ལོ་དེའི་དགུན་ཁ།

69496


                   རྩོམ་པ་པོ། བྱ་གླག


དེ་ནི་ཁ་བ་བབས་པའི་ཞོགས་པ་ཞིག་རེད། ལབ་ཙེ་དང་དར་ལྕོག བསང་ཁྲི། རྡོ་འབུམ། ཚ་ཁང་ཐམས་ཅད་ཁ་བས་བཀླུབས་ཡོད་པས། ཕྱི་རོལ་གྱི་སྣོད་བཅུད་མ་ལུས་དཀར་བོང་བོང་གི་ལུག་ཁྱུ་ཞིག་དང་ཧ་ཅང་མཚུངས། གྲང་རླུང་དྲག་པོ་ལྡང་ཚེ། དེ་དག་རབ་རིབ་ཅིག་ལས་སྣང་མི་ཐུབ་ཅིང་། ལབ་རྩེ་དང་། དར་ལྕོག་ཡོམ་ཡོམ་བསྐྱོམས་ནས་འཁུར་ལ་ཁད་བྱེད། ཡིན་ནའང་། དེ་རིང་ཁ་བ་ཅུང་འཐུག་པས། གྲང་ངར་ཆེ་བ་ལས་གནམ་གཤིས་གཞོན་ནུ་མ་ཞིག་གི་འཛུམ་ལས་ཀྱང་དྭངས་མོ་འདུག


དུང་དཀར་བླ་རི་ནི་ཁྲ་ཆིལ་ལེར་ཆགས་པའི་སྡེ་བ་ཞིག་གི་རྒྱབ་རི་ཡིན་ལ། ཐག་རིང་ནས་བལྟས་ཚེ་གླང་ཆེན་ཞིག་གི་གདོང་བ་དང་མཚུངས་པས་གླང་ཆེན་གདོང་སྣ་ཞེས་འབོད་སྲོལ་ཡང་ཡོད། མི་ཞིག་སྔ་མོ་ནས་རི་རྩེར་འགོས་ཏེ། ཤུབ་ཤུབ་ལྡབ་ལྡིབ་ཅིག་སྨྲ་ཡི་འདུག འགའ་རེས་གན་བློ་འཛིན་པ་ཞིག་རེད། ཁ་ཅིག་གིས་ཁོ་སེམས་ཁམས་སྐྱོན་ཅན་ཞིག་རེད། ལ་ལས་དེ་ནི་རྐུན་མ་ཞིག་ཡིན་སྲིད་ཅེས་གཏམ་འཆལ་སྣ་ཚོགས་སྨྲས། ཡིན་ནའང་། སུས་ཀྱང་མི་དེ་དངོས་སུ་མཐོང་བ་མེད། མི་དེས་མགོ་བོ་བཏུམས་ནས་ཁ་རོག་གེར་སླེབ་འོང་ལ། ཕྱིར་ཁ་རོག་གེར་བཞུད་འགྲོ་བས། མི་དེ་སུ་ཞིག་ཡིན་ལྟ་ཅི། བྱད་དབྱིབས་མཐོང་མྱོང་མཁན་ཞིག་ཀྱང་མེད་ཚོད་རེད། 



