གཉན་གྱི་ལྷུག་རྩོམ་གསར་པ་《ཡུལ་གྱི་རྟ་ཕོ》

110043

       ངེད་ཀྱི་ཡུལ་ན་རྟ་ཕོ་དཀར་དཀར་ཞིག་ཡོད་པ་དེ་ནི་གནའ་མིའི་ངག་རྒྱུན་ནང་བཞིན།   སྤུ་མདོག་དཀར་ལ་དྭངས་པ་དང་རྔ་རྔོག་གམ་ཚིགས་བཞི་སྔོ་ལ་དྭངས། སྐད་ནི་ཆེ་ལ་སྙན་ཞིང་ཁྲོལ་རྒྱངས་ཆེ་བ་དང་འགྱུར་ཁུགས་མང་བ། མགོ་འཕངས་མཐོ་བའི་གྱི་ལིང་གནམ་རྟ་དཀར་པོ་དང་འདྲ་འདྲ་ཡིན་སྣང་སྐྱེ་ཡི་འདུག

ཡང་གྱི་ལིང་གནམ་རྟ་དཀར་པོ་དེར་ཞིབ་ཞིབ་ཏུ་མགོ་ལ་བལྟས་ན་ཡུ་མོ་འདྲ།  ཡུ་མོ་དང་འདྲ་ཡི་ཡོད་དེ་ཡུ་མོ་མིན།  མིག་ཕོར་ལ་བལྟས་ན་ཨབ་ར་སྐྱ་བོ་འདྲ། ཨབ་ར་སྐྱ་བོ་དང་འདྲ་ཡི་ཡོད་དེ་ཨབ་ར་སྐྱ་བོ་མིན།    མིག་ལ་བལྟས་ན་སྦལ་བ་འདྲ།    སྦལ་བ་དང་འདྲ་ཡི་ཡོད་དེ་སྦལ་བ་མིན།   རྣ་ཅོག་ལ་བལྟས་ན་གཙོད་དང་འདྲ། གཙོད་དང་འདྲ་ཡི་ཡོད་དེ་གཙོད་ནི་མིན། མགྲིན་པར་བལྟས་ན་ཁྲུང་ཁྲུང་འདྲ།    ཁྲུང་ཁྲུང་དང་འདྲ་ཡི་ཡོད་དེ་ཁྲུང་ཁྲུང་མིན། གཉའ་རུས་ཚིགས་བརྒྱད་ཕོ་བྲང་འདྲ། ཕོ་བྲང་དང་འདྲ་ཡི་ཡོད་དེ་ཕོ་བྲང་མིན།  སྐེ་རྩ་བེར་གྱི་ཕུ་ཐུང་འདྲ།   ཕུ་ཐུང་དང་འདྲ་ཡི་ཡོད་དེ་ཕུ་ཐུང་མིན།   བྲང་སྟོད་ལ་བལྟས་ན་སེང་གེ་འདྲ། སེང་གེ་དང་འདྲ་ཡི་ཡོད་དེ་སེང་གེ་མིན། ཟེ་ཕུར་ལ་བལྟས་ན་ལ་བཙས་སྤུངས་པ་འདྲ། ལ་བཙས་སྤུངས་པ་དང་འདྲ་ཡི་ཡོད་དེ་ལ་བཙས་སྤུངས་པ་མིན། རྔ་རྔོག་ལ་བལྟས་ན་ལྷོ་སྤྲིན་འདྲ། ལྷོ་སྤྲིན་དང་འདྲ་ཡི་ཡོད་དེ་ལྷོ་སྤྲིན་མིན།

གནམ་གྱི་གུ་ཤ་དཀར་པོའི་རྒྱུད།   གྱི་ལིང་གཡང་རྟ་ཆེན་པོ་ཟེར་བ་དེ།  བདག་པོ་གླིང་ལ་སོང་གྱུར་ཀྱང་།  ཡུལ་ནས་སྒུག་ལྟ་བྱེད་པ་ཡིན་ཞེས་འབོད་སྲོལ་ཡོད་ནི་ཡོད། རྟ་ཕོ་གྱི་ལིང་དེ་ནི་འདོ་བ་རླུང་གི་ཁམས་ཅན་ཡིན་ཙང་།  ཁོང་པ་ནི་དྲང་ཚུགས་ཆེ་བ་དང་ཡན་ལག་ནི་བཤན།    ཁ་སྦོམ་ཐུ་རུ་འདྲ་བ། རྨིག་པ་ཆེ་ཞིང་ཟེ་སྤུ་བཟང་། སྤུ་ནི་རྩུབ་ལ་གྲུང་བ་དང་། སྟོད་མཐུག་ཅིང་བྲང་གི་ཞེང་ཆེ་བ་ལ། གང་ལྟར་བྱས་ཀྱང་ཡིད་དུ་འོངས། རྟ་ཕོ་དེ་ཡུལ་དུས་གང་ཡིན་ནའང་རྣ་རྩེ་རྒོད་ཀྱི་ཐིལ་ཕྲན་རྣམ་རིག་སེང་ངེ་།  རྫི་གསེང་རྣ་བས་ལེགས་ཉེས་ཚོར།  མངོན་ཤེས་ཡོད་པས་འཛེམ་བག་ཆེ།  གང་ཞིག་ལེགས་པའི་ལྟས་དང་འཕྲད་པའི་ཚེ། བག་ཞི་གློད་ཅིང་སེམས་པ་དལ།  བྱ་རྨང་བྱེད་ཅིང་ཞེ་འཕྲུག་རྔོག་དྲེད་གནང་བ།  སྐད་སྣ་རིང་དུ་འཚེར་ཐུབ་པ་དང་རྩྭ་དང་ཆུ་ལ་འགྲུས་པ། མདངས་དང་ཉམས་ནི་དགའ་འབོལ་ལེར་གནས་པ། གང་ཞིག་ཉེས་པ་དང་འཚེ་བ་ཡོང་བ་ཡིན་ན། ངོ་ནག་སྣ་ཕུ་འདེབས་པ་དང་།  མི་འདོད་རྔ་མ་འཚུབ་བཞིན་དུ་རྩྭ་ཆུ་མི་བསྟེན་པར་རྒྱང་སོ་བལྟ་ལ།   སྐད་ཐུང་འཚེར་ཞིང་ཉན་རྣ་གནང་གིན་གནང་གིན་སྡོད།   རྟ་ཕོ་དེ་ནི་ངེད་ཀྱི་རྟ་རྣམས་ཀྱི་ནང་ནས་ཚེ་ཆེས་རིང་ཤོས་ཀྱི་གཡང་རྟ་ཡིན་ཞེས་བཤད།

