི་འདུག་ལ། ང་ནང་བཞིན་ཡོད་ཚད་རང་དང་འབྲེལ་མེད་ཀྱི་བསམ་བློ་ལའང་ཡག་པོ་མི་གདའ་བས། རང་དང་འབྲེལ་ཡོད་ནི་འབྲེལ་ཡོད་དང་། འབྲེལ་མེད་ནི་འབྲེལ་མེད་དུ་ཁ་ཁ་སོ་སོ་བྱ་ཐུབ་པ་ཞིག་ནམ་འོང་ན།

དེ་དང་དེའི་དབང་གིས། གཟབ་ནན་གྱིས་འཚོ་བ་རོལ་འདོད་ཚེ། ཐོག་དང་པོར་རང་དང་འབྲེལ་བ་ཡོད་མེད་ཀྱི་ས་མཚམས་ཁྲིག་ཁྲིག་བྱས་པའི་ཐོག སུ་ཡང་འཆོས་ཐུབ་པ་དང་། གང་ཡང་བསྒྱུར་ནུས་པའམ། ཡང་ན་གཞན་དག་རང་གི་རེ་བ་ནང་བཞིན་འོང་དགོས་པར་འདོད་པའི་ “ལྷ་ཡི་ང་རྒྱལ་” དང་། “རྟོག་པའི་ཕོ་ཚོད་” སྤངས་དགོས་པ་འདྲ། དེ་ནི་ད་ཚོད་ང་རང་ལ་མེད་པ་དང་། ང་རང་ལ་དགོས་པ་གཉིས་ཚོགས་ཀྱི་ཁྱེར་སོ་ཞིག་ཏུ་ཆགས་འདུག

ཨེ། ཁོ་རེ། མོ་རེ། ཁྱོད་ཀྱིས་ཀྱང་ག་ལེ་ག་ལེར་ལྷོད་ལ་བབ་ནས་བསམ་བློ་ཐོངས་དང་། ཁྱོད་དང་འབྲེལ་བ་ཡོད་པ་ནི་ག་རེ་རེད། མེད་པ་ནི་ག་རེ་རེད། ཡོད་ན་ཡོད་ལུགས་ཤེས་པ་གྱིས། མེད་ན་མེད་ལུགས་གོ་བ་གྱིས། ལུག་སྨུག་པའི་ནང་དུ་སོང་བ་བཞིན་བྱས་བསྡད་ན་ནི། འགྲོ་ས་དང་རྒྱུག་ས་ཙམ་ཡང་མེད་ན། སླེབས་ས་ཞིག་དང་ཐོན་ས་ཞིག་ནི་ག་ལ་ཡོད།

ད་ནི། ཁྱོད་ཀྱིས་ག་རེ་བྱེད་མིན་ནི་ང་ལ་འབྲེལ་བ་གཏན་ནས་མེད་པའི་ “གོ་ལ་སྤྱི་འཁོར” ་ཡིན་ལ། ངས་ག་རེ་བྱེད་པའང་ཁྱོད་དང་འབྲེལ་བ་གཏན་ནས་མེད་པའི་ “གོ་ལ་རང་འཁོར་” ཡིན་པས། གཉིས་ཀ་གཉིས་ཀའི་ས་ན་འགྱུར་མེད་བདེན་དོན་དུ་གྲུབ་ཡོད་ཙང་། ཁྱོད་ཀྱི་སྐྱག་ལག་དེ་དྲི་མ་ཕ་ལེ་ངའི་འཇིག་རྟེན་དུ་རྐྱོང་མ་ཡོང་རོགས། ངས་ཀྱང་ངའི་སྡུག་སུག་འདི་ཁྱོད་ཀྱི་ས་མཚམས་ལ་ནག་རོག་གེ་བརྒལ་མི་ཡོང་། དེ་ནི་ད་གཟོད་ངེད་གཉིས་མི་གཉིས་ཡིན་པའི་གནས་ལུགས་ཡིན་ལ། མི་གཉིས་ཡིན་པའི་འཚོ་ཚུལ་ཡང་ཡིན་ནོ། །

དེའི་ཡན་གྱིས། འབྲེལ་བ་ཡོད་མེད་རགས་ཙམ་ཞིག་ལབ་ཚར། གལ་ཏེ། “ལྷ་ཡི་ང་རྒྱལ་” དང་། “རྟོག་པའི་ཕོ་ཚོད་” ཐད་ནས་ཀྱང་ཉན་འདོད་མཆིས་ན་ནི། ངས་ཡི་གེའི་འདུ་བྱེད་གཞན་ཞིག་ཏུ། རྐང་གི་སྣུམ་ས་དང་། ཤ་ཡི་ཚོ་ས་ནས་བཅད་དེ་སྦྱིན་ཆོག དེ་ནི་དེ་སྟེ། དེ་རིང་འབྲི་འདོད་པ་འདི་དང་འབྲེལ་བ་ཆེན་པོ་མེད་པས་དེ་ག་ཙམ་དུ་འཇོག་ཆོག་པ་ཡིན། ཅིའི་ཕྱིར་ན། དེ་རིང་གི་དོན་དེ་རིང་ཚར་ན། སང་ཉིན་གྱི་དོན་སང་ཉིན་བྱ་ཆོག་པས། དེ་ལ་སྔ་བརྡ་བྱ་དགོས་དེ་ཙམ་མ་མཆིས་སོ། །
        ༢༠༢༠. ༡༠. ༡ཉིན།


“སྣོད།”

ཆོས་དང་རིག་གཞུང་གང་ཞིག་ཡིན་ནའང་། དེའི་ “སྣོད”ཡིན་མིན་ཅུང་ཟད་ཙམ་ཡང་མི་བརྟགས་པར་གང་འདོད་དུ་འཆད་ཅིང་སྒྲོག་པ་དང་། དེ་དང་ལེན་མི་ཐུབ་པ་བྱུང་ཚེ་རྣམ་པ་སྣ་ཚོགས་ཀྱིས་བསྡིགས་པ་ནི་བོད་ཀྱི་སྲོལ་དུ་མཐོང་གི གནའ་བོའི་རྒྱ་གར་གྱི་མཁས་པ་དག་གི་གཞུང་ལ་འཇལ་ན། “སྣོད”ཡིན་མིན་ལྟ་བ་ནི། གཞུང་ལུགས་འཆད་ཁྲིད་ཀྱི་སྔོན་དུ་ངེས་པར་འགྲོ་དགོས་པའི་གནད་ཀྱི་དོན་དུ་བརྩིས་འདུག་སྟེ། གལ་ཏེ་སྣོད་དུ་མི་རུང་བར་བསྟན་ན་ནི། ཕན་མི་ཐོགས་པའི་ཁར་གནོད་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །

དཔེར་ན། སྔགས་ལ་ནི། ཚད་འདི་ཙམ་དུ་མ་ཐོན་ན་འདི་བསྟན་མི་རུང་ངོ་ཞེས་སྣོད་དུ་རུང་མི་རུང་གི་ས་མཚམས་གསལ་པོ་ཡོད་པ་སྨོས་མི་དགོས་པའི་ཁར། མདོ་ཡི་དོན་ལ་མཚོན་ནའང་། སྟོང་ཉིད་སྣོད་མིན་ལ་སྟོན་མི་རུང་བར་མ་ཟད། གལ་ཏེ་བསྟན་ན་སྟོན་མཁན་སྔགས་ཀྱི་སྡོམ་ལྡན་ལ་དམ་ཚིག་དང་འགལ་བའི་ཉེས་པའང་འོང་བར་གསུངས་སྣང་སྟེ། ཞིབ་ཏུ་དཔྱད་ན་གཞུང་རེ་རེ་ལ་དེའི་སྣོད་དུ་རུང་མི་རུང་དང་། རུང་ན་སྟོན་ལ་མི་རུང་ན་མི་སྟོན་པའི་སྔོན་འགྲོའི་ཆ་རྐྱེན་མི་དགོས་པ་ཞིག་ནི་རྒྱ་གཞུང་ལ་དཀོན་པོར་མཐོང་། གཞན་དོན་སྒྲུབ་པར་མངོན་ཤེས་དགོས་པར་གསུངས་པའང་གནད་འདིས་ཏེ། སྣོད་དུ་རུང་མི་རུང་ནི་ཁམས་མོས་ལས་ཤེས་དགོས་པའི་ཕྱིར་རོ། །

དེ་ལྟར་སྣོད་མིན་ལ་དོན་དེ་སྟོན་མི་རིགས་པ་ལ། རྒྱུ་མཚན་ནི། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་དྲིས་པ་ལ་སངས་རྒྱས་མཆོག་གིས་ལན་གང་ཡང་མ་གསུངས་པ་ལྟར། གཅིག་ནས་དེའི་དོན་དུ་མི་འགྱུར་བའམ་དོན་མི་གོ་བ་དང་། བཞི་བརྒྱ་པའི་འགྲེལ་ཆེན་ལས། “འཇིགས་པའི་རྒྱུ་ཡིན་པའི་ཕྱིར་” ཞེས་གསུངས་པ་ལྟར། གཉིས་ནས་ཕ་རོལ་པོ་དོན་དེ་ལ་དངངས་སྐྲག་འབྱུང་བས་དང་། གསུམ་ནས་གང་ལ་གང་འདུལ་དེ་ལ་དེར་སྟོན་བྱས་ན་ཕན་ཚབས་ཆེ་བ་སོགས་དགོངས་པའི་གཏད་སོ་དུ་མ་འདུག

དེ་ལྟར་ན། ཆོས་གང་དང་གང་གི་སྣོད་དུ་རུང་མིན་ལ། སློབ་དཔོན་འཕགས་པ་ལྷས་སྡོམ་འདི་ལྟར་གནང་ཡོད་དེ། གང་བསྟན་བྱའི་ཆོས་དེ་ཡི་ཆགས་ཕྱོགས་དང་སྡང་ཕྱོགས་གཉིས་ཀར་མ་ལྷུང་བའི་གཟུ་བོར་གནས་པ། གང་བསྟན་པའི་ཆོས་དེའི་འཐད་པ་ལེན་ལ་མི་འཐད་པ་འདོར་ཐུབ་པའི་བློ་གྲོས་ལྡན་པ། གང་བསྟན་པའི་ཆོས་དེ་ལ་སེམས་གཏིང་ནས་དགའ་བའི་དོན་གཉེར་ཡོད་པ་གསུམ་ནི། ཡོད་ན་དེས་ཆོག་དང་། མེད་ན་དེས་ཐབས་ཆག་པའི་ “སྣོད” ཀྱི་ཁྱད་ཆོས་སུ་བཞེད་ཅིང་། ཟླ་བའི་དགོངས་པ་ལྟར་ན། ཕྱི་མ་ནི་ཆོས་དེ་དང་དེ་སྟོན་རུང་བའི་ “ས་བོན”གལ་ཆེ་ཤོས་སུ་བགྲང་དགོས་པ་ཡིན།
གང་ལྟར་ནའང་། སྣོད་དུ་མི་རུང་ན། ཐབས་ཤེས་གཉིས་དང་གསང་སྔགས་སོགས་ཟབ་ཟབ་གང་འདྲ་བསྟན་ཀྱང་ཕན་མི་ཐོགས་ལ། སྣོད་དུ་རུང་ན། མི་རྟག་པའི་སྐོར་ཞིག་བསླབ་པས་ཀྱང་བསམ་ཡུལ་ལས་འདས་པའི་དགོས་པ་འགྲུབ་པས། སྣོད་དུ་རུང་མི་རུང་ནི་དོན་ཆུང་ཞིག་མིན་ཏེ། ས་བོན་གྱི་གཞི་ཞིང་ས་ལྟར་དུ་མཁས་པས་གསུངས་ལ། གསུངས་པ་བཞིན་དུ་དོན་ལ་གནས་པ་ཕར་བལྟས་ཚུལ་གསལ་ལགས་པའི་ཕྱིར་རོ། །

དེང་རབས་སློབ་གསོ་རིག་པ་བ་དག་གིས། “བྱིས་པའི་འདུ་ཤེས་ནང་དུ་བཙན་འཛུལ་བྱ་མི་རུང་”དང་། “ཀླད་བཀྲུའི་སློབ་གསོ་གཏོང་མི་རིགས་”དང་། “བྱིས་པ་ཁམས་མོས་དང་མཐུན་པར་སྐྱོང་དགོས”དང་། “བྱིས་པ་ལ་རང་དབང་སྤྲད་དགོས་”དང་། “བྱིས་པ་རང་ངོས་ནས་འཚར་དུ་འཇུག་དགོས”སོགས་ཀྱི་ལྟ་ཚུལ་ཇི་སྙེད་བཏོན་པ་ཐམས་ཅད་དུ། མི་རེ་རེ་ནི་སྣོད་རེ་རེ་ཡིན་པ་དང་། སྣོད་རེ་རེ་ལ་བླུགས་བྱ་མི་འདྲ་བ་རེ་རེ་ཡོད་པའི་བསམ་བློས་གཞི་གཏིང་ཡོད་དོ། །
གནད་དེ་དག་ཤེས་ན། སྣོད་ཀྱི་སྐྱོན་གསུམ་ཞེས་པ་སོགས་ནི། སྣོད་མ་ཡིན་པ་ཞིག་ལ་སྣོད་དུ་འཁྲུལ་ནས་ཆོས་དེ་དང་དེ་བསྟན་པ་ལས་འོང་ངེས་པའི་རྒྱུ་འབྲས་ཀྱི་འབྲེལ་བའང་མཐོང་འོང་ལ། ནང་བསྟན་རིག་པའི་གཞུང་དུ། “ལམ་རིམ་” ཞེས་བསླབ་བྱའི་དོན་ལ་གོ་རིམ་གསལ་པོ་སྒྲིག་གིན་པའི་དགོས་པ་ལ་ཡང་ངེས་ཤེས་རྙེད་ཐུབ་པ་དང་། གནའ་དེང་ཤར་ནུབ་གང་དུའང་གྲུབ་མཐའ་དང་ལྟ་བ་སྣ་མིན་སྣ་ཚོགས་འོང་བའི་གཞི་རྩའི་འབྱུང་སའང་རྟོགས་ནུས་པས་ན། རང་གི་འདུ་ཤེས་དང་བསམ་བློ་ཁོ་ན་ཚད་མ་ཡིན་ཞིང་། དེ་གཞན་གྱིས་ངེས་པར་ཉོན་འོས་པ་ཡིན་སྙམ་པའི་རང་ལྟ་མཆོག་འཛིན་གྱི་རློམ་སེམས་ཀྱང་ཞི་བར་འགྱུར་རོ། །

