ཁ་བའི་ཕ་ཡུལ་དང་འབྲེལ་བའི་ལྷུག་རྩོམ་ཚན་པ་གཉིས།

41434



  ཁ་བ། དངོས་མིང་ལ་འཛོམས་པ་དར་རྒྱས་ཟེར།ཕ་ཡུལ་སི་ཁྲོན་དཀར་མཛེས་གསེར་རྟ་ནས་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་ན་རབ་འབྱམས་པའི་བསླབ་གནས་གཉེར་གྱིན་ཡོད།   ང་རང་སློབ་ཆུང་ནས་རྩོམ་འབྲིའི་ལམ་ལ་ཞུགས་པ་ཡིན། སྨྱུ་གུའི་རྩེ་ནས་རང་དབང་གི་རྨི་ལམ་རྨི་བའི་བསླུ་བྲིད་ཀྱི་རྐྱེན་ནམ་འདུན་པ་དེའི་ཕྱིར། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བར་རྩོམ་འབྲི་ཨང་དང་པོ་དང་བསླབ་ཚན་ཨང་གཉིས་པ་རུ་བཞག་པས། ནམ་ཡང་སྦྱང་འབྲས་བཟང་བའི་བྱ་དགའ་མང་པོ་ཐོབ་མ་མྱོང་ལ། དགེ་རྒན་གྱི་ཐུགས་རྩིས་ཆེ་ཞིང་སྐྱོན་ཀུན་ཟད་ཀྱི་སློབ་མ་གཅེས་ཐོ་ཞིག་ཏུའང་འགྱུར་མ་མྱོང། དེ་ནི་ང་ལ་མཚོན་འགྱོད་པ་བྲལ་བའི་འདས་དོན་ཤིན་ཏུ་སྐྱིད་པོ་ཞིག་ཏུ་འདོད། གང་ལྟར་གནོན་ཤུགས་དང་ཕམ་ཁ་ཅི་དང་གང་ལ་ཐུག་ཀྱང་གསར་རྩོམ་གྱི་ལམ་ག་འདི་འདོར་མ་མྱོང་ཞེས་བཤད་ན་ཆོག་ལ།  དེ་དང་བསྟུན་སྔ་གཞིག་ཏུ་བོད་ཁུལ་གྱི་དུས་དེབ་དང་དྲྭ་ཚུགས་ཁག་ཏུ་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག་སོགས་མི་ཉུང་བ་སྤེལ་མྱོང་། འཐུས་ཚབ་བརྩམས་ཆོས་་སུ་བགྲང་རུང་བ་ནི།  སྒྲུང་གཏམ《རྡོ་བ་ཉི་ཁྲི》 དང་། གསར་བྲིས་སྒྲུང་གཏམ《རྐུན་མ། རྐུན་མ》  མུ་འབྲེལ་སྙན་ངག་རིང་མོ《སྡིག་སྒྲིབ་དང་འགྱོད་བཤགས་བར་གྱི་སེམས་ཚེགས》དང་། སྙན་ངག་ཐུང་གྲས《སྲོག་གི་སྡོང་རྒན་འགྱེལ་བའི་ཆོམ་སྒྲ》སོགས་ཡོད།  

                   ཡུལ་དུ་ལོག་པ།     


   ཕ་ཡུལ་དུ་ལོག་ཐེངས་རེ་རེར། ལྷ་ཀླུ་གཉན་གསུམ་གྱིས་བདག་གིར་བཟུང་བའི་རི་རབ་ཁྲོད་ཀྱི་འབྲོག་སྡེ་རུ། ང་ནི་ཟླ་བརྒྱད་པའི་ནང་རྩ་གསེབ་ནས་འཕུར་འོང་བའི་ཕྱེ་ལེབ་ཅིག་གི་ཚད་ན་འདུག ངས་ཡུལ་མི་ཚོར་དུངས་ཞེན་གྱི་འཚམས་འདྲི་ཇི་ལྟར་བགྱིས་ཀྱང་། ཁོ་ཚོ་ནི་ཚེ་སྲོག་གི་མཐའ་མཇུག་ཙག་རླུང་གིས་འཁུར་བའི་མེ་ཏོག་སྐམ་པོ་བཞིན། སུ་ཡང་ང་དང་ཉེ་བར་མི་བཏུད་ལ། སུས་ཀྱང་ང་ལ་དོ་སྣང་བྱེད་མི་སྲིད།དོན་དངོས།  ང་རང་ཕ་ཡུལ་ལ་ལོག་པ་ནི་མི་མེད་ལུང་སྟོང་དུ་སྐྱོད་པ་བཞིན།   གནས་ཡུལ་འདི་རུ་ཁེར་རྐྱང་དང་སྐྱོ་སུན་གྱི་འཁུར་བོ་ལས་ཅིའང་མི་འདུག

