《སྨུག་པ》ཞེས་པའི་ལྷུག་རྩོམ་ཞིག

1252


རྩོམ་པ་པོ། བཙན།(གསེར་རྟ)


མ་གཞིར་ང་ལ་ཤེལ་ལྟར་དྭངས་པའི་སེམས་པ་ཞིག་ཡོད་ལ། མུན་ནག་ཏུ་གཉིད་པའི་མིག་ཅིག་ཀྱང་ཡོད། ཡང་ན་ངའི་ཁོར་ཡུག་ན་ཉིན་མཚན་དུས་དྲུག་ཏུ་དྭངས་པ་མེད་པའི་སྨུག་པ་ཞིག་འཐིབ་ཡོད་ལ།བདག་ནི་དེའི་ཁྲོད་དུ་གོམ་ཁ་འཁྱོལ་ཞིང་མིག་ཟུང་འཐིབ་པར་གྱུར་འགྲོ།

ཞོགས་ཁ་རེ་རེར། ང་རང་རེ་སྨོན་དང་ཡིད་ཆེས་ལ་བསྡོངས་ཏེ་སྒོར་བུད་ན་ཡང་། རྔམ་མཐུག་པའི་སྨུག་པ་དེའི་འོག་ཏུ། ངའི་ལུས་ཕོང་འདི་ནི་ཇི་འདྲའི་ཉམ་ཆུང་ཨང་། དེ་བས་ཀྱང་ཁོ་ཚོས་ང་ལ་འདི་ལྟར་ཤོད་པ་ནི་དེ་ལས་ཀྱང་སྐྱི་གཡའ་བ་ཞིག་རེད་ཨང་། གལ་ཏེ་ང་ལ་རྩལ་གྱིས་ཕྱུག་པའི་གཤོག་ཟུང་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། འཕུར་ལམ་ནི་ཇི་འདྲའི་དོག་ཨང་། ངས་རང་གི་ཡིད་ཆེས་ལ་ཡང་དེ་ཙམ་ཡིད་ཆེས་བྱེད་མ་ཐུབ་པས། ང་ནི་འཇིག་རྟེན་གྱི་འོད་སྣང་མཐོང་མ་ཐག་པའི་ཁྱེའུ་ཆུང་ཞིག་དང་འདྲ་མོད། འོན་ཀྱང་ངའི་འཇིག་རྟེན་དུ་ཉིན་མཚན་དུས་དྲུག་ཏུ་འཐིབ་པའི་སྨུག་པ་འདིའི་ཁྲོད་དུ། ང་ནི་སླར་ཡང་བར་དོའི་ཉིང་འཁྲུལ་གྱིས་མནར་བའི་རྣམ་ཤེས་ཤིག་ཏུ་གྱུར་འགྲོ།

ཀྱེ་ཀྱེ། སྨུག་པ་འདི་ནི་ཇི་འདྲའི་རྔམ་མཐུག་པ་ལ་ཨང་། བསྙབ་པས་ཐོགས་རེག་མེད་ལ། བལྟས་པའི་གཟུགས་ཀྱང་མེད་པར་ཡང་ཟོར་འཁྱུག་ཉམས་ཀྱིས་ཕྱུག་པའི་སྨུག་པ་འདི་ཨང་། སུ་ཞིག་གིས་འཛིན་པའི་གླགས་འཚོལ་བ་ནི་ལས་སླ་བོ་ཞིག་གཏན་ནས་མིན་པས། སྐབས་སྐབས་སུ་ང་ཡང་སྨུག་པ་འདིའི་ནང་ནས་ལམ་སྟོར་ཏེ་རང་ཉིད་ཡོང་སའི་ས་དང་འགྲོ་སའི་གནས་ཀྱང་བརྗེད་པར་གྱུར་འགྲོ། སྨུག་པ། སྨུག་པ། སྲབ་ཅིང་ཡང་ལ་ཞི་ཞིང་འཇམ་མོད། དེ་ནི་མི་རྣམས་ཀྱི་མིག་ནང་དུ་འཚང་བར་གོམས་པས། མི་རྣམས་ཀྱི་མཐོང་ལམ་བཀག་སྟེ་གཟར་མོའི་གཡང་ལས་འཕེན་པར་བྱེད་ལ། མི་རྣམས་ལམ་ནོར་ཐེབས་སུ་བཅུག་སྟེ་རང་མགོ་རང་གིས་གཅོག་པར་བྱེད་པའི་མཐུན་རྐྱེན་ཡང་སྦྱོར་བར་བྱེད།