ལྷག་ཏུ། དགེ་སློབ་ཀྱི་འཆད་ཉན་ལ་མཚོན་ན། དགེ་རྒན་གྱིས་གང་འཆད་བྱའམ་འཆད་འདོད་པ་དང་། སློབ་མས་གང་ཉན་བྱའམ་ཉོན་འདོད་པ་ལྷུ་མི་ཐུག་པའི་ “བླུག་བྱ་དང་སྣོད་ཀྱི་འགལ་ཟླ་” རྟག་པར་འོང་གི་ཡོད་ཅིང་། གལ་ཏེ་དེ་ནི་སྣོད་ཀྱི་གནད་ལ་ཐུག་པ་མ་ཤེས་ན། དགེ་རྒན་གྱི་ངོས་ནས་ནི། སློབ་མ་འདི་དག་ཨ་རེ་སྡུག་སྙམ་དུ་ཡི་ཐང་ཆད་པ་དང་། སློབ་མའི་ངོས་ནས་ནི། དགེ་རྒན་འདི་དག་སུན་པ་ལ་ཨང་སྙམ་ནས་རེ་ཐག་ཆད་པ་འབྱུང་ཞིང་། དེ་ལས་ནི། དགེ་རྒན་གྱིས་བཤད་གོ་མ་ཆོད། སློབ་མས་ཉན་གོ་མ་ཆོད་པའི་ཡ་མ་བརླ་ཡི་འབྲས་བུ་ཁོ་ན་སྨིན་པ་རེད།

གལ་ཏེ། དགེ་སློབ་ལྷུ་མི་ཐུག་པ་དེ་ནི་སྣོད་ཙམ་གྱི་གནད་ཡིན་པ་ལ་ངེས་ཤེས་རྙེད་ན། དགེ་རྒན་གྱིས་བླུག་བྱ་དང་འཚམ་པའི་སྣོད་བཙལ་ཆོག་ཅིང་། སློབ་མས་སྣོད་དང་འཚམ་པའི་བླུག་བྱ་བཙལ་ཆོག་པས། གཉིས་ཀ་ལ་སྟབས་བདེ་ཞིང་དགོས་མེད་ཀྱི་རྙོག་གྲ་མི་འོང་བ་དང་། རང་རང་གི་ཁམས་མོས་རང་རང་གི་འདུན་པ་ལྟར་སྨིན་ནས། ཤེས་བྱ་སྐམ་པོ་ཙམ་གྱིས་མི་ཚེ་མི་རྫོགས་པར། འཚོ་བ་དང་ནང་སེམས་ལ་ཐིམ་པའི་བློ་འབྱེད་པ་དང་སློབ་སྦྱོང་པ་དུ་མ་འཁྲུངས་ངེས་པ་མིན་ནམ་སྙམ།

དེ་དག་གི་གོ་བ་རྙེད་ཚར་ན། གཞི་ནས་ང་ཚོས་གནས་ཚུལ་གཞན་ཞིག་ལ་ངེས་ཤེས་ཀྱང་འོང་སྟེ། འུ་ཅག་གིས། ངས་འདི་ཤེས་ལ། དེ་ཡང་ཤེས་སྙམ་པའི་ང་རྒྱལ་གྱིས་དྲན་ཚད་གོ་ཚད་འཆད་པ་དང་། གང་ཟབ་གང་རྫིག་འབའ་ཞིབ་ཁྲོམ་བསྒྲགས་ཀྱིས་སོ་སོ་རང་ཉིད་སྐྱེས་བུ་དམ་པའི་གྲས་སུ་འཚང་གིན་པ་ཡིན་ནའང་། མགོན་པོ་ཀླུས་ནི། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། ། གང་ཕྱིར་དེ་ལྟར་ཟབ་པའི་ཆོས། ། སྟོན་པས་འགྲོ་ལ་མི་གསུངས་པ། ། དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། ། ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། ། ཞེས་ཆོས་ཟབ་མོ་འགྲོ་ལ་མི་སྟོན་པ་དེ་ག་རང་ཀུན་མཁྱེན་དུ་ཤེས་བྱེད་ཡིན་ཚུལ་གསུངས་པའི་ཟབ་ས་དེ་ན་གོ་རྒྱུ་དང་མྱོང་རྒྱུ་ལྷག་པོ་ཞིག་མི་འདུག་གམ།

སྤྱིར། བདག་གིས་གོང་དུ་བཤད་པའི་སྣོད་ཀྱི་རྣམ་བཞག་དེ་དག་ནི། བོད་ཀྱི་དགེ་རྒན་དང་སློབ་གཉེར་བ་ཕལ་ཆེ་བས་མི་ཤེས་པའི་དོན་དག་མིན་སྲིད་ནའང་། དེ་ལ་གལ་ཆེན་དང་གནད་འགག་ཏུ་བརྩི་བ་ནི་ཤིན་ཏུ་དཀོན་དྲགས་ནས་མེད་པའི་ཚོད་དུ་འདུག་པས། ཚུལ་དེ་ལ་བསྐྱར་དུ་ཞིབ་འདང་ཞིག་རྒྱག་པའི་རེ་བས་བྲིས་པ་ཡིན་མོད། ཅི་སྟེ། དུག་སྦྲུལ་ལ་འོ་མ་བླུད་པ་བཞིན་དུ་ཁོང་ཁྲོ་འཕེལ་ཞིང་སྡང་ཟུག་གིས་མནར་བའི་རྒྱུ་རུ་སོང་ན་ནི། རྩོམ་འདི་ཡང་རང་སེམས་གསོ་སྤྱད་ཀྱི་ཟིན་ཐོ་ཙམ་ཞིག་ཏུ་ཉར་བ་ལས། གཞན་པའི་དམིགས་ཡུལ་ཅི་ཡང་མེད་དོ། །

        ༢༠༢༠. ༩. ༢༥ཉིན།


བཀའ་གདམས་པའི་བདམས་ལུགས།


“བཀའ་གདམས་རིན་ཆེན་གསེར་གྱི་འཕྲེང་བ་འདི།།
འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།།”
_འབྲོམ་རིན་པོ་ཆེས།


ང་གཞན་གྱི་མིག་ལ་མི་འགྲོ་བ་ཞིག་དང་། གཞན་ང་རང་གི་བློ་ལ་མི་འཐད་པ་འོང་བར་ཤོག་ཅེས་སྨོན་ལམ་འདེབས་མཁན་དེ་དག་ནི། བཀའ་གདམས་པའི་དགེ་བཤེས་རྣམ་པ་རེད། ཁོང་ཚོར་མཚོན་ན། མི་གྲལ་དུ་སྐྱིད་པོར་འདུག་རྒྱུ་ཡོད་པ་བསྐྱུར་ནས། ཆེད་དུ་ཁྱི་གྲལ་ལ་སྙེག་གི་ཡོད་ཅིང་། ཁྱི་གྲལ་ནས་ལམ་དུ་བུད་ན། ད་གཟོད་ལྷ་གྲལ་འཐོབ་རྒྱུ་ཡོད་པར་དགོངས་ཀྱི་འདུག

ཁོང་རྣམ་པར་མི་ཚེའི་ཕུགས་བསམ་གསལ་ལྷང་ངེར་ཡོད་ཅིང་། དེའི་ཆེད་དུ་ཤི་བའི་དཀའ་ཁག་ལ་ཐུག་ཀྱང་འདི་དང་དེ་བྱ་རྒྱ་ཡིན་པའི་དམ་བཅའ་ཡང་སྲ་ཁྲིག་གེར་གནས་པས། འགྲོ་བའི་སྔོན་དུ་གཞན་གྱིས་གཤོལ་མི་ཐེབས་ལ། སོང་བའི་རྗེས་སུ་འགྱོད་པའི་རྔ་མའང་ལྷག་མེད། ཅི་ཞེ་ན། ཁོང་རྣམ་པ་འགྲོ་བའི་སྐབས་དེ་ག་རང་དུའང་། སོ་སོ་རང་རང་གིས་ག་རེ་བྱ་བཞིན་པ་སེམས་གཏིང་ནས་ཚོར་ཡོད་པས། ལུག་སྨུག་པའི་ནང་དུ་འཐོམས་པ་དང་འདྲ་བའི་རང་རེར་ག་ལ་མཚུངས།

གཏམ་རྒྱུད་དག་ཏུ་གསང་བའི་མན་ངག་དང་། དཔེ་དེབ་དག་ཏུ་ལེགས་གྲུབ་ཀྱི་གདམས་པ་ཟེར་བ་ཞིག་ཡོད་པ་ལྟར། བཀའ་གདམས་པའི་དགེ་བཤེས་ཚོར་ཡང་། ཁོང་རྣམ་པས་སྐུ་ཚེར་བསགས་བསགས་པའི་ལོངས་སྤྱོད་ཅིག་ཡོད་པ་ནི། ཕུགས་ནོར་བཅུ་སྟེ། གོང་དུ་གོ་སླ་མོས་བྲིས་པ་དེ་དག་གོ །ཁོང་ཅག་ལ་མཚོན་ན་ནི། མི་གྲལ་དུ་ཚུད་མིན་ལ་དོ་སྣང་དེ་ཙམ་མེད་ཅིང་། ཁྱི་གྲལ་དུ་ལྷུང་མིན་ལའང་གནད་དུ་མི་བརྩི་སྟེ། མཐར་ལྷ་གྲལ་ཐོབ་མིན་ནི། ད་གཟོད་མི་ཞིག་གིས་གཏན་གྱི་འདུན་མ་གྲུབ་ཡོད་མེད་ཀྱི་རྩ་བའི་གཏན་ཚིགས་སུ་དགོངས་ཀྱིན་འདུག

ལྷ་ཟེར་དུས་ལྷ་ལ་མི་གོ་སྟེ། མི་ཞིག་མི་མ་ཡིན་པར་གྱུར། ཁྱི་ཡིན་པར་གྱུར། ཁྱི་ནས་ལྷ་ཡིན་པར་གྱུར་པ་ག་ལ་སྲིད། དེ་མི་སྲིད་མོད། མི་ཡིན་པ་གང་ཞིག་ལ། མི་ཚོས་མི་འདང་མེད་པར་ཁྱི་གྲལ་དུ་འཇོག་པའི་ལམ་ཁ་དེད་ནས། མཐར་མི་སུས་ཀྱང་ཡིད་སྨོན་འཆོར་བའི་ལྷ་ཡི་ཁྲི་ཁ་རུ་འཛེགས་པའི་དོན་ཏེ། རྒྱུ་མི་འདྲ་བའམ་ཁྱད་དུ་འཕགས་པ་ལས། འབྲས་བུ་ཁྱད་འཕགས་གྲུབ་པར་གསུངས་པའི་འཁོར་འདས་རྟེན་འབྱུང་གི་གཏན་ཚིགས་དང་ཅི་འདྲའི་འཕྲོད་ཅིང་འགྲིག་པ་ལ་ཨང་།

ངས་གྲོགས་པོ་ཞིག་ལ་གློ་བུར་དུ། “མིང་མ་ཐོབ་ན་ཕན་པའི་ལས་བྱ་ཡི་མ་རེད་”ཅེས་ཁ་ནས་ཤོར་ཐལ། འོན་ཀྱང་། དེ་དང་ཆབས་ཅིག་ཏུ་མིང་ལ་ཐུགས་རེ་མེད་པར་ཕན་པའི་ལས་མཛད་མཁན་གྱི་ལྷ་ཚོགས་ཤིག་དྲན་ཡོང་། ཁྱི་ཚོགས་ཤིག་དྲན་ཡོང་། དེ་འདྲའི་ཁྱི་ལམ་ནས་ལྷ་ལམ་དུ་འགྲོ་མཁན་དག་ཕུད་ན། མིའི་མཚན་གཞི་ནི་གཞར་ཡང་དྲན་རྒྱུ་མི་འདུག་གོ །

ཁོང་རྣམ་པ་ནི། གཞན་གྱི་སྡུག་བསྔལ་མཐོང་དུས་ངུ་མཁན་ཡིན་པ་ལས། ངུ་ཁུལ་བྱེད་མཁན་མིན་ལ། ཁོང་རྣམ་པ་ནི། གཞན་གྱི་སྡུག་བསྔལ་མཉམ་དུ་མྱོང་མཁན་ཡིན་པ་ལས། མྱོང་ཁུལ་བྱེད་མཁན་མ་རེད། ཁོང་རྣམ་པ་ནི། བློ་ཡོད་ཚད་གཏད་ནའང་བསླུ་མི་སྲིད་པའི་མི་ཤིགས་པའི་ཀ་བ་ཡིན་ལ། མི་ནུབ་པའི་རྒྱལ་མཚན་ཡིན། མི་འཇིག་པའི་ཕ་ལམ་ཡིན་ལ། མི་གཡོ་བའི་མཉམ་བཞག་ཀྱང་ལགས་སོ།།

