མཚོ་ཡི་ལྷུག་རྩོམ་ཁག་གཉིས།

41382


ངས་ཁྱོད་ཀྱི་མིང་ལ་ནོར་བུ་ཞེས་འབོད་འདོད།


མི་ཚེ་འདིར་ཁྱོད་ཀྱི་ཕྱོགས་སུ་ལས་དབང་གི་ཟམ་པ་བཙུགས་ནས་མི་ལོ་བཅུ་གཅིག་འགོར། སྤྱིར་ན་ཁྱོད་ལ་མཇལ་རྒྱུའི་དུས་ཡུན་དེ་འདི་འདྲའི་རིང་པོ་ཞིག་ངེས་པར་མིན་ཡང་ཆོག་ཀྱང་། ཀྱག་ཀྱོག་ལྡན་པའི་མི་ཚེའི་ལམ་བུའི་ཁྲོད་དུ་ངའང་བུད་མེད་ཉམ་ཆུང་ནུས་མེད་གཞན་དག་དང་འདྲ་བར་ཁྱོད་ལ་མཇལ་རྒྱུའི་སྤོབས་པ་བྲལ། ལམ་བར་དུ་ཁ་ཆར་རམ་སྨུག་པས་མིག་ལམ་གྱི་མདུན་ལྗོངས་ཡང་ཡང་བསྒྲིབས་ཤིང་རེ་སྨོན་གྱི་ཕོ་བྲང་ཡང་ཡང་འཇིག་པས། ངས་ཐེ་ཚོམ་དང་དོགས་སྣང་གིས་ཁྱོད་ལ་བཏབས་པའི་འཛོམས་ཆད་དེ་ཡང་ཡང་ཕྱིར་འགྱངས་བྱས། དགོངས་དག་ཞུ། ཡིན་ཡང་གལ་ཏེ་མི་ལོ་བཅུ་ཡི་ཡར་སྔོན་ལ་ཁྱོད་དང་མཇལ་ཡོད་ཚེ། ངས་ད་ལྟ་ནང་བཞིན་ཁྱོད་རང་ངའི་མི་ཚེའི་བདེ་སྐྱིད་དང་འཚོ་བའི་རེ་སྨོན་དུ་འཛིན་མིན་བཤད་ཁག་པོ་རེད། རྒྱུ་མཚན་དཀའ་སྡུག་དང་ཐོབ་ཤོར་གྱི་བྱབས་ཁྲུས་ཡང་ཡང་མ་བྱས་པ་ཞིག་གིས་མི་ཚེ་དང་ཚེ་སྲོག་གི་ཡང་སྙིང་ནམ་ཡང་རྟོགས་སྲིད་པ་མ་རེད།


