ཁྱེད་དང་འབྲེལ་བའི་བརྗེད་ཐོ་ད་མེ་དུམ་མེ།

58734


རྩོམ་པ་པོ།   བདའ་ཚང་སྙེམས་གྲོལ།

 

མཚན་མོ་དེར།  ཁྲིན་ཏུའུ་གྲོང་ཁྱེར་ཁྲ་བུན་ནེར་ཡོད།  རྒྱང་རིང་ནས་བལྟས་ཚེ་ཁ་དོག་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་ཅིག་དང་མཚུངས་ངེས།  ངའི་ཉམ་ཆུང་གི་རྒྱབ་གཟུགས་ཀྱང་དེ་ལྟ་བུའི་ཁོར་ཡུག་ཏུ་རབ་རིབ་དང་མདོག་མེད་ཀྱིས་མངོན་ཡོད།  རླངས་འཁོར་གྱི་གཙང་པོ་དྲག་ཏུ་བཞུར་ནས་ང་ལ་མགོ་ཡུ་འཁོར་དུ་བཅུག་ཡོད།  མཚན་མོ་དེར།  ང་དང་གྲོགས་པོ་ཚོ་ཡུལ་ལའང་ལོག་མ་ཐུབ་པར་གྲོང་ཁྱེར་ཆེན་པོ་དེར་དགུ་ཐུག་ལ་རོལ་གྱིན་ཡོད།  ང་ཚོ་ཆང་དམར་གྱི་བཟི་ཁ་དང་འཁྲུལ་སྣང་ལས་རང་ཉིད་ཀྱི་ཁེར་རྐྱང་དང་སྡུག་བསྔལ་ལ་ཁེན་ནས་འཚོ་བཞིན་ཡོད།  ང་ཚོས་དྲ་མིག་དང་དྲ་ཡོལ་ཐམས་ཅད་གཟིམས་ནས་ཁང་མིག་ཏུ་ལྷིང་འཇགས་ཁོ་ན་བསྐྱིལ་ནས་བསྡད་ཡོད།  མི་ཚོགས་ཀྱི་རྦ་རླབས་དྲག་ཏུ་འཁྲིགས་ཀྱང་མི་རེ་རེ་ནི་ཁེར་རྐྱང་ཡིན་ཟེར་བའི་སྐད་ཆ་དེ་ཆེད་དུ་ང་ཚོར་བཤད་པ་དང་འདྲ་སོང་།  མཚན་མོ་དེར།  ཆང་དམར་གྱི་བཟི་ཁ་དང་འཁྲུལ་སྣང་ལས་ཁེར་རྐྱང་དང་དྲན་གདུང་གི་ཝུ་བ་སེམས་ཁོང་ལ་འཕྱུར་ཡོད།  ང་ཚོས་གངས་ཁྲོད་ཀྱི་རླུང་གིས་གྲང་ན་བསམ་གྱིན་ཡོད།  མགོ་ཐོག་གི་སྨུག་པ་བན་བུན་འདི་ཡང་དྭངས་སོང་ན་སྙམ་གྱིན་ཡོད།  དེ་ལྟ་བུའི་དུས་ཚོད་ལྗིད་མོ་ཞིག་གི་ནང་དུ་ཁྱེད་རང་དགོས་དབང་གིས་ངའི་ཚེ་སྲོག་གི་ལྗོན་གསེབ་ལ་འཕུར་ནས་ཡོང་བ་རེད།