ཡ་མཚར་བ་ཞིག་ལ། མི་དེ་དུས་རྒྱུན་རི་འགོར་མི་འདུགདོ་ནུབ་ཁ་བ་བབས་ཚེ། དེའི་ཞོགས་པར་མི་དེ་ཅིས་ཀྱང་རི་འགོར་ཡོད་སྲིད། མི་ཚོས་དོགས་པ་བྱེད་ཡུལ་ནི་ཁོ་དེ་རུ་ཡོད་པ་ཙམ་མིན། ཅིའི་ཕྱིར་ཁ་བ་བབས་པའི་ཞོགས་པར་མི་དེ་རི་རྩེར་ཡོད་པ་ཡིན་ནམ། ཡིན་ནའང་། དེ་ལ་ལན་གསལ་བོ་སྦྱིན་མཁན་ཞིག་མ་རྙེད། འགའ་རེས་མི་དེའི་རྐང་རྗེས་དེད་ནས་བཙལ་མོད། དེད་དེད་ཚེ། སྒོ་ཟྭ་བརྒྱབས་པའི་ཁང་སྟོང་ཞིག་ལས་མ་རྙེད། ཁྱིམ་མཚེས་དག་གིས། འདིའི་ཁང་བདག་ལོ་འགའི་སྔོན་ནས་གངས་རིན་པོ་ཆེར་གནས་སྐོར་ལ་བུད་སོང་སྟེ། ད་དུང་ཕྱིར་མ་ཐོན་ཞེས་བཤད། ཁ་ཅིག་གིས་རྒྱ་གར་ལ་མཆོད་མཇལ་དུ་བུད་སོང་ཟེར། དྲང་མོ་བཤད་ན། ཁོང་ཚོས་ཀྱང་གང་ཞིག་ལ་སོང་བ་གསལ་བོར་བཤད་རྒྱུ་མེད། ཏག་ཏག་ཟླ་གཅིག་ལྷག་ལ་ཁ་བ་མ་བབས་པས། མི་དེའང་མཐོང་ལམ་དུ་མ་སོན།



དེ་ལྟར་དགུན་ཟླ་རིང་མོ་ཞིག་ལ་ཁ་བ་མ་བབས་ཚེ། བསིལ་འཇམ་གྱི་འཇིག་རྟེན་ཞིག་ཇི་ལྟར་བཙལ་ཡང་རྙེད་མི་སྲིད་པས། མི་ཚང་མའི་ངག་ནས་ད་ལོ་ཁ་བ་འབབ་རྒྱུ་མི་འདུག ཅེས་གནམ་རྒན་མར་གཤེ་གཤེ་གཏོང་གིན་ལྷ་མཆོད་ཀླུ་མཆོད་ལ་བྲེལ་གྱིན་མཆིས། ཡང་འགའ་རེས་ཁ་བ་འབབ་རྒྱུ་མེད་ཚེ། དགུན་གྱི་མཛེས་སྡུག་ནི་སྟོང་བ་རང་རེད་ཅེས་ཕན་ཚུན་ལབ་གླེང་བྱས། ཡུལ་དེའི་བྱིས་པ་ཚོས་ཀྱང་། ད་ལོར་ཁ་བ་འབབ་རྒྱུ་མི་འདུག ཁ་བ་བབས་ཚེ། ང་ཚོས་ཁ་བའི་ཁྲོད་དུ་རི་མོ་སྣ་ཚོགས་བྲི་ཆོག་པ་དང་ཁ་བས་མི་གཟུགས་བཟོ་བ། ཁ་རྡོ་འཕེན་འཕངས་ནས་རྩེད་མོའང་བརྩེས་ཆོག་མོད།ད་ལོ་ཁ་བ་འབབ་རྒྱུ་མི་འདུག ཅེས་སེམས་ཁྲལ་དང་སྨྲེ་ངག་འདོན་བར་བྱེད།



དགུན་ཟླ་རིང་མོ་ཞིག་ལ་ཡུལ་འདིའི་མི་རྣམས་ཀྱིས་ཁ་བ་འབབ་པར་རེ་སྒུག་བྱས་མོད་ཀྱང་། ཡུལ་དེར་སྔར་བཞིན་ཁ་བ་བབས་མ་བྱུང་། རླུང་བུ་ཡིབ་ཙམ་རེ་ལྡང་ནའང་།དེ་ནི་དྲོད་ལམ་ལམ་ཞིག་ཏུ་སྣང་། ད་ནི་ལབ་ཙེ་དང་དར་ལྕོག བསང་ཁྲི། རྡོ་འབུམ། ཚ་ཁང་ཐམས་ཅད་ཐན་པ་བྱུང་བའི་ཡུལ་གྲུ་ཞིག་དང་འདྲ་བར་སྐྱ་ཐིང་ཐིང་དུ་སྣང་ལ། ཡུལ་དེའི་མི་དག་ཀྱང་རྒན་དར་གཞོན་གསུམ་མེད་པར་བཀྲེས་ལྟོགས་ཀྱིས་མནར་བའི་ཧྥེ་གླིང་གི་མིའི་ངོ་གདོང་དང་མཚུངས་པར་ཧ་ཅང་ཉམ་ཐག་གི་རྣམ་པ་ཞིག་མངོན་འདུག