​ཁོང་རྣམ་པའི་གྲས་ཀྱི་དགེ་བཤེས་གླིང་རས་པས། “འཁོར་བ་རྣམ་རྟོག་གི་གྲོང་ཁྱེར་ན། །འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་རྒྱུ། །དུར་ཁྲོད་འཇིགས་སུ་རུང་བ་ཞིག་དེ་ན་གདའ། །བླ་མ་རོ་སྙོམས་ཤིག་མཛད་ན་དེ་རུ་མཛོད། །”ཅེས་གསུངས་ཏེ། རྣམ་རྟོག་སྣ་ཚོགས་པའི་ཁྲོད་ནས་འཇིག་རྟེན་ཆོས་བརྒྱད་ནི་རོ་ལངས་ཡིན་པ་དང་། རོ་ལངས་དེ་དག་ཚོགས་པའི་དུར་ཁྲོད་དུ་རོ་སྙོམས་ཀྱི་བླ་མ་ཞིག་མཛད་རྒྱུ་ནི། ཁོང་དང་ཁོང་རྣམ་པའི་གྲས་ཀྱིས་“ཆོས་ཀྱི་མ་མཐའི་ས་མཚམས་”སུ་བཟུང་ཡོད་ཅིང་། ཆོས་བརྒྱད་ལའང་དཀར་ནག་ཁྲ་གསུམ་ཕྱེས་ཏེ། དེ་དག་གིས་ཅིས་ཀྱང་མི་གོས་པ་ཞིག་མཛོད་ཅེས་གཞན་ལ་གདམས་ཤིང་། རང་གིས་ཀྱང་ལེན་ནོ།།

རོ་ལངས་ཚོས་རོ་ལངས་ཀྱི་གཏན་ཚིགས་ཁུར་ཏེ། གྲོག་ཚང་འགུལ་བ་ཇི་བཞིན་ཉིག་ཉིག་ཏུ་ཁྱབ་པའི་དུས་འདི་ན། རོ་ལངས་ཀྱི་རོ་གྲིབ་མི་ཕོག་པ་ནི་ཧ་ཅང་དཀའ་ལ། རོ་གྲིབ་ཕོག་ཚར་ན། ལམ་སང་དྲག་རྒྱུའང་ཁག་པོ་ཡིན་པ་རེད། དེད་ཡོང་ན། ང་རང་ཉིད་ལའང་རོ་གྲིབ་ཕོག་པ་ཚབས་ཇེ་ཆེར་འགྲོ་གིན་འདུག་པས། ད་ནི་ག་རེར་ཐུག་ཀྱང་། རོ་ལངས་ཚོ་དང་ཐག་རིང་ཙམ་ཞིག་ཏུ་འགྲོ་རྒྱུ་ཨེ་ཡོང་ན་སྙམ། ལུས་པོ་མ་བྲལ་ཡང་། སེམས་ཀྱི་དྭངས་ཤོས་དང་། གསལ་ཤོས་དང་། བདེ་ཤོས་དེ་ཚོ་རོ་གྲིབ་དང་ཁ་ཐག་ཇེ་རིང་གིས་རོ་སྙོམས་ཤིག་ཏུ་འགྱུར་ན་ཅི་མ་རུང་ཨང་།

དེ་ལྟ་ན། ང་ལ་ནི་སྨོན་ལམ་གཞན་མང་པོ་ཅང་མེད་དེ། “ང་གཞན་གྱི་མིག་ལ་མི་འགྲོ་བ་ཞིག་དང་། གཞན་ང་རང་གི་བློ་ལ་མི་འཐད་པ་འོང་བར་ཤོག” དང་། “མི་གྲལ་ནས་ལྷུང་། ཁྱི་གྲལ་དུ་བརྒྱབ། ལྷ་གྲལ་ལ་སོན་པར་ཤོག”དང་། “དང་པོ་གཤོལ་མི་ཐེབས། ཐ་མ་འགྱོད་པ་མི་སྐྱེ། བར་དུ་རང་ངོ་ཤེས་པར་ཤོག”དང་། “འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་ལ་མགོ་རྡུང་གཏོང་བར་ཤོག”དང་། དེ་དག་གི་མཐར། “བསམ་པ་གཙང་མས་རང་གི་བྱ་བ་བྱེད། །བསམ་པ་གཙང་མས་གཞན་ལ་ཕན་འདོགས་ཤོག”ཅེས་སོ།།

གལ་ཏེ། དེ་ལྟར་བྱས་ན། ཁྱོད་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ལྟ་ཞོག ཉེ་བའི་སྲས་བརྒྱད་ཙམ་གྱི་ཚོགས་པའང་མེད་པས། ཐོག་མ་དང་བར་དུ། ཁྱོད་ནི་ཁྱོད་གཅིག་པུ་སྟེ། དུས་ནམ་ཡང་ཞལ་གཅིག་ཕྱག་གཉིས་མ་གཏོགས་ཕྱག་སྟོང་སྤྱན་སྟོང་དུ་འགྱུར་མི་སྲིད་པས་སྣང་ཚོད་ཀྱི་ཕམ་ཁ་རེག་དང་རེག་མོད། མཐར་ལྷ་ཡི་གནས་སུ་སོན་དུས་ན། གནས་ཚོད་ཀྱི་ཁེ་ཐོབ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཁོར་ལོའི་བསྒྱུར་རྒྱལ་དུའང་འགྱུར་མི་སྲིད་པ་མིན། ཅི་སྟེ། དེ་མ་ཐོབ་ནའང་། སོ་སོ་རང་རིག་གི་ཡེ་ཤེས་སྤྱོད་ཡུལ་ཅན་གྱི་ཟད་པ་མེད་པའི་ལོངས་སྤྱོད་ལ་ཉམས་སུ་མྱོང་བར་འགྱུར་རོ། །
         ༢༠༢༠.༢.༨ཉིན། ལམ་གྱིས།

ཟེར་ཟློས་དང་རིགས་པ།

དེ་རིང་ཆོས་གྲོགས་ཤིག་གིས། “ཟེར་ཟློས་ཙམ་མིན་པའི་སློབ་སྦྱོང་ག་འདྲ་བྱའམ”ཞེས་དྲིས་བྱུང་བར། ངས་ཕར་ལ། “སྒྲ་མི་རྟག་པ་རེད་ལབ་ན། ཟེར་ཟློས་ཀྱི་སློབ་སྦྱོང་དུ་བརྩིའམ”ཞེས་བཤད་དུས། ཁོང་གིས། “བརྩིའོ”ཟེར།
ངས་དེ་ལ། “བདག་གི་བསམ་ཚུལ་ལྟར་ན། དེ་ལ་རིགས་གཉིས་སུ་ཡོད་དེ། སྔོན་གྱི་དམ་པ་དག་གིས་སྒྲ་མི་རྟག་པར་གསུངས་འདུག་པས་སྒྲ་མི་རྟག་པ་ཡིན་ནོ་སྙམ་པ་ཙམ་ནི་ཟེར་ཟློས་ཀྱི་སློབ་སྦྱོང་ཡིན་ལ། སྔོན་གྱི་དམ་པ་དམ་གིས་སྒྲ་མི་རྟག་པར་གསུངས་ལ། གསུངས་པ་ལྟར་དོན་ལའང་འཐད་དེ། གནས་ལུགས་འདི་དང་རྒྱུ་མཚན་འདིའི་སྒོ་ནས་སོ་ཞེས་ངེས་ཤེས་སྐྱེས་པ་ཡིན་ན། ཟེར་ཟློས་ཙམ་མིན་པའི་རིགས་པའི་སློབ་སྦྱོང་དུ་འདོད་ཀྱི་ཡོད”ཅེས་ཞུས་པ་ཡིན།
དེ་ལྟ་ན། རིགས་པས་སློབ་སྦྱོང་བྱས་ཕྱིན་སྔར་དང་མི་འདྲ་བ་ཞིག་ཤེས་པ་དང་ཤོད་དགོས་པའི་ངེས་པ་མེད་ལ། སྔར་དང་མི་འདྲ་བ་ཞིག་ཐོན་པ་ཙམ་གྱིས་རིགས་པའི་སློབ་སྦྱོང་ཡིན་པའི་ངེས་པའང་མེད་པར། གང་བསླབ་པའི་དོན་གྱི་གནད་འགག་ཟིན་མིན་ཁོ་ནས་དེའི་ཁྱད་འབྱེད་དགོས་པར་སྙམ།

      ༢༠༢༠. ༩. ༣ཉིན། ལམ་གྱིས་ཁ་བརྡ་ཟིན་ཐོར་བཏབ།



བདག་ནི་བདེན་གྱི་གཞན་ནི་གཏི་མུག་གོ་སྙམ་པ་ནི
ཁྲོན་པའི་སྦལ་བའི་རིགས་སོ། །


(གསལ་བཤད།)དེ་རིང་ངོ་ཤེས་ཤིག་དང་ཁ་བརྡ་ལབ་དུས། ང་ལ་མཚོན་ན། མི་ཆེ་གེ་མོ་དེ་དང་མཁས་པ་ཆེ་གོ་མོ་དེ་གཉིས་བསྡུར་ཐབས་རྩ་བ་ནས་མི་འདུག་ཅེས་བཤད་པ་ན། ཁོས། ཁྱོད་ཀྱི་སེམས་སུ་མི་དེ་ག་འདྲ་ཡིན་མིན་གཙོ་བོ་མ་རེད། དོན་དངོས་ཀྱི་མི་ཁོ་རང་ག་འདྲ་ཡིན་མིན་ལ་ལྟ་དགོས་ཟེར། ཕར་བལྟས་ཚོད་དུ། སྐད་ཆ་དེ་ལ་བདེན་ཁ་ཡོད་ཡོད་འདྲ་བ་ཡིན་པའི་ཁར། སྔོན་མ་ངས་ཀྱང་དེ་འདྲ་བསམ་མྱོང་བ་ཡིན། འོན་ཏེ། ཁྱོད་རང་གི་སྣང་ཚུལ་བཞག་ནས་དོན་དེར་ལྟ་དགོས་ཟེར་ན། དེ་ཡང་ཡོང་ཐབས་མེད་པ་འདྲ་བ་ཞིག་ཏུ་འདུག་པས། འོག་གི་འདི་ལན་དུ་ཕུལ་བ་ཡིན།

“ཁྱོད་ཀྱིས་ཁྱོད་ཀྱི་མཐོང་ཚུལ་དེ་ལབ་པ་རེད། ངས་ངའི་མཐོང་ཚུལ་ལབ་པ་རེད། ཁོས་ཁོའི་མཐོང་ཚུལ་ལབ་པ་རེད། ང་ཚོ་གསུམ་གས་རང་གི་མཐོང་བ་དེ་མི་དེ་དངོས་རེད་དྲན་གྱི་ཡོད་པ་རེད། ཁོ་ནི་དེ་འདྲ་ཞིག་རེད། འདི་འདྲ་ཞིག་མ་རེད་དྲན་གྱི་ཡོད་པ་རེད། དེ་སོ་སོ་ལ་སོ་སོའི་སྒྲུབ་བྱེད་ཀྱང་ཡོད་པ་རེད། རང་ལ་འཆར་ཚུལ་དེ་ལས་གཞན་དུ། མི་དེ་དངོས་པོ་གང་ཡིན་པ་དེ་ནི་ང་ཚོ་སུས་ཀྱང་ཧ་གོ་བ་མ་རེད། ཁྱོད་ཀྱིས་ངོ་ཤེས་ཡོད་དྲན་གྱི་ཡོད་ངེས། ཡིན་ནའང་དེ་ཏག་ཏག་ཡིན་མིན་ཤེས་མ་རེད། ངས་ནི་གང་ལྟར། ཁོ་རང་ག་འདྲ་ཡིན་མིན་ལ་ཚད་ཐིག་མི་ཕོག་པས། གོང་དུའང་ང་ལ་མཚོན་ན་ཞེས་ཁྱད་པར་སྦྱར་བ་ཡིན། དོན་གཅིག་ལ་ལྟ་ཚུལ་མི་འདྲ་བས་མཐོང་ཚུལ་མི་འདྲ་བ་སྣ་ཚོགས་སུ་འགྱུར་ཆོག་པ་དང་། དེ་མཐུན་གྱི་ལྟ་བའང་ལབ་པའི་དབང་ཆ་ནི་སུ་ལའང་ཡོད་ངེས། ཡིན་ནའང་། དེ་ནི་ངའི་དྲན་ཚུལ་དང་འདྲ་གི་མི་འདུག་པས། གཟུར་གནས་མ་རེད། ཕྱོགས་རིས་རེད་ལབ་པ་དེ་ནི་ངས་བལྟས་ནས་བསམ་བློའི་སྐྱོན་ཆེན་པོ་ཞིག་ཏུ་མཐོང་། དེའི་ནང་དུ་སྒེར་གཅོད་ཀྱི་དྲི་མ་ཡ་ང་བ་ཞིག་ཀྱང་ཨེ་ཡོད་སྙམ་མོ། །

