ཁུ་བྱུག་སྔོན་མོའི་ལྷུག་རྩོམ་ཁག་གཉིས།

35252

 

ཉིན་གུང་གི་ཚོར་བ།

 

སྐབས་འདི་ནི་ཏག་ཏག་ཉིན་གཅིག་གི་དུས་ཚོད་ལས་ཉིན་གུང་གི་སྐབས་རེད།  ཉིན་གུང་གི་སྐབས་ནི་ཉིན་གཅིག་གི་དུས་ཚོད་ཧྲིལ་བོའི་དཀྱིལ་ཏེ། ཞོགས་པ་དང་སྔ་དྲོའི་དུས་ཚོད་འདས་རྗེས་དང་ཕྱི་དྲོའི་དུས་ཚོད་མ་བསླེབས་པའི་སྐབས་རེད། ཉིན་གུང་གི་དུས་ཚོད་ཕར་འདས་ན་ཕྱི་དྲོ་དང་ཕྱི་དྲོའི་དུས་ཚོད་ཕར་འདས་ན་ས་སྲོད་དོ།།

ཕྱིར་འདང་ཞིག་བརྒྱབ་ན་སྔ་དྲོའི་དུས་ཚོད་ནི་ཇི་ལྟར་སོང་བ་མི་ཤེས་ལ། བསམ་གཞིག་ཅིག་བཏང་ན་ད་ལྟའི་དུས་ཚོད་ནི་ཅུང་ཙམ་ཡང་སྡོད་པ་མེད་པར་འཛད་ཅིང་། སྔོན་དཔག་ཅིག་བྱས་ན་ཕྱི་དྲོ་དང་ས་སྲོད་ཀྱང་ང་དང་ཐག་མི་རིང་།  དེ་བས། ངས་རང་ཉིད་ཀྱི་ཉིན་གཅིག་གི་འཚོ་བ་ལ་མཉམ་འཇོག་ཅིག་བྱས།

དེ་རིང་ཞོགས་པར། ང་རང་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་གྱུར་ཏེ་ཡར་ལངས་མི་འདོད་ཀྱང་གཉིད་མ་སད་ཀྱིས་ཡར་ལངས།  དུས་ཚོད་དགུ་ཙམ་ཡས་མས་སུ་ལས་ཤག་ཏུ་འབྱོར། སྔ་དྲོར་ཧྲིལ་བོར་རེའུ་མིག་རེ་གཉིས་ཤིག་འབྲི་བའམ་གློག་བརྙན་ལ་ལྟ་བ་སོགས་བྱེད་བཞིན། དམིགས་ཡུལ་ཆེ་གེ་མོ་དེར་སྟོང་བསམ་འཆང་བ་དང་། ཉེ་ལམ་གྱི་བྱ་བའི་འགྲན་རྩོད་ཁྲོད་ཉོས་པའི་ཕམ་ཁའི་དབང་གིས་སེམས་ལ་སྐྱོ་བ་མང་པོ་ཞིག་སྐྱེ་བཞིན་བསྡད།

ཉིན་གུང་གི་མཚམས་དེར་། གུང་ཟས་ཙམ་ཟ་ཁུལ་བྱས་རྗེས། འཚོ་ཐབས་དང་ལྟོ་དོན་གྱི་ཆེད་དུ་ཕྱི་རོལ་གྱི་གནས་ཁ་ཤས་ཤིག་ལ་འདུར་རྒྱུག་བྱེད་དགོས།

ཕྱི་དྲོར། སྔར་དང་འདྲ་བར་རེའུ་མིག་རེ་གཉིས་ཤིག་འབྲི་བའམ་གློག་བརྙན་ལ་ལྟ་བ་སོགས་བྱེད་བཞིན། ཕྱིས་ཀྱི་དོན་དག་གང་ཞིག་ལ་སེམས་ཁྲལ་དང་། སྔར་བྱས་ཀྱི་དོན་གང་ཞིག་གི་ཐད་ནས་རང་ལ་འཁང་ར་དང་སྡུག་ཡུས་ཀྱང་འདོན་དགོས།

ཉི་མ་ནུབ་རིར་བཞུད་དུས། བུ་ཆུང་ཞེ་ལ་དྲན་ཏེ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ལ་འཆམ་འཆམ་དུ་འགྲོ་ཁོམ་ཡང་མེད་པར་མྱུར་བར་ཁྱིམ་དུ་འགྲོ་དགོས། དེ་ནི་ངའི་ཉིན་གཅིག་གི་འཚོ་བ་ཡིན།

ཡང་གཅིག་བཤད་ན། དེ་ནི་ཚེ་གཅིག་གི་འཚོ་བའང་རེད་དེ། ངའི་ཆུང་དུས་ཀྱི་དུས་ཚོད་ཕལ་ཆེ་བ་ནི་ལེ་ལོ་དང་སྒྱིད་ལུག་གི་ཁྲོད་ནས་བསྐྱལ།  ངའི་གཞོན་དུས་ཀྱི་དུས་ཚོད་ཕལ་ཆེ་བ་ནི་སྟོང་བསམ་དང་ཕམ་ཁའི་ཁྲོད་ནས་བསྐྱལ།