མི་དེས་སྒོའི་ཕྱི་ནང་ཚང་མར་ཟྭ་བརྒྱབས་ཤིང་། དྲ་ཡོལ་ཡང་བརྒྱབས་ཡོད། ལག་ལ་སྨྱུ་གུ་བཟུང་ནས་གང་ཞིག་བྲི་བར་བྲེལ་མོད། ཅི་ཞིག་འབྲི་བར་ཆ་མ་འཚལ་བར་སྟོང་འདང་ཁྲོད་འཁྱམས། གློ་རྡེག་ཤག་སྒྲ་ཞིག་གྲགས་ནས་ཁོ་རང་སྟོང་འདང་ལས་དཀྲོགས། རྟབ་རྟབ་པོར་ཡར་ལངས་ཏེ་དྲ་ཡོལ་བཀྱགས་ནས་ཕྱི་རོལ་དུ་བལྟས། ཁོས་དེ་ནི་རླུང་བུ་ལྡང་བའི་སྒྲ་ཡིན་པ་ངོས་ཟིན། ཤུ་ཤུ་འཁུན་སྒྲ་དང་བཅས་སར་བསྡད་དེ། ཡང་བསྐྱར་སྟོང་འདང་ལ་འཇུག་མགོ་བརྩམས། ཅུང་ཙམ་འགོར་རྗེས། ཁོ་རང་གཉིད་སོང་། རྨི་ལམ་དུ་ཁོའི་མིག་ཟུང་དཔེ་སྒྲོམ་དུ་ཅེར། སྤྲིན་གྱི་ཕོ་ཉ། ཚངས་མགུར། མི་ལའི་མགུར་འབུམ། ལོ་བརྒྱའི་ཁེར་རྐྱང་། ཉིན་བཅུའི་གླེང་མོལ། མཇུག་མཐའི་དཔང་མི། མག་མོག་གི་ཚོང་རྡལ་སྲང་ལམ་སོགས་སྲ་འཐས་སུ་གྱུར་བའི་དཔེ་ཆ་འགའ་མཐོང་། ཁོས་དེའི་ཁྲོད་ཀྱི་དཔེ་ཆ་ཞིག་བླངས་ཏེ་ཁ་བྱས་ཤིང་། ནག་རབ་རིབ་ཀྱི་དཀར་ཆགས་སུ་ཉུལ། དགུན་ཁ་ཞེས་བའི་ཚན་པ་ཞིག་གིས་ཁོའི་ཡིད་ཀྱི་བརྟན་པ་འཕྲོགས་ཤིང་ག་ལེར་ཀློག་འདོན་བྱེད་པར་བརྩམས།



དེ་ནི་ཞོགས་པ་ཞིག་སྟེ། ཁ་བ་བབས་ཡོད་ལ། བུ་ཡུག་ཀྱང་འཚུབ་ཡོད། ང་རང་ཕ་ཡུལ་ལ་ལོག་པའི་སྟ་གོན་དུ་ཞུགས། དཀར་ལམ་ལམ་གྱི་ལྗོན་པ་ཞིག་གི་གམ་དུ་བུད་མེད་ཅིག་སྟོང་འདང་ངང་འགྲེང་འདུག ཕར་བལྟས་ན། མོས་ཁུ་འཕངས་དང་བུ་ཡུག་ཁྲོད་རང་ཉིད་ཀྱི་དྭངས་གཙང་འཚོལ་གྱིན་པ་འདྲ། ཡང་ན། ལྗན་ལྗིན་གྱི་བེམ་པོར་དགུན་ཁའི་བྱིན་རླབས་ངོ་སྤྲད་པར་སྣང་། ཞོགས་པ་དེར་སུས་ཀྱང་ཁ་བ་འབབ་སྲིད་པ་རྟོགས་མེད་ལ། ལྷབ་ལྷུབ་འབབ་པའི་ཁ་བའི་ཁྲོད་སུ་ཞིག་སྟོང་འདང་ངང་འགྲེང་སྟེ། དུས་རབས་འདིའི་མི་སྡུག་པར་མྱ་ངན་ཞུ་བཞིན་པ་རྟོགས་སྲིད་ཅེས་བཀོད་པའི་ཐིག་ཕྲེང་ཅིག་བཟླས། གློ་བུར་ཕྱི་རོལ་གྱི་རླུང་བུ་འུར་འུར་ལྡང་བས། དེ་མ་ཐག་ཁོ་རང་མཛེས་སྡུག་གི་རྨི་ལམ་ལས་དཀྲོགས། ཁོས་རང་གི་ལག་པས་མིག་ཟུང་ལ་བྱིལ་བྱིལ་འགའ་བྱས་ཏེ། རྨིས་མ་ཐག་པའི་རྨི་ལམ་ལ་ཅུང་མཚར་སྣང་ཞིག་སྐྱེས་ལ་འགྱོད་སྣང་ཞིག་ཀྱང་སྐྱེས།དེ་ལྟར་བསམ་བློ་བཏང་ནས་ཅུང་ཙམ་བསྡད།



