《མ་འོངས་པའི་ལོ་རྒྱུས་སྤྱི་བཤད》ཅེས་པའི་བརྩམས་ཆོས་གྲགས་ཅན་དེའི་ནང་དོན་མདོར་བསྟན།

39604


           གནམ་ལྷུན་གྱིས་མདོར་བསྡུས་ཟིན་བྲིས་སུ་བཏབས།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།


དེབ་འདིའི་རྩོམ་པ་པོ་ཡོརཧི་ལཱ་ལེན་ལགས་ནི་སྤྱི་ལོ་1976ལོར་དབྱི་སུ་ལིམ་དུ་སྐུ་འཁྲུངས་ཤིང་།སྤྱི་ལོ་2002ལོར་ནེའུ་ཅིན་སློབ་ཆེན་གྱི་ཡེ་ཤུའི་སློབ་གླིང་ནས་འབུམ་རམས་པའི་དམ་བཅའ་བཞག་སྟེ་སློབ་མཐར་ཕྱིན།ཆེད་གཉེར་རིག་ཚན་ཡང་དུས་རབས་བར་མའི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་གཉིས་ཡིན་པས།《སྐྱ་དམག་དུས་རབས་ཀྱི་དམག་འཐབ་ཁྱད་ཆོས།(1100—1550)》དང་།《མཇུག་མཐའི་བརྒྱུད་རིམ།གཡུལ་སའི་བློ་འབྱེད་དང་དེང་རབས་དམག་འཁྲུག་རིག་གནས་ཀྱི་གསར་བསྐྲུན།(1450—2000)》སོགས་བརྩམས་གནང་མཛད།ཡོརཧི་ལཱ་ལེན་ལགས་ཀྱིས་དུས་རབས་བར་མའི་ལོ་རྒྱུས་ལ་དམིགས་ཀྱིས་སློབ་སྦྱོང་མཐར་ཕྱིན་པ་གནང་རྗེས་སུ་དངོས་ལུགས་རིག་པ་དང་།རྫས་འགྱུར་རིག་པ།སྐྱེ་དངོས་རིག་པ།མིའི་རིགས་རིག་པ།སྐྱེ་ཁམས་རིག་པ། ཆབ་སྲིད་རིག་པ། རིག་གནས་རིག་པ། སེམས་ཁམས་རིག་པ་སོགས་ལ་ཡང་སྦྱང་བ་གནང་ཡོད། སྤྱི་ལོ་2012ལོར་《མིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད》ཅེས་པ་འདི་བརྩམས་ཤིང་། ཡུན་རིང་མ་སོང་བར་འཛམ་གླིང་གི་ཡིག་རིགས་སུམ་བཅུ་ལྷག་ཏུ་བསྒྱུར་ཅིང་། སྙན་པའི་གྲགས་པ་ཡང་ཤིན་ཏུ་འབར་བཞིན་པ་བཅས་སོ།།


  དཔྱད་རྩོམ་གྱི་ནང་དོན་མདོར་བསྟན། 


འདས་པའི་མི་ལོ་སྟོང་ཕྲག་གི་ནང་དུ། ནད་དང་། མུ་གེ་དང་། འཁྲུག་པ་བཅས་ནི་འགྲོ་བ་མིའི་རིགས་སྤྱི་མཐུན་གྱི་དགྲ་བོ་ཡ་མེད་ཅིག་རེད་ཅེས་བརྗོད་ཆོག་ཅིང་། དེ་དག་ལས་ནད་ཡམས་ལྟ་བུར་མཚོན་ན་དུས་རབས་14བའི་ལོ་རབས་30བའི་ནང་ཏག་ཏག་ལ་འཛམ་གླིང་ཡོངས་སུ་མི་གྲངས་དུང་ཕྱིར་2ལ་ཉེ་བ་ཞིག་ནད་ཡམས་ཀྱི་རྐྱེན་གྱིས་ཤི་ཞིང་། སྐབས་དེར་ཡོ་རོབ་དང་ཡཱ་གླིང་ཧྲིལ་བོའི་མི་གྲངས་ཀྱི་བཞི་ཆའི་གཅིག་ལྷག་རྐྱེན་ལམ་དུ་ཤོར་ཡོད། འོན་ཀྱང་། ད་ལྟ་འཛམ་གླིང་ཡོངས་སུ་དེ་ལྟ་བུའི་ནད་ཡམས་འཇིགས་སུ་རུང་བ་ཞིག་མི་འདུག ད་ལྟ་ཨེ་ཛི་ནད་ཡམས་ཀྱི་དབང་གིས་འཛམ་གླིང་ཧྲིལ་བོར་སྤྱི་བསྡོམས་སུ་མི་གྲངས་ཁྲི་3000ལྷག་ཤི་ཡོད་མོད། འོན་ཀྱང་། ནད་ཡམས་དེ་དག་ལ་རྩ་བའི་ཆ་ནས་མིའི་རིགས་ལ་འཇིགས་སྐྲག་ལྷག་པར་སྟེར་བའི་ནུས་པ་ཧ་ལམ་མི་འདུག་ཅེས་བརྗོད་ཀྱང་མི་ཆོག་པ་མེད། 