གཅིག་བྱས་ན། ཁྱོད་ཀྱིས་ཀྱང་མཐོང་ཡོད་ཤས་ཆེ། ཀླུ་དགོངས་སུ། ཡོད་མེད་དྲིས་དུས་ན། ཁྱོད་ཀྱི་སེམས་སུ་ཡོད་པ་ཡིན་པར་ཤར་རམ་མེད་པར་ཤར་ཞེས་དྲིས་པ་ཡིན་ལ། ལན་འདེབས་དུས་ཀྱང་དེ་མཚུངས་བཏབ་པ་ཡིན་གསུངས་ཡོད། དེ་ལ་བདེན་ཆ་ཆེ། ང་ཚོས་དཔྱད་གླེང་དང་། དགག་སྒྲུབ་ག་འདྲ་བྱས་ནའང་། དོན་དེ་ཉིད་རང་གིས་མཐོང་ཚུལ་ལམ་དེ་ལ་ལྟ་ཚུལ་ཞིག་ལབ་ཀྱི་ཡོད་པ་ལས། དེ་ཉིད་དངོས་པོའི་གནས་ལུགས་འཁྲུལ་མེད་ཡིན་སྙམ་དུ་དྲན་པ་དེ་ནོར་འཁྲུལ་དུ་སྙམ། དེ་དང་དངོས་པོའི་བར་དུ་བརྒྱ་ཆ་ག་ཙམ་གྱི་བར་ཐག་ཡོད་མེད་ནི། ང་ཚོས་དུས་གཏན་དུ་ཤེས་ཐབས་མེད། སོ་ཁི་ར་ཐེས། ངས་གཅིག་ཤེས་པ་ནི། རང་གིས་གང་ཡང་མི་ཤེས་པ་དེའོ་གསུངས་པའང་དེ་དང་འབྲེལ་བ་ཡོད། ཡིན་ནའང་། འུ་ཅག་ནི་རང་གི་སྣང་བ་ཙམ་པོ་བའི་རྗེས་སུ་འབྲངས་ཏེ་མི་འཚོ་ཐབས་མེད་ཡིན་པས། རང་གི་སྣང་ཚུལ་ནི་རང་གི་སྣང་ཚུལ་ཙམ་དུ་བཞག་ནས། དེ་ཉིད་ཁོ་ན་བདེན་ནོ་སྙམ་པའི་ཨུ་ཚུགས་བསྐྱུང་ན། འཚོ་བ་སྟབས་ཇེ་བདེར་འགྱུར་བ་ཡིན། འདི་ང་རང་གི་དྲན་ཚུལ་མིན་པར། མྱོང་བའོ། །”

སྐད་ཆ་འདི་ནི་ང་རང་གི་སེམས་གཏམ་ཡིན། སྔོན་ཆད་ཡིན་ན། གཅིག་ཚད་མ་ཡིན་ན་གཞན་དག་ནོར་དགོས་པ་དང་། རང་གི་དྲན་ཚུལ་དང་མ་འདྲ་དུས་ཁོས་ཧ་གོ་མི་འདུག་སྙམ་པ་སོགས་ཧར་ལངས་པའི་གཤིས་ཀ་དེ་འདྲ་ང་ལའང་ཡོད་མོད། ད་ནི་དེ་ལས་ལྡོག་སྟེ། དོན་གང་ལའང་ལྟ་ཚུལ་སྣ་ཚོགས་དང་། མཐོང་ཚུལ་འདྲ་མིན། བཤད་ལུགས་མང་པོ་ཡོང་བ་ནི། སེམས་ལྡན་གྱི་མི་ལ་ཡོད་པའི་ལྷན་སྐྱེས་ཀྱི་ཆོས་ཉིད་ཡིན་པའི་ཚུལ་ཤེས་པས། དེའི་ཐད་ནས་ཨུ་ཚུགས་དེ་འདྲའི་མི་ཆེ་སྟེ། བག་ཆགས་ཀྱི་ཤུགས་ཙམ་ནི་ད་དུང་བསྡད་ཡོད་པ་ཡིན།

ལུགས་བརྒྱ་ལྡན་ཞེས་པ་དེ་ལ་གོ་རྒྱུ་ཆེན་པོ་འདུག དེས་བལྟས་ན། ཕྱི་ནང་གི་གྲུབ་མཐའ་གཉིས། ནང་པའི་གྲུབ་མཐའ་བཞི། བོད་ཀྱི་ཆོས་བརྒྱུད་དྲུག་སོགས་རང་རང་གིས་གཏན་ལ་ཕབ་པའི་གནས་ལུགས་དག་ལའང་། གཅིག་བདེན་ན་གཅིག་ནོར་དགོས་པ་དང་། གཅིག་ཡང་དག་པ་ལ་གཞན་དག་ལམ་གོལ་འབའ་ཞིག་ཏུ་གཏོགས་པ་སོགས་ཀྱི་བསམ་བློའང་ཇེ་ཆུང་དུ་འགྲོ་གི་འདུག་སྟེ། རིང་ལུགས་དང་རྣམ་བཞག་མི་འདྲ་བ་དེ་དག་ནི་ཚད་གཅིག་ནས་བལྟས་ན། “ཟུར་མང་བའི་བསམ་གཞིག་” ལས་བྱུང་བ་རེད་ལ། ཟུར་རེ་རེ་ནས་བལྟས་ན། སུ་ལའང་བདེན་ཁ་ངེས་ཅན་རེ་ཡོད་པ་མ་ཟད། ཟུར་བཞག་སྟེ་དཀྱིལ་ནས་བལྟས་ན་ནི་དེ་ལས་ཀྱང་འཇུ་ས་འཆང་ས་ཡོད་པ་རེད། འོན་ཏེ། ཟུར་གཅིག་འབའ་ཞིག་ནས་བལྟས་ན། དེ་ནི་ཡང་དག་པའི་ཚད་མ་དང་། འདི་ནི་མ་རྟོགས་ལོག་རྟོག་གོ་སོགས་ཀྱི་རིས་སུ་ཆད་པའི་རྣམ་རྟོག་འོང་ཞིང་། དེས་ཆགས་སྡང་དྲངས་ནས་སྡུག་ལ་སྦྱོར་བ་ཡིན།

ཡང་དག་མ་དག་དང་། ཚད་མ་དང་ལོག་རྟོག་གང་ཡིན་འབྱེད་པའི་ར་བ་ཆུང་ཆུང་དེ་ལས་ཕྱིར་དོན་ཏེ། མཁས་པ་དག་གི་བཞེད་པ་ལ་དཔྱད་ན། འོ། ཁོང་གི་དགོངས་པའི་གཏད་སོ་ནི་དེ་ཡིན་པར་འདུག ཁོང་གི་བཞེད་པའི་དམིགས་ས་ནི་འདི་ཡིན་པར་འདུག་སྙམ་དུ་ཟུར་སྣ་ཚོགས་པ་ནས་བློ་སྐྱེད་འོང་བས་ན། སློབ་གཉེར་བྱ་ཚུལ་ལ། དེ་ལས་ཡིད་ཚིམས་པ་གང་ཡང་མི་འདུག དེས་ན། མི་ལ་ལྟ་ཚུལ། དོན་ལ་དཔྱོད་སྟངས། གཞུང་ལུགས་སློབ་སྟངས་སོགས་གང་ལའང་། ཟུར་སྣ་ཚོགས་པ་འོང་བ་ནི། འོས་པ་དང་རིགས་པ་ཞིག་ཏུ་བལྟས་ཏེ་སོང་ན། ཆོས་ཉིད་དང་མཐུན་ཞིང་གུ་ཡངས་པའི་ལམ་དུ་སོན་པར་སྙམ་སྟེ། དེ་དག་རེ་རེ་ནི་ནམ་མཁའ་རེ་རེ་ཡིན་ལ། ནམ་མཁའ་ལ་མཐའ་རྒྱ་མེད། དེ་དག་རེ་རེ་ནི་རྒྱ་མཚོ་རེ་རེ་ཡིན་ལ། རྒྱ་མཚོ་ལ་གཏིང་མཐའ་མེད་པས། ངས་ཡོད་ཚད་ཤེས་ཡོད། ང་ནི་བདེན་པའོ་སྙམ་པ་སོགས་ནི་ཅོལ་ཆུང་གི་བསམ་བློ་འབའ་ཞིག་ཏུ་ཟད་པའི་ཕྱིར་རོ་སྙམ།
         ༢༠༢༠. ༨. ༡༡ཉིན། ལམ་གྱིས།


ཁོ་རེ། ཁྱོད་ལ་དམིགས་ཡུལ་ཅི་ཡོད།


མི་འགའ་རེ་དང་ཐོག་ནས་དམིགས་ཡུལ་དང་བཅས་ཏེ་ང་ཚོའི་འཚོ་བའི་ནང་དུ་ཐོན་ཡོང་གི་ཡོད། ལ་ལ་ནི་དང་ཐོག་དམིགས་ཡུལ་མེད་པར་ཐོན་ཏེ་མཐར་དམིགས་ཡུལ་ཅན་དུ་འགྱུར་འགྲོ་གི་ཡོད། དེ་གཉིས་གང་ཡིན་ནའང་། ཕན་ཚུན་བར་དུ་བརྩེ་བ་རྣམ་དག་དང་། དུང་བ་ལྷད་མེད་འོང་ཐུབ་ཀྱི་མེད།
ལྡོག་སྟེ། བྱིས་པ་དག་ལ་མཚོན་ན་ནི། དང་པོ་ནས་དམིགས་ཡུལ་མེད་པར་ཐོན་ཞིང་མཐར་ཡང་དམིགས་ཡུལ་མེད་པར་སེམས་ཉེ་ཉེ་དང་། དགའ་དགའ་དང་། དུང་དུང་བྱེད། དེས་ད་གཟོད་སེམས་ཀྱི་གཏིང་དང་། སྲོག་གི་གནད་སྒུལ་བར་བྱེད་དོ། །ང་རང་བྱིས་པའམ་བྱིས་གཤིས་ཅན་ལ་དགའ་དོན་ཡང་དེས་ཏེ། ང་རང་བྱིས་པ་ཞིག་ཏུ་འགྱུར་བར་འབད་དོན་ཡང་དེའོ། །

ངའི་སེམས་སུ་བྱིས་པའི་ཡོད་ཚད་ནི་དངོས་བསྟན་ཡིན་པ་དང་། གཞན་དང་གཞན་ལ་སྦས་དོན་གྱི་ཆས་གང་ནས་ཡོད་པས། སྔ་མར་རབ་ཏུ་དུང་ཞིང་ཤིན་ཏུ་དགའ་དོན་ཡང་དེས་སོ། །

ང་རང་གི་ཚོར་བ་ལ། དམིགས་ཡུལ་ཅན་དག་ཉེ་སར་བཅར་དུས་ན། ཁུར་པོ་རེ་སྣོན་ཡོང་ཞིང་། དེ་དག་ཁ་བྲལ་དུས་ན། ཁུར་པོ་རེ་ཡང་དུ་འགྲོ་གིན་འདུག ང་ཁུར་པོ་དེ་ལ་སྐྲག་ནས། “རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་”རྒྱུའང་བདམས་པ་ཡིན་ལ། བུ་ལོན་ལྟ་བུའི་མི་དང་དེའི་ལས་ཀ་དག་ལ་རྒྱང་ནས་གཟུར་དོན་ཡང་དེ་གས་སོ། །

ཉིན་འགའི་སྔུན་དུ། སེམས་ནང་གི་ཆོས་པ་ཞིག་དང་མཇལ། ཁོང་གིས་གསུང་རྒྱུར། “དྲིན་ལ་དྲིན་ལན་དགོས་མོད། དྲིན་ལ་དྲིན་རེ་མི་རུང་། སྔ་མ་མེད་ན་མི་ཁྲེལ་མེད་ཡིན། ཕྱི་མ་ཡོད་ན་རང་སྡུག་རང་ཉོས་ཡིན་” གསུངས། ཁོང་གིས་གསུངས་པ་དེ་ནི་དེ་ག་རང་སྟེ། ཚུར་ལ་དྲིན་ཆེ་བ་མི་བརྗེད་ཅིང་། ཕར་ལ་དྲིན་ཆེ་བ་བརྗེད་པའི་ “ཆོས་གཤིས”རྣལ་མའོ། །དེས་ན། དམིགས་ཡུལ་སྟོང་པ་ཉིད་ཀྱི་ངང་ནས་འཚོ་བ་བདམས་ན། གཞན་དང་མི་འདྲ་བའི་དྭངས་ཤོས་དང་གཙང་ཤོས་དང་བདེ་ཤོས་ཤིག་མྱོང་རྒྱུ་ཡོད་པར་ཁོ་བོ་ཡིད་གཏིང་ནས་ཆེས་སོ། །

ཚུལ་དེས་ན། འབྲེལ་བ་ལ་མཉམ་ལས་ཀྱི་འབྲེལ་བ་དང་། ཉེ་བའི་འབྲེལ་བ་དང་། གྲོགས་པོའི་འབྲེལ་བ་སོགས་ཡོད་པ་ལས། དང་པོ་ཁོ་ན་ལ་ཁེ་ཕན་གྱི་འབྲེལ་བ་དང་། མཉམ་ཁེ་སོགས་ཀྱི་ཐ་སྙད་དང་དོན་ཡོད་པ་ལས། ཕྱི་མ་གཉིས་ལ་དེ་དག་ཡོད་མི་རུང་ལ། ཡོད་ན་དེ་ནི་ཉེ་བ་དང་གྲོགས་པོའི་འབྲེལ་བ་ལས་རིང་དུ་བརྒལ་ཟིན་ཏོ། །


འཚོ་བའི་ཉམས་མྱོང་གི་ཟིན་ཐོ་ཐུང་ངུ་གཉིས།




ཕྱོགས་གཅིག་ནས། ང་ནི་རོལ་རྩེད་ལ་དབྱིངས་ཞུགས་པ་ཞིག་ཡིན་ནའང་། ཕྱོགས་གཞན་ནས་ངས་རོལ་རྩེད་ལ་དབྱིངས་ཞུགས་པ་ནི་དོན་ཡག་པོ་ཞིག་མ་ཡིན་པའང་ཤེས་ཀྱིན་ཡོད། དེ་བས། རོལ་རྩེད་ཡོད་ཆོག་མེད་ཆོག་གི་རྣམ་འགྱུར་ཅན་གྱི་གྲོགས་པོ་ཞིག་ལ། “གལ་ཏེ། ཁྱོད་རང་རོལ་རྩེད་ལ་དབྱིངས་ཞུགས་མེད་ན། གཏན་ཆོད་བྱས་ན་ཧ་ཅང་ཡག་པོ་རེད། ཆོད་ས་འདུག་གམ་”ལབ་པ་ཡིན། ཁོས་ལན་དུ། “ཕྱིན་ཆད་རྩ་བ་ནས་མི་རྩེ་སྙམ་དུ་ཆེད་མངགས་མ་བཅད་པར། དེ་ག་རང་དུ་སྣང་མེད་བཏང་ན་ཆོད་ས་རེད་”ཟེར།