       རྟ་སྙིང་སྟོབས་ཀྱི་རང་བཞིན་ཅན་ནི།  དཔལ་དང་ལྡན་ཞིང་དགེ་བ་དང་།  བདེ་བ་དང་ལྡན་པ་དང་།  མཁས་པ་དང་ཚེ་རིང་བ་ཡིན་ནོ་གསུངས།    མུན་པའི་རང་བཞིན་ཅན་གྱི་རྟ་ནི།  གཉིད་ཆེ་བ་དང་།  ལེ་ལོ་ཆེ་བ།   རྨོངས་པ་དང་འགྲོས་བུལ་བ་རྣམས་ཡིན་ནོ་གསུངས་སྐད།   ངེད་རང་ནི་ཆུང་དུས་ནས་རླུང་གི་ཁམས་ཅན་དང་སྙིང་སྟོབས་ཀྱི་རང་བཞིན་ཅན་གྱི་རྟ་ལ་རབ་ཅིག་དགའ་སོང་།   ངེད་ཀྱི་ཁུ་བོ་མགོན་ལོ་ལགས་ནི་རྟ་དཔྱད་ལ་མཁས་པ་ཞིག་ཡིན་པས་ཁོང་གིས་རྒྱུན་དུ་རྟའི་སྐྱེས་རབས་བཟང་ངན་གླེང་གླེང་བས་ངའི་དལ་ལུང་རྣ་བའི་ནང་ལ་ད་ལྟའང་དེའི་བག་ཆགས་ཀྱི་སྐད་ཆ་རྣམས་མ་ལུས་པར་ཡོད་འདུག་གོ  

      རྟ་ཕོ།     རྟ་ཕོ།   བདག་པོ་གླིང་ལ་སོང་གྱུར་ཀྱང་།      དངོས་གནས་ཡུལ་ནས་སྒུག་བལྟ་གནང་བ་ཡིན་ནམ།   རྣམ་རིག་དེ་འདྲ་ཡོད་སའི་རྟ་ཕོ་ནི་རང་ས་རང་ཡུལ་སྲུང་བ་ལ་བརྗེད་ངས་མེད་པ་ཞིག་ཡིན་ནམ།    འདི་ནས་ཡར་བརྩིས་པའི་ལོ་མང་བོ་མང་བོའི་སྔོན་ཏེ།   ང་ཚོའི་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་ལྕགས་ར་བསྐོར་མེད་པའི་སྔོན་ཏུ།     ངེད་ཀྱི་རྟ་ཕོ་དེ་ནི་རྟ་སར་སྣང་བ་རང་ཡན་ཏུ་ཡོད་པ་ཞིག་ཡིན།   རྟ་ཁྱུའི་ནང་ནས་སྒྲེང་སྟེ་བལྟ་བ་དང་།   ལག་རྡེབ་ཀྱིས་ཡང་ཡང་སྐུལ་ཞིང་སྣ་སྒྲ་འདོན།    ཚྭ་ལ་འཛེམ་བག་ཆེ་ཞིང་ཚོར་ཤེས་རྣོ་བ་ཞིག་ཡིན་པས་ཚོད་ཚོད་ལ་ཟིན་དཀའ།  ཟིན་ན་མཐུར་བཅད་ཁུགས་རྒྱུགས་འདྲོག་འབྱུང་བ་ཞིག་ཀྱང་ཡིན་པས་རྒྱུན་ཏུ་གཟབ་དགོས་པ་ཡིན་ནོ། །