    ཕ་ཡུལ་དུ་ལོག་ཐེངས་རེར། འདས་པོའི་གཤིན་ཆོས་དང་གཞོན་པའི་གཉེན་སྟོན་གྱི་ཆོ་གར་བྲེལ་བའི་ཡུལ་མི་ཚོ་ནི།  བདག་གིས་ཐག་རིང་ནས་དྲན་པའི་འབྲོང་གི་བདག་པོ་བཞིན་དེ་འདྲའི་རྣམ་དག་ཅིག་ཡེ་ནས་མིན་པར།ཁོ་ཚོས་གཉུག་མའི་ཚེ་སྲོག་ལ་གསེར་དང་བྱུ་རུས་རིན་གོང་བཏབས་ནས།ཡང་ན་རྣམ་ཤེས་ཀྱི་ཁམས་ལ་དབང་ཤུགས་ཀྱིས་བཙན་གཡེམ་བྱས་པའི་རྒྱལ་ཁ་དག  མཐའ་མཇུག་གི་འཚོ་གནས་དང་འཚོ་གནས་ཀྱི་བདེན་པར་གྲུབ་ནས། ཡང་མེས་ཚོའི་ཤ་ཁྲག་གི་ཕ་ས་དྲོན་མོ་རུ།རང་ཉིད་མགོ་རྟིང་སློག་སའི་དུར་ས་ཤིག་འཚོལ་གིན་འདུག  དབུལ་ཕྱུག་གི་དབྱེ་བ་མེད་པར།ཚང་མ་རང་གི་མིང་བྱང་མེད་པའི་དུར་སྒམ་དུ་འཚང་ག་རྒྱག་བཞིན།ང་ལ་ཁྲེལ་དགོད་དང་སྙིང་རྗེ་ཡི་འཁང་རའང་བྱེད་གིན་འདུག གནས་ཡུལ་འདིའི་མི་རྣམས་ནི།  སྔོན་ཆད་རང་དབང་གིས་འཕུར་མྱོང་བའི་རྒོད་པོ་དག་གི་རིགས་རྒྱུད་ཡེ་ནས་མིན་པར།  གནས་ཡུལ་འདིའི་མི་རྣམས་ནི། མཛེས་སྡུག་གི་ལོ་རྒྱུས་དང་གཏན་དུ་གྱེས་པའི།  ཁ་ཕྱོགས་བྲལ་བའི་དམིགས་མེད་ཀྱི་སྲོག་ཆགས་ཁྱུ་ཞིག་རེད།  དེའི་ཁྲོད་དུ།  བདག་གི་སྙིང་ཉེ་བའི་མི་གང་མང་ཞིག་ཀྱང་ཡོད་པར་སྲིད་མོད།  ཁ་ཚོའི་བཤད་ན། ང་ནི་གནས་ཡུལ་འདའི་བས་མཐར་ལུས་པའི་ཅ་ལག་ཡ་མཚན་ཞིག་རེད་ཟེར་བ་དེའོ།།  