མི་ཞིག་སྣང་ངོ་ནས་ཇེ་གསལ་དུ་སོང་བ་ནི་མུན་ཁྲོད་ལས་དངོས་གཟུགས་ཤིག་ཉི་འོད་ཀྱིས་ཇེ་གསལ་དུ་བཏང་བ་དང་འདྲ་ཨང་།  རབ་རིབ་དང་མག་མོག་ཡིན་པའི་ཁྱེད་རང་དགོས་དབང་གིས་ངའི་རི་ཀླུང་དུ་འཕུར་ཡོང་སྟེ།  ཇེ་གསལ་དང་ཇེ་དྭངས་ལ་གྱུར་ནས་ངའི་འཇིག་རྟེན་བག་ཆགས་ཀྱི་མཚེའུ་དྭངས་མོ་ཞིག་བསྐྱིལ་སོང་།  སྐབས་དེ་དག་ལ།  ངའི་མགོ་ཐོག་ཏུ་སྨུག་པ་བན་བུན་རེ་འཐིབས་ཡོད།  ལུང་མ་བསྟན་པའི་ཚོར་བ་ལྕི་མོ་ཞིག་གིས་ཀྱང་སེམས་ཁམས་ལ་ཁྱབ་ཡོད།  སྐབས་དེར།  ཁྱེད་ཀྱི་དྭངས་ཤིང་གསལ་བའི་སྐད་གདངས་དེ་ངའི་རྣ་ལམ་ལ་སིམ་སིམ་ངང་བཞུར་ཡོང་བ་རེད།  ཁྱེད་ཀྱི་སྐད་གདངས་ལ་ངོ་མས་གསལ་དག་སྙན་གསུམ་གྱི་ཡོན་ཏན་རྫོགས་ཡོད།  གསལ་དག་སྙན་གསུམ་གྱི་ཡོན་ཏན་རྫོགས་པའི་སྐད་གདངས་དེ་ཤེས་མེད་ཚོར་མེད་དུ་ངའི་ཚེ་སྲོག་གི་རྡོ་གསེབ་ཏུ་འཁྱིལ་ཡོང་བ་རེད།

དུས་ཐུང་གི་འབྲེལ་འདྲིས་ཁྲོད།  ཁྱོད་ཀྱི་སྙིང་ཉེ་བའི་བྱ་སྤྱོད་རེ་རེས་ང་ལ་བག་ཆགས་ཀྱི་རྡོ་བ་རེ་རེ་བསླངས་ཡོད།  ང་ནི་ཕོ་ལོ་སུམ་ཅུར་སྔར་མགོ་བྱས་ཤིང་།  ཉི་ཤུ་བརྟེན་མར་བཏིངས་ནས་ཡོད་པ་ཞིག་ཡིན།  ངའི་ཕོ་ཚོད་དང་ངར་ཤུགས།  ལང་ཚོ་དང་རྨི་ལམ་སོགས་ཀྱང་དཔའ་ཞུམ་པ་ལྟར་གང་ཞིག་ནས་ལྷོད་ཅིང་གང་ཞིག་ཏུ་ཞི་ནས་འགྲོ་བཞིན་ཡོད།  འདི་ལྟ་བུའི་དུས་ཚོད་ཅིག་གི་ནང་དུ་ཁྱེད་དང་འདྲིས་པ་ནི་སྡུག་བསྔལ་གཞན་ཞིག་གི་སྒོ་ཕྱེས་པ་དང་ཡང་འདྲ་སོང་།

དཔྱིད་ཟླ་རིང་མོ་ཞིག་གི་ཚེས་མགོ་དེར།  འུ་གཉིས་ཀྱིས་མ་འོངས་པ་ཟེར་བ་ཞིག་གླེང་གླེང་མཐར།  གླེང་མོལ་གྱི་མཇུག་དེ་རེ་ཞིག་བསྒྲིལ་བར་བྱས།  ངས་སྤྱི་ཟླ་གསུམ་པའི་ཚེས་ཉེར་བདུན་ལ་མ་འོངས་པ་ནི་སྨུག་པ་འཐིབས་པའི་གྲོང་ཁྱེར་ཞིག་ཡིན་ནམ།  ང་ནི་བཞི་མདོ་ཞིག་ཏུ་གློག་ལྗང་ལ་བསྒུགས་ཏེ་ཀྲོང་ངེར་ལངས་ནས་བསྡད་ཡོད་དམ།  ཁྱེད་ཀྱིས་ཤེལ་མིག་ནག་པོ་ཞིག་གདོང་ཁུགས་ལ་བསྣར་ཏེ་ང་རང་མ་ཤེས་ཁུལ་བྱེད་དམ།  མ་འོངས་པར་ད་དུང་ཁ་བ་མང་པོ་འབབ་ངེས་ཞེས་སྐད་འཕྲིན་དུ་སྤེལ་པ་ཡིན།  དེ་དུས་ཁྱོད་ལ་སྐད་འཕྲིན་མེད།  ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་པའང་ང་ཡིས་མི་ཤེས།  ཁྱེད་ཀྱིས་ང་རང་རབ་རིབ་དང་མག་མོག་ཅིག་དྲན་ཡོད་ཀྱང་སྲིད་ལ་མེད་ཀྱང་སྲིད།