དེ་ནས་མུ་གེ་ལྟ་བུར་མཚོན་ན། དེ་ནི་སྔོན་ཆད་འགྲོ་བ་མིའི་རིགས་ཀྱི་རྒྱུན་ལྡན་གྱི་འཚོ་བ་ཞིག་རེད་ཅེས་བཤད་ཆོག དེ་ཡང་དཔེར་ན། སྤྱི་ལོ་1692—1694ལོའི་བར་དུ་ཧྥ་རན་སུ་གཅིག་པུ་ནས་མུ་གེའི་རྐྱེན་གྱིས་མི་གྲངས་ཁྲི་280ལྷག་འཆི་ལམ་དུ་ཤོར། དེའི་རྗེས་ཀྱི་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པའི་རིང་དུ་མུ་གེས་འཆི་བའི་གྲངས་ནི་བསྒྲངས་པས་མི་ཚར། ད་ལྟ་འཛམ་གླིང་དུ་ཟ་ཚོད་མ་ཟིན་པས་འཆི་བ་དང་། རང་སྲོག་བཅད་ནས་འཆི་བ་ནི་ཤིན་ཏུ་མང་བ་ལས་མུ་གེས་འཆི་བ་ནི་ཕལ་ཆེར་མི་འདུག་ཅེས་བརྗོད་ཀྱང་མི་ཆོག་པ་མེད་ལ། ཐ་ན་དངུལ་སྒོར་སྐར་གཅིག་ཀྱང་མེད་པའི་སྤྲང་བོ་ཞིག་ཡིན་ན་ཡང་དེ་ལ་རང་ཉིད་མུ་གེར་འཆི་བའི་འཇིགས་པ་ཞིག་འབྱུང་མི་སྲིད། སྤྱི་ལོ་2012ལོར་སྤྱི་བསྡོམས་སུ་འཛམ་གླིང་ཡོངས་སུ་མི་ཁྲི་80ལྷག་གིས་རང་སྲོག་བཅད་ཡོད་པ་དང་། མི་ཁྲི་150ལྷག་ནི་གཅིན་པ་མངར་སྐྱུར་གྱི་དབང་གིས་འཆི་ལམ་དུ་བརྫངས་ཡོད་མོད། འོན་ཀྱང་། ལྟོག་སྐོམས་ཀྱིས་ཤི་བའི་གྲངས་ནི་རང་སྲོག་བཅད་པ་དང་གཅིན་པ་མངར་སྐྱུར་གྱིས་ཤི་བའི་སྤྱིའི་གྲངས་དང་བསྡུར་ན་ཡང་བརྒྱ་ཆའི་གཅིག་ཙམ་ལས་ཟིན་གྱི་མི་འདུག དེ་ནས་དམག་འཁྲུག་ལྟ་བུར་མཚོན་ན་ད་ལྟ་ནང་འཁྲུག་རེ་གཉིས་ཤིག་ཡོད་པ་ལས། སྔོན་ཆད་དང་འདྲ་བར་མི་རིགས་དང་མི་རིགས་བར། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དུ་དམག་འཁྲུག་འབྱུང་བཞིན་མེད་ལ། མ་འོངས་པར་ཡང་འབྱུང་མི་སྲིད། དེའི་རྒྱུ་མཚན་ནི་ཤིན་ཏུ་སླ་སྟེ། རྒྱལ་ཁབ་གང་ཞིག་ཡིན་ནའང་གཞན་ལ་དམག་འཁྲུག་སློང་བ་ནི་རང་སྲོག་བཅོད་པའི་སྟ་རེ་བཙལ་བ་དང་གཉིས་ཡིན་པ་སུས་ཀྱང་རྟོགས་ཡོད་པས་རེད། དཔེར་ན། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་རྒྱལ་ཁབ་ཐམས་ཅད་ཀྱིས་ཀྱང་ཉིང་རྡུལ་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་སོགས་བཟོས་ཡོད་ཅིང་། ད་ལྟ་ཡང་རྒྱལ་ཁབ་སོ་སོར་བལྟས་པ་ཙམ་གྱིས་འཇིགས་སུ་རུང་བའི་མཚོན་ཆ་སྣ་ཚོགས་ཡོད་ལ། རྒྱལ་སྟོན་སྐབས་སུ་ཡང་ཐམས་ཅད་ཀྱིས་དེ་དག་མཛོད་ལས་ཕྱིར་བླངས་ཏེ་འགྲེམ་སྟོན་བྱེད་བཞིན་ཡོད། དེའང་འཛམ་གླིང་ཧྲིལ་བོ་ཡང་དུས་ཚོད་གཅིག་གཉིས་ཙམ་གྱི་ནང་དུ་ཐལ་བའི་རྡུལ་བཞིན་དུ་བརླགས་ཐུབ་པའི་ཚད་དུ་ཡང་སླེབས་ཡོད། འོན་ཀྱང་། དོན་དངོས་སུ་ང་ཚོས་མཚོན་ཆ་དེ་དག་ནི་སྤྱོད་སྒོ་གང་ཡང་མེད་པའི་དངོས་པོ་ཤ་སྟག་རེད་ཅེས་ཀྱང་བརྗོད་ཆོག་གི་ཡོད། དེའི་རྒྱུ་མཚན་ནི་འབྱུང་འགྱུར་གྱི་དུས་སུ་རྒྱལ་ཁབ་སུས་ཀྱང་མཚོན་ཆ་དེ་དག་གིས་དམག་འཁྲུང་སློང་མི་སྲིད། དེ་ཡང་གོང་དུ་ཞུས་པ་ལྟར་གཞན་སྟེང་དུ་འཕུར་མདེལ་འཕེན་པ་ནི་རང་སྟེང་དུ་འཕུར་མདེལ་གྱི་ཆར་འབེབ་པའི་རྐྱེན་དུ་འགྲོ་བ་ནི་རྒྱལ་ཁབ་སུས་ཀྱང་གསལ་བོར་རྟོགས་ཡོད་པས་སོ།། དེ་ཡང་དཔེར་ན། ཉིང་རྡུལ་འཕུར་མདེལ་ལྟ་བུར་མཚོན་ན་འཛམ་གླིང་འཁྲུག་ཆེན་གཉིས་པ་རྫོགས་མཚམས་ཙམ་ནས་བཟོས་པ་ཡིན་མོད། འོན་ཀྱང་། དུས་ད་ལྟའི་བར་དུ་རྒྱལ་ཁབ་གཅིག་གིས་ཀྱང་དེ་ཉིད་བེད་སྤྱོད་བྱས་མ་མྱོངས། གཞན་དུ་དཔེར་ན། ད་ལོར་རྒྱལ་ཁབ་གཅིག་གིས་ཚོང་ཆེན་ཞིག་བརྒྱབ་ནས་དངུལ་སྒོར་ཐམས་ཅད་འགྲོ་སྒོར་གཏོང་དགོས་ཐུག་ན་ཡང་། རྒྱལ་ཁང་གང་དེའི་སྣེ་མོ་ལས་འཛིན་པ་ཐམས་ཅད་ལ་ཡང་སང་ལོར་དམག་འཁྲུག་འདྲ་བྱུང་ན་དམག་འཁྲུག་གི་འགྲོ་སོང་ཇི་ལྟར་འཚོལ་ལམ་སྙམ་པའི་སེམས་ཁྲལ་ཞིག་འབྱུང་མི་སྲིད། ཡང་གལ་ཏེ་ད་ལོར་ཨོ་སི་ཁྲི་རོ་ཡས་མཚོ་ཐོག་ནས་གསེར་དངུལ་འབོར་ཆེན་ཞིག་དབྱིན་ཇིར་སྐྱེལ་དགོས་པའི་དབང་དུ་བཏང་ན། ཨོ་སི་ཁྲི་རོ་ཡའི་ཆབ་སྲིད་འཛིན་པ་ཐམས་ཅད་ལ་ཡང་ལམ་བར་ནས་རྒྱ་གར་དང་། ཕོར་ཐུ་ཀལ་དང་། སི་ཕན་སོགས་ཀྱིས་འཕྲོག་བཅོམ་བྱེད་མི་འགྲོའམ་སྙམ་པའི་འཇིགས་སྣང་ཞིག་རྩ་བ་ནས་འབྱུང་མི་སྲིད། རྒྱུ་མཚན་དེ་དག་གི་དབང་གིས། ད་ལྟ་འཛམ་གླིང་དུ་དམག་འཁྲུག་འབྱུང་བཞིན་མེད་པ་དང་། མ་འོངས་པར་ཡང་འབྱུང་མི་སྲིད་ཅེས་བཤད་པ་ཡིན། 