    ཕ་ཡུལ་དུ་ལོག་ཐེངས་རེར།ངས་ཆུང་དུས་དགའ་མྱོང་སའི་བུ་མོ་དེ་དྲན་གྱིན།ངེད་གཉིས་ཀྱི་ཞེ་འདང་གི་ལུག་ཁྱུ་བཀྲམ་ས་དང་བརྩེ་བའི་མེ་ཏོག་སྐྱོང་སའི་ཆུ་འགྲམ་དུ་ཕྱིན་ཀྱང་།  ད་ནི་ཡོད་ཚད་ཁང་བརྩེགས་འཕྲུལ་འཁོར་གྱིས་བརྫིས་ཚར་བས། དེ་རུ་འབྱོར་བ་ནི་ང་རང་རྒས་བཞིན་པ་དང་འགྱུར་ཚར་བའི་བདེན་པ་སྟེར་བ་བཞིན།སེམས་པ་བློང་བློང་གིས་གོམ་ཁ་མི་སྒྱུར་ག་མེད་རེད།  དོན་དངོས་ངས་ཕ་ཡུལ་དྲན་པ་བཞིན་སུས་ཀྱང་ང་རང་དྲན་པར་མི་སྲིད་ལ།ཐ་ན་ངའི་རྣམ་ཤེས་ལྟ་བུའི་བུ་མོ་དེས་ཀྱང་ང་རང་དྲན་ཡོད་མི་སྲིད།དེ་ནི་མ་གཞི་ནས་བརྩེ་འདང་གི་བར་ཐག་རིང་དུ་ཕྱིན་པས་ཡིན་སྲིད་དེ།  ངས་ཁོ་མོ་དྲན་ཐེངས་རེར་བུ་མོ་གཞན་ཞིག་ལ་འཁྱུད་ནས།  དེ་ནི་ཁོ་མོ་ཡིན་པར་ཨུ་ཚུགས་ཀྱིས་བློས་བསླངས་བྱས་མྱོང་མོད།  ཕ་ཡུལ་དུ་ལོག་ཐེངས་རེར། སུས་ཀྱང་ཁོ་མོའི་ཚབ་མཚོན་མི་ཐུབ་པ་ཚོར་འོང་།ཡིན་ནའང་།ཁོ་མོ་ནི་ཕ་ཡུལ་ནང་བཞིན་ཧམ་སེམས་ཀྱི་ལག་པས་རྒྱང་རིང་དུ་བཏང་འདུག་སྟེ།  ང་རང་ཁྲུང་ཁྲུང་གི་གཤོག་རྡང་ལ་སྤྲུལ་ནས་ཁོ་མོར་ཅི་ཙམ་བསྐོར་ཡང་། ཁོ་མོའི་ཡིད་དུ་འོང་བའི་གཞོན་དུས་ཀྱི་ལོ་ཟླ། གཡོ་རྒྱུ་ཆེ་བའི་མི་ཚོགས་ཀྱི་ཁ་རླངས་འོག་ཁྱིར་མིད་དུ་བཏང་ཚར་བས།  ཡིད་རྟོན་བྲལ་བའི་མིག་མདངས་སུ་རྒས་ཤིང་གོག་པའི་ཚེ་སྲོག་གི་གྱང་རོ་འགྱེལ་འདུག  ཁོ་མོའི་དྲི་མེད་དག་གཙང་གི་བརྩེ་བའི་གངས་རི། ངོ་རྒོལ་དཀའ་བའི་ཤོག་སྒོར་གྱི་སྟོབས་ཤུགས་འོག་ཐལ་བ་རྡུལ་དུ་གྱུར་ཚར་བས།  མི་ཚེ་ཚོང་རྫས་སུ་གྱུར་བའི་ཚུལ་འཆོས་ཀྱི་འཛུམ་མདངས་སུ་མི་སྡུག་པའི་སྐྱོ་གར་རེ་རེའི་རྗེས་ཤུལ་དོད་འདུག ཁོ་མོ་དང་བར་ཐག་གིས་ཆོད་པའི་ལམ་བུ་དེ།  ཆར་འཇམ་དང་ཉི་འོད་ཀྱིས་ཇི་ལྟར་རུམ་ཡང་ཚེ་སྲོག་སྨིན་མི་སྲིད་པའི་རྡོ་དང་རྡེའུ་རེད།   སེམས་དང་སེམས་པ་སྦྱར་སའི་འཇིག་རྟེན་གྱི་གྲུ་ག་ཐུ་སྣེ་ཙམ་དེའང་། ངོ་ཚ་བྲལ་བའི་མུན་ནག་གི་ལག་པས་ཚལ་བར་གཤགས་འདུག  ད་ལྟ་བསམ་ན། ཕ་ཡུལ་ན་ང་ལ་ཅིའང་མེད་ལ། ཕ་ཡུལ་ན་ངས་དྲན་འོས་པའང་ཅིའང་ཡོད་མི་སྲིད།  

    ཕ་ཡུལ་དུ་ལོག་ཐེངས་རེར།  ཆུང་དུས་ཀྱི་སྐར་མ་སྒུམ་རོགས་ཀྱི་ལུག་ཁྱུ་དག་རིག་ན་འདོད། དེ་དུས།  ང་དང་ལུག་ཁྱུའི་རང་དབང་གི་ནམ་མཁའ་སྟེ། རིལ་མ་དང་རྐང་རྗེས་སུ་མགྱོགས་འགྲན་སའི་ལུང་ལུ་ཤུར་ཤུར་དག་ཀྱང་རིག་ན་འདོད།  འོན་ཀྱང་།  ལྷ་ཆེན་པོའི་བཀའ་ལུང་སྒྲོག་པའི་ཆོས་དཔོན་ཚོའི་ཕྱག་དར་གྱི་འོག་ན་སྟོབས་ཤུགས་དང་གྲངས་ཀ་རྒྱས་བཞིན་པའི་སྤྱང་ཚོགས་ཀྱི་མཆེ་སྡེར་གྱི་བར་ན། ངའི་ཡིད་དུ་འོང་བའི་ལུག་ཁྱུའི་མཇུག་མཐའི་རིགས་རྒྱུད་གཉོམ་པོ། ཧམ་སེམས་འབར་བའི་ཉི་འོད་ཀྱི་ལྕེ་རྩེ་ན་ཇེ་ཆུང་དུ་འགྲོ་བཞིན་པའི་ཁ་བའི་འདབ་ལོ་སྲོ་མང་ཙམ་རེད། ད་དུང་ང་དང་ལུག་ཁྱུའི་རང་དབང་གི་ནམ་མཁའ་ཆུང་ཆུངའང་།ལོ་རྒྱུས་ཤིག་གི་སྙིང་ཁྲག་བཞུར་སའི་དབང་རྩ་དགག་པའི་རྣོ་ལྕགས་ཀྱི་གཟེབ་འོག་ན་འདར་གིན་འདུག