སྤྱིར་ན་ངའི་ན་ཚོད་འདི་ཡང་ཚེ་སྲོག་ལ་དུངས་སྣང་ལྷག་པར་ཆེ་ཞིང་། ཐོབ་ཡོད་པ་ཙམ་པོ་བ་དག་ལའང་གཅེས་སྤྲས་བླ་ལྷག་བྱ་འདོད་ལ། རང་ཉིད་ལ་དགོས་གལ་ཆེ་བ་དག་གི་ཆེད་དུ་འབད་བརྩོན་ཆེན་པོ་བྱེད་པའི་དུས་རིམ་ཞིག་ཏུ་སླེབས་ཡོད་མོད། ཁྱོད་ལ་མཇལ་ཨང་སྙམ་པའི་འདོད་འདུན་དེ་ཁོ་ན་ཡང་ཡང་ཕྱིར་བསྐུམས་པ་ཡིན། ཡིན་ཡང་ལས་དབང་ངམ་གནམ་རྒན་མ་ལྟ་བུའི་མགོན་སྐྱབས་སུ་ཞིག་གིས་ཁྱོད་རང་ལེགས་སྐྱེས་ཤིག་གི་ཚུལ་དུ་ང་ལ་གནང་བ་འདྲ་སྟེ། ཉིས་སྟོང་བཅུ་དགུ་ལོའི་ལོ་མགོའི་ཉིན་མོ་ཞིག་ལ་ཁྱོད་རང་ཆུ་ཕྲན་ཞིག་གི་ཟོལ་གྱིས་ངའི་བ་སྤུ་ཡི་བུ་ག་རེ་རེ་དང་རྩ་སྦུབས་ཀྱི་ཁུགས་སོ་རེ་རེར་ལྷོད་ཀྱིས་བརྒྱུད་ཅིང་། ངའི་རུས་རྐང་གི་གསེང་དང་ཁྲག་རྒྱུན་གྱི་འགྲོས་ལའང་ཡུན་གྱིས་འཐིམས་ཤིང་འདྲེས་པར་གྱུར་བས། སྐབས་དེར་ངའི་ལུས་ལ་སྔ་ན་མེད་པའི་བདེ་བས་ཁྱབ་ཅིང་། ང་ལ་སྔར་ཡོད་མ་མྱོང་བའི་བདེ་སྐྱིད་ཅིག་གིས་མིག་ཆུ་བསླངས། འུ་གཉིས་དཔྱིད་མགོ་མའི་འཇམ་མཉེན་གྱི་ཕྱག་ཟུང་བརྒྱུད་ནས་ཕན་ཚུན་ལ་དམ་དུ་འཁྱུད། དེ་ནས་བཟུང་འུ་གཉིས་གཞི་གཅིག་ལ་འདྲེས་ཤིང་ལས་དབང་གི་གཟུང་ཐག་གཅིག་ལ་འཇུས་ནས་ད་བར་དུ་ཟླ་བཅུ་ཚར་ལ་ཉེ། བདག་གི་ནོར་བུ། སྐབས་འདིར་མིག་ཟུང་ལ་མཆི་མ་བྲུག་བཞིན་ངས་ཁྱོད་ལ་བདག་གི་ནོར་བུ་ཞེས་ཡང་ཡང་འབོད་འདོད།


ཆེས་ཐོག་མར་ཁྱོད་ཀྱི་ཡོད་ཚད་ངའི་རྣམ་ཤེས་དང་བླ་སྲོག་ལ་ཡོངས་སུ་འཐིམས་ཟིན་ནའང་། ངས་རང་གི་དགའ་སྤྲོ་ཕྱིར་བསྡུས་ནས་སྐྱོ་སྡུག་གི་མནར་གཅོད་མྱོང་དགོས་བྱུང་སྟེ། གོ་ཐོས་ལ་ཁྱོད་རང་ང་དང་ཅིས་ཀྱང་འབྲལ་དགོས་ཚུལ་བཤད་ཅིང་། ཁྱོད་རང་ང་ཡི་འཇིག་རྟེན་ནས་གཏན་དུ་ཡལ་དགོས་ཚུལ་བཤད་བྱུང་། དེ་ནས་བཟུང་ཡུན་རིང་ཞིག་ལ་ངའི་མིག་མཐའ་མཆི་མས་བརླན་ཞིང་འཚོ་བ་ལ་རེ་ཐག་ཆད་སོང་། ཡིན་ན་ཡང་ངས་ཁྱོད་རང་དེ་ལྟར་རང་དགར་འགྲོ་རུ་འཇུག་མི་འདོད་དེ། མཐོ་བ་ལྷ་ཡུལ་དང་དམའ་བ་ཀླུ་ཡུལ་དུ་བསྐྱོད་དགོས་ཀྱང་། ངས་དཀའ་སྡུག་ཡོད་ཚང་ཁྱད་དུ་བསད་དེ་འུ་གཉིས་ལ་མགོན་སྐྱོབ་གནང་མཁན་གྱི་ལྷ་དང་ལྷ་མོ་གང་རུང་ཞིག་འཚོལ་དུ་འགྲོ་མགོ་བརྩམས།


སེམས་གཅོང་གི་མནར་གཅོད་དང་དཀའ་ཚེགས་ཀྱི་འགྲུལ་བཞུད་ཁྲོད། ངས་ཁྱོད་གཅིག་པུ་སྙིང་ལ་བཅངས་ནས་དུས་རབས་མང་པོ་ཞིག་གི་སྒོ་ཐེམ་བརྒྱུད་པའི་ཚོར་སྣང་གིས་ཟ་འགྲམ་དཀར་བོར་བསྒྱུར་ཅིང་། ངོ་གདོང་གཉེར་མས་གཡོགས། ཡིན་ཡང་དཀོན་མཆོག་གི་བྱིན་རླབས་དང་སྙིང་རྗེ་ཡིན་སྲིད་དེ། མཇུག་མཐར་འུ་གཉིས་ཀྱི་ལག་འཇུ་ལྷོད་མ་དགོས་པར། ཁྱོད་རང་སྔར་བཞིན་ངའི་རྣམ་ཤེས་ཀྱི་རྟེན་གཞི་དང་བླ་སྲོག་གི་སྐྱོར་མ་རུ་གྲུབ། ལས་དབང་གི་བཀོད་སྒྲིག་ལ་ནམ་ཡང་ཐུགས་རྗེ་ཆེ་ཞུ།