མི་འགའ་རེས། སྨུག་པ་ནི་དཀར་ཞིང་གཙང་ལ་ཞི་ཞིང་འཇམ་པས། རྡུལ་རླུང་འཚིབ་པ་དང་ཡེ་ནས་མི་འདྲ་ཟེར། ཏག་ཏག་དེ་འདྲ་ཡིན་སྲིད་དེ། རྡུལ་རླུང་འཚིབ་ཚེ། མི་རྣམས་ཀྱིས་དེ་ནི་རང་ཉིད་ཀྱི་གྲོགས་པོ་ཞིག་མིན་པ་ཤེས་ནས། རྡུལ་རླུང་མ་འཇགས་ཀྱི་བར་དུ་འབད་འཐབ་དྲག་པོ་བྱས་ཏེ་མཚར་སྡུག་གི་མ་འོངས་ལ་རེ་བ་བྱེད་མོད། སྨུག་པས་ནི་མི་རྣམས་བློ་བདེ་བག་ཕེབས་ཀྱིས་གཉིད་དུ་བཅུག་ཡོད། མངར་དྲག་པའི་རྨི་ལམ་དང་དཀར་དྲག་པའི་ཁ་དོག་དེའི་དབང་གིས། མི་རྣམས་སྐྲག་ཀྱང་མི་ཕོད་ལ། བྲེལ་ཡང་མི་ནུས་པར་བཏང་བས། མགོ་ན་ཡང་ན་ཚུལ་བརྗོད་མི་ཤེས་པའི་ལྐུགས་པ་དང་འདྲ་བར་ལྷ་ཨན་ལའི་རལ་གྲིར་སྐྲག་ནས་ཀླེགས་བམ་ཀློག་གིན་ཡོད།

སྨུག་པ་འདི་དཀར་དྲག་པས་ཡིན་ནམ། འདིས་བསྒྲིབ་པ་ནི་མདུན་ཕྱོགས་ཀྱི་གཞུང་ལམ་ཁོ་ན་མ་ཡིན་པར། རྒྱབ་ཕྱོགས་ཀྱི་ལམ་ཕྲན་དག་ཀྱག་བསྒྲིབ་ནས་མི་གསལ་བར་བྱས་ཡོད་པས། ང་ཚོས་རང་ཉིད་ཀྱང་དོན་དངོས་སུ་སུ་ཞིག་ཡིན་པ་བརྗེད་ངེས་སུ་གྱུར་སོང་།

ཞོགས་པ་རེ་རེར་ངས་ང་རང་ཐག་རིང་ཞིག་ཏུ་འགྲོ་དགོས་བསམ་ཡང་། ང་ནི་རང་རང་དབང་མེད་པར་སྨུག་པ་འདིའི་ཁྲོད་དུ་མགོ་འཁོར་ནས་འགྲོ་བས། མཐའ་མར་རབ་རིབ་མག་མོག་གིས་འཚོ་བ་སྐྱེལ་ཙམ་བྱེད་པ་ལས། ཐག་རིང་ཞིག་ཏུ་ནམ་ཡང་འབྱོར་མི་ཐུབ། གཅིག་བྱས་ན། ང་དང་ཕྱི་རོལ་གྱི་འཇིག་རྟེན་གཉིས། ཁ་ཐག་ཧ་ཅང་ཉེ་ཡང་སྲིད་མོད། སྨུག་པ་འདིས་ང་ཡི་མཐོང་ལམ་བསྒྲིབས་ཏེ། ང་དང་འཇིག་རྟེན་གཞན་དེ་གཉིས་ཀྱི་བར་ཐག་དེ་བློ་ཡིས་དཔོག་པར་དཀའ་བའི་ཚད་དུ་བསྐྱལ་འགྲོ། ཨ་ཧོ། བསྙབ་ན་ལག་པས་མི་ཟིན་ལ། གཤགས་ན་གྲི་ཡིས་མི་ཆོད་པའི། སོང་ཚེ་འགྲོ་ལམ་བཀག་ཡོང་བའི་སྨུག་པ་འདི་ཨང་། འདིས་ང་ཚོ་གསོན་གསོན་དུ་བེམ་རོར་བསྒྱུར་འགྲོ།

སྨུག་པ་འདིའི་ཁྲོད་དུ་ང་ཡི་སྡུག་བསྔལ་ལ་དཔང་རྟགས་གང་ཞིག་འཇོག་གམ། ཐབས་ཆགས་ཀྱི་ལས་ཀའི་ཁྲོད་སྡུག་ཤི་བརྒྱབ་སོང་བའི་འབྲི་འོ་དང་རྩྭ་ཐང་ལ་དགའ་བའི་འབྲོག་མོ་ལས་ངན་དེ་དག ངོ་ཚ་དང་འཇིགས་སྐྲག་གི་ཁྲོད་ནས་སྨྱོས་པ་ལྟར་དཔོན་གནས་བསྙེགས་སོང་བའི་ལས་བྱེད་ཡིག་རྨོངས་པ་དེ་དག རེ་ཆད་དང་འཁང་རའི་ཁྲོད་ཉམ་ཆུང་གིས་འཚོ་བའི་དགེ་རྒན་ལོ་གཞོན་དེ་དག རྩོམ་འབྲི་དང་ཆང་རག་ལ་དགའ་བའི་དད་པ་ཅན་གྱི་སློབ་ཆེན་པ་དབུལ་བོ་དེ་དག བོད་སྐད་མི་ཤེས་ཤིང་ནོར་གནག་ལ་སྐྲག་པའི་ཏང་ཡོན་བོད་མོ་གཅེས་ལངས་མ་དེ་དག ཟླ་ཕོགས་དང་དུ་ཆང་གི་ཁྲོད་ན་རུལ་གྱིན་པའི་གསར་བུ་སྣང་བསོར་དེ་དག སློབ་སྐལ་ཆད་སོང་བའི་བྱིས་པ་རིག་ཡག་དེ་དག རེད་ཡ། ཡོད་ཚད་ང་ཡི་སྡུག་བསྔལ་གྱི་དཔང་རྟགས་རེད་ཨང།

                                             2019、12、12

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།