    ཕ་ཡུལ་དུ་ལོག་ཐེངས་རེར། བྱིས་དུས་སྤར་འཛིང་བྱེད་རོགས་ཀྱི་རྩེད་རོགས་ཚོ་མཐོང་ན་འདོད། དེ་དུས།  ང་དང་རྩེད་རོགས་ཚོའི་ཕུག་བསམ་གྱི་དག་ཞིང་སྟེ།  རྣམ་ཤེས་ཀྱི་སྐུད་སྣེ་ལ་ཤོག་བྱ་བཏགས་ནས་སྤུར་སའི་རྐང་ལམ་ཀྱ་ཀྱུ་དག་ཀྱང་མཐོང་ན་འདོད།  འོན་ཀྱང་།   རུལ་སུང་གི་བམ་ཤ་འབྲུག་པའི་སྤྱི་ཚོགས་ཀྱི་ཁྲོམ་ར་ན། ལྷ་སྒྲུང་དང་འཕྲུལ་ཆས་བྲིན་བཞིན་པའི་བསླུ་བྲིད་ཀྱི་མེ་ལྕེའི་ཀློང་ན།  ངའི་སྙིང་ནས་དགའ་བའི་རྩེད་རོགས་ཚོའི་མཇུག་མཐའི་བླ་སྲོག་གི་ལྗོན་པ་སྙི་མོ།  ནད་ཡམས་ཀྱི་ལྕེབས་ཐག་རིང་བོས་འདྲུད་པའི། ཆུ་རྣག་གི་གཙང་བོ་ལ་བྱིངས་བའི་མུ་སྡུག་པའི་ས་བོན་རི་རབ་ཙམ་རེད། ད་དུང་།ང་དང་རྩེད་རོགས་ཚོའི་ཕུག་བསམ་གྱི་དག་ཞིང་རིང་མོ།  ས་རྡོ་ཡི་ཡིག་འབྲུ་མུར་བའི་དགེ་རྒན་ཚོའི་གནའ་བོའི་ལེགས་བཤད་ཀྱི་བཤན་གྲིའི་སོ་ཁ་ན་ཟད་གིན་འདུག

    ཕ་ཡུལ་དུ་ལོག་ཐེངས་རེར། འབྲོང་གི་རྭ་རྩེ་ནས་འཐོར་བའི་བཙན་པོའི་རྒྱལ་རབས་དང་།མཚོན་གྱི་སོ་ཁ་ནས་གྱེས་པའི་ཕུ་ནུའི་གཞིས་བྱེས་ལ།  ཨ་ལ་ལ་མོའི་དྲན་གླུ་དང་ཀི་ཀི་བསོ་བསོའི་ར་མདའ་བསྒྲན་པའི་གསང་མཐོའི་ང་རོ་དག  སྨད་འཚོང་མ་ཞིག་གི་གདོང་ལ་བརྐུས་པའི་ཚོན་རྩི་བཞིན། བདག་གི་གས་ཆག་གི་སེམས་པ་བཙན་གྱིས་ཤོག་དངུལ་གྱི་ཕོ་བྲང་ཞིག་ཏུ་བསྐྲུན་ནས། བསླུ་བྲིད་ཀྱི་ཞགས་སྣེ་ན་འཁོར་བའི་ཧམ་སེམས་ཀྱི་ལྕགས་ཀྱུ་དང་ཨ་ལུང་།  ང་ཡི་ནང་སེམས་ཀྱི་འཇིག་རྟེན་ལ་ཇེ་ཉེར་བཏུད་འོང་།  དེས་ཀྱང་ག་ལ་ཚད་དེ།  སུ་ཡང་བཏུད་མི་ཕོད་པའི་འབྲོང་ལ་ཟེ་འཇུ་བྱེད་པའི་ཕུ་ནུ་ཚོའི། གཤིན་རྗེས་ལ་མགོ་ལྟ་བུའི་ཕ་ས་བཟུང་ནས་རང་སྲོག་ལ་འགེབ་སྲུང་དང་། དམྱལ་བའི་འགག་འཕྲང་ལྟ་བུའི་གཡུལ་ས་བརྩད་དེ་འཚོ་གནས་ཀྱི་མངའ་ཐང་སྐྱེད་མྱོང་བའི་སྐྱིད་སྡུག་མཉམ་མྱོོང་གི་ལོ་ཟླ་དག་རིམ་གྱིས་མག་མོག་གི་གཏམ་རྒྱུད་དུ་གྱུར་ཏེ།  ད་ལྟ། གྱོད་ནག་གི་ལབ་ཙེ་ལ་བསང་གསུར་གྱི་གསེར་སྐྱེམས་ཕུད་དེ། རྩྭ་ཐང་གི་གཡུལ་འགྱེད་ལ་ངོ་མཚར་གྱི་གླེང་གཞི་བཟོས་ཏེ། ཁྲག་དྲི་འཐུལ་བའི་ཤི་མནའ་རེ་རེ་ལ་རྡོག་པ་གཏད་དེ། མེས་པོའི་རལ་གྲིའི་སྟེང་ལ་སྤུན་ཟླའི་རྣམ་ཤེས་བཞག་ནས་ལྷ་ཚོཊ་ལ་འབུལ་བཞིན།  ལྷ་ཚོགས་ཀྱི་སྨ་ར་དང་འཛུམ་མདངས་དོད་པའི་ཐམ་གར།  མཛའ་བརྩེ་དང་ཕྱི་ཐག དམ་བཅའ་སོགས་ཡོད་ཚད་གྱིས་མཆོད་འབུལ་བྱེད་ཀྱིན་འདུག   དེ་རུ།   བླ་དཔོན་ཆོས་དཔོན་ཚོའི་བཀའ་ལོང་བཏབས་པའི་ཞབས་རྗེས་རེ་རེ།   གནས་ཡུལ་འདིའི་མཐར་ཐུག་གི་དམིགས་འབྲས་དང་བདེན་པ་སྟེ། ཞབས་རྗེས་རེ་རེ་ཡི་འདོག་འཇོག་དང་སྟངས་སྟབས་འགྱུར་ཚུལ་དང་བསྟུན་ཏེ།ཁྱོད་ཤི་ང་གསོན་གྱི་གཡུལ་སའང་ཆོས་སྐྱོང་གདུག་རྩུབ་ཅན་ཚོའི་སྤྱན་མིག་གཡོ་ཐེངས་རེའི་ཁ་དོག་དཀར་དམར་ཙམ་རེད། འབྲུག་གྲགས་པ་དང་། གློག་འཁྱུག་པ།སྤྲིན་འཁྲུག་པ་སོགས་ཀྱི་སྐད་ཅིག་མ་རེ་རེར།  ང་རང་ཕ་ཡུལ་དང་གཏན་དུ་གྱེས་སའི་ཐག་རིང་ཐག་རིང་ཞིག་ལ་སྐྱེལ་བཞིན་པ་དང་ཇི་འདྲའི་འདྲ་ཨང་།