གོང་དུ་བརྗོད་པ་དེ་དག་གི་དབང་གིས། དུས་ད་ལྟ་འཛམ་གླིང་དུ་ནད་དང་། མུ་གེ། འཁྲུག་པ་སོགས་ཕལ་ཆེར་མི་འདུག་ཅེས་བརྗོད་ན་ཆོག་གི་ཡོད། འོ་ན། ནད་དང་། མུ་གེ་དང་། འཁྲུག་པ་སོགས་རྩ་བའི་ཆ་ནས་མེད་པར་བཏང་བའི་རྗེས་སུ་འགྲོ་བ་མིའི་རིགས་ཀྱི་འདོད་བློ་ཡོངས་སུ་ཚིམས་སོང་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཤིན་ཏུ་མཚར་སྣང་དགོས་པ་ཞིག་ནི། དང་པོ། སྔོན་ཆད་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་འབྱུང་བའི་སྐབས་སུ། དམྱལ་ཁམས་མི་ཡུལ་དུ་བབས་པ་ལྟ་བུའི་སྡུག་བསྔལ་ཞིག་བྱུང་མྱོང་ཞིང་། སྐབས་དེ་དུས་སུ་བདེ་སྐྱིད་ཅེས་པ་ཡང་སྲིད་མཐའ་ཙམ་དང་འཁྲུལ་སྣང་ཙམ་ལས་མ་འདས། འོན་ཀྱང་། སྐབས་དེར་འཛམ་གླིང་དུ་རང་སྲོག་གཅོད་པའི་མི་མང་པོ་ཞིག་ནི་རྩ་བ་ནས་བྱུང་མ་མྱོང་། སྐབས་དེའི་མི་རྣམས་དང་བསྡུར་ན་ད་ལྟའི་མི་རྣམས་ལ་རྒྱུ་འབྱོར་བ་དང་། རིག་གནས། འཚོ་བའི་ཡོ་བྱད་སོགས་ལྡབ་བརྒྱ་འགྱུར་གྱིས་འཕགས་ཡོད་མོད། འོན་ཀྱང་། སྔོན་ཆད་ཀྱི་མི་རྣམས་དང་བསྡུར་ན་ད་ལྟའི་མི་རྣམས་ཀྱི་ནང་སེམས་ཀྱི་བདེ་སྐྱིད་ནི་ལྡབ་བརྒྱ་འགྱུར་གྱིས་འཕགས་ཡོད་དམ་ཞེ་ན། དེ་ནི་མི་སྲིད་པ་ཞིག་ཡིན་པ་དངོས་ཡོད་འཚོ་བས་གསལ་བཤད་གནང་ཡོད་དེ། ད་ལྟ་འཛམ་གླིང་དུ་རང་སྲོག་གཅོད་མཁན་གྱི་གྲངས་འབོར་ནི་བསམ་ཡུལ་ལས་འདས་པར་འགྱུར་བཞིན་ཡོད། གོང་དུ་ཞུས་ཟིན་པ་ནང་བཞིན་སྤྱི་ལོ་2012ལོ་གཅིག་པོའི་ནང་དུ་འཛམ་གླིང་ཡོངས་སུ་རག་རྩིས་སུ་བྱས་ན་ཁྱོན་བསྡོམས་མི་གྲངས་ཁྲི་80ལྷག་གིས་རང་སྲོག་བཅད་ཡོད་ཅིང་། དེ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་བྱུང་བའི་ཐོག་མ་ནས་ད་ལྟའི་བར་དུ་སྔར་བྱུང་མ་མྱོང་ཟིན་ཐོ་ཞིག་ཀྱང་རེད། དེ་ནི་ལོ་དེ་ཁོ་ནའི་དོན་དག་ཙམ་མ་ཡིན་པར་ད་ལྟ་ཡང་ལོ་རེ་བཞིན་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། གཉིས་པ། ད་ལྟ་འཛམ་གླིང་དུ་དངུལ་སྒོར་དུང་ཕྱུར་དུ་མའི་བདག་པོར་གྱུར་ཅིང་། འཚོ་བའི་ཡོ་བྱད་མ་ཚང་བ་ཞིག་མེད་མཁན་གྱི་ཕྱུག་བདག་ཆེན་མོ་བ་དག་གི་གྲས་སུ་འཛུམ་མདངས་དང་བདེ་སྐྱིད་ཀྱི་སྣང་བ་ཕྲ་མོ་ཙམ་ཡང་མེད་མཁན་ཤིན་ཏུ་མང་། 