ཁྱོད་རང་ད་དུང་ཡང་གཟུགས་མེད་ཀྱི་ངོ་བོ་རུ་གྲུབ་སྟེ་ལུས་ཡོད་ནའང་། ཁྱོད་རང་ནམ་ནམ་ཞར་ཞར་དུ་ངའི་རྨི་ལམ་དུ་རྩེད་འཇོར་རོལ་བར་སླེབས་ངེས་ཡིན་ཏེ། སྐབས་རེར་ཁྱོད་རང་མེ་ཏོག་ཚོམ་བུའི་ཟོལ་གྱིས་སླེབས་ཤིང་། ལན་རེར་ཁྱོད་རང་རྟ་མཆོག་དཀར་པོ་ཞིག་ལ་བརྫུས་ཏེ་སླེབས་ཡོང་། དེ་ལས་གཞན་ཁྱོད་རང་སིལ་ལོ་དམར་པོ་ཞིག་གམ། སྤྲིན་པ་ཕོན་པོ་ཞིག ཆུ་མོ་དྭངས་མོ་ཞིག ཡང་ན་གངས་རི་དཀར་པོ་ཞིག་གམ། ས་གཞི་ཡངས་པོ་ཞིག་ལ་སྤྲུལ་རྒྱུར་ཡང་ཧ་ཅང་དགའ། དེ་ལྟར་ཁྱོད་ཀྱིས་ད་ལྟའི་བར་དུ་ངའི་རྨི་ལམ་དུ་ནམ་ཡང་ལྷ་ཡུལ་ལྟ་བུའི་ཞིང་ཁམས་ཤིག་བསྐྲུན་དང་སྐྲུན་མུས་སུ་ཡོད། ཁྱོད་ནི་དེ་འདྲས་སྤྱང་གྲུང་ལྡན་ལ་བློ་རིག་རྣོ་བ་ཞིག་རེད་ཨང་། ངས་ནམ་རྒྱུན་གཞན་ལ་རྨི་ལམ་ནང་གི་ཁྱོད་རང་གླེང་ཐེངས་རེར། ལ་ལས་ཁྱོད་རང་ལྷ་མོ་ལྟར་ཡིད་དུ་འོང་ངེས་རེད་ཟེར་ཞིང་། ཡང་འགའ་རེས་ཁྱོད་རང་རྒྱལ་སྲས་བཞིན་ལྟ་ན་སྡུག་ངེས་རེད་ཟེར། གང་ལྟར་ང་ལ་མཚོན་ན་ཁྱོད་ནི་འཇིག་རྟེན་འདིར་ཐོབ་དཀའ་བའི་ནོར་བུ་རྡོག་གཅིག་ཡིན།


རེད་དེ། ལུས་སེམས་ཀྱིས་ཁྱོད་རང་ཚོར་ཞིང་། རྨི་ལམ་དུ་ཁྱོད་རང་ལྷགས་པ་ནས། ངས་གཞི་ནས་རྨི་ལམ་ནང་གི་ཞལ་ངོ་སྣ་ཚོགས་གསལ་ལེར་མཐོང་སོང་ལ། ཡོད་ཚད་ཉི་ཟེར་གྱི་ཀློང་ན་དེ་འདྲའི་སྙིང་དུ་སྡུག་ཅིང་ངོ་མཚར་ཆེ་བ་མ་ཟད། ངའི་འཚོ་བའང་སྔ་ན་མེད་པའི་བདེ་སྐྱིད་ཅིག་གིས་དམ་དུ་བཅངས་ཤིང་། ལུས་སེམས་ཀྱི་མུན་པ་ཐ་དག་ཀྱང་མཐར་བསྐྲད་དེ་འབྱུང་འགྱུར་ལ་རེ་ལྟོས་ཆེ་རུ་ཕྱིན། དེ་ལས་ཀྱང་ཁྱོད་རང་ཡོད་པ་ནས་ངས་ཐོག་མར་བུད་མེད་ཅིག་ལ་དོན་དམ་དགོས་ངེས་ཀྱི་བདེ་སྐྱིད་ངོ་མ་དེ་ཉམས་སུ་མྱོང་གིན་ཡོད་པས། བདག་གི་ཡ་ཐོད་ཀྱི་མིག་དང་བྲང་ཁོག་གི་སྙིང་སྟེ་ལས་བསྐོས་ཀྱི་ནོར་བུ་ལགས། ལས་དབང་གིས་གནང་བའི་གསོལ་རས་ཁྱོད་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུ།