       གང་ལྟར་རྟ་ཕོ་དེ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ངེད་ཀྱི་སྒོ་ཁ་ནས་ལོ་མང་བོ་འགོར་སོང་།   སྔོན་ཆད་ཡུལ་ལ་སོང་དུས་ངས་ཐེངས་རེར་ཆེད་དུ་རྟ་ཕོ་དེ་ལ་བསྐོར་བ་བྱས་ནས་ཡང་ཡང་བལྟས་པ་ཡིན།   རྗེས་སུ།    ངའི་ཕ་ཡུལ་གྱི་འཆར་ཡན་གྱི་འགྱུར་ཁུགས་ལྟ་བུའི་རི་ལུང་ཐང་གསུམ་གྱི་གང་ས་གང་དུ་ལྕགས་རའི་སྒྲོག་གིས་ཡོངས་སུ་བསྐོར་བས་མི་དང་སེམས་ཅན་བར་གྱི་རང་དབང་གི་འགྲོ་འོང་དང་།   མི་དང་རང་བྱུང་ཁམས་བར་གྱི་གུ་ཡངས་པའི་འགྲོ་འོང་ཡང་ཕལ་ཆེར་རྩད་ནས་བཀག་གཅུན་ཐེབས་སོང་བས་འགྱུར་ལྡོག་ཆེན་པོ་དེས་མི་དང་སེམས་ཅན་བར།   མི་དང་རང་བྱུང་ཁམས་བར།   དུད་ཁྱིམ་དང་དུད་ཁྱིམ་བར།   སེམས་ཅན་དང་སེམས་ཅན་བར།   སེམས་ཅན་དང་རང་བྱུང་ཁམས་བར།   གང་དང་གང་ཡིན་ནའང་བརྒལ་དཀའ་བའི་རྣོ་མདུང་གི་ཀ་བ་དང་ལྕགས་ཚེར་གྱི་གདུག་པའི་ཚེར་ཕུང་གིས་ཕྱི་ནང་ཡོངས་སུ་བསྐོར་ནས་འབྲོག་ལས་ཀྱི་སྲོལ་རྒྱུན་གྱི་ནང་དུ་འཚོ་ཐབས་གཞན་ཞིག་སིམ་འཛུལ་བྱས་སོང་།  

      དེ་ནས་བཟུང་།   རྫི་གླུ་དྲུག་འགྱུར་སེང་སེང་གི་མདུད་པ་ཆད།     སྨུག་ལང་ལོང་གི་རི་བོ་ཁེར་ཧྲེང་དུ་ལུས།     སྣ་རྟ་རྣམས་ཀྱི་སྐྱ་ལམ་རིང་མོ་དག་རྩྭ་གསེབ་ཏུ་ཚུད།   ཡར་སྔོན་གྱི་ཆུ་མོ་ཆུ་རིས་ཤིག་ཤིག་རྣམས་ཀྱི་རབ་ཁ་རེ་རེ་བྱེ་མས་རུབ།    རྟ་ཕོ་རྣམས་ཀྱིས་ལ་མོ་རྒྱག་མཚམས་བཞག    ནོར་དང་ནོར་རྣམས་འདྲེས་མཚམས་ཆད།    སྡེ་ཁྲ་མོའི་སྲོལ་རྒྱུན་གྱི་སྣང་བ་སྣ་ཚོགས་སླར་ཡང་ཆ་མེད་ནས་ཆ་མེད་དུ་གྱུར་སོང་སྐད།    

      ང་རང་འབྲོག་གི་དབྱར་ས་ལ་འགྲོ་བའི་སྔོན་ཆད་ཀྱི་འདུན་མ་དེའང་ལོ་ངོ་མང་པོའི་རིང་གི་རྐྱེན་སྣ་ཚོགས་ཀྱིས་མེད་པར་གྱུར།     ན་ནིང་གཞེས་ནིང་དགུ་ནིང་སོགས་ལའང་འགྲོ་མ་ཐུབ་པར་ལུས་སོང་།    དེ་བཞིན་ལོ་ངོ་མང་པོའི་སྔོན་ཏུ་ངའི་སེམས་ནང་ན་ཡོད་པའི་ངེད་ཀྱི་རྟ་ཕོ་དེའང་བརྗེད་ངས་ཀྱིས་ཐག་རིང་ཐག་རིང་དུ་བསྐྱལ་ནས་དུས་ཚོད་ཀྱི་ལོ་ཟླ་ཅི་འདྲའི་མང་པོ་ཞིག་འགོར་སོང་།  ང་རང་དགའ་སའི་རླུང་གི་ཁམས་ཅན་དང་སྙིང་སྟོབས་ཀྱི་རང་བཞིན་ཡོད་པའི་རྟ་ཕོ་དེ་ནི།  འབྲོག་པའི་རྩྭ་སར་རྣོ་མདུང་དང་ལྕགས་ཚེར་གདུག་པ་ཅན་གྱི་ར་བས་མ་བསྐོར་གོང་ལ་རྣམ་རིག་གྲུང་གྲུང་དུ་ཡོད་པ་ཞིག་ཡིན་ནའང་ད་ནི་ཅི་ཤེས།  