ལན་དེར་ཁོས་རང་ཉིད་དྲན་བྱུང་། ཁ་བ་འབབ་ཐེངས་རེར་རི་རྩེར་འགོས་ཏེ། སྙན་ངག་བྲིས་པའི་སྣང་བརྙན་གསལ་བོར་དྲན། ཁ་བས་བཀླུབས་པའི་རི་ལུང་དུ་ཧད་པ་ནི།ཅི་འདྲིའི་མཛེས་སྡུག་ལྡན་པ་ཞིག་རེད་སྙམ། འོ་ན། ཅིའི་ཕྱིར། ཅིའི་ཕྱིར། མི་རྣམས་ཀྱི་འཛུམ་མདངས་ལས་ཁ་བས་གཏམས་པའི་རི་ལུང་བཞིན་ལྷུན་ཆགས་ཤིག་མངོན་ནའང་། ནང་སེམས་ནི་ཁ་བ་མེད་པའི་དགུན་གཞུང་བཞིན་ལྗན་ལྗིན་ཞིག་ཡིན་པ་རེད་ཨང་། ཁོས་ལག་པས་མགོ་བོར་བྱིལ་བྱིལ་གཏོང་ཞོར། དེ་ལྟར་རང་གིས་རང་ལ་ལྡོག་འདྲི་བྱས་ཀྱང་། ལན་གསལ་བོར་ཞིག་གདབ་ཐབས་བྲལ། 



དེ་རྗེས། ཁོས་ཡང་བསྐྱར་དྲ་ཡོལ་བཀྱགས་ནས་ཕྱི་རོལ་དུ་བལྟས། ཕྱི་རོལ་དུ་སྔར་བཞིན་སྐྱ་ཐིང་ཐིང་གི་བར་སྣང་ན་རླུང་བུ་རྒྱུ་བཞིན་འདུག རླུང་བུ་མཚམས་མེད་དུ་ལྡང་བས། དགུན་གཞུང་འདིའི་ཁ་བ་ཁྱེར་ནས་ཧ་ཅང་ཐག་རིང་ཞིག་ལ་ཕྱིན་སོང་བ་འདྲ་ཞིང་། དེ་དང་ལྷན་དུ་ཡུལ་འདིའི་མི་ཚོའི་ནང་སེམས་ཀྱང་ཧ་ཅང་ཐག་རིང་ཐག་རིང་ཞིག་ལ་ཁྱེར་སོང་བ་འདྲ། ལོ་ཟླ་མང་བོ་ཞིག་འགོར་རྗེས། ཡུལ་དེར་སྔར་བཞིན་ཁ་བ་མ་བབས་ལ། རླུང་བུའང་མཚམས་མེད་དུ་ལྡང་གིན་འདུག ཡིན་ནའང་། ཡུལ་མི་ཚོས་སྔར་བཞིན་ཁ་བ་འབབ་པར་རེ་ཞིང་བསྒུག་ནས་ཡོད་ཨང་།    


                 2017/5/12


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།