ང་ནི་ཤེས་ཡོན་པ་ཞིག་གི་ཆུང་མ་ཡིན།


ང་ནི་སྲོལ་རྒྱུན་གྱི་བག་ཆགས་ཧ་ཅང་ཟབ་པའི་བུད་མེད་ཅིག་ཡིན་པ་འདྲ་སྟེ། ལས་དབང་གི་བཀོད་སྒྲིག་གིས་ཁྱོད་ཀྱིས་བདག་གི་ལང་ཚོའི་མེ་ཏོག་གི་གང་བུ་གྲོལ་བ་ནས་ཁྱོད་རང་ཡེ་ནས་གཏོང་མ་འདོད། བདག་གིས་རང་གི་ལང་ཚོ་ཤོར་སོང་བར་དོགས་པས་ཡིན་ཡང་སྲིད། ཡང་ན། ཁྱོད་ཀྱི་ལུས་སྟེང་ན་ཡིད་སེམས་དབང་མེད་དུ་འདྲེན་པའི་ཆ་ཞིག་ཡོད་པས་ཡིན་ཡང་སྲིད། གང་ལྟར། ཐོག་མཐའ་བར་གསུམ་དུ་བདག་གིས་ཁྱོད་སེམས་ཀྱི་རྒྱ་ཁྱོན་ཆུང་ངུ་ཞིག་གམ་འཚོ་བའི་གྲུབ་ཆ་ཞིག་ཟིན་པར་འབད་མྱོང་ལ། ད་ལྟའང་དེ་བཞིན་མ་ཟད་མ་འོངས་པར་ཡང་དེ་བཞིན་ཡིན་ངེས།


དེ་དུས་བདག་གི་མིག་ཟུང་དྭངས་མོ་དང་སེམས་པ་གཙང་མ་འདིས། ཁྱོད་ཀྱི་མི་མངོན་པའི་མངའ་ཐང་དང་ལོངས་སྤྱོད་མཐོང་ཞིང་ཚོར་བས། ཕ་མའི་མིག་ཆུ་དང་མི་ཁ་ཁོག་ཏུ་བཅུག་ནས། མཁར་གྲོང་གི་ཕ་མཐའ་ཞིག་ནས་ཁ་རོག་གེར་ཁྱོད་ལ་བརྩེ་འདང་གི་མེ་ཁ་ཡང་ཡང་གསོས། ཅ་ལག་ཆ་ཚང་ཞིག་ཀྱང་མེད་པའི་ཁང་ཆུང་འདིར། ཁྱོད་ཀྱིས་བདག་ལ་ལོངས་སྤྱོད་རྫོགས་མེད་ཅིག་གནང་བའི་བདེ་སྐྱིད་ཀྱི་སྣང་བས་ཁྱོད་རང་བདག་གི་དད་རྟེན་དུའང་གྱུར་པ་འདྲ་སྟེ། ཁྱོད་ཀྱིས་ཁུ་སིམ་མེར་བསམ་གཞིག་བྱེད་སྟངས་སམ། ཁྱོད་རང་ཚུར་ཡོང་བའི་གོམ་སྟབས་དང་ཕར་འགྲོ་བའི་རྒྱབ་གཟུགས། ད་དུང་ཁྱོད་ཀྱིས་མགོ་བོ་བདག་གི་སྔས་གོང་དུ་བཞག་ཅིང་མིག་ཟུང་བཙུམས་ནས་རེ་ཞིག་ང་རང་དམ་པོར་པང་སྟངས་དེའང་ང་ཡི་ཡིད་སེམས་མགུ་སྤྱད་ཅིག་ཅི་ལ་མིན།