རྒྱུ་མཚན་དེའི་ཕྱིར། ནད་དང་། མུ་གེ་དང་། འཁྲུག་པ་སོགས་ཀྱི་འཇིགས་པ་སེལ་བའི་རྗེས་སུ། ད་ལྟ་འགྲོ་བ་མིའི་རིགས་ཀྱི་རེ་འདོད་ནི་གང་ཡིན་ཞེ་ན། ཚེ་ལ་དབང་འབྱོར་བ་དང་། གཟུགས་མཛེས་པ། རྟག་བརྟན་གྱི་བདེ་སྐྱིད། ཀུན་མཁྱེན་བཅས་འདི་བཞི་ཀ་ཡིན་ནོ།། སྔོན་ཆད་གལ་ཏེ་མི་ཞིག་གིས་འགྲོ་བ་མིའི་རིགས་ཀྱིས་འདི་དག་མངོན་འགྱུར་བྱེད་ཐུབ་ཅེས་བརྗོད་ན་དེ་ནི་ཉོ་གཏམ་དུ་འགྲོ་བས། སུ་ཞིག་གིས་མགོ་བོ་གུག་གུག་གིས་ཉན་སྲིད་དམ། སུ་ཞིག་གིས་མི་འཕྱའམ། ལྷག་དོན་དེ་དག་ལས་ཚེ་ལ་དབང་འབྱོར་བ་དང་། རྟག་བརྟན་གྱི་བདེ་སྐྱིད་དང་། ཀུན་མཁྱེན་བཅས་ནི་སངས་རྒྱས་དང་དཀོན་མཆོག་གི་སྤྱོད་ཡུལ་ཙམ་ལས་གང་ཟག་ལ་ནི་དེ་ལྟར་སྲིད་དམ་ཞེས་བཤད་སྲིད། འོན་ཀྱང་། དོན་དངོས་སུ་དེ་དག་ནི་འགྲོ་བ་མིའི་རིགས་ཀྱིས་ལོངས་སུ་སྤྱོད་མི་སྲིད་པ་ཤ་སྟག་ཅིག་མ་རེད། སྔོན་ཆད་ཡིན་ན། མི་ཞིག་ལ་སྙིང་ནད་ཚབ་ཆེན་ཞིག་དང་། ཡང་ན་གློ་ནད་སོགས་ནད་ཚབ་ཆེན་ཞིག་གིས་བཟུང་པ་ན་དེ་ནི་མི་དེའི་ཚེ་ཚད་ལ་ཐོན་སོང་ཞེས་བཤད་ན་མི་ཆོག་པ་འགའ་ཡང་མེད། འོན་ཀྱང་། ད་ལྟ་ནི་དེ་དང་མི་འདྲ་སྟེ། གལ་ཏེ་མི་ཞིག་ལ་སྙིང་ནད་དང་། གློ་ནད་སོགས་ནད་ཚབ་ཆེན་ཞིག་ཕོགས་ན། དེ་ལ་གཤག་བཅོས་བྱེད་ཆོག་གི་ཡོད། དེས་མ་འཐུས་ན་སྙིང་གསར་བ་ཞིག་བརྗེ་ཆོག་གི་ཡོད་པས། སུ་ལ་ཡང་ཐབས་བཀོད་གང་ཡང་མེད་པར་འཆི་དགོས་པའི་རྒྱུ་མཚན་མེད། གལ་ཏེ་གཤག་བཅོས་བྱས་ཀྱང་འཆི་བར་གྱུར་ན་དེ་ནི་ཚེ་ཚད་ཀྱི་གནད་དོན་ཞིག་མ་ཡིན་པར། ལག་རྩལ་གྱིས་མ་འདང་བའི་དོན་དག་ཙམ་རེད། ད་ལྟ་ས་གནས་སོ་སོར་སྨན་ཁང་ཆེན་མོ་བརྒྱབ་ཡོད་ཅིང་། དེའི་ནང་དུ་སྨན་པ་སོགས་ཆེད་མཁས་པ་དུ་མ་ཡང་བསྡུ་བཞིན་ཡོད་ལ། མ་ཟད་སྨན་པ་དང་གཤག་བཅོས་ཀྱི་ལག་རྩལ་སོགས་ལ་སྔར་ལས་ལྷག་པའི་ནུས་པ་འབྱུང་བར་འབད་པ་བྱེད་བཞིན་ཡོད། དེ་དག་གིས་ནི་མིའི་ཚེ་ཐག་ཇེ་རིང་དུ་གཏོང་བའི་ཆེད་དུ་འབབ་བཞིན་ཡོད་པ་ལས་གསུང་རབས་རྩོམ་སྒྲིག་བྱེད་པ་ལ་བྲེལ་བཞིན་ཡོད་པ་ནི་མ་ཡིན་ནོ།། གཞན་དུ་ད་ལྟ་མི་ཞིག་ལ་ནད་ཚབས་ཆེན་ཞིག་ཕོགས་ན་དེ་མ་ཐག་ནས་སྨན་ཁང་བཟང་བོ་ཞིག་བཙལ་བཞིན་ཡོད། དེ་ཡང་རང་ཉིད་ཀྱི་ཚེ་ཐག་ཇེ་རིང་དུ་གཏོང་བར་ཐབས་འཚོལ་བཞིན་པ་མ་ཡིན་ནམ། ད་ལྟ་སྨན་ཁང་དུ་ཕྱིན་ན་ཡང་སྨན་པའི་ནུས་པ་དང་སྨན་ཁང་གི་བཅོས་ཐབས་ཀྱིས་མ་འདང་བའི་དབང་གིས་མི་མང་པོ་ཡང་འཆི་བཞིན་ཡོད། འོན་ཀྱང་། དེ་དག་ཐམས་ཅད་ནི་དུས་ཚོད་ཀྱི་གནད་དོན་ཙམ་ལས་མ་འདས་པས། ནམ་ཞིག་ལ་དེ་ལ་དེ་མཚུངས་ཀྱི་བཅོས་ཐབས་ཤིག་ནི་བརྙེད་པར་གདོན་མི་ཟའོ།། 