      དོ་ཚིགས་དབྱར་ཁའི་ཉིན་ཞིག་ལ་གློ་བུར་དུ་ཨ་ཧ་ཨ་ཧ་ད་ནི་འབྲོག་གི་དབྱར་སར་མ་སོང་བར་ལོ་ཟླ་ཁ་གྲངས་ལོངས་པ་ཞིག་འགོར་སོང་།   སེམས་ནང་གི་འབྲོག་གི་དབྱར་ས་སྐྱིད་འབོལ་ལེ་དེ་དྲན་དྲགས་པས་གློ་བུར་དུ་འཚག་ནས་བུད་སོང་།   ང་རང་དབྱར་སར་ཐོན་པའི་ནུབ་མོར་ཁ་བརྡ་རྐྱང་བ་བྱས་ནས་མཚན་གུང་གི་ཆུ་ཚོད་གཉིས་གསུམ་ཙམ་དུ་ལུས་བཞག་ནའང་། ཕྱི་ཉིན་ཞོགས་པ་སྔ་མོར་ཡར་ལངས་ནས་སྒོར་བུད་དུས།    ཉི་འོད་ནི་སྤངས་ལྗོངས་ཀྱི་ཟིལ་བ་དང་འདྲེས་ནས་ཡིད་དབང་འཕྲོག་པ་ཞིག་རེད།   ང་རང་རྐང་རྗེན་དུ་ཟིལ་བའི་ནང་དུ་སོང་།   སྦྲ་དང་ཐག་རིང་ཙམ་གྱི་ས་ལ་སོང་།  རྩྭ་མཐུག་ས་ལ་ཟིལ་བ་ཆེ་བས་དེའི་ནང་དུ་ཕལ་ཆེར་ཆུ་ཚོད་གཅིག་ཙམ་ལ་ཡར་འགྲོ་མར་འགྲོ་བྱས།  ངའི་སེམས་ནང་ལ་འདས་དོན་ཞིག་ལྷང་ངེར་དྲན་བྱུང་།   ང་རང་ཆུང་དུས་སུ་ས་འདི་དང་ཐག་ཉེ་ས་ཡིན་པའི་དབྱར་ས་གཞན་ཞིག་ཏུ་ཉིན་ཞིག་ལ་རྩེད་མོ་རྩེད་སྐབས་སུ།   སྤང་གཞུང་གི་རྩྭ་གསེབ་ཏུ་ཡིབ་པའི་ཤེལ་ཆག་ཅིག་གིས་ངའི་རྐང་བའི་མཐེབ་ཆེན་ཅིག་མིན་ན་བཅད་སོང་།  ཁྲག་དམར་ཙར་ཙར་ལ་བཏང་བའི་རྣམ་པ་དེ་ནི་ད་ལྟ་ད་དུང་བརྗེད་མི་བཏུབ་ལ།   ཕ་ལགས་ཀྱིས་བལ་བསྲེགས་ནས་ཁྲག་བཅད་ཀྱང་མ་ཐུབ་པས་མཐའ་མཇུག་རས་སྔོན་པོ་ཞིག་གིས་འཐེབ་ཆེན་བཏུམས་ནས་ཉིན་ཁ་ཤས་རིང་སྡོད་དགོས་བྱུང་།   ངའི་སེམས་སུ་དེ་དྲན་མ་ཐག་ང་རང་ཅུང་ཙམ་ལ་ཟིལ་བའི་ནང་དུ་འགྲོ་མ་ཐུབ་པར་ལུས་སོང་།   སྔོན་ཆད་ཀྱི་ཤེལ་ཆག་དེ་དྲན་ནས་བསམ་གཞིགས་ཀྱི་ནང་དུ་ངང་ངམ་ཤུགས་ཀྱིས་ཚུད་དོ།།  

      ཤེལ་ཆག  ཤེལ་ཆག   ལོ་བདུན་ཙམ་གྱི་ཐོག་ཏུ་ངའི་རྐང་བ་རྨས་མཁན་གྱི་ཤེལ་ཆག     དུས་སྐབས་དེར་ང་མ་ཡིན་པའི་མི་ག་ཙམ་གྱི་རྐང་པ་རྨས་མྱོང་ཡོད། དེ་ནས་བཟུང་དེ་རིང་བར་དུ་མི་ག་ཙམ་དང་སྒོ་ཕྱུགས་ག་ཙམ་གྱི་རྐང་བ་དང་རྨིག་པ་རྨས་ཡོད་དམ།   རྩྭ་གསེབ་ཏུ་གང་ས་གང་ན་ཡིབ་པའི་ཤེལ་ཆག་རྣམས་ད་རུང་ཡོད་ནི་ཡོད།    སྤང་ལྗོངས་སུ་ཤེལ་ཆག་བསླེབས་པ་ནས་རྐང་པ་དང་རྨིག་པ་རྣམས་ལ་འཇིགས་པ་ཐོན་པ་ཡིན།    ང་རང་དལ་ཅིག་ལ་དེ་གར་ལུས་སོང་།    སྔོན་ཆད་ཀྱི་ཤེལ་ཆག་དེ་དང་འདྲ་བའི་ཤེལ་ཆག་གཟའ་རོ་གདུག་པ་ཅན་ཅི་འདྲའི་མང་པོ་ཞིག་ད་ལྟ་ད་རུང་ལྐོག་ལྐོག་སུད་སུད་ངང་ལ་ཡིབ་ནས་ཡོད་སྲིད་པས་དེ་ཚོས་ཡུལ་དུས་ངེས་མེད་དུ་སྤང་ལྗོངས་རྨས་སྲིད་དམ།  ང་ཚོ་རྨས་སྲིད་དམ།   སྒོ་ཕྱུགས་ཚོ་རྨས་སྲིད་དམ།   ང་རང་རྨས་སྲིད་དམ།   སང་ཉིན་རྨས་སྲིད་དམ།  ང་ཚོའི་མ་འོངས་པ་རྨས་སྲིད་དམ།   

