ལྷ་ཆོས་སྒྱུ་རྩལ་ལ་ལྟ་བ།

3440

            རྩོམ་པ་པོ།  རྨིས་པ། 


༈སྒྱུ་རྩལ་དེའི་དངོས་གཞིའི་མཚོན་ཐབས།

    སྔོན་ཆད་བོད་ཀྱི་ཐང་ག་འམ་བོད་ཀྱི་རི་མོའི་འབྲི་ཐབས་སོགས་བཟོ་རིག་པ་དང་། གར་འཆམ་པ་ལྟ་བུའི་ཟློས་གར་རིག་པ་སོགས་རིག་གནས་མང་བོ་ཞིག་ལྷ་ཆོས་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་གྲུབ་ཏེ། དེ་ཡི་འདུ་ཤེས་གཙོ་བོ་ནི་ལྷ་ཆོས་འཚོལ་སྒྲུབ་ཀྱི་ལག་ཆར་གྱུར་བ་ལས་སྒྱུ་རྩལ་རང་གི་གདན་ཐོབ་ནི་འདུ་ཤེས་ཀྱི་དམན་ས་ཞིག་ལས་ཟིན་མེད། དེ་ཡི་རྒྱུ་རྐྱེན་ཞིག་ནི། གནའ་སྔ་མོའི་སྐབས་ཀྱི་བོད་རིགས་ཚོའི་རིག་གནས་ནི་དད་པའི་གཞན་དབང་ཅན་ཡིན་པས། ཆོས་ལུགས་སུ་བཀོལ་བའི་ལག་ཆ་གང་ཡང་དད་རྟེན་དུ་དམིགས་ཏེ། དེ་དག་སྒྱུ་རྩལ་གྱི་ངོས་ནས་བཀོལ་སྤྱོད་མ་ཕོད་པ་རེད། དཔེར་ན།  རྒྱ་གླིང་ལྟ་བུ་གཅིག་དབྱངས་རྟ་གཞན་གྱིས་བུས་ནས་གླུ་ལེན་པ་ལྟ་བུའི་གོམས་སྲོལ་མ་བྱུང་བ་ཡང་། དེ་ལྟར་ལྷ་ཆོས་དང་མ་འབྲེལ་བའི་རིག་གནས་ལ་བསྲེས་ན་མ་དད་པའི་ཉམ་ཉེས་ཤིག་ཏུ་འགྱུར་བར་བསམ་པས་ཡིན་ངེས་ལ། དེ་བཞིན་དུ། ལྷ་ཆོས་སྨྲ་བ་ཚོས་ཀྱང་ཌ་དྲིལ་གང་ཡིན་རུང་ཆོ་གའི་སྐབས་མ་གཏོགས་“དུས་མ་ཡིན་པའི་རོལ་མོའི་སྒྲ་”ཞེས་འདོད་འདོད་དུ་དཀྲོལ་མི་རུང་བར་འཆད་པ་དེས་ཀྱང་ཤུགས་རྐྱེན་ཐེབས་ཡོད་པ་འདྲ། གང་ལྟར། དད་པའི་ལྟ་ཚུལ་གྱི་ངོས་ནས་སྔོན་ཆད་བོད་མི་རིགས་ཀྱི་ཐང་གའི་རིག་གནས་དང་རོལ་དབྱངས་རིག་གནས་སོགས་མང་བོ་ཞིག་ལྷ་ཆོས་ཀྱི་ལག་ཆ་ཙམ་ཡིན་པ་དངོས་ཡོད་རེད། འོ་ན། ཐང་ག་ལྟ་བུའི་རི་མོ་དང་། རྒྱ་གླིང་ལྟ་བུའི་རོལ་ཆ། བཅའ་ཁ་ལྟ་བུའི་བཟོ་རིག་སོགས་དེ་དག་ཇི་ལྟར་ལྷ་ཆོས་ཀྱི་ལག་ཆ་ཡིན་པ་རེད་དམ། ལྷ་ཆོས་ཀྱིས་ཇི་ལྟར་བེད་སྤྱད་པ་རེད་ཟེར་ན། དེ་ནི་སྙན་ངག་པས་རང་སེམས་མཚོན་ཐབས་སུ་ཚིག་དང་དོན་གྱི་འདུ་ར་བསྒྲིགས་པ་ལྟར། ལྐུགས་པས་རང་གི་བསམ་བློ་མངོན་ཕྱིར་དུ་ཕྱིའི་ལུས་པོ་དང་ཡན་ལག་གིས་རྣམ་འགྱུར་འདྲ་མིན་སྟོན་པ་ལྟར། གང་ཞིག་མཚོན་ཐབས་སུ་བཀོལ་བ་ཡིན་པ་གདོན་མི་ཟ་སྙམ།