རེད་ཨ། སྤྱིར་བཏང་ཡིན་ན། ཆེད་མངགས་བཅད་ན་ཆོད་པ་དང་། མ་བཅད་ན་མི་ཆོད་པར་སྙམ་པ་ནི། ང་ཚོའི་རྒྱུན་གྱི་བསམ་ཚུལ་ཡིན་མོད། དོན་དུ་བཅད་ན་མི་ཆོད་པ་དང་། གཅོད་མི་གཅོད་ཀྱི་རྣམ་རྟོག་གིས་དོན་དེ་གལ་ཆེན་དུ་མ་བཟོས་པར་སྣང་མེད་བཏང་ན། གང་འཚམས་ཤིག་ནས་རང་གིས་ཀྱང་མི་ཤེས་པར་ཆོད་འགྲོ་བའི་དོན་ཧ་ཅང་མང་པོ་རེད། མདོར་ན། དོན་གང་ཞིག་ལ་འཇོག་ཐུབ་མི་ཐུབ་ཀྱི་“较劲”ཅི་ཙམ་བྱས་ན། དེ་ཙམ་སེམས་སུ་དམ་པོར་འབྱར་བ་ནི་མི་གཤིས་ཀྱི་ཆོས་ཉིད་ལྟ་བུ་ཡིན་པར་སྣང་སྟེ། འདི་ག་ས་གང་ལ་སྦྱར་ཆོག་པ་ཞིག་རེད།


ཡང་། ང་རང་གྲོགས་ཤིག་དང་ལྷན་དུ་ནང་སེམས་ཀྱི་མོལ་མཆིད་བྱ་དུས་ན། སྐབས་ཤིག་ཏུ། “གལ་ཏེ། དེ་དེ་མ་བྱུང་ན་དེ་བྱེད། འདི་འདི་མ་བྱུང་ན་འདི་བྱེད།”ལྟ་བུའི་སྐད་ཆ་ཞིག་ཐོན་བྱུང་། ངས་ལམ་སང་། “དེ་དེ་མ་བྱུང་ན། དེ་བྱེད་ཟེར་མཁན་དེས་ནམ་ཡང་དེ་བྱ་གི་མ་རེད་ལ། འདི་འདི་མ་བྱུང་ན་འདི་བྱ་སྙམ་པ་དེས་ཀྱང་ནམ་ཡང་འདི་བྱ་གི་མ་རེད། ཅིའི་ཕྱིར་ན། མི་དེ་དང་དེ་ལ་མཚོན་ན་ནི། དེ་དེ་མ་བྱུང་ན་དང་འདི་འདི་མ་བྱུང་ན་ཟེར་བའི་སྒྲ་འཇུག་ས་གཅིག་ལ་གཅིག་འཐུད་དུ་འོང་ནས་ཟད་དུ་མེད་པས། དེ་བྱ་བ་དང་། འདི་བྱ་བའི་དུས་ལ་ཐུག་རྒྱུ་ཡོད་པ་མ་རེད་”ལབ་པ་ཡིན།

དེ་བཞིན་དུ། གལ་ཏེ། འདི་བྱུང་ན་འདི་བྱེད་སྙམ་པ་དང་། དེ་བྱུང་ན་དེ་བྱེད་སྙམ་མཁན་གྱིས་ཀྱང་། བྱ་འདོད་པའི་དེ་དང་འདི་ཕལ་ཆེར་བྱ་མི་སྲིད་པ་ལྟ་བུ་ཡིན། རྒྱུ་མཚན་ཅི་ཞེ་ན། མི་དེ་རིགས་ནི། གོ་སྐབས་ལ་“སྒུག་”མཁན་ཡིན་པ་ལས། གོ་སྐབས་“བཟོ་”མཁན་མིན་པས་རེད། འདི་ང་རང་གི་དེ་སྔའི་ཉམས་མྱོང་ལས་ཀྱང་གསལ་པོར་ངོ་འཕྲོད་པའི་གནས་ལུགས་ཤིག་ཏུ་གཏོགས། འོན་ཏེ། བྱ་བ་དེ་དང་འདི་བྱ་མཁན་དངོས་གནས་པ་དག་ལ་མཚོན་ན་ནི། དེ་དེ་བྱུང་ན་མ་བྱུང་ན་དེ་བྱ་གི་ཡིན། འདི་འདི་བྱུང་ན་མ་བྱུང་ན་འདི་བྱ་གི་ཡིན་སྙམ་པའི་ཆོད་སེམས་གཙང་མ་ཡོད་མཁན་དང་། “རྒྱུན་འཁྱོངས། རྒྱུན་འཁྱོངས། ད་དུང་རྒྱུན་འཁྱོངས་”གི་ལམ་དུ་ཞུགས་མཁན་ཤ་སྟག་ཡིན་ནོ། །

       ༢༠༢༠.༤.༢༧ཉིན། ལམ་གྱིས།


བསམ་བློ་འདི་འཁོར་དུས། ང་རང་དགོད་རྒྱུ་ཞེ་དྲག་བྱུང་།


དེ་རིང་དཔེ་ཆ་དང་འབྲེལ་བའི་དུས་ཆེན་ཡིན་པ་ཧ་གོ་བས། ཤེས་ལྡན་གྱི་དྲྭ་གྲོགས་མང་པོས་ལེགས་བཤད་གསེར་གྱི་ཐང་མ་རེ་ངོ་སྤྲོད་བྱས་ཡོད་ཤས་ཆེ་སྙམ་སྟེ། གྲོགས་ཚོམས་ཐེངས་གཅིག་ཁ་ཕྱེས་པ་ཡིན། བསམ་པ་ལྟར། དངོས་གནས་བསམ་འོས་པ་དང་ལེན་འོས་པའི་གདམས་ངག་དང་རྩོམ་ཡིག་མང་པོ་ཞིག་མཇལ་རྒྱུ་བྱུང་།

ཡིན་ནའང་། དབུ་བཙུགས་ནས་མཇུག་གྲུབ་པའི་བར་དུ་ལོ་བཅོ་ལྔ་སོང་བའི་ལེགས་བཤད་ཀྱི་བསྟན་བཅོས་ཆེན་མོ་ཞིག་ལ། སུ་ཡིན་མི་ཤེས་པ་ཞིག་གིས་མཆན་འགྲེལ་བྲིས་ཡོད་པའི་བརྡ་སྦྱོར་མཐོང་བས། ལམ་སང་ཁོང་གི་སྦྱངས་བརྩོན་གྱི་རྒྱ་མའི་ནང་དུ་དམ་པ་དེའི་ཤེས་རབ་ཤོང་ཨེ་ཡོད་ན་སྙམ་པ་ངང་གིས་བྱུང་། གོ་བདེ་མོ་བཤད་ན། འགྲེལ་བྱའི་གཞུང་ནམ་མཁའ་ཡིན་པ་ལ། འགྲེལ་བྱེད་ཀྱི་བློ་གྲོས་ཁབ་མིག་ཙམ་དུ་ལུས་ཡོད་མེད་ཡིད་གཉིས་སུ་གྱུར།

བོད་ལ་མཚོན་ན། མཁས་པ་སྔ་མ་སྔ་མའི་གསུང་བརླིང་ཞིང་ཟབ་པ་དག་ལ་འགྲེལ་བ་ཆ་ཆོ་མེད་པ་བྲིས་ཡོད་པ་མང་དུ་མཐོང་སྟེ། རྩ་བ་ཟབ་པ་ལ་འགྲེལ་བ་ཚིག་འཁྲི། རྩ་བ་ཤེས་རབ་ལ་འགྲེལ་བ་ཨུ་ཚུགས། རྩ་བ་གནད་ཐིངས་ལ་འགྲེལ་བ་ངག་འཁྱལ། རྩ་བ་གཟབ་ནན་ལ་འགྲེལ་བ་ཚབ་ཚུབ། རྩ་བ་སྡེབ་ལེགས་ལ་འགྲེལ་བ་བརྡ་ལོག རྩ་བ་ཤོང་ཡངས་ལ་འགྲེལ་བ་ཁ་རུབ། རྩ་བ་ཉི་ཤར་ལ་འགྲེལ་བ་མུན་ནག་བྲིས་ཏེ། འགྲེལ་བྱ་འགྲེལ་བྱེད་ཀྱི་ཁ་ཕྱོགས་ཤར་ལྷོ་ནུབ་བྱང་དང་། འགྲེལ་བྱ་འགྲེལ་བྱེད་ཀྱི་ཤེས་རབ་ནམ་མཁའ་ལག་མཐིལ་ཏུ་གྱུར་ནའང་། ད་དུང་། རློམ་ཞིང་ང་རྒྱལ་གྱིས་ར་རོ་བར་གྱུར་པ་རྩི་རྩི་གྲངས་མེད་མིན་ནམ།

ངས་དེ་ལྟ་དེ་ལྟར་བསམ་བློ་གཏོང་ཞོར། རང་གིས་སྔར་བྲིས་པའི་རྩོམ་ཡིག་ཁ་ཤས་ཀྱིས་མཁས་པ་སྔ་མའི་དགོངས་པ་འགྲེལ་ཁུལ་བྱས་པ་དེ་དག་ལ་ཡང་བསྐྱར་དུ་དཔྱད་དགོས་པའི་བློ་སྐྱེས་ཤིང་། མ་གཞི་ཟུར་གཅིག་ནས་གསུང་གཅིག་ལ་ལྟ་བའི་རིས་ཆད་ཀྱི་གོམས་གཤིས་བོར་ཏེ། ལོ་རྒྱུས། ཉམས་མྱོང་། མཚོན་དཔེ། རྒྱུས་ལོན། ཞིབ་འཇུག བྱང་ཚད་སོགས་རྩ་བ་རྩོམ་མཁན་ལས་མ་བརྒལ་ནའང་། དེ་དང་རིགས་མཐུན་ཞིག་ནི་ཅིས་ཀྱང་ཡིན་དགོས་པའི་ངེས་ཤེས་སྐྱེས།

འདི་དཔེ་ཆ་དང་འབྲེལ་བའི་དུས་ཆེན་ལ་འབྲེལ་བ་ག་རེ་འདུག་ཅེ་ན། ང་ཚོ་བློ་ཞུམ། བག་འཁུམས་ཏེ་ཨ་འགྲེལ་ཡང་འགྲེལ་ཁོ་ན་ལ་འཐམས་བསྡད་ན། རྩ་བའི་འགྲེལ་མཛད་དག་གི་དགོངས་པ་ཕྱོགས་ཙམ་མི་ལོན་པའི་ཁར། དེ་དང་འབྲེལ་མེད་ཀྱི་ཤེས་བྱ་སྐམ་པོ་ཙམ་གྱི་ཆེད་དུ་མི་ཚེ་བཟད་ཉན་ཡོད་ལ། སྟབས་མ་ལེགས་ན། རྩ་བའི་དགོངས་པ་དང་རྒྱབ་འགལ་གྱི་ལམ་དུའང་ཁྲིད་ཤས་ཆེ།

འགྲེལ་བྱེད་ཡིན་ནོ་ལོ་ཁོང་ཅག་གི་རྟོག་པས་བཟོས་པའི་ཚད་དང་བཀག་རྒྱས་རང་གི་ཤེས་རབ་ལ་དམུ་གབ་ཕབ་ནས། མཐར། མཐའ་མེད་པའི་ཤེས་བྱའི་གསང་བ་འཚོལ་མི་ཐུབ་པར། རིལ་རིལ་མིན་ན་གོར་གོར་ཡིན་དགོས་པ་དང་། ལྗང་ཁུ་མིན་ཚད་ཁ་དོག་ཏུ་མི་རིགས་པ་དང་། ཁ་ལ་ཟ་རྒྱུ་མིན་ན་ཡག་པོ་མིན་པས་ཁྱབ་པ་སོགས་ཕྱོགས་ལྷུང་རིས་ཆད་ཁོ་ནའི་འགལ་འདུའི་ནང་དུ་མི་ཚེ་འདའ་བར་ངེས།

་་་དེས་ན། ངེས་པར་དང་པོ་ནས་ཚད་དང་ཕྱོགས་སྟོན་མེད་པར་སྤྲིན་གྱིས་དག་པའི་འོད་གསལ་ནམ་མཁའ་ལྟ་བུའི་སེམས་པས། ཆེད་དུ་ཕྱོགས་སུ་མ་ཡོ་ཞིང་། ངང་གིས་ཕྱོགས་སུ་མི་འཐེན་པར། རྩ་བའི་སློབ་དཔོན་དག་གི་དགོངས་པ་ལེན་འདོད་ན། ལྟ་དགོས་པ་ནི། འགྲེལ་བ་མིན་པར་རྩ་བ་ཡིན་ལ། འགྲེལ་བ་དགོས་ནའང་རང་འགྲེལ་མཆོག་ཏུ་བརྩི་བ་ལས། གཞན་དང་གཞན་གྱི་དགོངས་འགྲེལ་དང་རྣམ་བཤད་ཡིན་ནོ་ལོ་དག་ལ་ནི། “ཐུབ་དབང་གི་སྐུ་ལ་བསེ་རག་གིས་འདོམ་འཇལ་”བྱས་པའམ། “བསྟོད་པའི་བོང་བུ་ལ་བཞག་སྟེ་ནམ་མཁར་འཕུར་དུ་བཅུག་”པའི་ཆ་ཤས་ཀྱིས་བསླད་ཆེ་བས། ཡིད་ཆེས་བྱ་རྒྱུ་མི་འདུག་ཅེས་བཤད་འདོད་པ་ཡིན་ནོ། །