     རྫོགས་མཐའ་མེད་པའི་སེམས་ཁྲལ་གྱི་མཇུག་ཏུ།    གང་ཡིན་ན་ཡིན།  ང་སྐྱེ་ས་ནི་ཡུལ་འདི་ཡིན་པས་རྨས་ན་རྨས་བསམ་གྱིན་ཟིལ་བ་ཁྲོམ་ཁྲོམ་གྱི་ནང་དུ་ཅི་མི་སྙམ་པར་སོང་།   ངེད་ཀྱི་ཨ་ཅེ་དང་སྲི་མོ་གཉི་གས་ད་རུང་རྡང་ནང་ན་བཞོན་གྱི་རྔ་མ་ཕུད་མ་ཚར་བར་བསྡད་ཡོད་པས་ངས་ནོར་རྡང་བསྙེགས་ནས་སོང་།   དེ་ལ་འགྲོ་དུས་ལྕགས་ར་ཡི་ནང་དུ་འཛུལ་ནས་འགྲོ་དགོས་འདུག   ང་རང་རྡང་ནང་དུ་ཐོན་ནས་ཨ་ཅེ་དང་སྲི་མོ་གཉིས་ལ་ཁ་བརྡ་བྱས་ནས་བསྡད།  འབྲི་མཛོ་མོས་ངུར་ཆུང་ལྷང་ལྷང་གིས་ལ་ལ་ནི་ང་ལ་འདྲོགས།   བཞོ་ཟེའུ་ནང་དུ་འོ་མ་ཤག་ཤག་འཇོ་བ་ལ་ཡིད་འཇེབས་བདེ་དགའ་ངང་གིས་སྟེར་བར་བྱེད།    ཡུད་ཙམ་ལ་དེ་གར་བསྡད་པས་ནོར་རྡང་དང་ཐག་རིང་ས་རིང་ས་ན་ངེད་ཀྱི་སྔོན་ཆད་ཀྱི་རྟ་ཕོ་ལྟ་བུ་ཞིག་བཏག་བཞག་ཡོད་པ་མཐོང་བ་ལ།  ང་རང་ཧང་སངས་སོང་།  

    ཨ་ཅེ།    ཨ་ཅེ།   ཕ་གིའི་རྟ་ཕོ་དེ་སྔོན་ཆད་ངེད་ལ་ཡོད་པའི་ང་དགའ་སའི་རྟ་ཕོ་དེ་ཡིན་ནམ་ཞེས་པས།   རེད་རེད།  དེ་རིང་ཆེད་དུ་བཏགས་པ་ཡིན།    ངེད་ཀྱི་རྟ་ཚོའི་ནང་ན་འདིའི་ཚེ་ཡི་རིང་ཞིག་མེད་ཟེར་སྐད།  ང་རང་མྱུར་དུ་རྟ་ཕོ་ཐེན་ནས་འགྲམ་ལ་སོང་།  འགྲམ་ལ་ཐོན་ནས་ཁ་རྔོག་ལ་བྱིལ་བྱིལ་ལན་འགའ་བྱས།  ལོ་འདི་འདྲའི་མང་པོ་འགོར་སོང་།  ལོ་འདི་འདྲའི་མང་པོའི་ཆར་རླུང་སེར་གསུམ་དང་ཁ་བ་བུ་ཡུག་ཁྲོད་དུ་ལུས་སོང་ནའང་།  ཁོ་རང་རྟ་མཆོག་ཡིན་པའི་ཚུལ་དུ་ངོ་ཚུལ་དཀར་པོ་སྟོན་ལ།   མངོན་ཤེས་བག་ཙམ་ཡོད་པ་དང་འདྲ་བར།   བྱ་རྨྱང་བྱེད་རིང་རྔོག་དྲེད་གནང་།  ངོ་སོ་བསྟོད་དོ་རྟ་ཕོ་རིན་ཆེན་ནོར་བུ།   གཡང་གིས་སྲུངས་ཤིག་སྙམ་ནས།    ག་ལེར་བྱིལ་བྱིལ་གནང་གིན་དུ།  ངའི་མགོ་བོ་རྟ་ཕོའི་ཐོད་པར་གཏུགས་ཏེ་སེམས་བསམ་པའི་གཏིང་ནས་གཅེས་གཅེས་ཡིད་ཚིམས་པ་ཞིག་མ་བྱས་ཐུ་མེད་བྱུང་སོང་།   དེ་ནས་རྩྭ་ཁ་ཡོད་ས་ཞིག་ཏུ་གནས་སྤར་དགོས་བསམ་གྱིན་རྟོད་ཐག་ལས་གློད་དེ་ཁྲིད་འོངས། 

     ད་ནངས་ཞོགས་པར་ང་རྐང་རྗེན་ལ་འགྲོ་ས་དེར་རྩྭ་ཁ་ཤིན་ཏུ་རྒྱས་པས་དེར་སོང་སྟེ་རྟོད་དགོས་བསམ་ནས་མར་འོངས་པ་ལ།   ལྕགས་ར་དང་ཉེ་སར་ཐོན་མ་ཐག་ཏུ།  རྟ་ཕོ་ནི་ངོ་གནག་གིན་དུ་འདྲོག་པ་དང་རྐང་ལག་འཚབ།   འགྲོ་སྟངས་དང་སྤྱོད་པ་གློ་བུར་དུ་འགྱུར།  མི་འདོད་ཉམས་ཀྱིས་སྣ་སྒྲ་འདོན།  ལྟས་ངན་མཐོང་བ་བཞིན་བག་ཟོན་བྱེད།   ལྟག་འཐེན་དང་ཕྱི་བཀྱེད་ངང་དུ་སྲབ་མདའ་དང་འཐབ་ནས་མཇུག་མ་འཚུབ།  ད་ཅི་ལྷོད་ཆགས་ཆགས་ངང་ལ་ཡོད་པས་གློ་བུར་དུ་འཚུབ་ལངས་པ་ལ་མཚར་རོ།།