འོ་ན། ཅིའི་ཕྱིར་མཚོན་ཐབས་འདི་འདྲ་བཀོལ་དགོས་པ་རེད་དམ་སྙམ་ན། དཔེར་ན། ལྷ་ཆོས་སྨྲ་བ་ཚོའི་རྩ་བའི་བསྒྲུབ་བྱར་གྱུར་བའི་ཆོས་ཉིད་བདེ་བ་ཆེན་པོ་ལྟ་བུ་གཅིག་ལ་ཆ་མཚོན་ན། ཚིག་དང་རྟོག་པས་ཇི་བཞིན་མཚོན་པར་མི་ནུས་ལ་ནུས་པར་ཡང་མི་བཞེད་པས། གསལ་བོར་བརྗོད་མི་ནུས་པའི་བློ་ལས་འདས་པའི་དོན་དེ་འདྲ་ལ་འཇུག་པའི་ཤེས་རབ་ཀྱི་སྒོ་ཀུན་ནས་ཡངས་བའི་ཆེདུ། རྩམ་པ་སྤྱད་དེ་ཆོས་དབྱིངས་དོན་དམ་བདེན་པ་གཟུགས་རིས་ཀྱི་སྒོ་ནས་ངོ་སྤྲོད་པ་དང་། གར་གྱི་སྒོ་ནས་ངོ་སྤྲོད་པ། ཚོས་ཁ་སྤྱད་དེ་རི་མོའི་སྒོ་ནས་ངོ་སྤྲོད་པ་སོགས་འདི་ལྟ་བུའི་ཐབས་ཤེས་ཁྱད་པར་བ་སྣ་ཚོགས་ཤིག་བསྐྲུན་པ་རེད་སྙམ།

འདི་ལས་ང་ཚོ་བོད་རྒྱུད་ནང་བསྟན་ནམ་བོད་བརྒྱུད་ལྷ་ཆོས་ཀྱི་རིག་གནས་ནི་མཐར་གཏུགས་ན་གཞན་ཕན་གྱི་ལག་རྩལ་ཡིན་པ་ཡང་ཤེས་ཐུབ་པ་ཞིག་རེད། འོ་ན་དེ་འདྲའི་ལག་ཆ་མང་བོ་ཞིག་རང་གི་ཆོས་མཚོན་ཐབས་སུ་ཇི་ལྟར་བཀོལ་བ་ཡིན་ནམ་སྙམ་ན། འདི་ནི་ལྐུགས་པས་བུ་རུམ་མྱོང་བའི་བྲོ་བ་ཕྱིའི་རྣམ་འགྱུར་གྱི་སྒོ་ནས་སྟོན་པ་ན། དེ་ལ་མངོན་ཐབས་འདི་ལྟར་འདུག་ཅེས་བརྗོད་དགོས་པ་ལྟར།  སྤྱིར་ཇི་བཞིན་དུ་འཐུས་ཚང་བ་ཞིག་བརྗོད་དཀའ་བར་སྣང་ལ། ལྷག་ཏུ་ང་འདྲ་བའི་ཞིབ་འཇུག་གི་བློ་མིག་འབོར་མཁན་ཞིག་གིས་འགྲེལ་དུ་མི་གཏུབ་པ་སྨོས་ཅི་དགོས་མོད། ཡིན་ཡང་། རང་གིས་དེ་ལ་བལྟས་པའི་བསམ་ཚུལ་ཕྲན་བུ་ཞིག་དཔེ་གཅིག་ལ་སྦྱར་ནས་ཞུ་བར་འདོད་སོང་། གོང་དུ་ཚིག་དང་རྟོག་པས་ཇི་བཞིན་མཚོན་པར་མི་ནུས་པར་ལབ་པའི་ཆོས་ཉིད་བདེ་བ་ཆེན་པོ་ཞེས་པ་ནི། མདོར་ན། ཤེས་རྒྱ་ཧ་ཅང་ཟབ་པའི་བློ་གྲོས་ཞིག་ལ་གོ་བ་རེད། བློ་གྲོས་དེ་ནི་དྲན་བསམ་གྱི་ཡོལ་བ་ཐམས་ཅད་ཕྱེ་བའི་རྗེས་ཀྱི་མཐོང་སྣང་ལ་གོ་དགོས་པ་དང་། མཐོང་སྣང་དེ་ལས་ཡོད་པ་ཞིག་དང་མེད་པ་ཞིག ། གཉིས་ཀ་དང་གཉིས་མིན་ཞིག་སོགས་གང་ཡང་མཐོང་བར་མི་བཞེད་པས་ཤུལ་དུ་ད་དུང་མཐོང་བ་ཞིག་ཡོད་ན་དེ་ནི་བསམ་དུ་མེད་པ། བརྗོད་པ་མེད་པ་ཞིག་ཡིན་པ་སྨོས་ཅི་དགོས་ཏེ། གང་ལྟར་ང་ཚོའི་ཚིག་ཚོགས་ཀྱིས་འགྲེལ་མི་ཐུབ་པ་ཞིག་མཐོང་བ་ཡིན་ཞེས་ལྷ་ཆོས་ཀྱི་འགྲེལ་བ་ནི་ཕལ་ཆེར་འདི་བཞིན་རེདོ། ། 

གོ་བདེར་བཤད་ན།  མཐོང་སྣང་དེ་ནི་ང་ཚོས་གཞན་དུ་བཙལ་བ་མེད་པའི་སྐྱབས་གནས་མཐར་ཐུག་པ་རང་གི་སེམས་ཀྱི་དགེ་བ་རྒྱུན་མི་ཆད་པ་དེ་ལ་ངོས་འཛིན་དགོས་པ་རེད། དེ་འདྲའི་ཚོར་འདས་ཀྱི་ཤེས་བྱ་སེམས་ཀྱི་གཅུད་འདི་ལ། ལྷ་ཆོས་ལས། སངས་རྒྱས་དཀོན་མཆོག་དང་། ཆོས་སྐུ། དོན་དམ་བདེན་པ་སོགས་ཀྱི་མིང་གི་རྣམ་གྲངས་ཧ་ལས་པ་མང་བོ་སྤྱད་ནས་གསལ་བཤད་མཛད་མོད། འདི་ཐང་ག་ལ་འབྲི་བའི་དུསུ་མཚན་ལ་ཀུན་ཏུ་བཟང་བོ་ཞེས་གསོལ་བཞིན་ཡོད་པ་རེད། དེ་ལྟར་རིག་གནས་མང་བོ་ལས་ཐང་ག་དང་། ཐང་ག་མང་བོ་ལས་ཆོས་སྐུའི་ཐང་ག་གཅིག་ལ་བསམ་བློ་སྐོར་ན། ཆོས་སྐུ་ཀུན་ཏུ་བཟང་བོ་འམ་ཡང་ན་མདོ་སྔགས་གཉིས་ལས་བསྟན་པའི་དོན་དམ་བདེན་པ་འདི་ལ་ང་ཚོས་བློ་ཡིས་འཇལ་དུས་མཚོན་སྤྱི་ཙམ་མངོན་ཐུབ་པ་ཞིག་ཡོད་པ་ནི། དེ་འདྲའི་ཤེས་བྱ་དེ་ནི་ཉི་མ་འཆར་དུས་མུན་པ་བསལ་བ་བཞིན་དུ། གང་ཞིག་ཆོས་ཀུན་གྱི་ངོ་བོ་མེད་པར་རྟོགས་པས་དེ་སྒྲིབ་པའི་སྒྲིབ་པ་ཆ་ཚང་འགག་པའམ་སྤངས་པ་ལ་གོ་བ་ཙམ་མངོན་ཐུབ་ལ། དེ་བཞིན་དུ་དེ་འདྲའི་ཚོར་འདས་ཀྱི་ཤེས་བྱ་དེ་ནི་སྟོང་བའི་བར་སྣང་བཞིན་དུ་ཁ་དོག་ཅིག་ཡོད་པ་འདྲ་བར་སྣང་ཡང་ཁ་དོག་ཅི་ཡང་མེད་པའི་སྟོང་བའི་ངང་ཚུལ་ཞིག་ཡིན་པ་འང་རགས་རིམ་ཙམ་ཞིག་བློ་ལ་འོང་ཐུབ། དེ་འདྲའི་མཚོན་ཐབས་འོང་བར་སྙམ་པའི་རྣམ་པ་གཉིས་པོ་ནི་ཆོས་སྐུ་ཀུན་ཏུ་བཟང་པོའམ་སྟོང་ཉིད་ཆེན་པོ་ཐང་གར་བཞེངས་བའི་སྐབས་ཀྱི་ཆེས་མངོན་པའི་མཚོན་གཞི་གཉིས་རེད་འདུག་སྙམ།

