གཡང་ཊི་ལྟ་བུའི་རྟག་བརྟན་གྱི་མཛེས་པ།

36260

རྩོམ་པ་པོ།   གཅན་མེ་སྟག

 

“རི་མོའི་སྒྱུ་རྩལ་གྱི་གསང་བ་སྙོགས་པ”ཞེས་པའི་ཁག་དྲུག་པ།

རོ་ཧྥུ་ཕོ་བྲང་གི་རྩ་ཆེའི་ནོར་བུ་རུ་གྲགས་པའི་རི་མོ་གཞན་ཞིག་སྟེ། ༼ཆུ་མིག༽ཅེས་པ་འདི་ནི་རྗན་ཨོ་གོ་སི་ཐ་ཏོ་མེས་ནེ་ཁོ་ཨན་ཀིའར་གྱིས་མཛད་པ་ཡིན་ལ། ཁོང་ནི་གནའ་བོའི་རོ་མའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་དད་མོས་ཟབ་པའི་སྲོལ་རྒྱུན་རིང་ལུགས་གསར་མའི་རི་མོ་བ་ཞིག་ཡིན། ༡༨༣༠ལོར་ཨན་ཀིའར་གྱིས”ཆུ་མིག”ཅེས་པའི་རི་མོ་འདི་འབྲི་མགོ་ཚུགས་པ་ནས་ཕལ་ཆེར་མི་ལོ་ཉེར་དྲུག་གི་དུས་ཚོད་ནང་འགྲུབ་པར་བཤད་ལ། རི་མོའི་བརྩམས་ཆོས་འདི་ལེགས་འགྲུབ་བྱུང་དུས་ཁོང་རང་ཡང་སྐུ་ན་བདུན་ཅུ་དོན་དྲུག་ལ་སོན་པའི་བགྲེས་པོ་ཞིག་ཏུ་གྱུར་ཡོད་ཟེར།

རི་མོའི་དངོས་གཞི་རུ་བུ་མོ་གཅེར་གཟུགས་ཅན་ཞིག་ཡོད་པ་དེས། ཆུ་སྣོད་བུམ་པ་ཞིག་ཕྲག་སྟེང་དུ་མགོ་མཇུག་སློག་པའི་ངང་དུ་བཟུང་ཡོད་ལ། དྭངས་བསིལ་གྱི་ཆུ་རྒྱུན་ཞིག་བུམ་པ་དེ་ལས་མར་བཞུར་གྱིན་ཡོད། དྭངས་ཤིང་ཆལ་ཆིལ་གྱི་ཆུ་རྒྱུན་དེ་དང་། ལྷོད་ཅིང་ཞི་འཇགས་ཀྱིས་གནས་པའི་བུ་མོའི་ཉམས་ཚུགས་དེས་ཀློག་པ་པོ་དག་ལ་སེམས་ཀྱི་གཏིང་རུམ་དུ་སིམ་འོང་བའི་བསིལ་གྲང་ཞིག་ཚོར་བར་བྱེད་ལ། བུ་མོའི་ལུས་ཉམས་དང་བཞིན་རས་ཀྱི་ཞིབ་བྲིས། ཆུ་རྒྱུན་གྱི་དྭངས་གཤིས་སོགས་ཀྱིས་མི་རྣམས་ལ་མཛེས་པའི་ཚོར་རྟོག་ཟབ་མོ་ཞིག་ཅིག་ཆར་སྟེར་བར་བྱེད།