སྤྱིར་མི་ལ་ན་བ་ཡོད་པས་གསོ་རིག་བྱུང་བ་ཡིན་ལ། དེ་བཞིན་འདས་པའི་དུས་སུ་ཡང་ནད་ཡམས་ཚབ་ཆེན་དག་རིམ་པར་བྱུང་བས་གསོ་རིག་དང་། ཚན་རིག་ལག་རྩལ། སྐྱེ་དངོས་རིག་པ་སོགས་ལ་ཡང་འཕེལ་རྒྱས་བློ་ཡུལ་ལས་འདས་པ་ཞིག་བྱུང་ཡོད། དེ་དག་ཀྱང་ནད་དང་ནད་ཡམས་དེ་དག་བཅོས་ཐབས་ལ་ཞིབ་འཇུག་བཏང་བ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ནོ།།སྤྱིར་དེ་ནི་དགའ་འོས་དོན་དག་ཅིག་ཅི་ལ་མིན། གལ་ཏེ་མི་ཞིག་ལ་ནད་ཅིག་བྱུང་བའམ་ཡང་ན་མི་ཞིག་ཤི་བར་གྱུར་ན་དེ་ལ་རྒྱུ་མཚན་གཅིག་ལས་མེད་དེ། དེ་ནི་སྣོད་དྲུག་གང་རུང་ཞིག་ལ་སྐྱོན་བྱུང་བའམ་ཡང་ན་ཕྲ་འབུ་ཞིག་ལ་སྐྱོན་བྱུང་ལས་གཞན་དུ་མ་འདས། ད་ལྟ་གསོ་བ་རིག་པ་དང་། རྫས་འགྱུར་བཅོས་ཐབས་རིག་པ་དང་། སྐྱེ་དངོས་རིག་པ་སོགས་ཟུང་འབྲེལ་བྱས་ནས་མིའི་ལུས་བརྒྱུད་ཀྱི་ཕྲ་འབུ་དང་བརྒྱུད་རྒྱུ་སོགས་བརྗེ་སྤོ་བྱེད་ཐུབ་ཀྱིན་ཡོད་ཅིང་། དེ་ཡང་མི་ཞིག་གི་སྙིང་བླངས་ནས་མི་གཞན་ཞིག་གི་སྙིང་དང་བརྗེས་པར་ཀུན་ནས་མཚུངས། དེ་ཡང་ཕྲ་འབུ་དང་བརྒྱུད་རྒྱུ་སོགས་བརྗེ་སྤོ་བྱས་པ་དང་། རྫས་འགྱུར་བཅོས་ཐབས་རིག་པ་སོགས་ལ་བརྟེན་ནས་མི་རྣམས་གཟུགས་ཤིན་ཏུ་མཛེས་པོ་དང་། སེམས་ལ་སྡུག་བསྔལ་མེད་པ་དང་། བློ་རིག་རྒོད་པོ་སོགས་སུ་བསྒྱུར་ཐུབ་ཀྱི་ཡོད། དཔེར་ན། མི་ཞིག་མ་གཞི་ནས་གཟུགས་མི་མཛེས་པ་དང་། སྡུག་བསྔལ་དང་ལྡན་པ་དང་། རིག་པ་རྟུལ་བོ་ཅན་ཞིག་ཡིན་རུང་། གོང་དུ་བརྗོད་པའི་ཚན་རྩལ་སོགས་ལ་བརྟེན་ནས་མི་དེ་གཟུགས་ཤིན་ཏུ་མཛེས་པོ་དང་། སྡུག་བསྔལ་མེད་པ་དང་། བློ་རིག་རྒོད་པོ་ཅན་ཞིག་ཏུ་བསྒྱུར་ཐུབ་ཀྱི་ཡོད། མིའི་ཚེ་ཐག་ཇེ་རིང་དུ་གཏོང་བའི་ཐད་དུ་ཡང་ད་ལྟ་འཛམ་གླིང་དུ་ཚན་རིག་པ་དག་གིས་མི་རྣམས་གཏན་དུ་གསོན་ཅིང་འཆི་བ་མེད་པའི་དུས་ཤིག་འབྱུང་བར་འབད་པ་བྱེད་བཞིན་ཡོད་ཅིང་། ཚན་རིག་པ་ཁ་ཅིག་གིས་མི་ནི་ལོ་བརྒྱ་དང་ལྔ་བཅུར་གསོན་ཐུབ་ཅེས་པ་དང་། ཡང་ཚན་རིག་པ་ཁ་ཅིག་གིས་ཚེ་ལོ་ལྔ་བརྒྱ་ཐུབ་པར་བརྗོད་ལ། ཡང་ཚན་རིག་པ་ཁ་ཅིག་གིས་གཏན་དུ་འཆི་བ་མེད་པར་ཡང་བསྒྱུར་ནུས་ཤིང་། དེ་ཡང་མི་ལོ་བཅུ་བཅུའི་ནང་དུ་གཤག་བཅོས་རེ་བྱས་པས་འཐུས་ཞེས་ཀྱང་བརྗོད། དེ་དག་ལ་དུས་ཀྱི་ཆ་ནས་ཚན་རིག་པ་ཁ་ཅིག་གིས་སྤྱི་ལོ་2050ལོའི་ཚན་དུ་མངོན་འགྱུར་བྱེད་ཐུབ་པར་བརྗོད་ལ། ཡང་ཁ་ཅིག་གིས་སྤྱི་ལོ་2200ལོའི་བར་དུ་གང་དེ་མངོན་འགྱུར་བྱེད་ཐུབ་ཅེས་ཀྱང་བརྗོད་བཞིན་ཡོད། 


འོ་ན་འདི་ལྟ་བུ་ཞིག་མངོན་འགྱུར་བྱས་ན་ཉེན་ཚབ་ནི་བློ་ཡིད་ལས་འདས་ཏེ། དེ་ཡང་གནས་སྐབས་སུ་ཚོད་དཔག་བྱེད་ཐུབ་པ་འགའ་ཞིག་ནི་འདི་ལྟ་སྟེ། དེ་ལྟར་བྱས་ན་འགྲོ་བ་མིའི་རིགས་ལ་འདྲ་མཉམ་མིན་པའི་གནས་ཚུལ་ལམ་གྲལ་རིམ་གསར་བ་ཞིག་བསྐྱར་དུ་འབྱུང་བར་གདོན་མི་ཟ་ཞིང་། དེ་ཡང་ཕྱུག་བདག་རྣམས་ནི་ཚེ་ལ་དབང་འབྱོར་བ་དང་། གཟུགས་མཛེས་པ་དང་། བློ་རིག་རྒོད་པ་དང་། སྡུག་བསྔལ་དང་བྲལ་བའི་རིགས་ཡིན་ལ། དབུལ་བོ་རྣམས་ནི་ཚེ་ཐུང་བ་དང་། གཟུགས་བྱད་ངན་པ་དང་། རིག་པ་རྟུལ་བོ་དང་། སྡུག་བསྔལ་དང་ལྡན་པའི་རིགས་ཡིན་པས། སྐབས་དེར་རྒྱལ་ཁབ་ཐམས་ཅད་ཀྱི་བདག་པོ་ནི་ཕྱུག་པོ་རྣམས་ཡིན་ཞིང་། དབུལ་བོ་རྣམས་ལ་ནི་ཡང་བསྐྱར་ནད་དང་། མུ་གེ་དང་། འཁྲུག་པ་རྟག་ཏུ་འབྱུང་སྲིད་པ་ཡིན་ནོ།།  སྐབས་དེར་འདས་པའི་མི་ལོ་སྟོང་ཕྲག་དུ་མའི་རིང་ལ་བསྐྲུན་པའི་དཔལ་ཡོན་དང་། ཆོས་ལུགས་དང་། རིག་གནས་དང་། ལམ་ལུགས་སོགས་ཐམས་ཅད་ཀྱང་རང་བཞིན་གྱིས་དགོས་མེད་དུ་ཆགས་སྲིད་དོ།། 