འདི་གཉིས་ལས་སྤངས་པའི་མཚོན་ཐབས་ནི། སྤྱིར་སྐུ་གསུམ་གྱི་ནང་ནས་སྤྲུལ་སྐུ་དང་ལོངས་སྐུ་གཉིས་ནི་གཟུགས་ཀྱི་རྣམ་པར་སྣང་བའི་སྐུ་ཡིན་པས། ཐང་གར་འབྲི་བའི་སྐབས་སུ་ཡང་ཆ་བྱད་ཅན་གྱི་སྒོ་ནས་འབྲི་སྲོལ་ཡོད་ལ། ཆོས་སྐུ་ཀུན་ཏུ་བཟང་བོ་ལྟ་བུའི་ཐང་ག་འབྲི་བཞེངས་ཀྱི་སྐབས་སུ་ཆས་ཀྱི་ཡོལ་བ་གང་ཡང་མེད་པར་རྗེན་གཅེར་དུ་འབྲི་བ་རེད། ངས་བསམ་ན་དེའི་རྒྱུ་མཚན།  ཆ་བྱད་ནི་གཟུགས་བརྙན་ཡིན་པས་ཆ་བྱད་ཅན་ཞིག་ཡིན་དུས་བརྗོད་དུ་མེད་པ་དང་མཐོང་དུ་མེད་པར་མི་རུང་བས་ཀུན་ཏུ་བཟང་པོ་ནི་ཡོལ་བ་དང་ཆས་སོགས་གཟུགས་བརྙན་གང་གིས་ཀྱང་མ་སྤྲས་པར་བཟོས་པས་སྤྲོས་པ་མེད་པ་དང་མཐོང་དུ་མེད་པ་མཚོན་ཐབས་བྱས་འདུག་སྙམ་ལ། ལྷག་པར་དུ་ཆ་བྱད་དང་དར་དཔྱངས་སོགས་སྒྲིབ་ཡོལ་ཅན་གཅིག་ཀྱང་མེད་པའི་རྣམ་པ་དེས་ང་ཚོའི་ཡིད་ལ་འོང་བའི་སྒྲིབ་པ་ཐམས་ཅད་སེལ་བའི་ཆ་དེ་ཡང་མཚོན་ཐབས་བྱས་པ་མིན་ནམ་སྙམ་པ་ཞིག་རེད། དེ་བཞིན་དུ། སྣང་སྟོང་ཟུང་འཇུག་གི་མཚོན་ཐབས་ནི། ཆོས་སྐུ་ཀུན་ཏུ་བཟང་བོ་ཐང་གར་འབྲི་དུས་ཀྱི་ཁ་དོག་གིས་གསལ་སྟེ། སྐུ་མདོག་ནི་མཐིང་ག་འམ་སྔོན་པོ་བྱས་པ་དེས་བར་སྣང་ཁམས་སམ་ནམ་མཁའ་མཚོན་པས། དོན་དུ་སྣང་ཡང་སྟོང་བ། སྟོང་ཡང་སྣང་བ་འམ་མཐའ་ཡས་པའི་བསམ་དུ་མེད་པའི་རང་བཞིན་ཞིག་ཡིན་པ་མཚོན་པར་འདུག་གོ་སྙམ།  དེ་མིན་དཀྱིལ་དཀྲུང་དང་མཉམ་བཞག་སོགས་མཛད་པའི་རྣམ་པ་འབྲི་བའི་ངང་ཚུལ་དེ་ཚོ་ལ་ཡང་མཚོན་ཐབས་རེ་རེ་ཡོད་དང་ཡོད་མོད། དེ་དག་ནི་སྐུ་གང་ཡིན་ཡང་ཐང་གར་འབྲི་བའི་སྐབས་ཀྱི་མཚོན་ཐབས་ཡིན་པས་འདིར་གླེང་བར་མི་བྱ་ལ། དེ་ལྟར་ང་ཚོ་བོད་ཀྱི་ལྷ་ཆོས་ཀྱི་སྐྱབས་གནས་མཐར་ཐུག་པ་དང་དེའི་གཟུགས་བརྙན་ཀུན་པོ་གཞན་ལ་མཛུབ་འཁྲིད་ཀྱི་ཟོལ་གྱིས་ཞི་བ་དང་ཁྲོ་བོ་སོགས་ཀྱི་སྒོ་ནས་གཏོར་མ་དང་གར་གྱིས་ཀྱང་མཚོན་ཐུབ་བྱས་པ་དག་ནི། ཇི་སྐད་བཤད་པའི་མཚོན་ཐབས་དང་ཕལ་ཆེར་འདྲ་བའི་ངང་ནས་སོ་སོ་ལ་ཁྱད་ཆོས་རེ་ཡོད་པ་ནི་སྨོས་མ་དགོས་པ་ཡིནོ། ། 