རེད་ཨང་། ཁ་མང་པོ་གྲག་རྒྱུར་མི་དགའ་བའི་ཁྱོད་ཀྱིས་བསམ་གཞིག་བྱ་དགོས་པས་ལོས་ཡིན། སྔས་སུ་དཔེ་དེབ་བརྩེགས་མར་འཇོག་པར་གོམས་པའི་ཁྱོད་ལ། ཁ་སང་གི་གཏམ་རྒྱུད་གླེང་བའི་མོས་པ་མེད་ལ། དེ་རིང་གི་མཐོང་ཐོས་བཤད་པའི་སྤྲོ་བ་མེད་པ་མ་ཟད། ཐ་ན་སང་ཉིན་གྱི་འཆར་གཞི་གླེང་བའི་ཁོམ་སྐབས་ཤིག་ཀྱང་གང་ན་ཡོད། མཚམས་ལན་རེར་ཧ་ཅང་ལྷིང་འཇགས་སུ་གནས་པའི་ཁང་ཁྱིམ་དུ། ང་ལ་ཁྱོད་རང་ཡལ་དོགས་ཀྱིས་བྲེད་ཤ་གློ་བུར་བ་རེ་ལངས་འོང་། ང་ལ་ཁྱོད་རང་མེད་མི་རུང་སྟེ། ཁྱོད་ནི་ངའི་ལས་སྐལ་གྱི་ཡབ་ཆེན་གཉིས་པ་དང་། ཁང་ཁྱིམ་འདིའི་གདུང་འདེགས་ཀ་བ་ཡིན། དེ་ལས་ཀྱང་ཚེ་སྲོག་ཕྲ་མོ་ཞིག་གི་ཕ་ལོ་དང་ཁོའི་ཚེ་གང་གི་རྒྱབ་རྟེན་ཡིན་ལ་ཁོའི་ལ་རྒྱ་དང་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡང་ཡིན།


ཁྱོད་ལ་བཅངས་པའི་ཞེ་འདང་ཟབ་མོའི་རྒྱུན་ཐག་ཏུ་ཚེ་སྲོག་ཕྲ་མོ་ཞིག་གི་འཕག་འཚག་དྲངས་པ་ནས། ངས་མ་ཡུམ་ཞིག་གི་འདུ་ཤེས་དང་སེམས་སྐྱེད་ཀྱིས་ཁྱོད་ལ་སྔར་བས་ཀྱང་དུངས་ཤིང་ཆགས་པས། ཁྱོད་ཀྱི་སྐྲ་ལོའི་འཇམ་མཉེན་ལ་བྱིལ་བྱིལ་བྱེད་འདོད་ཅིང་། ཁྱོད་ཀྱི་མགོ་བོ་དལ་བུར་བྲང་དུ་སྦྱོར་བར་མོས་པ་མ་ཟད། ཁྱོད་ཀྱི་རྐང་བ་ཟུང་དེའང་ཉིན་རྒྱུན་དུ་བཀྲུ་རྒྱུ་བྱུང་ན་བསམ་སྟེ། སྟོང་འཇགས་ཀྱི་ཁང་ཆུང་ལ་ཞེ་འདང་གི་འོད་ཟེར་འདྲེན་འདོད་ཧ་ཅང་ཆེ།