འོ་ན་འདི་ལ་བཟློག་ཐབས་ཡོད་དམ་ཞེ་ན། འཇིག་རྟེན་འདིར་བཟློག་ཐབས་མེད་པའི་རྐྱེན་ངན་ཞིག་ནི་མི་སྲིད་མོད། འོན་ཀྱང་། གཅིག་བྱས་ན་འདི་ལ་བཟློག་ཐབས་ཤིག་མེད་ཤས་ཀྱང་ཆེ། འདི་ལྟར་བཤད་པ་ལ་རྒྱུ་མཚན་འགའ་ཞིག་ཀྱང་འདུག་སྟེ།  གཅིག  རྐྱེན་ངན་འདི་ནི་ཆོས་ལུགས་ཐམས་ཅད་དང་མཐུན་པ་ཞིག་ཀྱང་རེད་དེ། ཚེ་ལ་དབང་འབྱོར་བ་དང་། བདེ་སྐྱིད་དང་ལྡན་པ། དབང་བོ་རབ་བཅས་ནི་ཆོས་ལུགས་ཕལ་མོ་ཆེའི་བརྗོད་སྙིང་དུ་ཆགས་ཡོད་པས། འདི་ལ་ཆོས་ལུགས་ཀྱི་རྒྱབ་སྐྱོར་ཡང་ཡོད། གཉིས། རྐྱེན་ངན་འདི་ནི་ཡོངས་ཁྱབ་རིན་ཐང་འགྲོ་བ་མིའི་ཐོབ་ཐང་དང་ཡང་མཐུན་པ་ཞིག་རེད་དེ། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་པའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་དབུ་ཚུགས་ཤིང་། སྐབས་དེར་གཏན་ལ་ཕབ་པའི་འགྲོ་བ་མིའི་ཐོབ་ཐང་དུ་དོན་ཚན་དང་པོར་ཚེ་སྲོག་རང་དབང་བཞག་ཡོད་ལ། དེ་བཞིན་བདེ་སྐྱིད་ལོངས་སུ་སྤྱོད་པའི་རང་དབང་ཡང་གཙུགས་སུ་བཟུང་ནས་གཏན་ལ་ཕབ་ཡོད། དེ་བས་ད་ལྟ་མི་ཞིག་གིས་ཚན་རིག་གི་ལག་རྩལ་སོགས་ལ་བརྟེན་ནས་རང་ཉིད་ནི་འཆི་བ་མེད་པ་ཞིག་དང་། སྡུག་བསྔལ་མེད་པ་ཞིག་ཏུ་བསྒྱུར་ན། དེ་ལ་སུ་ཞིག་གིས་མི་ཆོག་ཟེར་རམ། དེ་ནི་མ་གཞི་ནས་ཚེ་སྲོག་རང་དབང་དང་བདེ་སྐྱིད་ལོངས་སུ་སྤྱོད་པའི་རང་དབང་གི་ཁོངས་སུ་མི་འདུའམ། ཡོངས་ཁྱབ་རིན་ཐང་འགྲོ་བ་མིའི་ཐོབ་ཐང་དུ་ཚེ་སྲོག་རང་དབང་དང་བདེ་སྐྱིད་ལ་ལོངས་སུ་སྤྱོད་པའི་རང་དབང་ཡོད་ཅེས་གཏན་ལ་ཕབ་ཡོད་པ་ལས། དེ་ཡང་མི་ལོ་གཅིག་ནས་དགུ་བཅུའི་དབར་གྱི་མི་རྣམས་མ་གཏོགས་མི་འདུ་ཞེས་ཟུར་དུ་མཆན་ཞིག་བཀོད་མེད་པས་སོ།། དེ་བས་ཡོངས་ཁྱབ་རིན་ཐང་འགྲོ་བའི་ཐོབ་ཐང་དང་རང་དབང་སོགས་ནི་འབྱུང་འགྱུར་རྐྱེན་ངན་འདིའི་གྲོགས་སུ་འགྱུར་ངེས་སོ།།  གསུམ། རྐྱེན་ངན་འདི་ནི་འགྲོ་བ་མིའི་རིགས་སྤྱི་མཐུན་གྱི་རེ་འདོད་དང་ཡང་འཚམས་པ་ཞིག་ཀྱང་རེད་དེ། ཚེ་ལ་དབང་འབྱོར་བ་དང་སྡུལ་བསྔལ་སེལ་ཐབས་ནི་གདོད་མ་ནས་བཟུང་མིའི་རིགས་ཀྱི་རེ་འདོད་དམ་འཚོལ་སྙེག་བྱས་ནས་ཡོང་བའི་དོན་དག་ཅིག་ཀྱང་རེད། ཆོས་ལུགས་ཐམས་ཅད་དུ་ཡང་མི་ཤི་བའི་རྗེས་སུ་ལྷ་ཡུལ་དུ་སྐྱེ་བ་ཡོད་ཅེས་གསུངས་པ་ཡང་དོན་གྱི་གནད་འདིར་གཞིགས་ནས་བཤད་པ་ཞིག་རེད་ལ། ཆོས་ལུགས་ཐམས་ཅད་ཀྱང་གནད་འདིར་བརྟག་དཔྱད་བཏང་བ་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། རྒྱ་ནག་ཏུ་རྒྱུགས་ཆེ་བའི་བཤད་སྲོལ་ཞིག་ཡོད་དེ། དེ་ནི་ཆོས་ལུགས་ཐམས་ཅད་རྨོངས་དད་ལ་བརྟེན་ནས་བྱུང་བ་རེད་ཅེས་པའོ།། དེ་ནི་ཅི་འདྲའི་དགོད་འཆོར་བའི་གཏམ་ཞིག་རེད་ཨང་། ཆོས་ལུགས་ཐམས་ཅད་ནི་རྨོངས་