ཡང་འོ་ན། ལྷ་ཆོས་ཀྱི་སྐུ་གསུང་ཐུགས་གསུམ་དེ་དག་ཐང་ག་སོགས་རིག་གནས་ཀྱི་རྩལ་གྱིས་མཚོན་ཐབས་བྱེད་དགོས་ན་ངེས་པར་དུ་སྔོན་ཆད་ཀྱི་མཚོན་ཐབས་འདི་འདྲ་ཞིག་བཀོལ་དགོས་པ་ཡིན་ནམ་ཞེ་ན། དེ་ནི་ཁྱོན་ནས་མིན་ཏེ། ལྷ་ཆོས་ནང་བསྟན་གྱི་ཤེས་བྱ་ཕྱོགས་ཀུན་ནས་སྒོ་འབྱེད་པའི་ཆེད་དུ། དཔེར་ན་ཀུན་ཏུ་བཟང་པོ་འམ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ལྟ་བུ་ཡང་ད་སྔོན་བྲིས་པའི་མཚོན་དོན་དང་ངོ་སྤྲོད་ལས་ཀྱང་། གཏིང་ཟབ་པ་དང་རྣམ་པ་མི་འདྲ་བའི་སྒང་ནས་འབྲི་ཐུབ་ན་སྒྱུ་རྩལ་གྱི་ངོས་ནས་རིན་ཐང་གཞལ་དུ་མེད་པ་སྨོས་མ་དགོས་མོད། གཏན་བདེ་འཚོལ་སྒྲུབ་ཀྱི་ངོས་ནས་ཀྱང་རྣམ་པ་གསར་བ་དེས་གདུལ་བྱ་འགའ་ལ་གནས་ལུགས་ངོ་འཕྲོད་པའི་དགོས་གལ་ཧ་ཅང་ཆེ་བ་ཡོད་པར་སྙམ། དེས་ན་ངས་འདོད་པ་ནི། མི་ཆོས་སམ་སྒྱུ་རྩལ་གྱི་ངོས་ནས་བཟོ་རིག་པ་སོགས་ཀྱི་རིག་གནས་དེ་དག་ལ་གསར་གཏོད་གལ་ཆེ་བ་སྨོས་ཅི་དགོས་མོད། དད་པའི་ངོས་ནས་རི་མོ་དང་རོལ་དབྱངས། གར་སོགས་ཀྱི་ཤེས་བྱ་དོན་གཉེར་ཅན་ཚོས་ཀྱང་གསར་གཏོད་ནི་འདོར་དགོས་པ་ཞིག་མ་ཡིན་པར་འཆམ་དང་རོལ་མོ་གང་ལ་ཡང་རྣམ་པ་གསར་བའི་ངོས་ནས་ལྷ་ཆོས་མཚོན་ཐབས་བྱས་ཏེ་ཉམས་སུ་ལེན་པ་ནི་ཤིན་ཏུ་འོས་འཚམས་ཤིག་རེད་ཅེས་པ་དེ་ཡིན་ནོ། ། 

      ༈སྒྱུ་རྩལ་དེ་སྐྱེད་བསྲིང་། 

    སྔོན་ཆད་བོད་ཀྱི་རིག་གནས་མང་བོ་ཞིག་ལྷ་ཆོས་ཀྱི་ལག་ཆ་ཙམ་དུ་གྱུར་ནས། དེ་དག་ནི་གཞན་ཡིད་རྣམ་དཀར་གྱི་དགེ་བ་ལ་སྦྱོར་ཐབས་ཤིག་ལས།  