ཨེ། ཁྱོས་བཤད་པ་ལ་ངས་དཔྱད་ཚར་བས། ངས་བཤད་པ་དེ་དག་ལ་ཁྱོས་དཔྱད་ཤོག་ཨ། མ་དཔྱད་ན། འུ་གཉིས་འདྲ་མཉམ་འོང་གི་མ་རེད། གོ་ཨེ་ཐལ།
             ༢༠༢༠.༤.༢༣ཉིན། ལམ་གྱིས།

ཉོན་མོངས་མིའི་རང་བཞིན་མིན།

གལ་ཏེ། ཁྱོད་ཀྱི་མིག་གིས་རྐུ་མ་འཚོས་བསྡད་ཡོད་ན། ཡང་ན་རང་ཉིད་ལྐོག་གསོད་གཏོང་འདོད་མཁན་ལ་ཐད་ཀར་བལྟས་ཤིང་མཐོང་ཡོད་ན། དེ་ཚོས་ཁྱོད་དང་ཁྱོད་ཀྱི་ལོངས་སྤྱོད་ལ་གནོད་པ་གཏོང་ཐུབ་པའི་གོ་སྐབས་མར་ཆེན་པོ་ཆགས་ཡོད་པ་རེད། ཁྱོད་རང་མ་གཞི་ནས་སྟོབས་ཆེན་ཞིག་ཡིན་པའི་ཁར། དེ་དག་མཐོང་ན་ནི། གནོད་པ་གཏན་ནས་བྱ་མི་ཐུབ་པའང་སྲིད་པ་རེད། ལྡོག་སྟེ་མ་མཐོང་ཞིང་མ་ཤེས་ན་ནི། ཁོ་ཚོ་ལ་གོ་སྐབས་མང་པོ་རག་ཚར་བ་རེད།

དེ་དང་འདྲ་བ་ནི། ང་ཚོའི་སེམས་ནང་དུ་རྟག་པར་རྒྱུ་བའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་རྣམས་རེད། གལ་ཏེ། ཁྱོད་ཀྱིས་དྲན་པ་དང་ཤེས་བཞིན་གྱི་མིག་གཉིས་ཀྱིས་རྟག་པར་ཁོ་ཚོ་ལ་བལྟས་ན། ཁོ་ཚོས་ཁྱོད་ལ་གནོད་སྐྱེལ་བའི་གོ་སྐབས་ཆེན་པོ་མར་ཆགས་ཡོད་ལ། ཁྱོད་རང་མ་གཞི་ནས་སེམས་ལ་སྟོབས་ཡོད་མཁན་ཞིག་ཡིན་ན་ནི། གནོད་པ་གཏན་ནས་འོང་མི་ཐུབ་པའང་སྲིད་པ་རེད། ལྡོག་སྟེ་སེམས་ལ་རྨུ་གབ་ཀྱིས་ཟིན་ཏེ། རྣམ་རྟོག་དེ་དག་གིས་དམག་འཁྲུག་རྒྱབ་ནའང་། མཐོང་མི་ནུས་ན། ཁྱོད་རང་གི་ནང་སེམས་ནི་གད་སྙིགས་ཀྱི་སྒམ་བཞིན་སྡུག་ཚད་ངན་ཚད་བླུགས་སའི་སྣོད་དུ་འགྲོའོ།།
དེ་བཞིན་དུ། རྐུ་མའམ་གསོད་འདོད་མཁན་ལ། སྙིང་སྟོབས་དང་བསྟུན་ཏེ། ཐབས་འདྲ་མིན་བསྟེན་ཆོག་སྟེ། བྲོས་པའམ། འཛིང་བའམ། གྲོགས་པོ་བྱེད་པའོ། །བྲོས་ན་ཐར་བའི་ངེས་པ་མེད་ལ། འཛིང་ན་ཁེ་བའི་ངེས་པའང་མེད་པས། གཉིས་ཀ་ལ་གནོད་པ་མེད་ཅིང་གཉིས་ཀ་ཁེ་བ་ནི། ཕན་ཚུན་ལ་གྲོགས་ཀྱི་འདང་འཇོག་པའོ།

དེ་དང་འདྲ་བ་ཞིག་ནི། རྣམ་རྟོག་དེ་དག་ལས་འབྲོས་དགོས་ན། ཐར་པའི་གོ་སྐབས་ཤིན་ཏུ་ཆུང་ལ། ​དེ་དག་ལ་འཛིང་ནའང་རྒྱལ་བའི་ཁྱབ་ཁོངས་ཤིན་ཏུ་དོག་གོ །དེས་ན་གཉིས་ཀ་ལ་ངལ་བ་མེད་ཅིང་། གཉིས་ཀ་ཁེ་བའི་ཐབས་ཤིག་ནི། ཁོ་ཁོ་སར་བཞག་སྟེ་མཐོང་བར་བྱས། རང་རང་སར་བཞག་སྟེ་མཐོང་བར་བྱས་ནས། ཞི་བདེའི་ངང་དུ་གྲོགས་སྒྲིག་ནས་འདུག་པ་ཡིན།

སྤྱིར་ཕྱིའི་དགྲ་སུ་ལའང་བྱམས་བརྩེ་ལས་ལྷག་པའི་འདུལ་ཐབས་མེད་པར་གསུངས་པ་ལྟར། ནང་ཉོན་མོངས་ལ་ཡང་དེ་ག་རང་ཡིན་ཏེ། ཉོན་མོངས་ཟེར་ནའང་སེམས་ཀྱི་ཆོས་ཡིན་ལ། ཕྱི་རོལ་གྱི་དགྲའང་སེམས་ནས་འདུལ་དགོས་པས། དེ་གཉིས་ཤིན་ཏུ་འདྲ་ཁར། ལྷག་ཏུ། རང་གི་ཉོན་མོངས་དག་ནི་རང་གི་ངོ་བོ་སྣང་ཚུལ་གཞན་ཞིག་ཡིན་པས་དེའི་འོང་ཁུངས་ལ་བལྟས་ན། རང་ལའང་རང་གི་བྱམས་བརྩེ་ལས་ནུས་པ་ཆེ་བ་གང་ཡང་མེད་པས། དེ་ལ་དྲོད་དང་འོད་དང་འཇམ་པ་བྱིན་ན། ཁོ་ཡང་ཞི་བ་དང་དགེ་བ་དང་དག་པ་རུ་འགྱུར་བ་ཡིན་ནོ། །མདོར་ན། གཞན་ལ་གང་མི་འཛའ་བ་དེ་རང་ལའང་མི་འཛའ་འོ།།
སྔགས་ལ་ཆེས་བླ་ན་མེད་པའི་ཐབས་ཡོད་གསུངས་པའང་། མདོ་ནས་དགག་དགོས་པ་ལ། སྔགས་​ནས་བཞག་པས་ཆོག་ཅིང་། མདོ་ནས་གཡོལ་དགོས་པ་ལ། སྔགས་ནས་མྱོང་བས་ཆོག་པ་དང་། ལྷག་ཏུ། མདོ་ནས་གནས་ལུགས་དང་ཤེས་རབ་ཀྱིས་འཆོས་དགོས་པ་དག་ལ། སྔགས་ནས་ཉམས་མྱོང་དང་བྱམས་པས་འགྲོགས་ཆོག་པ་ཡིན་པའི་གནད་དེ་ལ་ཐུག་ཡོད་དེ། འཐབ་པ་ནི་ཕྱི་དང་ནང་གང་ཡིན་ཡང་མ་ཞི་བ་ཡིན་ལ། འགྲོགས་པ་ནི་ཕྱི་དང་ནང་གང་ཡིན་ཡང་ཞི་བའོ། །གང་ལྟར། མདོ་ལ་ནི་ཤེས་རབ་གཙོ་ཞིང་། སྔགས་ལ་ནི་ཚོར་བ་གཙོའོ། །
༢༠༢༠.༤.༨ཉིན། ལམ་གྱིས།​

འདིའང་དྲན་གསོ་ཙམ་མོ།།


ཡུན་རིང་ཙམ་དུ་བེད་སྤྱོད་​བཏང་བའི་འཕྲིན་ཕྲན་རྒྱབ་ལོགས་ཀྱི་པར་འདི་དེ་རིང་བརྗེས་བཞག་པ་ཡིན། བརྗེ་བྱ་དང་བརྗེ་བྱེད་བར་དུ་འབྲེལ་བ་མེད་པ་ག་ལ་ཡིན་མོད། ཡིན་ནའང་། བརྗེ་བྱེད་ལ་ཅུང་ཟད་ཚོར་བ་ཟབ་པས་འདི་བླངས་ནི་བླངས་ཀྱང་། གང་བྱུང་དུ་འཕེན་མི་བྲ་བས། ཟིན་ཐོ་ཉུང་ངུ་ཙམ་ཞིག་ཅིས་ཀྱང་བྱ་བར་འདོད་བྱུང་།

གོང་གི་པར་ངོས་སུ་ཡོད་པའི་མིག་རྒྱང་བསྲིངས། ཡིད་རྒྱ་བསྐྱེད། ཁོང་སོ་གློད་ཅེས་ཚིག་གསུམ་བྱུང་བ་འདི་ནི། བཀའ་གདམས་པ་དག་གི་ཉམས་ལེན་གྱི་སྤྱི་ཆིངས་ཡིན་པས། གོ་བ་ཟབ་ལ་གནད་ཀྱང་ཆེ་བའི་ཁར། གང་དུ་བཞག་ནའང་དེ་རུ་འཕྲོད་པ་ཞིག་སྟེ། ཐེག་ཆེན་པ་དག་གིས། མིག་གི་རྒྱང་རྫོགས་པའི་བྱང་ཆུབ་ལ་བསྲིངས། ཡིད་ཀྱི་རྒྱ་སེམས་དཔའི་སྤྱོད་པ་ལ་བསྐྱེད། ཁོང་གི་སོ་རྐྱེན་ངན་ལམ་ཁྱེར་ལ་གློད་ཅེས་འགྲེལ་ལོ། །

གལ་ཏེ། ཉན་ཐོས་པའི་དགེ་སློང་ཞིག་ལ། གོང་དེར་གོ་བ་ཤོད་ཅིག་ཞུས་ན། འདི་ལྟར་གསུངས་ངེས་ཡིན་ཏེ། མིག་ནི་མྱ་ངན་འདས་པ་ལ་ཕར་སྲིངས་ཤིག ཡིད་ནི་བསླབ་པ་རྣམ་གསུམ་ལ་ཚུར་སྐྱེད་ཅིག ཁོང་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་ཡར་གློད་ཅིག་ཅེས་སོ། །

ཚད་མཐོ་ས་ནས་ནི། དེ་ལྟར་གསུངས་ཀྱང་གསུངས་ལ། ཡིན་ཀྱང་ལོས་ཡིན་མོད། ཡིན་ནའང་། གདམས་ཟབ་འདི་དང་ཁ་འབྲལ་མི་འདོད་ཅིང་། གོང་ནས་གསུངས་པ་ཐད་ཀར་ཉམས་སུའང་མི་ལོན་པ་ཞིག་ལ་མཚོན་ན། རིན་ཐང་གཞལ་མེད་ཀྱི་གསུང་དེ་རིམ་པ་ཁ་ཤས་མར་ཕབ་སྟེ། རང་གི་འཚོ་བ་ལ་སྦྱར་ཨེ་ཐུབ་ཅིས་ཀྱང་ལྟ་ངེས་རེད། ངས་ཀྱང་དེ་ཉིད་ཞེ་ཕུགས་སུ་བཙངས་པ་ལས་གཞན་ཅི་ཞིག་བྱ་ཨང་།

དེས་ན་འདི་ལྟར་དུ་གདོན་པར་བྱ་སྟེ། མིག་རྒྱང་མ་འོངས་པའི་ལེགས་གྲུབ་ལ་ཁྲ་ཧྲིག་ཧྲིག་སྲིངས། ཡིད་རྒྱ་ཉིན་རེ་ཡི་ལས་དོན་ལ་གྲུང་ཏིག་ཏིག་སྐྱེད། ཁོང་སོ་བར་ཆད་དང་རྐྱེན་ངན་ལ་འོད་ཆིལ་ཆིལ་གློད་ཅེས་པའོ། །ཡང་ན། མིག་གིས་དེ་རིང་ཙམ་མིན་པར། སང་ཉིན་ལའང་ལྟོས། ཡིད་ཀྱིས་རང་ཉིད་ཙམ་མིན་པར། གཞན་དག་ཀྱང་ཟུང་། ཁོང་སོས་ལུས་ངག་ཙམ་མིན་པར་སེམས་ཀྱང་ལྷོད་ལ་གློད་ཅིག་ཅེས་ཀྱང་བྱ་ཆོག་ཆོག་གོ །

དེ་ལས་ཀྱང་བཅར་ན། མིག་རྒྱང་སེམས་ལ་བསྲིངས། ཡིད་རྒྱ་ངག་ལ་བསྐྱེད། ཁོང་སོ་ལུས་ལ་གློད་ཟེར་ནའང་འདྲ་ཆགས་པོ་ཨེ་འདུག་སྙམ། བཤད་སྟངས་བརྗེས་ན། མིག་རྒྱང་བསྲིངས་ཏེ་ལུས་ལ་གཅེས་སྤྲས་གྱིས། ཡིད་རྒྱ་བསྐྱེད་དེ་ངག་གི་གཏམ་ལ་གཟོབ། ཁོང་སོ་གློད་དེ་སེམས་ཀྱི་བདེ་སྐྱིད་ཚོལ་ཞེས་སུ་འདོན་ཆོག་ཆོག་དང་བསམ་ཆོག་རེད།