འཁྱག་ཤུར་ཤུར་གྱི་དགུན་གཞུང་དུའང་། མིག་ཟུང་གིས་ཡིག་འབྲུའི་འཁྱུག་འགྲོས་ལ་ཅེར་ཞིང་སོར་རྩེས་བླ་སྲོག་གི་ཕོ་བྲང་བསྐྲུན་པའི་གཉིད་བཅག་ཟས་བརྗེད་ཀྱི་ཉིན་མཚན་དུས་དྲུག་ཏུ། ཁྱོད་ཀྱི་སྐམ་རིད་དུ་གྱུར་པའི་གདོང་བ་དང་ལུས་པོས་ང་ལ་མིག་ཆུ་ཡང་ཡང་བསླངས། ཁེར་རྐྱང་གི་སྒྲོན་འོག་ན་འོ་ཇ་ཕོར་གང་བོའང་སྔར་མལ་དུ་གནས་ཏེ་འཁྱག་ཏུ་ཕྱིན་པས། ངས་མལ་དུ་དྲོད་ཀྱིས་གཏམས་པའི་འོས་འགན་ལྷུར་དུ་ལེན་པ་ལས་ཅི་ཞིག་ནུས། རེད་དེ། ང་ནི་དེ་འདྲའི་ནུས་མེད་ཅིག ཐ་ན་ཞེ་དུངས་དུངས་ཀྱིས་ཁྱོད་ལ་དམ་དུ་འཁྱུད་པའི་སྤོབས་པ་ཞིག་ཀྱང་མེད། འོན་ཀྱང་། ཁྱོད་ཀྱང་སྲོལ་རྒྱུན་གྱི་དྲི་མ་ཡལ་བའི་མི་ཕོ་སྒམ་བརླིང་ཅན་ཞིག་ཡིན་པས། ཨ་གསར་དུ་རྩི་བའི་བྱ་སྤྱོད་དེས་འུ་གཉིས་ཀྱི་བར་ཐག་ཕྱེས་ག་ལ་རུང་། ང་རང་ཁྱོད་དང་ནམ་ཡང་འབྲལ་མི་འདོད།


སྡུག་གི་ལོ་མ་ཆང་གིས་བངས་པ་ཡིན་ནམ། སྐྱིད་ཀྱི་རྟ་ཕོར་མཉམ་དུ་ཞོན་ལུགས་ཡིན། ཡང་ན། ཅི་ཡིན་ན་ཡིན་དུ་བཅུག་སྟེ། ཆང་རག་གི་དབང་གིས་ལན་རེར་ཀི་འདེབས་པའམ། མཚམས་རེར་ཧབ་ཆ་རྒྱག་པ། ཡང་སྐབས་འགར་སྡུག་ཡུས་ཀྱི་མཆི་མ་ཤམ་ཤམ་བཞུར། གང་ལྟར། ཆང་རག་ནི་ཁྱོད་ཀྱིས་ཁོག་ཏུ་སྦས་པའི་དགའ་སྤྲོ་དང་སྡུག་བསྔལ་ཐ་དག་ལ་བཏང་བའི་འབོད་པ་ཡིན་པས། ཆང་རག་གི་བཟི་སྟོབས་ཁོ་ནས་ཁྱོད་རང་ཕྱི་གསལ་ནང་གསལ་དུ་བྱས་ལ། སྒེར་པ་ཞིག་གི་འདོད་ཆགས་ཐམས་ཅད་ཀྱང་སྐབས་དེར་དམར་རྗེན་རྗེན་དུ་ཕྱིར་ལ་མངོན་པས། རྒྱུན་དུ་གྲོགས་པོ་ཚོ་རང་ཁྱིམ་དུ་བསྡུས་ནས་ཆང་གིས་བཟི་ཐེངས་རེར། ཁྱོད་ཀྱིས་ཇ་ཆང་འདྲེན་གང་ཐུབ་བྱེད་ཀྱིན་པའི་ང་རང་སྟོན་བཞིན་ཇག་པ་ཞིག་གི་ཆུང་མ་བྱེད་ན་རྟ་ལ་ཞོན་ཤེས་དགོས་པ་རེད་ཟེར་ལ། མཚན་གང་བོར་ཁོ་ཚོའི་འུར་ཟིང་གི་མཐའ་ན་ཁུ་སིམ་མེར་ཐབ་ལ་མེ་བར་མེད་དུ་གཏོང་བཞིན་པའི་ང་ལ་འཐམས་ནས་ང་རང་ཁྱོད་ལ་དགའ་ཞེས་ཀྱང་ཐལ་འགྲོ་བར་མ་ཟད། འབྲུ་མི་གསལ་ཡང་མགོ་བོ་བདག་གི་པང་དུ་བཞག་ནས་རྫོགས་རྒྱུ་མེད་པ་ཞིག་ཀྱང་ལབ་རྒྱུ་ཡོད། དེ་བས་ཁྱོད་རང་ཆང་རག་གིས་བཟི་ཐེངས་རེ་ནི་དཀོན་མཆོག་གིས་ང་ལ་གནང་བའི་བརྩེ་འདང་གི་ཆབ་རྒྱུན་རེ་ཡིན་པར་འདོད་མྱོང་།