གཞན་ཡིད་འགུགས་པའི་ཆེད་དུ་བཀོལ་སྤྱོད་བྱས་པ་མ་ཡིན་པས་སྒྱུ་རྩལ་ཞེས་པའི་མིང་སྙད་རུང་མིན་ནི་ཆ་མ་འཚལ་མོད། ད་ལྟ་ཡོ་བྱད་དེ་དག་ལྷ་ཆོས་ཀྱི་མཆོད་རྫས་ལས་བརྒལ་ནས་མི་ཆོས་སྒྱུ་རྩལ་རིག་པར་ལོངས་སུ་སྤྱོད་བཞིན་པའི་སྐབས་ལ། དེ་དག་ནི་སྒྱུ་རྩལ་ཡིན་མིན་ལ་དོགས་པ་མེད་དེ། དེ་དག་ནི་སྙན་ངག་བཞིན་དུ་མི་རང་རང་སོ་སོའི་དགའ་སྐྱོ་མཚོན་ཕྱིར་དང་ཡང་ན་གཞན་གྱི་ཡིད་དབང་འཕྲོག་པའི་སླད་དུ་བཀོལ་སྤྱོད་གནང་བཞིན་ཡོད་པ་རེད།  དེ་ཚོར་བལྟས་ན་ད་ལྟ་ལྷ་ཆོས་ཀྱི་ལུགས་ལ་བཀོལ་བའི་རིག་གནས་མང་བོ་ཞིག་མི་ཆོས་སུ་གྲལ་འདྲེན་བཟོས་པ་དེས། ལྷ་ཆོས་ལ་བརྩི་འཇོག་མ་བྱས་པ་ཡིན་ནམ་ཞེ་ན།   སྔོན་ཆད་བོད་ཀྱི་རིག་གནས་དེ་དད་པའི་གཞན་དབང་ཅན་ཡིན་པའི་དབང་གིས། ཆོས་ལུགས་པས་བཀོལ་བའི་ཡི་གེ་དང་རྔ་དང་རྒྱ་གླིང་ལྟ་བུ་སོགས་གང་ལ་ཡང་བརྩི་བཀུར་བསམ་ཡང་བརྩི་བཀུར་མ་ཤེས་པར། ཡི་གེ་ལྟ་བུའི་ཁྱབ་ཁོངས་ཇི་ལྟར་རྒྱ་ཆེ་བར་གཏོང་བའི་ཐབས་ཤེས་ཀྱི་འཚོལ་སྒྲུབ་བསྐྱུར་ཏེ། ཕལ་ཆེར་ལྷ་ཆོས་ཁོ་ནའི་གྲལ་རིམ་ནས་ཁྲི་ལ་བཞག་པ་ལྟ་བུའི་བརྩི་འཇོག་དེ་འདྲ་བྱས་པ་རེད།

རྒྱ་གླིང་དང་ཐང་ག་ལ་ཡང་དེ་འདྲ་བྱས་པ་རེད། གནས་ཚུལ་འདི་འདྲ་ནི་སྒྱུ་རྩལ་གྱི་ངོས་ནས་བསམ་ན། དེ་ནི་ང་ཚོའི་ཆེས་ཆེ་བའི་ནོར་འཁྲུལ་ཞིག་ཏུ་བརྩི་དགོས་པ་མིན་ནམ། བོད་ཀྱི་ཡི་གེ་དང་རྒྱ་གླིང་། ཐང་ག་དང་གཏོར་མ་ལྟ་བུ་སོགས་ཚང་མ་རིག་གནས་ཡིན་པ་རེད།རིག་གནས་ནི་ལག་ཆ་ཙམ་ཡིན་པས། སངས་རྒྱས་པས་དེ་ཉིད་རང་གི་ལྟ་གྲུབ་མཚོན་ཕྱིར་དུ་བཀོལ་སྤྱོད་གནང་བ་ཙམ་ཡིན་པ་ལས། ལག་ཆ་དེ་ནི་སངས་རྒྱས་མ་རེད་ལ་སངས་རྒྱས་པའི་བསྟན་པ་འང་མིན་པས། དེ་དག་ནི་སྒྱུ་རྩལ་གྱི་ངོས་ནས་བཀོལ་སྤྱོད་སྣ་མ་སྣ་ཚོགས་བྱས་ཀྱང་སྐྱོན་ག་རེ་ཡོད་ཨང་། གལ་ཏེ། སངས་རྒྱས་པས་བཀོལ་བའི་ཡོ་བྱད་མཐའ་དག་རྣམ་པ་གཞན་དུ་བཀོལ་སྤྱོད་མི་རུང་ན། ལྷམ་ཡང་མི་ཆོས་པས་བཀོལ་སྤྱོད་གནང་མི་རུང་བར་ཐལ་བ་སོགས་མང་བས་དེ་འདྲ་དེ་ནི་ཧ་ཅང་དགོད་བྲོ་བ་ཞིག་མ་རེད་དམ། མདོར་ན། དད་པ་དང་བརྩི་འཇོག་གི་སྒོ་ནས་བོད་ཀྱི་ཡི་གེ་དེ་ལྷམ་གྱི་མཐིལ་ལྟ་བུར་འབྲི་མི་རུང་