ད་དུང་ཇེ་བདེར་བཏང་ན། གཙང་སྦྲ་ཡག་པོ་གྱིས་ཤིག་ཅེས་ཀྱང་གོ་རུང་སྟེ། དང་པོ་ནང་དང་། དེ་ནས་ཕྱི་ཡི་རིམ་པ་ངེས་ལ། དེ་ལ་ནི་རྒྱུ་འབྲས་ཀྱི་འབྲེལ་བའང་ཡོད་དོ། །ཚུལ་དེ་ལྟ་བུས་བསམ་ན། བརྒྱ་གོ་གཅིག་ཆོད་དང་། ནད་བརྒྱ་སྨན་གཅིག དཀར་པོ་ཆིག་ཐུབ་ཟེར་བ་སོགས་ཀྱང་ཞེ་ནས་དྲན་ངེས་ལ། མཐུད་ནས་རང་དྲིན་རང་ལ་ཆེ་བའང་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་ཞེ་གཏིང་དུ་འཁོར་ངེས་ཡིན་ནོ། །

          ༢༠༢༠.༡.༡༩ཉིན། ལམ་གྱིས།


ཡན་གར་དུ་ཤོར་བའི་གཞུང་འགྲེལ།


རྒྱལ་སྲས་ཞི་བ་ལྷས། “གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །”ཞེས་གསུངས་པ་ནི། གནས་ལུགས་སྐམ་པོ་ཙམ་ཞིག་མིན་པར། ཤ་འདྲེས་པགས་འདྲེས་ཀྱི་ཉམས་མྱོང་གི་གདམས་པ་ཞིག་རེད། གདམས་པ་དེ་ཞེ་ཕུགས་སུ་བཞག་ནས། སེམས་ཀྱིས་རིག་གཞུང་གང་ཞིག་ལ་བསླབ་ནའང་འདྲ། ངག་གིས་སྦྱོང་བསྡར་ཅི་ཞིག་བྱས་ཀྱང་ཆོག ལུས་པོ་གོམས་གཤིས་ག་འདྲར་བསྲེས་ནའང་རུང་སྟེ། གནས་སྐབས་ཙམ་དུ་དཀའ་ནའང་། མཐར་སླ་མོར་འགྱུར་རོ་སྙམ་ནས་སེམས་ཀྱི་གཏིང་ན་དྲོད་ཞིག་འཁྱིལ་འོང་། དྲོད་དེས་རང་ཉིད་རྒྱུན་འཁྱོངས་ལ་སྐུལ་ཏེ་དགའ་ཞིང་མགུ་བའི་བརྩོན་འགྲུས་འོང་། དེ་བྱུང་ན་ནི། ཆོས་ཀུན་ལག་མཐིལ་དུ་མཆིས་པ་འོང་། གང་ལྟར། སོ་ན་མི་གནས་པར་འགྱུར་གྱིན་པའི་འདུས་བྱས་ཀྱི་ཆོས་ཉིད་འདི་ནི། ང་ཚོས་གོ་སྐབས་ལེན་སའི་གནད་ཀྱི་རྩ་བར་སྣང་ངོ་། །

མཛོད་ལས། “འགྲོ་མི་འདོད་དང་ལམ་ནོར་དང། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག། །ཐར་པར་བགྲོད་ལ་གེགས་བྱེད་པ།།དེ་ཡི་ཕྱིར་ན་གསུམ་བསྟན་ཏོ།།”ཞེས་གསུངས་པའི་དགོངས་པ་ལྟར་ན། འཇིག་རྟེན་དུ། དམིགས་ཡུལ་ལ་ཐོན་པར་འགལ་རྐྱེན་དང་བར་ཆད་ཆེ་ཤོས་གསུམ་ཡོད་དེ། དེ་ནི་སྒྱིད་ལུག་པའམ། སྐྲག་ནས་འགྲོ་འདུན་མེད་པ་དང་། འགྲོ་འདུན་ཡོད་ཀྱང་ལམ་ནོར་བ་དང་། ལམ་མ་ནོར་ཡང་ཐེ་ཚོམ་ནས་འགྲོ་མི་ཕོད་པའོ། །

དེ་ཇི་ལྟ་བར། ཐར་པའི་ལམ་དུ་འགྲོ་བ་ལའང་བར་ཆད་གསུམ་ཡོད་དེ། འཇིག་ཚོགས་ལ་ལྟ་བས་ཐར་པ་ལ་སྐྲག་ནས་འགྲོ་མི་འདོད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་འགྲོ་འདོད་ཀྱང་ལམ་ནོར་དུ་འཁྲིད་པ་དང་། ཐེ་ཚོམ་པས་ནི་ཡིད་གཉིས་ཟོས་ཏེ་འགྲོ་མི་ཕོད་པའོ་ཞེས་གསུངས་པ་རེད།
སྤྱིར་བཏང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། ཉོན་མོངས་ཅན་གྱི་ཐེ་ཚོམ་པ་སོ་སོས་འགྲོ་མི་འདོད་པ་དང་། སོང་ཡང་ནོར་བ་དང་། མ་ནོར་ཡང་འགྲོ་མི་ཕོད་པའི་ནུས་པ་ཐོན་ཚུལ་ལ་དཔྱད་པའི་གནད་ཞིབ་མོ་ཡོད་ནའང་། མདོར་བསྡུས་ན། ཆོས་དང་འཇིག་རྟེན་གང་ཡིན་ཀྱང་། འགྲོ་མི་འདོད་པའི་སྒྱིད་ལུག་བོར་ནས་ལམ་མ་ནོར་བ་ཞིག་འཚོལ་བ་དང་། དེ་རུ་ཐེ་ཚོམ་མེད་པར་བློ་རྩེ་གཅིག་གིས་འགྲོ་དགོས་པར་བསྟན་འདུག
དེ་ལྟ་ན། འགྲོ་མི་འདོད་པའི་ཡིད་འབྱུང་འགོག་ཆེད་དུ་སྙིང་སྟོབས་སྐྱེད། སོང་ཡང་ནོར་བ་མི་ཡོང་བའི་དོན་དུ་སློབ་སྦྱོང་གྱིས།མ་ནོར་ཡང་ཡིད་གཉིས་མི་ཟ་བའི་ཕྱིར་དུ་བློ་རྩེ་སྒྲིམ། སྙིང་སྟོབས་དེས་སློབ་སྦྱོང་ལ་སྐུལ། སློབ་སྦྱོང་དེས་སེམས་རྩེ་གཅིག་ཏུ་སྒྲིམ་སྟེ་སོང་ན་འདོད་པའི་དོན་འཐོབ་བོ་ཞེས་པ་ནི། གསུང་འདིས་བསྟན་པའི་གནས་ལུགས་ངོ་མ་དེའོ། །

མགོན་པོ་ཀླུ་དང་། ཇོ་བོ་ཆེན་པོ་གཉིས་ཀའི་གསུང་དུ་འབྱུང་བའི་ཚིགས་སུ་བཅད་པ་སྟེ། “ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །”ཞེས་པ་ནི། བསུབ་ཀྱང་མི་ནོག་པའི་ལེགས་བཤད་འབུར་དུ་དོད་པ་ཞིག་རེད་ཨང་།

ཁོང་རྣམ་པ་གཉིས་ཀྱི་དགོངས་པ་ལྟར་ན། ད་ཚེ་ནི་ཐུང་ཐུང་རེད། ཤེས་བྱ་ནི་མང་པོ་རེད། ཚེ་ཐུང་བའི་ཁ་ལ་ཚེ་ཚད་ཅི་ཡོད་ཀྱང་ཤེས་པ་མ་རེད། ད་དངོས་གནས་མང་པོ་མང་པོ་ཞིག་ལྟ་ཞིང་སློབ་འདུག་པའི་དུས་ཚོད་ཡོད་པ་མ་རེད། འོ་ན། ཅི་བྱ་ཞེ་ན། ངང་པས་ནི་འོ་ཆུ་འདྲེས་བསྡད་ནའང་། འོ་མ་ཟུར་དུ་ལེན་ནས་ལོངས་སྤྱོད་པ་ལྟར། རང་རང་ལ་འདོད་པ་ག་རེ་ཡོད་ན། དེ་ཉིད་དང་ལེན་གྱིས་སློབ་དགོས་པ་རེད་གསུངས་པ་རེད། གཞན་དག་གི་རེ་བ་ལྟར་ཨེ་ཡོང་བཞག་སྟེ། སོ་སོ་རང་རང་གི་འདོད་དོན་སྒྲུབ་དགོས་པ་རེད་གསུངས་པ་རེད།

ཡི་གེ་འགའ་རེ་ལྟར་ན། “རང་གི་འདོད་པ་དང་པོར་བླང་པར་བྱ། །”ཞེས་འབྱུང་སྐད། དེ་ལྟ་ན། རང་གཞན་གཉིས་ཀྱི་འདོད་པ་གཅིག་ཏུ་བབ་ན། ཨ་ཡག་ནང་གི་ལྷ་ཡག་ལོས་ཡིན་ཏེ། དེ་གཉིས་འགལ་ཟླར་གྱུར་ན། གཞན་གྱི་འདོད་པ་བཏང་སྙོམས་སུ་བཞག་ནས། རང་གི་འདོད་པ་དང་པོར་ལེན་དགོས་གསུངས་པ་རེད། གཞན་ལ་ལྟོས་ན། གཞན་གྱི་འདོད་པ་རྩ་ཆེན་པོ་ཡིན་པ་ལྟར། རང་ལ་ལྟོས་ནའང་། རང་གི་འདོད་པ་ལས་རྩ་ཆེ་བ་ཡོད་པ་མ་རེད་གསུངས་པ་རེད།
ཚེ་སྲོག་གི་ངོ་བོ། དུས་ཚོད་ཀྱི་རང་བཞིན། མི་གཤིས་ཀྱི་གནས་ལུགས་སུམ་འབྲེལ་གྱིས་གནང་བའི་ཉམས་མྱོང་གི་བསླབ་བྱ་འདི་ནི། ཇི་ཙམ་བསམ་ན་དེ་ཙམ་བདེན་དུ་མཐོང་བའི་མི་ཚེའི་ལམ་ཡིག་གི་ཁ་བྱང་རང་ངོ་། །

མདོར་ན། ངང་པས་འོ་མ་འདོད་ཀྱི་ཆུ་མི་འདོད་པའི་རྐྱེན་གྱིས། གཞན་ངོར་འོ་ཆུ་དབྱེར་མེད་དུ་འདྲེས་ནའང་། སོ་སོའི་འདོད་པའི་དབང་གིས་འོ་མ་ལོགས་སུ་བླངས་པ་ལྟར། ང་ཚོས་ཀྱང་ག་རེ་ནི་རང་གི་འདོད་པ་ཡིན་ལ། ག་རེ་ནི་གཞན་གྱི་འདོད་པ་ཙམ་དུ་ཟད་པ་ཤ་བསལ་འབུ་བསལ་གྱིས་དབྱེ་བ་ཕྱེས་ཏེ། རང་གི་འདོད་པ་དངོས་མ་གང་ཡིན་པ་དེ་ཉིད་ལེན་པར་བྱའོ་གསུངས་པ་རེད།

“འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །” ཞེས་པ་ནི། མ་བཅོས་པ་དེ་ག་རང་དང་། མ་བསླད་པ་དེ་ག་རང་གལ་ཆེ་བར་སྟོན་པའི་གསུང་ཞིག་རེད། དྲིས་ན། མང་ཤོས་ཀྱིས་འདི་མངོན་རྟོགས་རྒྱན་གྱི་ཚིག་རེད་གསུང་སྲིད་ནའང་། དོན་དུ་བཀའ་བསྟན་མང་པོ་ཞིག་གི་ཚིག་ཡིན་པ་རེད། དེ་ཁོ་ནས་ཀྱང་། སྟོན་པ་དང་སྟོན་པའི་རྗེས་འཇུག་ཚོས་གསུང་འདི་ལ་མཐོང་ཆེན་ཅི་ཙམ་གནང་བ་ཤེས་ཐུབ།

འདིས། ཁྱོད་ད་ལྟའི་བཅིངས་པ་ལས་གྲོལ་འདོད་དམ། འདོད་ན། ཡུལ་ཁ་ན་ཡོད་པ་དེ་དེ་ག་རང་དུ་གནས་པ་ལས་ཚུར་ལེན་རྒྱུ་ནི་ཅི་ཡང་ཡོད་མ་རེད་ལ། ཕར་ལྷག་པོའང་ཅུང་ཟད་འཇོག་ཉན་མ་རེད། ག་རེ་གདའ་ན་དེ་གདའ་སྙམ་དུ་ལྟོས་དང་གྲོལ་འགྲོ་འོ་གསུངས་པ་རེད། ཅི་འདྲའི་སྟབས་བདེ་མོ་གསུང་འདུག་ནའང་། དེ་འདྲའི་ལག་ལེན་དཀའ་བ་ཞིག་ཀྱང་ཡིན་ཨང་། དེ་ཤེས་ནས་སྨྲ་མཁན་ཚོར། “མཐོང་ན་འཇིག་པའི་བདེན་པ་གཅེར་བུ”ཟེར་བའི་བརྡ་སྟོབས་ཆེན་ཡང་བྱུང་ངོ་། །