སུ་དང་གང་གིས་ཀྱང་ཕམ་མི་སྲིད་པའི་ཁྱོད། ནམ་ཞར་ཆང་རག་ཕོར་ཆུང་འགའ་རེས་ས་རུ་བསྒྱེལ་འགྲོ་བ་བསམ་ན། ང་རང་ཆང་རག་ལ་ཞེ་སྡང་ཞིང་། ཁྱོད་ཀྱིས་ཆང་མང་པོ་འཐུང་མི་ཐུབ་པར་ཡང་ལེ་བདའ་ཡང་ཡང་བྱས་པ་ཡིན། དེ་ལས་ཀྱང་། ཆང་གིས་མགོ་བོ་ན་སྟེ་ཐམ་ཐོམ་དུ་གྱུར་ནས་དབུགས་ལྷེམ་ལྷེམ་བྱེད་བའི་ཁྱོད་ཀྱི་ཚུགས་ཀ་གཉོམ་པོ་དང་ངོ་གདོང་སྨུག་ནག་དེ་མཐོང་ཐེངས་རེར། ངའི་ཡ་ཆུང་ལ་ཙག་ཤེད་ཡང་ཡང་རྒྱག་སྟེ། ཆུང་མ་ཞིག་གི་ངོས་ནས། བརྩེ་འདང་གི་མེ་དཔུང་ཡ་ཆུང་དུ་མི་གནོན་རང་གནོན་བྱེད་པ་ནི་གཤིན་རྗེ་ལས་མཁན་གྱི་ལག་ཏུ་ཚུད་པ་དང་གཅིག་མཚུངས་ཡིན་ངེས། ཕོ་ཁྱོ་ག་ཞིག་གི་བདེ་སྡུག་ཁོའི་ལུས་སེམས་དང་མཉམ་དུ་རང་ཉིད་ཀྱི་མདུན་དུ་བཤམས་ཡང་། བཟུང་ན་ལག་པ་འཚིག བཏང་ན་རྫ་མ་ཆག་ཅེས་པའི་དཔེ་རུ་འགྲོ་ཐེངས་རེར། ངས་སེམས་པ་ཁོང་དུ་ཆུད་ཅིང་། བུ་ཆུང་པང་སྟེ་རང་ཡུལ་དུ་ལོག་པའང་ཐེངས་མང་ཡིན། བདེན་ཏེ། ང་ཡང་ཆེས་སྤྱིར་བཏང་གི་བུད་མེད་ཚོའི་གྲས་ཀྱི་ཆེས་ནུས་མེད་ཀྱི་ཆུང་མ་ཞིག་རེད།


རེད་ཨང་། མིས་ནི་ཆེས་ལྕི་བའི་དཀའ་སྡུག་གི་མནར་གཅོད་ཐེག་ཀྱང་། འཚོ་བའི་དྲོད་སྐྱིད་ཀྱི་ཟེར་མ་ཉག་གཅིག་ཀྱང་མི་ཐེག་པས་ན། རང་ཁྱིམ་འདི་ལའང་ཅི་དགོས་འཛོམས་པའི་དུས་ཤིག་ཏུ། ངས་བུ་ཆུང་པང་དུ་བསྡམས་ནས་རང་ཉིད་ཀྱི་འདུན་མ་ཕྱིར་བསྡུས་ཏེ་བུ་ཆུང་ལ་བཅོལ་བཞིན། ཁུ་སིམ་དང་ཚོར་ཤེས་བྲལ་བ་འདྲ་བའི་འཚོ་བ་ལ་གྱེས་ཕྱག་འབུལ་འདོད་སྙིང་ནས་སྐྱེས། ཡིན་ནའང་སྐབས་དེ་དག་ནི་ངས་རང་ཉིད་ཀྱི་ཡ་ཆུང་ཚལ་བར་གཤགས་དུས་དང་། འུ་ཐུག་ཐབས་ཟད་ཀྱི་གདམ་ག་བྱེད་སྟངས་ཤིག་ཀྱང་ཅི་ལ་མིན། ཅི་ཁག་སྟེ། ང་ཡང་མི་ཕོ་སྣུམ་དྲེགས་ཅན་ཞིག་གི་སྨིན་བར་གྱི་གཉེར་མདུད་ནས་ལྷུང་བའི་ཁེར་རྐྱང་གི་རྔུལ་ཐིགས་ཤིག་ཡིན།