བ་དང་། བོད་ཀྱི་རྒྱ་གླིང་དེ་ཆོ་ག་མིན་སར་འབུད་མི་རུང་བ་དང་། བོད་ཀྱི་ཐང་ག་ལྟ་བུ་ཡང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་བྱེད་དུ་འབྲི་མི་རུང་བར་བཤད་པ་དག་ནི། དཔེར་ན། ངས་རང་གི་བུ་རྒྱུད་ཤིན་ཏུ་གཅེས་པས།རིག་གནས་སློབ་པའི་དཀའ་ངལ་བརྒྱུད་དུ་འཇོག་མི་ཉན་ཞེས་པའི་སྔོན་གྱི་འབྲོག་རྒན་འགའི་བསམ་བློ་དང་དངོས་གནས་གཅིག་འདྲ་རེད་ཨང་།

དེ་བས་ལྷ་ཆོས་ཀྱི་ཡོ་བྱད་དེ་དག་རྣམ་པ་གཞན་དུ་བེད་སྤྱོད་བྱས་པ་དེས་ལྷ་ཆོས་ལ་ཉམས་ཉེས་བྱས་པ་ཡིན་མིན་ནི་ཀུན་སློང་དང་འབྲེལ་བ་ཆེ་སྟེ། དཔེར་ན། དེང་སང་སངས་རྒྱས་ཀྱི་སྐུ་བརྙན་ལ་འོ་བྱ་བཞིན་པའི་པར་རིས་མཆིས་པ་དག་ཀྱང་བསམ་པ་སངས་རྒྱས་ལ་དམའ་འབེབས་པའི་ཆེད་དུ་མིན་པར་སྒྱུ་རྩལ་རང་གི་ངོས་ཀྱི་སྤྱོད་པ་ཡིན་ན་ཅི་ཡང་མི་སྐྱོན་པར་སྙམ་སྟེ། སྙན་ངག་ནི་ཆོས་ལུགས་ཀྱི་ལག་ནས་ལྷ་ཆོས་ཀྱི་རྗོད་བྱེད་ཅིག་ཡིན་ཡང་། སྒྱུ་རྩལ་གྱི་ངོས་ནས་འཁྲིག་སྤྱོད་རྗོད་བྱེད་དུ་བྱས་ཀྱང་མིག་ལ་མི་འཚམས་པའི་གཟན་པོ་གང་ཡང་མིན་པ་ལྟ་བུའོ། ། དེ་འདྲ་ཡིན་དུས། ད་ལྟའི་གནས་བབས་ཀྱི་འགྲོས་དང་ལོ་རྒྱུས་ཀྱི་འགྲོས་བསྡུར་ན་དེ་འདྲ་བའི་ལག་ཆའི་རིག་གནས་མང་བོ་ཞིག་ལྷ་ཆོས་ཀྱིས་མི་ཆོས་ལ་ཤུགས་རྐྱེན་ཐེབས་པ་དང་། མི་ཆོས་ནས་ལྷ་ཆོས་ལ་དར་བའི་སྣང་ཚུལ་མང་པོ་འབྱུང་བ་ནི་རྒྱུན་ལྡན་ཡིན་པས་མཚར་དགོས་པ་གང་ཡང་མིན་ལ། ཚན་རིག་དང་འཕྲུལ་ཆས་ལྟ་བུའི་དེང་རབས་ཀྱི་ལག་ཆ་འདི་དག་ཀྱང་། སྔོན་ཆད་ལྷ་ཆོས་ཀྱི་ལོངས་སུ་སྤྱོད་པའི་ལག་ཆ་མིན་ཡང་ད་ལྟ་དགོས་མཁོའི་དབང་གིས་ཆོས་ལུགས་པས་ཀྱང་རང་གི་རིག་གནས་ཀྱི་ཁོངས་ལ་གདན་ཞུ་བྱས་ན་མི་འགྲིག་པ་ཅི་ཞིག་ཡོད། དཔེར་ན། ངས་དོ་ཞག་ཅིག་ལ་ཁ་མཚར་གྱི་ངང་ནས། སྔོན་ཆད་ཐོས་གྲོལ་གྱི་ཆོ་ག་སོགས་དབང་གི་ངོ་སྤྲོད་ཀྱི་སྐབས་སུ་ཙཀ་ལི་ཞེས་པའི་པར་རིས་མང་བོ་བེད་སྤྱོད་པའི་སྲོལ་ཡོད་ཀྱང་། ད་ལྟ་འཆིང་བཟུང་རྩིས་འཕྲུལ་གྱི་ནང་དུ་ཙཀ་ལི་པར་ནས་རིམ་བཞིན་བརྗེས་རེ་ངོ་སྤྲོད་གནང་ན་ཧ་ཅང་སྟབས་བདེ་བོ་རེད་ཅེས་སྨྲས་པ་ཡིན།  