       ངའི་སེམས་སུ་འདི་ཅི་ཡིན་ནམ་ཅི་ཡིན་ནམ་སྙམ་ནས་སྲབ་མདའ་ལ་དམ་དུ་འབྱར་བས།  ཨ་ཅེས།   རྡང་ནང་ནས་ཨོ་ཨོ་ལྕགས་ར་དང་ཉེ་སར་མ་འགྲོ།  ལྕགས་ར་དང་ཉེ་སར་འགྲོ་ཉན་མེད་གོ  འདྲོག་ལངས་ནས་མི་དོ་ཐལ།  སྔོན་ཆད་ཅིག་ལ་འདྲོག་ལངས་ནས་མ་དོ་བར།  ཐེངས་ཤིག་ལྕགས་ར་ཡི་ཁ་ནས་ཕར་ནང་ལ་མཆོངས་སོང་བས།  རྐང་བའི་སྒྱིད་པ་ཁ་ཡས་ངོས་ཀྱི་པགས་པ་ལྕགས་ཚེར་ལ་བསྐོན་ནས་བཀོག་བཞག་པ་ཡིན་ཐལ།  དེའི་རྗེས་ནས་བཟུང་།   ནམ་ཡིན་ན་ལྕགས་ར་དང་ཉེ་སར་ཐོན་མ་ཐག་ཏུ།དོགས་སྣང་གིས་ཞེ་འཛིན་ཆེན་པོ་གནང་སྟེ་འདྲོག་ལངས་ནས་ལག་མི་ཞོག་ས་ཞིག་ཏུ་གྱུར་འདུག་ཅེས་བཤད་སོང་།     དེ་ནས་ཐག་རིང་ཙམ་གྱི་ས་ན་ར་སྒོ་ཡངས་ས་ཞིག་ཡོད་པ་དེའི་ནང་དུ་སྟབས་གཟན་གནང་ནས་ཁྲིད་སོང་བ་དང་རྩྭ་ཁ་རྒྱས་ས་ཞིག་ལ་གཟས་ནས་བརྟད།    

        དེ་ནས་ང་རང་སྦྲའི་ཕྱོགས་སུ་སོང་།   ངེད་ཀྱི་ཨ་ཅེ་དང་སྲི་མོས་བཞོན་ཡང་མཇུག་རྫོགས་ནས་མར་འོང་གིན་འདུག    ལམ་བར་ནས་ངའི་སེམས་སུ་རྟ་ཕོའི་དོན་ལ་སྙིང་རྗེ་དང་ང་རྒྱལ་དུས་མཉམ་དུ་སྐྱེས་བཞིན་སྐྱེས་བཞིན་སོང་།   སྙིང་རྗེ་ནི་རྟ་ཕོའི་སྒྱིད་པའི་པགས་པ་བཀོག་པ་ལ་སྐྱེས་པ་ཡིན་ཞིང་།  ང་རྒྱལ་ནི་རྟ་ཕོ་ཚམ་ཚོམ་མེད་པར་ལྕགས་ཚེར་གྱི་ར་བའི་ཁ་ལ་མཆོངས་ཐུབ་པའི་སྤོབས་པ་དེའི་ཆེད་དུ་སྐྱེས་པ་ཡིན།   

      བདག་གི་སེམས་སུ།   བྱོལ་སོང་གི་ནང་ན་རྟ་ཕོ་འདི་མ་གཏོགས་ཚོད་ཚོད་ལ་ལྕགས་ཚེར་གྱི་ར་བའི་ཁ་ལ་མཆོང་མཁན་ཡོད་མི་སྲིད་སྙམ་སོང་། མཆོང་རྒྱུ་དྲན་མཁན་ཡང་ཡོད་མི་སྲིད་སྙམ་སོང་། མཆོང་སྤོབས་མཁན་ནི་དེ་བས་ཀྱང་ཡོད་མི་སྲིད་སྙམ་སོང་། ལོ་མང་བོའི་སྔོན་གྱི་འདས་དོན་དེ་ད་རུང་དྲན་ཤེས་ཀྱི་ནང་ན་བརྗེད་ངས་ཀྱིས་མ་ཁྱེར་བའང་རྟ་ཕོ་འདི་མ་གཏོགས་ཡེ་ནས་ཡོད་མི་སྲིད་སྙམ་སོང་།    རྟ་ཕོ་ནི་མི་རྣམས་ཀྱི་མིག་ལམ་གྱི་རང་ག་བའི་བྱོལ་སོང་ལས་ལྡོག་ཏེ་བདག་གི་བྲང་ཁོག་གི་འཇིག་རྟེན་དེ་ཉིད་ཀྱི་རི་བོ་གང་ཆེ་དང་ཆུ་མོ་གང་ཟབ་རྣམས་བརྒལ་ཐུབ་པའི་ཅང་ཤེས་དང་གྱི་ལིང་གང་རུང་གི་རྣམ་རོལ་ཡིན་པའི་ངེས་ཤེས་འདྲོངས་སོང་། འོ་ན་འདི་ན་ཅང་ཤེས་ཤིག་ལུས་འདུག་དོན་ཅི་ཡིན་ནམ།   ཅང་ཤེས་ནི་རྣོ་མདུང་གི་ཀ་བ་བརྒྱ་ཕྲག་མང་བོས་ཡང་ཡང་བསྐོར་བའི་ལྕགས་ཚེར་གྱི་ར་བས་ཡོངས་སུ་བཀག་ཡོད་པས་ཡིན་ནམ།