ཨན་ཀིའར་གྱིས་མི་ཚེ་གང་བོར་འཚོལ་སྙེགས་བྱེད་བཞིན་པ་ནི་རྟག་བརྟན་གྱི་མཛེས་པ་ཞིག་རེད། ཡིན་ནའང་རྟག་བརྟན་གྱི་མཛེས་པ་ནི་ཅི་ཞིག་ཡིན་པར་འགྲེལ་རྒྱུ་འདི་ཤིན་ཏུ་དཀའ་སྟེ། མི་རྣམས་ཀྱི་མྱོང་ཚོར་ལ་མཚམས་ཐིག་ཅིག་དང་ཚད་གཞི་ཞིག་འཇོག་རྒྱུ་དཀའ་བ་བཞིན་དུ། མཛེས་པ་འདི་ལའང་ཚད་གཞི་གཏན་འཁེལ་གྱི་མྱོང་སྣང་ཞིག་འཇོག་རྒྱུ་ཤིན་ཏུ་དཀའ། ཡིན་ནའང་ཨན་ཀིའར་གྱིས་སྙེགས་བཞིན་པ་ནི་རང་བྱུང་གི་དང་། གདོད་མའི་གཟུགས་ཀྱི་དང་། སྲོལ་རྒྱུན་རང་བཞིན་གྱི་མཛེས་པ་དེ་ཡིན་ལ། རི་མོ་འདི་ལས་མངོན་པའང་སྲོལ་རྒྱུན་གྱི་མཛེས་པ་དང་བུད་མེད་ལུས་གཟུགས་ཀྱི་མཛེས་པ་གཉིས་ཆུ་ལ་ཆུ་བཞག་གིས་འདྲེས་ཡོད་པ་དེ་རེད།

རི་མོ་འདི་ལས་བུ་མོ་གཞོན་ནུ་མ་ཞིག་གི་ལྷད་མེད་ཀྱི་ལང་ཚོའི་མཛེས་སྡུག་ཅིག་མཚོན་པར་བྱས་པ་དེ་ནི་ཁོས་མཛེས་པ་ལ་བཞག་པའི་ཚད་གཞི་ཞིག་དང་། མཐོ་ཚད་ཅིག་ཡིན་ནམ་སྙམ་བཞིན་བསྐྱར་དུ་རི་མོ་འདི་ཀློག་དུས། ང་ཚོས་མཛེས་པ་དེ་ནི་རང་བྱུང་ཟོལ་མེད་ཀྱི་མཛེས་པ་ཞིག་དང་། བཅོས་མེད་དྭངས་གཙང་གི་མཛེས་པ་ཞིག་ཡིན་པར་མཐོང་འོང་སྟེ། དེ་ཡང་ཐིག་རིས་དང་། གཟུགས་དབྱིབས། ཚོན་སྡེབ་ཕན་ཚུན་ལྷན་འདྲེས་བྱས་པ་ལས་མངོན་པའི་བུད་མེད་ཀྱི་མཛེས་གཟུགས་ཤིག་ཡིན་པ་དེ་རེད།

ཨན་ཀིའར་གྱིས་རི་མོ་གང་ཞིག་འགྲུབ་པར་བྱེད་པའི་ཆེས་རྨང་གཞིའི་ཆ་རྐྱེན་ནི་སྐྱ་འབྲིའི་ཤེས་བྱ་རྨང་མཐུག་པོ་ཞིག་དགོས་པར་བཤད་པ་བཞིན། ཁོང་གིས་སྙེགས་ཤིང་ཞིབ་འབྲི་བྱེད་བཞིན་པའང་ཐིག་རིས་དང་དངོས་གཟུགས། ཚོན་མདངས་བཅས་ཀྱིས་གྲུབ་པའི་གཅིག་གྱུར་གྱི་ཕྱིར་མཚོན་ནུས་པ་དེ་རེད། ཡང་ན་འདི་ལྟར་བཤད་ཆོག་སྟེ། རི་མོ་འདི་ལ་གདོང་གཏོད་དུས་ང་ཚོས་གདོང་གཏད་པ་ནི་མཛེས་པའི་གཉུག་གཤིས་དེ་ཡིན་ཟེར་ཆོག མཛེས་པ་དེ་ནི་མི་སྣའི་མཛེས་པ་རྐྱང་ཞིག་མིན་ལ། སྒྲིག་གཞིའི་མཛེས་པའང་མིན་པ་མ་ཟད། ཚོན་སྣའི་མཛེས་པའང་མིན་པར། དེ་ནི་རི་མོའི་ཁྱོན་ཡོངས་ནས་བརྡོལ་འོང་བའི་ཞི་འཇགས་ཀྱི་མཛེས་པ་ཞིག་རེད།