པས་བཞག་པ་ཞིག་ནི་ག་ལ་ཡིན་ཏེ་མ་ཡིན། དེ་ནི་མིའི་བརྒྱུད་ཀྱི་འདོད་ཆགས་ཀྱིས་བཞག་པ་ཞིག་རེད། དཔེར་ན། བྱིས་པ་རྣམས་སྒྲུང་དང་རྫུ་འཕྲུལ་ལ་དགའ་ཞིང་། མ་ཟད་སྒྲུང་ལས་བྱུང་བའི་ལུས་ངག་གི་སྦྱོར་བ་ལ་ལད་མོ་བྱེད་པར་ཡང་དགའ་བོ་ཡོད། གཞོན་པ་དང་རྒས་པ་རྣམས་ནི་ལྷ་སྒྲུང་དང་ཆོས་ལུགས་དང་དོད་ཆེ་བ་ནི་རང་ཉིད་ལྷ་སོགས་སུ་འགྱུར་འདོད་པའི་སྲེད་པའི་དབང་གིས་ཡིན་ལ། ལྷ་སྒྲུང་དང་ཆོས་ལུགས་དར་ཁྱབ་བྱུང་བའི་རྒྱུ་མཚན་ཉག་གཅིག་ནི་དོན་དམ་དུ་མིའི་རྒྱུད་ཀྱི་འདོད་ཆགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ནོ།། ཆོས་ལུགས་ཕལ་མོ་ཆེ་ལ་ཡང་ལྷ་སྒྲུང་གི་ཆ་དང་ལྟ་བའི་ཆ་བཅས་གཉིས་ཡོད་མོད། འོན་ཀྱང་། ཆོས་ལུགས་དེ་དག་ལ་དད་པ་བྱེད་མཁན་གྱི་མི་མང་གིས་ནི་ཆོས་ལུགས་གང་དེ་ལས་བྱུང་བའི་ནད་གདོན་བར་ཆད་སོགས་ཞི་བར་བྱེད་པའི་གཟུངས་སྔགས་སོགས་བློ་ལ་ཤར་མར་ཡོད་པ་ལས། ཆོས་ལུགས་དེ་ལས་བསྟན་པའི་འཇིག་རྟེན་གྱི་རྣམ་བཞག་དང་། ཆོས་ལུགས་གང་དེ་སྲོལ་གཏོད་མཁན་གྱི་སྟོན་པའི་རྣམ་ཐར་སོགས་ལ་ནི་ཆ་རྒྱུས་ཅི་ཡང་མེད། དེ་བས་འགྲོ་བ་མིའི་རིགས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་པ་ཡང་དམིགས་ཡུལ་གང་ཞིག་ཡིན་པ་གསལ་བོ་ཡིན། དེ་བས་རྐྱེན་ངན་དེ་ནི་འགྲོ་མིའི་རིགས་ཀྱི་འདོད་བློ་དང་ཡང་འཚམས་པ་ཞིག་རེད། བཞི། རྐྱེན་ངན་དེ་ནི་མིའི་རིགས་ཀྱི་འགྲན་རྩོད་ཀྱིས་ཀྱང་བསྐྱེད་ཡོང་སྲིད་དེ། དཔེར་ན། རྐྱེན་ངན་དེ་ཡང་རྐྱེན་ངན་དུ་མཐོང་ནས་རྒྱལ་ཁབ་འགའ་ཞིག་གིས་བཀག་འགོད་བྱེད་སྲིད་ཀྱང་། ཡང་རྒྱལ་ཁབ་གཞན་ཞིག་གིས་ནི་ལག་བསྟར་མི་བྱེད་པའི་ངེས་པ་སུ་ལ་ཡོད་དམ། གལ་ཏེ་རྒྱལ་ཁབ་གཞན་ཞིག་གིས་གང་དེ་ལག་བསྟར་བྱས་ན་རྒྱལ་ཁབ་གང་དེ་ནི་དུས་གཏན་དུ་སྔོན་ཐོན་ཅན་དང་། ཤེས་རིག་གི་ཕ་ས་ཕ་ཡུལ་དང་། གཟུགས་མཛེས་པའི་ཡུལ་དང་། བདེ་སྐྱིད་དང་ལྡན་པའི་རྒྱལ་ཁབ་ཏུ་འགྱུར་སྲིད་པས། སྐབས་དེར་རྒྱལ་ཁབ་གཞན་དག་གིས་བཟོད་དམ། ཡང་ཚོ་བ་ཆུང་ཆུང་ཞིག་ལ་དཔེར་བཞག་ནས་བཤད་ན། གལ་ཏེ་ཁྱིམ་ཚང་ཞིག་གིས་རྐྱེན་ངན་འདི་ལག་བསྟར་བྱས་ན། ཁྱིམ་ཚང་གང་དེའི་བྱིས་པ་རྣམས་ནི་ནམ་རྒྱུན་སློབ་ཚན་གང་ལས་ཀྱང་རྒྱུགས་སྐར་བརྒྱ་ལེན་མཁན་དང་། གཟུགས་མཛེས་ཤིང་། སྡུག་བསྔལ་མེད་པ་ཞིག་ཡིན་ཞིང་། ཁྱིམ་ཚང་གཞན་དག་གི་བྱིས་པ་རྣམས་ནི་དུས་རྒྱུན་རྒྱུགས་མི་འཕྲོད་པ་དང་། གཟུགས་མི་ཡག་པ་དང་། བདེ་སྐྱིད་མེད་པ་ཞིག་ཡོང་བས་ན། སྐབས་དེར་ཁྱིམ་ཚང་དེ་དག་གིས་བཟོད་དམ། རྐྱེན་ངན་དེ་རྐྱེན་ངན་དུ་མཐོང་ན་ཡང་ལག་བསྟར་མི་བྱེད་པའི་ཐབས་ཤིག་ཡོད་དམ། དེ་ནི་དཔེར་མི་སྲིད་པ་ཞིག་ཡིན་ལས་ཀྱང་ཆེ། 