འདི་དང་འདྲ་བའི་ངང་ནས་ང་ཚོས་མི་ཆོས་རིག་གནས་ཀྱང་ལྷ་ཆོས་ཀྱི་ལོངས་སྤྱོད་ལ་དང་ལེན་བཟོས་ན་མི་འགྲིག་གང་ཡང་མེད་པར་སྙམ་ཡོད། 

དེས་ན། མཐར་བསྡུ་རྒྱུ་ན། ང་ཚོས་སྒྱུ་རྩལ་འཚོལ་སྒྲུབ་བྱེད་པ་ལ་ངེས་པར་དུ་རིག་གནས་གང་ཡིན་ཡང་མཉམ་འཇོག་གི་སྒོ་ནས་སོ་སོ་ལ་ཁྱད་པར་བའི་སྒྱུ་རྩོམ་གྱི་གཤིས་ཀ་ཡོད་མེད་བཙལ་ནས་བཀོལ་སྤྱོད་འདྲ་དང་མི་འདྲ་གནང་བ་དང་། མིན་ན་མཉམ་དུ་བསྲེ་སྦྱོར་བཟོ་བ་སོགས། མདོར་ན་བཀག་སྡོམ་མམ་ཚད་གང་ཡང་མེད་པར་གསར་གཏོད་དང་གཤིས་ཀ་ཁྱད་པར་བ་འཚོལ་སྙེག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་སྒྱུ་རྩལ་སྐྱེད་བསྲིང་བཟོ་སྟངས་ཤིག་རེད་ཅེས་པ་དེ་ཡིན་ནོ། །  དེང་སང་ཁ་ཅིག་གིས་ནུབ་ཕྱོགས་པའི་རིག་གནས་དང་སྒྱུ་རྩལ་གྱི་གཤིས་ཀ་རེ་བེད་སྤྱད་ནས་གསར་གཏོད་དང་དེང་རབས་ཞེས་རླབས་ཆེན་ཞིག་ཡིན་མདོག་གིས་འུད་ཤོབ་སྒྲག་གིན་ཡོད་ན་ཡང་། ད་ལྟ་དུས་ཚོད་ཀྱི་འགྲོས་ནི་སྐད་ཅིག་སྐད་ཅིག་གིས་རྒྱང་དུ་བཞུད་པ་ལ་བརྟེན་ནས། རྩོམ་རིག་དང་རི་མོ། རོལ་དབྱངས་དང་གར་སོགས་ཅི་ཡིན་རུང་ནུབ་ཕྱོགས་ཀྱི་རིག་གནས་ཀྱི་རྦ་རླབས་དེ་དག་ཀྱང་ད་ལྟ་ཤེས་བྱ་རྙིང་བ་ཞིག་ཏུ་འགྱུར་བཞིན་ཡོད་པས། ང་ཚོས་སྒྱུ་རྩལ་ལ་བཅང་བའི་བརྩེ་བས་ཕ་བཟང་པོས་རང་གི་བུ་ལ་རིག་གནས་སློབ་ཏུ་དའཇུག་པ་ལྟར་སྒྱུ་རྩལ་ལ་བསྐྱེད་བསྲིང་བཟོ་དགོས་ཏེ། ལད་ཟློས་མིན་པའི་སོ་སོས་སྒྱུ་རྩལ་གྱི་རང་ཚུགས་རེ་འཚོལ་བ་འམ། ཡང་ན་སྒྱུ་རྩལ་ལ་བཅང་བའི་ལག་རྗེས་ཟབ་མོ་ཞིག་འཇོག་པར་འབད་འབུངས་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེ་བར་སྙམ་སོང་། 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།