སྐབས་འདིར་བདག་གིས་ཞི་འཇགས་ཀྱི་མཛེས་པ་ནི་རི་མོ་འདིའི་བརྗོད་སྙིང་རེད་ཅེས་བཤད་པ་མིན་མོད། རི་མོ་འདི་ལས་ང་ཚོའི་ནང་སེམས་ལྗོངས་སུ་ཡུན་གྱིས་འོང་བའི་བདེ་ལྷོད་ཀྱི་འགྱུར་བག་ཅིག་བསྐྱེད་པར་བྱེད་ཅིང་། དེ་ནི་དགའ་སྐྱོ་མ་ངེས་པའི་འཚོ་བའི་ཀློང་དུ་མེད་དུ་མི་རུང་བའི་ཚོར་རྟོག་ཅིག་ཡིན་པ་མ་ཟད། གདུང་ཞིང་གཟིར་བ་དང་འཕྱོ་ཞིང་འགྱུ་བའི་འཆར་ཡན་གྱིས་བསླངས་པའི་ཉམ་ཐག་གི་སེམས་ངོས་སུ་ཞི་ལྷོད་ཀྱིས་འབྱམས་འོང་བའི་སེམས་གསོ་ཞིག་ཀྱང་རེད།སེམས་གསོ་དེ་ནི་གྲུ་ཟུར་ཡོངས་སུ་ཚང་བའི། ཉ་གང་བའི་མཛེས་པ་ཞིག་སྟེ། ཨན་ཀིར་གྱིས་མི་ལོ་ཉེར་དྲུག་གི་འཆར་འགོད་དང་བློས་བསླངས་བརྒྱུད་ནས་འགྲུབ་པའི་མཛེས་སྡུག་གི་འཚོལ་སྙེགས་ཤིག་རེད།

ཚད་ངེས་ཅན་ཞིག་ནས་བལྟས་ན། མིའི་སྐྱོ་གདུང་གང་ཡིན་གྱི་འབྱུང་རྩ་ནི་ཆ་ཡོངས་སུ་ཚང་བའི་མཛེས་སྡུག་ཅིག་གི་འཚོལ་སྙེགས་ལས་བྱུང་བ་ཡིན་པར་འདོད་དེ། འཇིག་རྟེན་འདིར་དེ་ལྟ་བུའི་ལེགས་ཚོགས་ཀུན་འཛོམས་ཀྱི་མཛེས་པ་ཞིག་གཞར་ཡང་ཡོད་མི་སྲིད་ནའང་། མིའི་འདོད་བློ་ལ་ཚད་བཀག་མེད་པ་དེ་སྲིད་མཛེས་པ་སྙོགས་འདོད་ཀྱི་བློ་དེའང་འདོར་མི་སྲིད་ལ། མི་ཚེའི་བགྲོད་པ་མ་ལྷོད་པའི་བར་དུ་རྟག་བརྟན་གྱི་མཛེས་པ་གང་ཞིག་འཚོལ་ཅིང་བཙལ་བཞིན་ཡོད། ཨན་ཀིར་གྱི”ཆུ་མིག”ཅེས་པའི་མཛེས་རིས་འདི་ལས་མངོན་བཞིན་པའང་མིའི་མཐོང་ཡུལ་དུ་སྣང་འོང་བའི་མཛེས་སྡུག་ཅིག་གི་གྲུབ་སྣང་དེ་རེད། གྲུབ་སྣང་དེ་ནི་མིའི་ལུས་ཀྱི་ཉམས་ཚུགས་དང་ཤ་པགས། མིག་མདངས་བཅས་ལས་སྣང་འོང་བ་བཞིན་དུ། མིའི་བློས་བསླངས་དང་གསར་བསྐྲུན་བརྒྱུད་ནས་རྟག་བརྟན་གྱི་མཛེས་པ་ཞིག་མི་སེམས་ཀྱི་མཐོ་སར་བསླངས་ཆོག་པའི་གནས་ལུགས་བསྟན་ཡོད།དེ་ནི་ཆ་ཡོངས་སུ་རྫོགས་པའི་མཛེས་པ་ཞིག་མིན་ནའང་། དེ་ནི་ཆེས་དག་གཙང་གི་མི་ཞིག་ཏུ་ཁྱོད་ཀྱིས་མཐོང་ནུས་སམ།

 

རྩོམ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།