  ཕ་ཡུལ་དུ་ལོག་ཐེངས་རེར། ངས་མཚན་མོའི་རྩྭ་ཐང་ལ་རྣ་བ་བླགས་ཏེ།ཉི་ཟླ་དང་རི་རབ་ཀྱི་བྲང་ཁ་ནས་ཞོགས་མྱོང་བའི་རྟ་ཁྱུའི་རྨིག་སྒྲ་ལ་བསྒུག་ནས།  བརྗེད་པར་མི་ཕོད་པའི་ལོ་རྒྱུས་ཀྱི་མཁར་རྫོང་ལ་བརྩེ་དུང་གི་ཁྲག་རྒྱུན་གྱིས་དམར་མཆོད་ཕུལ་བ་བདེན།  ངས་རྣམ་ཤེས་ཀྱི་ཕྱེ་ལེབ་ལ་རྣོ་ལྕགས་ཀྱི་གཤོག་པ་སྤྲད་དེ། མཚན་མོའི་སྦྲ་གུར་གྱི་ཁ་ཚུབ་ལས་མཆེད་པའི་མེ་ལྕེ་ལ་བསྒུག་ནས། བཤིག་པར་མི་ཕོད་པའི་ཞེན་ཆགས་ཀྱི་རྡོ་རེངས་ལ་ཚེ་སྲོག་གི་དབྱངས་རྟའི་ཁ་དར་འཐེན་པ་བདེན།  ད་དུང་།  ད་དུང་། ཡིན་ནའང་།  ཕ་ཡུལ་ནི་ཆ་མེད་རྒྱུས་མེད་དུ་འགྱུར་བཞིན་པའི་ང་གདོང་མག་མོག་ཅིག་སྟེ།  ང་ནི་སྐྱོ་གར་གྱི་བརྩམས་ཆོས་ཤིག་ལ་ཅེར་ནས་འཁུམ་པའི་བས་མཐའི་སྤྲང་བོ་ཞིག་ཡིན་པ་ཚོར་འོང་།