རྗོད་བྱེད་དང་བརྗོད་ཚུལ་མི་འདྲ་བ་ཙམ་ལས། ད་ལྟའི་སེམས་ཁམས་རིག་པ་བ་འགའ་ཤས་ཀྱིས་ཀྱང་། གནད་འདི་ཁོ་ན་ལབ་ཀྱི་འདུག་སྟེ། ནང་པའི་མཁས་ཆེན་དག་གིས། “རྟོག་པའི་དྲ་བ་རྣམ་བསལ་”ཞེས་པའི་ཚབ་ལ། ཁོ་ཚོའི་སྐད་ལྟར་ན། “འཁྲབ་གཞུང་ལས་ཐར་པ་” ཞེས་ཟེར་བའོ། །ཡིན་ཀྱང་ལོས་ཡིན་ཏེ། རིག་པ་གཉེར་མཁན་དག་གིས་བྱས་བྱས་བསྒྲུབས་བསྒྲུབས་ཚང་མའི་དམིགས་ཡུལ་ནི། གང་ཡང་ཚུར་མ་བླངས་ལ། ཅི་ཡང་ཕར་མ་བཞག་པའི་ “དེ་ག་རང་” རྙེད་ཆེད་ཁོ་ན་མ་ཡིན་ནམ།

སྔོན་ཆུང་ངུའི་སྐབས་སུ་ལམ་རིམ་ལྟ་དུས། སངས་རྒྱས་མཆོག་གིས་བྱིས་པའི་ཐད་ནས་གསུང་འགའ་གནང་བ་དྲངས་པ་ལ་མི་ཟད་པའི་བྲོ་བ་བྱུང་མོད། ད་ལྟ་གཞི་ནས་གསུང་དེ་དག་འདུལ་བ་རྣམ་འབྱེད་ཀྱི་ཚིག་ཡིན་པ་ཤེས། དེར་ག་འདྲ་གསུང་འདུག་ཅེ་ན། བྱིས་པས་བསྟོད་པ་གང་ཡིན་དང་། །མཁས་པས་སྨོད་པ་གང་ཡིན་པ། །འདིར་ནི་མཁས་སྨོད་མཆོག་ཡིན་གྱི། །བྱིས་པས་བསྟོད་པ་མ་ཡིན་ནོ། །ཞེས་དང་། གང་གིས་བྱིས་པ་བྱིས་ཉིད་རིག །དེ་ལ་དེས་ན་དེ་མཁས་ཡིན། །བྱིས་པ་མཁས་པར་རློམ་བྱེད་པ། །དེ་འདིར་ཤིན་ཏུ་བྱིས་པ་ཡིན། །ཞེས་སོ། །

མ་གཞི། གསུང་འདིའི་རྒྱབ་ལྗོངས་ལོ་རྒྱུས་ལ་གཟིགས་ན། སྟོན་མཆོག་གིས། ཆེས་ཤིན་ཏུ་བུལ་ཞིང་ཆུང་བའི་མི་ཞིག་དགྲ་བཅོམ་པའི་བར་དུ་གསོ་སྐྱོང་གནང་བའི་བརྒྱུད་རིམ་སྟེ། ཡིད་ཆད་པ་ལ་རེ་བ་བྱིན་པ་དང་། བློ་བུལ་བ་ལ་བྱམས་པས་བསྐྱངས་ནས། གླེན་རྟུག་ཅིག་ཤེས་རབ་ཅན་དུ་བསྒྱུར་བའི་སློབ་གསོའི་ལག་ལེན་དད་པའི་ཡི་ག་ཕྱེ་བ་མཇལ་འོང་སྟེ། “རྡུལ་སྤང་ངོ་། །དྲི་མ་སྤང་ངོ་། །” ཞེས་པ་ཡང་། དེས་ང་ཚོ་ལ་བཞག་པའི་བསྐལ་པར་མི་ནུབ་པའི་ལེགས་སྐྱེས་ཡིན་ཨང་། གང་ལྟར། བྱུང་བ་དེ་གོ་བྱེད་ལ་ངས་“བློ་འབྱེད” ཅེས་པའི་ཐ་སྙད་འདི་སྤྱོད་འདོད་པ་ཡིན།

ཟུར་དུ་འཕྲོས་པ་དཀྱུས་སུ་དྲངས་ན། གོང་གི་ཚིགས་བཅད་དང་པོས། བྱིས་པའམ་བླུན་པོས་བསྟོད་ཀྱང་ཇི་མི་སྙམ་པར་འཇོག་འོས་ཏེ། དེ་ལས་ཀྱང་མཁས་པས་སྨད་པ་དགའ་བ་རེད། ཅིའི་ཕྱིར་ན། བླུན་པོས་ནི་མི་ཤེས་པས་བསྟོད་ཀྱང་བསྟོད་པའི་སྙིང་པོ་མེད་ལ། མཁས་པས་ནི་ཤེས་པའི་ཕྱིར་སྨད་ཀྱང་སྨད་པའི་སྙིང་པོ་ཡོད་དོ་ཞེས་སོ། །ཚིགས་བཅད་གཉིས་པས་ནི། སུས་རང་ཉིད་ཀྱིས་མི་ཤེས་པ་ཤེས་ན་མཁས་པ་ཡིན་ལ། སུས་རང་ཉིད་མཁས་སོ་སྙམ་ན་དེ་བླུན་པོའོ་གསུངས་པ་སྟེ། འདི་དང་འབྲེལ་ནས་ཐད་ཀར་དྲན་ཆོག་པ་ནི། སོ་ཁེ་ར་ཐེ་མཁས་པ་ཡིན་པ་དེ་རེད་ལ། ང་ཚོའང་ལམ་སང་མཁས་པར་བཟོ་ཆོག་པ་དེ་རེད
གང་ལྟར་ནའང་། ཚིགས་བཅད་སྔ་མས་ནི། ཤིན་ཏུ་ཉེ་བས། “སུ་བྱུང་ལ་སྣ་ཤ་སྦྱིན་དུ་མི་བཏུབ་” ཟེར་གྱི་འདུག་ལ། ཚིགས་བཅད་ཕྱི་མས་ནི། ཧ་ཅང་གཟབ་ནན་གྱིས། “སྐད་མགོ་བག་ཙམ་ལྷོད། ཤེས་རབ་རྡོ་རྗེ་” ཟེར་གྱི་འདུག་གོ

རྟ་དང་ནོར་བུ་ལ་སོགས་པའི། །ཅུང་ཟད་ཙམ་གྱི་ཉོ་ཚོང་ལ། །ཀུན་ལ་འདྲི་ཞིང་བརྟག་ནས་དཔྱོད། །ཚེ་འདིའི་བྱ་བ་ཅུང་ཟད་ལ། །དེ་ལྟའི་འབད་པ་བྱེད་པ་མཐོང་། །སྐྱེ་བ་གཏན་གྱི་ལེགས་ཉེས་ནི། །དམ་པའི་ཆོས་ལ་རག་ལས་ཀྱང་། །ཆོས་འདི་ཁྱི་ཁ་ཟས་བཞིན། །བཟང་ངན་གང་དུའང་མི་དཔྱོད་པར། །གང་འཕྲད་དེ་ལ་གུས་པར་འཛིན། །ཞེས་པ་ནི། དབུགས་ཐེངས་གཅིག་ལ་ང་ང་ཞེས་ང་བརྒྱད་མཐུད་ཐུབ་མཁན་གྱི་མཁས་པ་ཞིག་གིས་གསུངས་པ་རེད།
ཁོང་གིས། མི་དང་ཁྱི་ཡི་ཁྱད་པར་ཆེས་ཆེ་ཤོས་ནི། མིས་ཟ་མ་བརྟག་ནས་ཟ་བ་དང་། ཁྱིས་གང་འཕྲད་ཟ་བ་དེ་ཡིན་པ་དང་། ཟ་མ་དེ་ལའང་ལུས་གསོ་སྤྱད་དང་། སེམས་གསོ་སྤྱད་གཉིས་ཡོད་པ་ལས། སེམས་ཀྱི་ཟ་མ་གང་འཕྲད་འཕྲད་ཟོས་ན་ནི། མི་ཡི་ནང་གི་ཁྱི་རེད་ཅེས་བརྡ་སྟོན་གྱི་ཡོད་པ་རེད། ཞིབ་ཆ་ཕྱེས་ན། ཁྱི་ལའང་ཟ་མ་ཞིམ་པོ་གང་དགའ་དགའ་མ་གཏོགས་མི་ཟ་མཁན་ཡོད་པས། མི་དེ་དག་ནི་ཁྱི་ཡི་ནང་གི་ཁྱི་འཁྱམ་རེད་ཅེས་ཟུར་ནས་མཚོན་པར་བྱས་ཡོད་པ་རེད། ང་ཚོ་ལ་ཁྱི་འཁྱམ་དེ་འདྲ་ག་ཚོད་ཡོད་དམ། ཁྱོད་ཀྱང་ཁྱི་འཁྱམ་ཡིན་ནམ།

མ་གཞི་ང་བརྒྱད་མཁས་པ་ཁོང་ནི། དུད་འགྲོ་དང་མི་བསྡུར་བར་ཞེ་དྲག་དགའ་པོ་ཡོད་དེ། ཁྱི་རྒན་གྱི་ཀུ་ཅོ་དང་། རི་དྭགས་ཀྱི་ལྟེ་བ། ཡ་སོ་ཅན་གྱི་བ་གླང་། སྤུ་མེད་པའི་ཕག་པ། ཁྭ་ཏའི་མཆུ་ནད་སོགས་ཀྱང་ཁོང་གི་གསུང་དུ་ཆེས་གསོན་ཉམས་དོད་པོར་ཡོང་བ་ཤ་སྟག་མིན་ནམ། ཚིག་གཅིག་གིས་ཆོག་པར་བྱས་ན། ཁྱོད་རང་ཁྱི་འཁྱམ་ནང་བཞིན་དུ་འཁྱམ་འཁྱམ་ནས་ད་ཚོད་གང་དུ་ཐོན་ཡོད། ད་གང་དུ་འགྲོ་རྒྱུ་ཞེས་རང་གིས་རང་ལ་འདྲི་འདོད་པའོ། །

         ༢༠༢༠ ༡༠ ༢༩ཉིན་ཕྱོགས་གཅིག་ཏུ་བསྒྲིགས།

དེ་རིང་ཡང་། ཁྱོད་ཀྱི་འཇིག་རྟེན་ནས་འགྲུལ་པ་དུ་བུད་སོང་ངམ། ཁྱོད་ཀྱི་འཇིག་རྟེན་དུ་འགྲུལ་པ་དུ་ཐོན་བྱུང་ངམ། གཉིས་ཀ་འགྲུལ་པ་ཡིན་པ་གང་ཞིག་ལ། མེ་ཏོག་བཞད་པའི་ལམ་གྱི་མདོ་ནས་ཐུག་ཅིང་། བྱེ་མ་སྤུར་བའི་ལམ་གྱི་མདོ་ནས་གྱེས་དགོས་པ་དེས་ཁྱོད་ལ་གཏམ་རྒྱུད་ག་རེ་བཞག་བྱུང་ངམ། རྨི་ལམ་བཞིན་དུ་མཇལ་ཞིང་། དངོས་ཡོད་བཞིན་དུ་འབྲལ་བ་དེས་མི་ཚེ་ལ་ཁ་དོག་ག་རེ་འབྱུག་སྲིད་དམ། ངོ་ཤེས་བཞིན་དུ་གདོང་ལ་གདོང་བསྟན་པ་ནས། རྒྱུས་མེད་བཞིན་དུ་རྒྱབ་ལ་རྒྱབ་སྤྲད་པ་དེས། མི་ཚེའི་སྔ་དྲོ་དང་ཕྱི་དྲོ་མཚོན་ནམ། ཡང་ན། མི་ཚེའི་འོད་ཟེར་དང་མུན་པ་མཚོན་ནམ། སྐྱེ་བ་ད་རེས་ཀྱི་ཚེ་ཕྱེད་ལ་མཉམ་དུ་གསོན་ཅིང་། སྐྱེ་བ་ད་རེས་ཀྱི་ཚེ་ཕྱེད་ལ་ཁ་ཁར་བུད་འགྲོ་བ་དེས། སེམས་ཀྱི་ཁང་ཆུང་དུ་ལྷ་འདྲེའི་རྣམ་བཞག་ག་ཚད་བྲིས་ཡོད་དམ།

འཇིག་རྟེན་དུ་ལམ་མི་འདྲ་བ་དུང་ཕྱུར་ན། རྐང་པ་མི་འདྲ་བ་དུང་ཕྱུར་བགྲོད་ཀྱིན་དུ། ད་ལྟ་རང་ལ་ཁྱོད་ཁམས་བཟང་ཟེར་ཞོར། ད་ལྟ་རང་ལ་ཁྱོད་བདེ་མོ་ཟེར་བའི་འཕྲོ་འདུའི་ཚ་རླབས་སུའི་བློ་ལ་ཆུད་དམ། འདི་ནས་བལྟས་ན་འོང་གིན་པ་ལ། དེ་ནས་བལྟས་ན་སོང་ཚར་བའི་རྟེན་འབྱུང་འདིས། ཁྱོད་ཀྱི་ཁ་མངར་རམ། ངའི་ལྕེ་ཁའམ། འདས་པ་མཐོང་གིན་དུ་འགྲོ་མི་ཐུབ་ཅིང་། མ་འོངས་པ་མི་མཐོང་བཞིན་དུ་འགྲོ་དགོས་པ་འདིས། མི་ཚེའི་འཆར་གཞི་ནང་འཇའ་ཚོན་བྲིས་ཡོད་དམ། ཡང་ན་རླུང་དམར་གཡུགས་ཡོད་དམ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།