གོང་དུ་བརྗོད་པའི་རྒྱུ་མཚན་དེ་དག་གི་དབང་གིས་རྐྱེན་ངན་དེ་ནི་བཟློག་ཐབས་མེད་པ་ཞིག་ཀྱང་ཡིན་སྲིད་ཅེས་བརྗོད་པ་ཡིན། མི་ཐམས་ཅད་ཀྱི་འདོད་བློ་དང་འཚམས་ཤིང་། ཆོས་དང་ཁྲིམས་དང་ཡང་མཐུན་པ་ཞིག་ལག་ལེན་དུ་བསྟར་བའི་སྐབས་སུ་དེ་ཡང་མི་ཆོག་ཅེས་བརྗོད་ན། ཁྱོད་ཁྲིམས་དང་འགལ་བ་རེད། ཆོས་ལུགས་དང་འགལ་བ་ཡིན་པས། སུ་ལ་ཐབས་བཀོད་ཡོད་དམ། བསམ་བློ་ཞིག་ཐོངས་དང་། འདི་ནི་གནད་དོན་དཀའ་མོ་ཞིག་མ་ཡིན།


གོང་དུ་སོང་ཟིན་པ་ལྟར་མིའི་ཚེ་ཐག་ལོ་ལྔ་བརྒྱར་ཇེ་རིང་དུ་གཏོང་ཐུབ་པ་དང་། ཡང་ན་དུས་གཏན་དུ་འཆི་བ་མེད་པར་ཚེ་ལ་དབང་འབྱོར་ཐུབ་པར་བཤད་པའི་ཚན་རིག་པ་དག་གིས་ནི་ངག་ཏུ་གང་བྱུང་དུ་བཤད་པ་ཞིག་ནི་མ་ཡིན་ཏེ། དེ་དག་ལ་ཡང་གདེང་ཚོད་ཆེན་མོ་ཡོད་པའི་སྒོ་ནས་བཤད་པ་མ་ཟད། དེའི་སྐོར་ནས་བརྟག་དཔྱད་བྱེད་པའི་ཚོགས་སྡེ་བཙུགས་ཟིན་པར་མ་ཟད། ཀུང་སི་ཡང་བཙུགས་ནས་དེ་ལ་མ་དངུལ་ཡང་བསྡུ་བཞིན་ཡོད་པས། ད་ལྟ་མ་དངུལ་ཡང་དངུལ་སྒོར་དུང་ཕྱིར་དུ་མ་འདུས་ཡོད་རབས་བཤད་ལ། མ་ཟད་མ་དངུལ་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་རབས་ཀྱང་འདུག དེ་ཡང་ཁོ་ཚོ་ཁག་ཅི་ཡོད་དེ། མིའི་ཚེ་ཐག་རིང་དུ་གཏོང་བྱེད་ཀྱི་ཚོང་ལས་ཤིག་བྱུང་ན་དེ་ལ་མ་དངུལ་མི་གཏོང་ན་གང་ལ་གཏོང་སྟེ། དེ་ལས་ལྷག་པའི་ཚོང་ཆེན་མོ་ཞིག་མེད་པས་སོ།།


འོན་ཀྱང་། རྐྱེན་ངན་དེ་བཟློག་ཐབས་ཀྱི་རིགས་ལམ་ཞིག་ནི་ད་ལྟར་མ་རྙེད་ལ། དེ་ཡང་རྩ་བ་ནས་བཟློག་ཐབས་མེད་པ་ཞིག་རེད་ཅེ་ན་དཔེར་མི་སྲིད་པ་ཞིག་རེད། དེ་བས་རྩོམ་ཡིག་འདི་འབྲི་བའི་དམིགས་ཡུལ་ཡང་རྐྱེན་ངན་འདི་བཟློག་ཐབས་ལ་ཐམས་ཅད་ཀྱིས་བསམ་གཞིག་ཅིག་གཏོང་བའི་ཆེད་དུ་ཡིན། ཡང་ཁ་ཅིག་གིས། འདི་ལ་བསམ་གཞིག་ཅི་ཞིག་གཏོང་སྟེ། སྐབས་དེར་ང་ཡང་འཇིག་རྟེན་འདིར་མེད་པས་འབྲེལ་བ་མི་འདུག་ཅེས་ཀྱང་བཤད་སྲིད་མོད། འོན་ཀྱང་། ཁྱོད་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། ཁྱོད་སྐབས་དེར་མེད་པའི་དབང་དུ་བཏང་ན་ཡང་ཁྱོད་ཀྱི་བུ་དང་བུ་མོའི་བྱིས་པ་དག་ནི་ཡོད་སྲིད་པས་ན། དེ་དག་གི་སྐྱིད་སྡུག་ལ་བསམ་གཞིག་གཏོང་བའི་འགན་ཁུར་ལ་ཁྱོད་ལ་ཡོད་པས་སོ།།


 རྩོམ་ཡིག་འདི་བཀླགས་ནས་མཇུག་རྫོགས་མཚམས་སུ་སླེབས་པའི་སྐབས་འདིར། ཁྱོད་ལ་ཚོར་སྣང་གང་ཞིག་འབྱུང་ངམ། ཁྲེལ་དགོད་ཅིག་འབྱུང་ངམ། ཡང་ན་སེམས་ཁྲལ་ཞིག་འབྱུང་ཞེས་སོགས་འབྱུང་ངོ་།། 



[མཆན།]  རྩོམ་ཡིག་འདི་ནི་རང་གིས་ཉེ་ཆར་རྩོམ་པ་པོ་ཧི་ལཱ་ལེན་ལགས་ཀྱིས་བརྩམས་པའི་((མ་འོངས་པའི་ལོ་རྒྱུས་སྤྱི་བཤད་))ཅེས་པའི་རྩོམ་ཡིག་གྲགས་ཆེན་གང་དེ་བཀླགས་པའི་ཞོར་དུ་གང་དེའི་བསྟན་བྱ་མདོར་བསྡུས་ཀྱིས་ཟིན་བྲིས་སུ་བཏབས་པ་དེ་ཡིན་ཞིང་། དེ་ཡང་འདིར་རང་ཉིད་ཀྱི་བསམ་ཚུལ་གཅིག་གཉིས་ཤིག་ཀྱང་དཀྱུས་སུ་བཏབས་ཡོད་པས། དེ་ལ་མ་འགྲིག་པ་རེ་ཡོད་ན་དགོངས་ཡངས་ཞུ།། གཞན་དུ་རྩོམ་པ་ཁོང་གིས་བརྩམས་པའི་((མིིའི་རིགས་ཀྱི་ལོ་རྒྱུས་སྤྱི་བཤད་))ཅེས་པའི་བརྗོད་བྱ་མདོར་བསྟན་གྱིས་བྲིས་པ་ཞིག་མཆོད་མེད་བོད་ཀྱི་རྩོམ་རིག་དྲྭ་བ་རུ་བཀོད་ཡོད་པས། མོས་པ་ཅན་དག་གིས་དེར་ཡང་གཟིགས་པར་འཚལ།

                2019.10.10ཉིན་བྲིས། 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།