                ཕ་ཡུལ། ཤིན་དུ་རིང་བའི་དགུན་ཁ། 


   དགུན་ཐོན་བྱུང་།  འཇམ་ཐིང་ཐིང་གི་ཕ་ཡུལ་ནི་ཡུན་རིང་ལ་འཁྱག་གིས་བསྡམས་པའི་འབྲོག་སྟོང་བཞིན། ལམ་གྱི་གཡས་གཡོན་ན་རང་དགར་མདུར་བའི་ཁྱི་སྡོམ་རེ་ཟུང་ཙག་རླུང་ལ་ཁ་གཏད་ནས་ཅི་ཞིག་འཚོལ་བཞིན་འདུག་ལ།   ཐག་ཉེ་མ་རིང་གི་རི་སྐེད་ན་ནག་ཐིག་རེ་འགའ་འགུལ་ཙམ་བྱེད་པ་དེ་ནི་ནོར་གནག་ཡིན་ངེས།  སྐབས་སྐབས་སུ་ཁང་ཀླད་ན་དུ་བ་ཆད་མ་ཆད་རེ་འཕྱུར་བཞིན་པའི་དུད་ཁྱིམ་རེའི་སྒོ་ནས་ལྡིར་སྒྲ་དང་བཅས་སྦག་སྦག་འཁོར་ལོ་རེ་ལམ་ལ་ཆས་ཏེ།  ཇེ་རིང་ནས་ཇེ་རིང་གིས་ཡལ་འགྲོ་ལ།  ལག་ཏུ་ཐལ་ཞོང་ཐོག་པའི་སྐྱེས་མ་རེས་ར་སྐོར་དང་ཐག་མི་རིང་བའི་སར་སྐྱ་འཕྱུར་རེ་ཐལ་བ་རེ་དོར་ནས་སླར་ཡང་བྲེལ་འཚུབ་ངང་ཁྱིམ་དུ་འཛུལ་འགྲོ།  དག་དག་དེ་ནི་ཕྱི་དྲོ་ཞིག་རེད།  རི་སྐེད་ན་ནུད་ཀྱིན་པའི་ཉི་མ་ནི་ད་ནས་ཕྱིར་ལོག་པའི་རེ་ཐག་ཆད་པ་བཞིན་ཤི་མ་གསོན་གྱི་འོད་ཟེར་གཉོམ་པོ་ནི་འཆི་བཞིན་པའི་སེམས་ཅན་ཞིག་གི་མིག་མདངས་བཞིན།  སྙིང་ལ་ཁེར་ཧྲེང་དང་ཡི་ཆད་ཀྱི་ཚོར་འདུས་ཆུ་འཁྱག་བཞིན་འཕྱུར་འོང་། གནའ་མི་ཚོས་བཤད་ན།  དགོང་ཕྱི་དྲོའི་ཉི་མ་ནི་ཤི་བོའི་ཉི་མ་ཡིན།  དེ་ནི་ཤི་བོ་ཚོའི་རྣམ་ཤེས་ཕ་ཡུལ་ལ་མ་ཎི་སློང་བར་འོང་ནས་སློང་ནས་ཕྱིར་ལོག་པ་རེད་ཟེར།   ཕྱི་དྲོ་དེར། ངའང་སུས་ཀྱང་གོ་མེད་ཚོར་མེད་ངང་ཕ་ཡུལ་ལ་ཐོན་ཞིང་།  སླར་ཡང་གོ་མེད་ཚོར་མེད་ངང་གྲོང་ཁྱེར་དུ་ཐིམ་འགྲོ་བ་དེ་ནི་ཕ་ཡུལ་གྱི་ཕྱི་དྲོའི་ཉི་མ་འདི་བཞིན།  ཇི་འདྲའི་སྟོང་སང་སང་ཞིག་དང་ཁ་དོག་མེད་པ་ཞིག་རེད་ཨང་།

   མཚན་རླུང་འུར་འུར་དུ་ལྡང་།  སྐབས་རེར་འདར་ལྕང་ལྕང་ཟུག་ཀྱིན་པའི་འབྲོག་ཁྱི་རེ་འགའི་ཟུག་སྐད་རྣ་ལམ་དུ་ཐོས་སྲིད་ལ།  སླར་ཡང་ཇེ་རིང་གིས་མཚན་སྨག་གི་ཀློང་དུ་ཡལ་འགྲོ།  ནམ་མཁར་བལྟ་དུས།  སྤྲིན་ནག་གི་ཕུང་བོ་དག་ཕུང་བོ་ནས་ཕུང་བོར་གྱུར་ནས་ཅིའང་མི་མཐོང་། རེད།  སང་ཉིན་ཡང་ཁ་བ་ཆེན་པོ་ཞིག་འབབ་རྒྱུ་རེད། སང་ཉིན་ཡང་ཕ་ཡུལ་ནས་ཉིན་གཅིག་ལ་ལྷག་རྒྱུ་རེད།  ཕ་ཡུལ་ནས་ཤིན་དུ་རིང་བའི་མཚན་མོ་རེ་རེ་སྐྱེལ་དགོས།  མཚན་མོ་རེ་རེའི་རྗེས་སུ། ཡུལ་མི་རེ་རེ་ཐང་ཆད་པའི་ངོ་དགོང་སྐྱ་བོ་དང་ཧ་ཅང་ལན་སློག་དཀའ་བའི་དྲི་བ་གཅུ་ལོག་རེ་རེའང་དང་དུ་ལེན་དགོས།  ཡུལ་མི་ཚོས་བཤད་ན།  ང་རང་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོར་སོང་ཡོད་ནའང་ཁོ་ཚོ་དང་ཧེ་བག་མི་འདུག་ལ།  ཧེ་བག་ཅིག་ཡོད་པ་ནི་ང་རང་རྩ་མི་ཚང་བ་ཞིག་ཏུ་གྱུར་འདུག་པ་དེ་རེད་ཟེར།   ཕ་ཡུལ་ནས། ཤིན་དུ་རིང་བའི་མཚན་མོ་རེ་སྐྱེལ་སྐབས།  ང་རང་ས་རྡུལ་ཞིག་ཏུ་བསྒོམ་ནས་ཕ་ཡུལ་གྱི་རི་ཆུ་ཐང་གསུམ་གང་རུང་དུ་འཐོར་དུ་བཅུག་ནའང་། ཕ་ཡུལ་གྱི་མི་རེ་རེའི་སེམས་ཁུངས་ན་ནམ་ཡང་ཡལ་མི་ཚར་བའི་དགུན་ཟླ་རིང་མོ་ཚེས་ཡོད་པས། ངས་ད་གཟོད་གྲོང་ཁྱེར་ན་ཤི་གསོན་ལ་མི་འཛེམ་པར་ཨུ་ཚུགས་ཀྱིས་འཚོ་བཞིན་པའི་ཕ་ཡུལ་གྱི་འཁྱམ་པོ་ལྡོམ་པོ་ཚོའི་སེམས་ཀྱི་སྡུག་བསྔལ་རྟོགས་འོང་།  

    རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར།  འདི་ནི་གནའ་མྱི་དཔུང་རྗེན་ཚོ་ཕ་ཡུལ་ལ་དགའ་བའི་སྐད་ཆ་ཞིག་ཡིན་ལ།  རྗེས་སུ་སྐད་ཆ་དེ་གཏམ་དཔེ་རུ་གྱུར་བ་རེད།  སྔོན་ཆད་ང་རང་རྫོང་ཐོག་ཏུ་སློབ་གྲྭར་འགྲོ་སྐབས།  རྨོ་མོ་ལགས་ཀྱིས་ཀྱང་མིག་ཆུ་གཏོང་བཞིན་གཏམ་དཔེ་འདི་བཤད་མྱོང་། “ཞི་ལི།  རང་ཡུལ་གད་པ་ཡིན་རུང་སྐྱིད།  གང་ལྟར་རང་གི་ཡུལ་མ་བརྗེད།” ང་ཡི་རྨོ་མོ་ནི་ཚེ་གང་བོར་ཕ་ཡུལ་ལག་མཐིལ་ཙམ་ལས་གཞན་ས་ཆ་གང་ལའང་འགྲོ་མ་མྱོང་།  ཁོ་མོ་ཕ་ཡུལ་ནས་རྩི་ཏོག་བཞིན་སྐྱེས་ཤིང་།སླར་ཡང་དེ་ག་རུ་རྩི་ཏོག་བཞིན་སད་ཀྱིས་བཅོམ་ནས་ས་ལ་ཟགས་སོང་།  ཁོ་མོའི་སེམས་ལ་སྐབས་དེར་ང་རང་འགྲོ་སའི་རྫོང་ཐོག་ཟེར་བ་ནི་ཧ་ཅང་ཐག་རིང་ཞིག་ཡིན་ངེས། རེད་དེ།  དེའི་རྗེས་སུ་རྨོ་མོ་ལགས་མི་ཡུལ་དང་གཏན་དུ་བྲལ་སྐབས། ང་རང་ཧ་ཅང་ཐག་རིང་ཞིག་ན་ཡོད།  དེའི་རྗེས་སུ་ང་རང་ཕ་ཡུལ་ལ་ལོག་ཐེངས་རེར།  “རང་ཡུལ་གད་པ་ཡིན་རུང་སྐྱིད”ཅེས་པའི་གཏམ་དཔེ་དེ་ཡང་ཡང་དྲན།  རྨོ་མོ་ལགས་ཀྱིས་གཏམ་དཔེ་འདིའི་དོན་ལ་གོ་བ་ཟབ་མོ་ཞིག་ལོན་ཡོད་ངེས། རྨོ་མོ་ལགས་ཀྱི་བྱིས་དུས་ནི་གནའ་མྱི་དཔུང་རྗེན་ཚོ་ཇི་བཞིན།  ཕྱི་རོལ་ན་ཆུ་གཙང་མོ་དང་རླུང་བསིལ་མོ་ཡོད་ལ།  གཡའ་དག་པའི་ནམ་མཁའ་དང་དྲོད་ལམ་ལམ་གྱི་ཉི་འོད་འོག་ན་མི་དང་ཕྱུགས་ཟོག་གི་འཚང་ག་ཤིག་ཤིག་བྱེད།  པགས་རྩག་གྱོན་ཞིང་རྐང་རྗེན་ལ་འགྲོ་བའི་བྱིས་པ་ཚོས་ལྗིང་ནེམ་ནེམ་གྱི་སྤང་ལྗོངས་ཐོག་མཆོང་ལྡིང་གིས་ཕྱེ་ལེབ་འཛིན། འདི་ནི་རྨོ་མོ་ལགས་ཀྱིས་མིག་བཙུམ་སྐབས་སུ་ཡིད་ལ་འཆར་བའི་ཕྱིར་དྲན་ཡིན་སྲིད།  འོན་ཀྱང་ཕ་ཡུལ་ལ་ལོག་ཐེངས་རེར་ང་རང་སླར་ཡང་ལམ་ལ་ཆས་དགོས་པའི་བྲེལ་འཚུབ་ཀྱིས་དེད་འོང་། ངས་འདི་ལྟར་སེམས་མྱོང་།   ཕ་ཡུལ་ནི་རྩ་བ་ས་རུ་ཟུག་པའི་སྡོང་རྒན་ཞིག་ཡིན་ན་ང་ཚོ་ནི་དེ་ལས་སྐྱེས་པའི་ཡལ་གའམ་ལོ་མ་ཡིན་སྲིད།  ང་ཚོ་སུ་ཡིན་ཡང་མཐའ་མཇུག་ལུས་ཀྱི་ཕུང་བོའི་ཡན་ལག་དང་ཉིང་ལག་ཡོད་ཚད་ཕ་ཡུལ་གྱི་ས་དང་ཡང་ན་ཆུ་རུ་ཟགས་དགོས།  ད་ལྟ་བསམ་ན།  གནའ་མྱི་དཔུང་རྗེན་ཚོའི་བརྩེ་བ་དང་རྨོ་མོ་ལགས་ཀྱི་བྱིས་དུས་ཀྱི་མཛེས་སྡུག་བསྐལ་བའི་མེ་དཔུང་དུ་ཐིམ་པ་བཞིན། ཕ་ཡུལ་གྱི་སྣོད་བཅུད་དུ་འབོད་པའི་ཟ་ཟི་རབ་རུབ་ཀྱི་དངོས་གཟུགས་ཀྱི་ཚོགས།  ཡུལ་གྱར་བ་ཞིག་འཆི་ཁར་མིག་ལམ་དུ་འཆར་བའི་སྡུག་བསྔལ་གྱི་ལན་ཆགས་ཡིན་ངེས།  ངས།  ཕ་ཡུལ་ནས་ཤིན་དུ་རིང་བའི་མཚན་མོ་རེར་ནམ་གསལ་བར་སྒུག་པ་ནི་ཕ་ཡུལ་གྱི་སང་ཉིན་རིག་འདོད་པས་མིན།  ང་།  ཕ་ཡུལ་ནས་ལམ་ལ་ཆས་དགོས།  ཐག་རིང་ནས་ཕ་ཡུལ་ཞེས་དྲན་པར་མི་བྱ།  རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་དེའང་ད་ནི་སྐྱག་རྫུན་དུ་གྱུར་ཚར་བའི་གནས་ལུགས་ལ་བདེན་ཁ་སྟེར་དགོས།   