        འོ་ན་འདི་ན་གྱི་ལིང་ཞིག་ལུས་འདུག་དོན་ཅི་ཡིན་ནམ།   གྱི་ལིང་ཞིག་མདུན་གྱི་ནམ་མཁའ་ལ་སྨོན་དྲགས་ནའང་ཆུ་ཆེན་གད་པ་སྲིབ་རོང་རྣམས་རེ་རེ་བཞིན་བསྐྱུར་ནས་ཞོགས་ས་ཞིག་མེད་པར་མཐའ་བཞི་ལྕགས་སྐུད་ཀྱིས་དཀྲིས་འདུག་དོན་ཡང་ཅི་ཡིན་ནམ།    དེ་ལྟ་དེ་ལྟར།  ང་རང་བསམ་གཞིགས་ཀྱི་ནང་དུ་ཚུད་ནས་ཁྱིམ་ལ་ཐོན་སོང་།   ང་ཚོས་མཉམ་དུ་ཇ་འཐུང་རྗེས།   དུས་ཚོད་ནི་རོལ་རྩེད་མཁན་དང་འདྲ་བར་ཉིན་གོང་གི་ཕར་རྒྱབ་ལ་ཐུག་སོང་།    ཉི་མ་ནི་ངོ་མ་ཚ་དྲགས་པ་ལ།   རས་གུར་བསིལ་མོའི་མཐའ་བཀྱགས་ནས་བསྡད་ནའང་མི་བཟོད་པ་ཞིག་འདུག་པས།   རྟ་ཕོ་ནི་སྐོམ་གྱིས་བསྔལ་ཨེ་ཡོད་བསམ་ནས་ཁྲིད་སོང་སྟེ་ཆུ་བླུད་པ་དང་དེ་ནས་ཆུ་ཁ་དང་ཐག་ཉེ་ས་ཞིག་ཏུ་བརྟད།    ཕྱི་དྲོ་འཕྱི་ཙམ་ལ་ངེད་ཀྱི་བྱིས་པ་རྣམས་ཁྲིད་ནས་སླར་ཡང་ཆུ་ཁར་སོང་།    ཉི་མ་ད་རུང་ཚ་དྲགས་པས་ངོ་མ་མི་སྲོན་པ་ཞིག་འདུག   ངས་བསམ་གཟས་ཏེ་རྟ་ཕོ་ཆུ་ནང་དུ་ཁྲིད་དེ་སོས་བསིལ་ཐག་ཐག་ཅིག་གནང་དགོས་བསམ།   

       དུས་མཚུངས་སུ།  ང་རང་ཆུང་ངུའི་སྐབས་ལ་དེ་རིང་དང་འདྲ་བར་ཆུ་ཁ་ནས་རྟ་འདྲ་མི་འདྲ་ལ་སོས་བྱས་ནས་བསྡད་པའི་གནས་ཚུལ་རྣམས་དྲན་ཡོང་།   ལོ་ནི་ཅི་འདྲས་མང་བོ་འགོར་སོང་།   དེ་རིང་ཡང་ང་རང་ཆུང་དུས་ནང་བཞིན་ཆུ་ཁ་འདི་རུ་ཉི་འོད་ཀྱི་འོག་ཏུ་ཆུ་ཕྱར་ནས་རྟ་ཕོ་སོས་བྱེད་པའི་སྐལ་བ་ལྡན་པ་ནི་ཨེ་མ་ཧོ།     ཆུ་ཟབ་སའི་ནང་དུ་ཐེངས་ཤས་ལ་ཕར་ཁྲིད་ཚུར་ཁྲིད་བྱས།  དེ་ནས་སྟེང་ལ་ཆུ་ཡང་ཡང་ཕྱར།   རོ་ཞབས་ལ་ཆུ་ལྕག་གིས་བརྒྱབ།  མགོ་ཐོག་ཏུའང་ཆུ་ཡང་ཡང་བླུགས།   སྣ་ཕུ་འདེབས་ཞོར་རྔོག་ཆེན་སུག་སུག་དབྱུགས།   ཟེ་དང་སོག་པ་དང་སྒལ་གཞུང་སོགས་ནེམ་ནེམ་ངང་ལ་འགུལ།   བྲང་གི་སྟོད་སྨད་ལྷོག་ལྷོག་ལྡང་། ཤ་རྒོད་རྣམས་འཁྲུགས་ནས་འདར་འདར་ཡོམ་ཡོམ་བྱེད།  མགོའི་སྤྱི་གཙུག་དང་ཐོད་པ་དང་མིག་ཕོར་སོགས་ལ་ནམ་ལངས་པ་འདྲ་བའི་ཉམས་ཤིག་ཐོན།   དེ་ནས་གང་ལྟར་ཚད་ཟིན་པ་ཞིག་གི་མཚམས་སུ་བཞག་སྟེ་བསྐྱུར།  ཆུ་ནང་ནས་ཡར་ཁྲིད་དེ་སྔོན་གྱི་འདོག་ས་དེ་རུ་ཁ་བཀལ་ནས་བཏགས།    དུས་ཚོད་ཅུང་འགོར་རྗེས།  ལུས་ཐོག་གི་ཆུ་ཐམས་ཅད་ཡུན་གྱིས་སྐམ།  སྤུ་མདངས་ཇེ་ཡག་ལ་སོང་།      སྔར་བས་གཟི་མདངས་ཆེ།    དལ་བ་དང་ལྷོད་ཆགས། ཉམས་དང་ནུས་སྟོབས་ཐོན།  