ང་རང་ལྷ་སར་འགྲོ་དུས་ཀྱི་ནངས་མོ་དེར།  སྤྲིན་པ་སྐྱ་ལང་ལོང་དུ་འཁྲིགས་ཡོད།  སྐྱ་ལང་ལོང་གི་སྤྲིན་པའི་འོག་ཏུ་ང་རང་གཞི་ནས་ཟི་ལིང་དུ་སྐྱོད་ཀྱིན་ཡོད། ང་རང་ཕ་མ་དང་ཕ་ཡུལ་ལ་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད།  ད་དུང་ཁྱེད་ལའང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད།

ང་རང་མེ་འཁོར་གྱི་ནང་དུ་བུད་ཅིང་མེ་འཁོར་གྱི་མདའ་རྩེ་ལྷ་སའི་ཕྱོགས་སུ་གཏད་བྱུང་།  སྐབས་དེར་ཡང་གློ་བུར་དུ་ཁྱོད་དྲན་པ་དེ་དྲན་སོས་ཀྱི་འདུག་ཨང་། ང་རང་ཁེར་རྐྱང་དུ་འགྲོ་བའི་སྒེའུ་ཁུང་ལས་གཙོད་དང་རྔ་མོང་གི་ལྷག་འཕྲོ་རེ་མཐོང་ཞིང་།  མཛོ་བོ་ཁྲ་ཁྲ་ཞིག་ཕར་ལ་འཁོར་བ་ལྟ་བུའི་གངས་རི་མང་པོ་མིག་ལམ་དུ་བརྒྱུད།  མཐའ་ཡས་པའི་བྱང་ཐང་ན་ལྷགས་རླུང་ཁོ་ན་ལྡང་བ་མཐོང་།  སྐབས་དེར་ཡང་།  ཁྱོད་རང་རྒྱུ་མཚན་མེད་པར་དྲན་ཐལ།  ངོ་མ་རྒྱུ་མཚན་མེད་པར་དྲན་ཐལ།

ང་རང་ལྷ་སའི་ཉི་འོད་ཀྱི་འོག་ཏུ་བསྡད་ནས་ཁྱེད་དང་སེམས་གཏམ་ལྷུག་པོར་བཤད།  དུས་ཚོད་འདི་དག་ནི་མཛེས་སྡུག་གི་གྲུབ་སྟངས་གཞན་ཞིག་ཡིན།  ཁྱོད་ཀྱི་ཤུགས་རྐྱེན་མང་པོ་ཞིག་ང་ལ་སིམ་ནས་ང་ལའང་འགྱུར་ལྡོག་ཆ་ངེ་ཆུང་ངེ་མང་པོ་ཞིག་བྱུང་སོང་།  ཁྱེད་ཀྱིས་ང་ལ་ཁྱོད་རང་དུད་ནག་ཅིག་དང་འདྲ་བྱུང་ཟེར།  དེ་ནི་ཁྱེད་ཀྱིས་ང་ལ་གདེང་འཇོག་བྱས་པའང་ཡིན་ཟེར།  ང་ལ་དེ་ལྟར་གདེང་འཇོག་བྱེད་མཁན་ཡང་ཁྱོད་ཁོ་ན་ཡིན་སྲིད།