    དགུན་ཐོན་བྱུང་།  དགུན་ཁའི་ཉི་མར་འོད་ཙམ་ལས་དྲོད་མེད་པས།   རི་ངོས་ཐང་གསུམ་གྱི་ཨ་བྲ་ཚོས་དེ་ལ་ཡིད་རྟོན་བྲལ་བ་བཞིན།  ཁུང་སྒོ་རེ་ནས་རྩྭ་སྐྱ་ཉག་མ་རེ་བསྒུམས་ཏེ་སླར་ཡང་མྱུར་བུར་ཁུང་ནང་དུ་འཛུལ་འགྲོ།  རྒྱུ་རྐྱེན་དང་ཅི་ཆ་ཅིའང་མེད་པའི་རླུང་འཚུབ་རེ་གློ་བུར་དུ་གཡུག་འོང་ལ།  ཐལ་རྡུལ་གྱི་ཁྲོད་ན་ཁ་སུག་འདར་འདར་བྱེད་གྱིན་པའི་ཕྱུགས་ཟོག་རེ་འགའ་ཧ་ཅང་སྒྱིད་ལུག་གིས་དུད་ཁྱིམ་རེ་བསྙེག་བཞིན་འདུག           སྐབས་ཤིག་ལ་གྲོང་མདོ་ཆུང་ཆུང་དེ་རུ་སྡེ་མི་ཚོ་འུར་ཟིང་གིས་འདུ་ཞིང་། སླར་ཡང་འུར་ཟིང་གི་ཕྱོགས་ཕྱོགས་སུ་གྱེས་ནས་མི་སྣང་བར་གྱུར།  ཨོ།  དེ་ནི་སྡེ་བའི་ནང་གི་དཔོན་གནས“ཤིག་སྐྱག”ཙམ་རེའི་དོན་དུ་རྩོད་གླེང་བྱུང་བས་ཡིན་ན་ཐང་།  ཡང་ན་སྡེ་བའི་ནང་དུ་སྤྲུལ་སྐུ་རི་སྣ་ཙམ་རེ་འཁྲུངས་པའི་དོན་བཟང་བྱུང་བས་ཡིན་ན་ཐང་།  དེ་མིན་ཕ་ཡུལ་ནི་འཇམ་ཐིང་ཐིང་། སྐབས་སྐབས་སུ་ལམ་གྱི་གཡས་གཡོན་ན་ཁྱི་སྡོམ་འགའ་རེས་རེས་སྣ་ཉུལ་བྱས་ནས་འགྲོ་བཞིན་འདུག   ངས་ཕ་ཡུལ་ནས་ཤིན་དུ་རིང་བའི་མཚན་མོ་རེ་བསྐྱལ་ནས་ལམ་ལ་ཆས། ཕ་ཡུལ་ནས་ལམ་ལ་ཆས་ཁར།   ངས་ཕ་ཡུལ་ལ་ཕྱིར་མིག་མ་འཕངས་མོད།  ཇེ་རིང་ཇེ་རིང་གིས་བྱེར་དུས། རླངས་འཁོར་གྱི་ཟུར་ངོས་ན་འབྱར་བའི་མེ་ལོང་གོར་གོར་ལས་ཕ་ཡུལ་མཐོང་བྱུང་།  ཕ་ཡུལ། ཉི་འོད་འཆར་དཀའ་བའི།  ཁ་ནུབ་བསྟན་གྱི་ལུང་ཀྱོག་གྲི་ཤུབ་ཙམ་ཞིག་གོ།

                            2019.11.10མཚན་མོར། 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།