     རྟ་ཕོ་ཡ།  ནམ་དུ་ཡང་ཉི་མའི་ཕྱོགས་སུ་སྣོམ་པ་དང་།  ཉི་མ་ལ་རྟག་ཏུ་དགའ་བ་དང་།  དྲི་བཟང་བོ་ལྡན་པའི་རྟ་དེ་ནི་ཚེའི་མཆོག་ཐོབ་པ་ཡིན་གསུངས་པས།    ཁྱོད་ནི་ཚེའི་མཆོག་ཐོབ་པའི་རྟ་དེ་ཡིན་པར་ཤོག་ཅིག་གུ  རྩྭ་ལེགས་པར་བཟའ་བ་དང་།    སྙིང་དགའ་བ་དང་།  སྐད་ཆེ་བའི་རྟ་ནི་ཡུན་རིང་འཚོ་བ་ཡིན་གསུངས་པས།   ཁྱོད་ནི་དེ་དང་ཡོངས་སུ་མཚུངས་བས་ཡུན་རིང་དུ་འཚོ་ཐུབ་པར་ཤོག་ཅིག་གུ  ད་ནངས་སྔ་མོ་དང་འདྲ་བར།   རྟའི་ཐོད་པ་ལ་ངའི་མགོ་བོ་གཏུགས་ནས་རྟ་ཕོ་ལ་སེམས་གཏིང་ནས་སྨོན་ལམ་ཡིད་ཚིམས་པ་ཞིག་བརྒྱབ།  མི་སྐད་ལ་གསན་པ་ནང་བཞིན་གྱི་ཚོར་བ་ཡོད་པས་གཟའ་སྐར་འཕྲོད་འཛོམས་བྱུང་བ་ཞེས་པ་ནི་འདི་ཡིན་ནོ་བསམ་རྒྱུ་ཞིག་བྱུང་།  

       དེ་ནས་ཕར་ལ་ངེད་ཀྱི་རྩྭ་སའི་ནང་དུ་ཁྲིད་ནས་སོང་བ་ལ་རྟ་ཕོས་སྲབ་མདའ་འཐེན་ཞོར་འཐེན་ཞོར་དུ་བདག་ལ་ཡང་ཡང་སྐུལ་ཞིང་སྣ་ཕུ་འདེབས།  སྲབ་མགོ་ནས་སྐད་སྣ་རིང་རིང་དུ་འཚེར་སྐད་སྒྲོག་པ་དང་། ཐག་རིང་ལ་རྒྱང་མིག་བལྟས་ནས་འོང་།   རྩྭ་སའི་ནང་དུ་ཐོན་རྗེས་ལྷོད་ལྷོད་ངང་དུ་མགོ་ནས་སྲབ་བླངས་པ་དང་བསྟུན་རྔོག་མ་དང་སྒལ་བའི་ངོས་ལ་བྱིལ་བྱིལ་ལན་འགའ་གནང་ནས་རྩྭ་ར་ཡི་ནང་དུ་གློད་བཏང་།      རྩྭ་ར།      རྩྭ་ར་ནི་ཕྱོགས་བཞི་ཁོར་མོ་ཡུག་ཏུ་རྣོ་མདུང་གི་ཀ་བ་དང་ལྕགས་ཚེར་གྱིས་ཡོངས་སུ་བསྐོར་བའི་འཇིག་རྟེན་གུ་དོག་པ་ཞིག་རེད།    དེའི་ནང་དུ་རྟ་ཕོ་ཁྱེད་ཀྱི་གདོད་མའི་རྣམ་རིག་མི་ཤོང་བ་ལོས་ཡིན།     ཁྱོད་ནི་ཡར་ལ་ཞོགས་ནས་འཕྲ་ཞགས་ཡང་ཡང་འདེབས།   ཁྱོད་ནི་མར་ལ་ཞོགས་ནས་རྔོག་ཆེན་ཤམ་ཤམ་དབྱུགས། 

       ཨཱ།    གཡང་ལ་བོ།  ངོ་སོ་བསྟོད་དོ་ངོ་སོ་བསྟོད་དོ། །  ཁྱོད་ནི་ད་རུང་ཡེ་ནས་རྒས་མི་འདུག  ཁྱོད་ཀྱིས་སྔོན་ཆད་ནང་བཞིན་མུ་མེད་འབྱམས་ཀླས་ཀྱི་འཇིག་རྟེན་ཞིག་མིག་སྔུན་དུ་བཞག་ནས་རྨིག་བཞི་རླུང་གི་ནང་ལ་བསྲེ་ཡོང་བསམ་པ་ཡིན་ནམ།   ཁྱོད་ནི་ད་རུང་ཡེ་ནས་རྒས་མི་འདུག   ཉིན་མཚན་ཐོད་གཏུགས་ནས་ཆུ་ཆེན་གད་པ་སྲིབ་རོང་རྣམས་རེ་རེ་བཞིན་བརྟོལ་ནས《བདག་གི་རྟ་ཁྱུའི》ནང་ལ་བསྲེ་ཡོང་བསམ་པ་ཡིན་ནམ།


0

5 Responses to གཉན་གྱི་ལྷུག་རྩོམ་གསར་པ་《ཡུལ་གྱི་རྟ་ཕོ》

  1. སྨན་བླ་སྐྱབས། ལགས་ཀྱིས:

    ཡགས།

  2. དགུན་རུ་ངག་དབང་ནོར་བུ། ལགས་ཀྱིས:

    ལེགས་སོ།

  3. རྟ་བདུན་དབང་པོ། ལགས་ཀྱིས:

    རྟ་ཕོ་དེའི་རི་མོ་བ་སུ་ཡིན་ནམ། ཨེ་གསུངས་ཐུབ། ཐུགས་རྗེ་ཆེ།

  4. ལྡོང་ཕོ་ཉ། ལགས་ཀྱིས:

    ཧ་ལས་པ་ཡག་སོང་། རྟ་མཆོག་དང་རྟ་མཆོག་ལྟ་བུའི་སྙན་ངག་པ་ཁྱེད་ཀྱི་སྐུ་ཚེ་བརྟན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།