ཁྱེད་ཀྱིས་ང་ལ་སྙིང་ཉེ་བའི་དངོས་པོ་གསུམ་བསྐུར་ལ།  དངོས་པོ་གཅིག་གིས་སིལ་སིལ་གྱི་སྒྲ་ཁོ་ན་སྒྲོག་ཅིང་།  སིལ་སིལ་གྱི་སྒྲ་དེ་ནི་ཁྱོད་ཀྱི་སྐད་གདངས་དང་མཚུངས།  ད་དུང་སྙིང་ཉེ་བའི་རྣམ་འགྱུར་དུ་མ་སྟོན་པས་སྙིང་རྗེ་བ་ལ་ཚད་ཅིག་མེད།

ཉིན་ཞིག་ང་དང་གྲོགས་པོ་སྐོར་ཞིག་བར་སྐོར་དུ་སོང་བ་ཡིན།  ང་ཚོས་ཇོ་ཁང་ལ་བསྐོར་བ་གཉིས་རེ་བརྒྱབ།  ཁོ་ཚོས་ཀུ་རེ་ཚུལ་གྱིས་ཁྱོད་ཀྱིས་བསྐོར་བ་གཉིས་པོ་སུའི་ཆེད་དུ་བརྒྱབ་པ་ཡིན་ཞེས་དྲིས།  ངས་ཚམ་ཚོམ་མེད་པར་གཅིག་ནི་རང་གི་ཆེད་དང་།  གཅིག་ནི་བུད་མེད་ཅིག་གི་ཆེད་དུ་ཡིན་ཞེས་ཀྱལ་ཀ་བསླངས་པ་ཡིན་མོད།  དོན་དངོས་སུའང་དེ་ལྟར་ཡིན་པ་འདྲ་སོང་།

ཁྱེད་ཀྱིས་འདང་མ་དཔོགས་པ་བཞིན་དུ་ངས་ཀྱང་མ་དཔོགས།  འཇིག་རྟེན་ན་འདིའི་འཕྲོར་འདི་འབྱུང་ངེས་ཀྱི་རྣམ་བཞག་ཅིག་མེད་པ་འདྲ།  དཔེར་ན།  ང་ཚོའི་བར་གྱི་གཏམ་རྒྱུད་བཞིན།

གང་ལྟར་ང་ཚོའི་གཏམ་རྒྱུད་ནི་མཛེས་སྡུག་གི་གྲུབ་སྟངས་གཞན་ཞིག་ཡིན།  དུས་ཚོད་ཀྱི་རླུང་ཁ་ནས་གཏམ་རྒྱུད་ཀྱི་ཐིག་རིས་དེ་ཚོ་རབ་རིབ་དང་མག་མོག་ཏུ་འགྱུར་ཡང་སྲིད་ཀྱང་།  ང་རང་མི་ཚེའི་རི་རྐེད་འདིར་འགོས་ནས་ཕྱིར་མིག་ཅིག་བསློགས་དུས།  ང་ལ་མཛེས་སྡུག་གཏམ་རྒྱུད་མང་པོ་ཞིག་མེད་པའི་ཁྲོད་ན་འུ་གཉིས་ཀྱི་གཏམ་རྒྱུད་ལ་བཀྲག་མདངས་འཚེར་འདུག

ད་ནི་འབྲི་མཚམས་བཞག་པ་ཡིན།  ཁྱེད་དང་འབྲེལ་བའི་བརྗེད་ཐོ་ད་མེ་དུམ་མེ་འདི་དག་དུས་ཚོད་ཀྱི་རླུང་གིས་མི་ཟད་པའི་ཆེད་དུ་འདི་ལྟར་ཟིན་ཐོར་བཀོད་པའོ། །བཀྲ་ཤིས་བདེ་ལེགས།

 

རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།