ཡིན་ཡང་ནམ་ཡང་གནས་གང་དུ་ལས་ཅི་ཞིག་སྒྲུབ་ནའང་། ང་རང་གཟུགས་མེད་ཀྱི་མགོན་སྐྱབས་ཞིག་གིས་སྐྱོབས་བཞིན་ཡོད་པར་ཡིད་ཆེས་པའང་། འཚོ་བའི་གྲུ་ཟུར་རེ་ན་རང་ཉིད་ཀྱི་རྡོག་སྣེ་རུ་ཀེར་རེར་ལངས་པའི་གེགས་རྡོ་སྣ་ཚོགས་ཀྱིས་ཀྱང་འཛུམ་དམུལ་ལེར་ང་ལ་ལམ་ཕྱེས་པའི་ཉམས་སྣང་སྣ་ཚོགས་བྱིན་མྱོང་བས་ཡིན་ཏེ། འཚོ་བའི་འགག་འཕྲེང་བརྒྱུད་དུས་སེམས་པ་ལྷོད་ལྷོད་དང་འཛུམ་མདངས་ཤིག་ཤིག་ནི་ང་ལ་གནང་བའི་སྲུང་འཁོར་མཐུ་ཆེན་ཞིག་ཏུ་སེམས་ཀྱིན་ཡོད་པས། ཆེས་མཐའ་མཇུག་ཏུ་སྤོས་པའི་ཕྱིར་ལྡོག་གི་གོམ་ཁ་དེའང་། ངའི་མི་ཚེ་འདིའི་གདམ་ག་ཡང་དག་ཅིག་ཅི་ལ་མིན། གདམ་ག་དེས་ཁྱོད་ཀྱང་མ་གཞི་ནས་མི་བྱམས་སེམས་ཅན་ཞིག་ཡིན་པ་ར་འཕྲོད་བྱུང་ལ། ངས་ཀྱང་ད་གཟོད་ཁྱོད་ཀྱི་ཡ་ཆུང་ན་འཚོ་བ་ལ་དུངས་པའི་མེ་ལྕེ་ལྷབ་ལྷུབ་མཆེད་ཀྱིན་ཡོད་པ་ཐོག་མར་ཚོར། བདག་གི་ཁ་མི་གྲག་པའི་མི་ཕོ་ཨང་། ཁྱོད་ནི་ངས་སྐྱེ་བ་ག་ཚོད་དུ་བསགས་པའི་བསོད་ནམས་དང་ལྷིང་འཇགས་ཀྱི་ཞིང་ཁམས་ཡིན།


དེས་ན། ངས་ཀྱང་ཚམ་ཚོམ་མེད་པར་དོགས་སྣང་དང་ཐེ་ཚོམ་གྱི་སེང་རས་དེ་བླངས་ནས་ཁྱོད་ཀྱི་འདོད་འདུན་དང་དུ་ལེན་བཞིན། ཁྱོད་ཀྱི་བྲང་གཞུང་དང་སེམས་ཀྱི་མངའ་ཐང་དུ་རྒྱལ་མོ་སེམས་རྒྱ་ཅན་ཞིག་གི་བདག་དབང་ལྷུར་ལེན་བྱ་སྟེ། གསེར་དངུལ་གྱིས་མི་ཁུག་པའི་བུད་མེད་ཅིག་གིས་ཁྱོད་ཀྱི་ཞེ་འདང་གི་ཁུགས་ན་ཁྱོད་ཀྱི་སྐྱེད་མའམ། མཛའ་མོ། ཡང་ན་སྤུན་མཆེད་སོགས་ཀྱི་འགན་ཡང་གཅིག་ལྕོགས་སུ་ལེན་པར་བྱའོ། །


0

One Response to མཚོ་ཡི་ལྷུག་རྩོམ་ཁག་གཉིས།

  1. ལྷ་བྲག་གཉན་སྲས། ལགས་ཀྱིས:

    ཡག་པོ་བྲིས་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།