ད་ལྟའི་ང་ནི་གཞོན་པ་ལས་ཆེ་ཞིང་དར་མ་ལས་ཆུང་བའི་མི་ཞིག་སྟེ། སྐབས་འདིའི་དུས་ཚོད་མང་ཆེ་བ་ནི་འཚོ་ཐབས་དང་ལྟོ་དོན་གྱི་ཁྲོད་ན་འཛད། ཕྱིས་སུ། དར་མའི་དུས་ཀྱང་དེ་ལྟར་འདའ་ཞིང་རྒ་བའི་དུས་ནི་སེམས་ཁྲལ་དང་འཁང་རའི་ཁྲོད་ནས་འདས་ཏེ། ཐ་མར་ནུབ་ཁའི་ཉི་མའི་ཕྱིར་མིག་སྟེ། མཚམས་སྤྲིན་གྱིས་འོད་མདངས་འགྱེད་པ་བཞིན་ཞེན་ཆགས་ཀྱི་ཁྲོད་ནས་འཆི་ངེས།

ཚོར་སྣང་ཞིག་གིས་བསྐུལ་ཏེ། ངས་དེ་ལྟར་ཕྱིར་འདང་དང་སྔོན་དཔག་བྱས། འདས་པ་ནི་དེ་ལྟར་རྫོགས་ཀྱང་མ་འོངས་པ་ནི་དེ་ལྟར་མི་བརྒྱུད་པར་ཚེ་སྲོག་གི་དབུགས་རྒྱུན་གློ་བུར་དུ་འགག་འགྲོ་ཡང་སྲིད། སྐབས་དེར། ང་ནི་གསོན་པ་དང་འཆི་བའི་བར་དུ་གནས་པ་གསལ་བོར་རྟོགས།

ད་དུང་། ང་ཙམ་མ་ཟད། ངས་བཤད་པའི་སྐད་ཆ་དང་ངས་འབྲི་བའི་ཡི་གེ། ངས་གོན་པའི་ལྭ་བ་སོགས་ཀྱང་གསོན་པ་དང་འཆི་བའི་བར་དུ་གནས་འདུག་སྟེ། དེ་དག་གི་དུས་ཚོད་ཀྱང་ཉིན་གུང་ལ་བསླེབས་འདུག་པ་ཚོར་ལ། དེ་དག་ལ་གསོན་རྐྱེན་ལས་འཆི་རྐྱེན་མང་བའང་ཚོར།

ངའི་སྐད་ཆའི་ཉིང་བཅུད་རུལ་འདུག

ངའི་ཡི་གེའི་དབུགས་རྒྱུན་ལྷོད་འདུག

ངའི་གོན་པའི་ཁ་དོག་འགྱུར་འདུག

ངའི··· ···

དེ་དང་ལྷན་དུ། ང་དང་འབྲེལ་བའི་དངོས་བོ་སྐོར་ཞིག་ལའང་འགྱུར་བ་བྱུང་སྟེ་དེ་དག་གི་དུས་ཚོད་ཀྱང་ཉིན་གུང་ལ་བསླེབས་པ་ཚོར། དཔེར་ན། མཁའ་དབུགས་དང་ཉི་འོད། འཐུང་ཆུ་ལྟ་བུའོ།།

མིའི་རིགས་ཀྱིས་རང་དབྱུང་ཁམས་ལ་འདུལ་སྦྱོང་བྱེད་པའི་གོ་རིམ་ཁྲོད། དེ་དག་ཕལ་ཆེ་བའི་ཕན་ནུས་ཀྱི་ཆ་ཡལ་དུ་བཅུག་སྟེ་གནོད་སྐྱོན་གྱི་ཆ་བགོ་བཞིན་འདུག་པས། ད་ཆར་བསིལ་འཇམ་གྱི་མཁའ་དབུགས་ཤིག་རྔུབ་བཞིན་ཉི་འོད་ཀྱི་ཁྲུས་ལ་རོལ་ཏེ། དྭངས་གཙང་གི་འཐུང་ཆུ་ཞིག་བཏུང་བསམ་ཡང་། དེ་འདྲ་ལོངས་སུ་སྤྱོད་རྒྱུ་ནི་ཧ་ཅང་དཀའ་ཨང་།

མ་གཞིར། འཇིག་རྟེན་གྱི་དངོས་པོ་ཡོད་ཚད་ནི་གསོན་པ་དང་འཆི་བའི་བར་དུ་གནས་འདུག   དེ་ལྟར་ཚོར་ཞིང་རྟོགས་དུས། ལས་གྲོགས་བུ་མོ་ཞིག་གི་བུ་ཆུང་གིས་འགྱིག་གི་སྤོ་ལོ་ཞིག་ལ་རྐང་བས་བརྒྱབ་ནས་ང་སར་འཕངས་བྱུང་། ངས་ནི་དེ་ལ་རྡོག་ཐོས་མ་བརྒྱབ་པར་ལག་ཏུ་བླངས་པ་ན། སའི་གོ་ལ་ལག་ཏུ་བཟུང་བ་དང་འདྲ་བའི་སྣང་བ་ཞིག་སྐྱེས་བྱུང་། དེའི་མུར་ས་ཡོམ་དང་ཆུ་ལོག  མེ་རི་དང་རླུང་ཆེན་རེ་རེ་བཞིན་ཡིད་ལ་འཚང་སྟེ་བྱུང་བས། ཡུན་རིང་ཞིག་ལ་སྤོ་ལོ་དེ་ལག་ཟུང་གིས་དམ་པོར་སྐྱོར་ཅིང་སྙིང་ཁར་སྦྱར་ནས་ཀེ་རེར་འགྲེང་ནས་འདུག་དགོས་བྱུང་།

རེད་དེ། ད་ནི་ནང་བཅུད་ཀྱི་སེམས་ཅན་ང་མ་ཟད། ཕྱི་སྣོད་ཀྱི་འཇིག་རྟེན་སའི་གོ་ལའི་དུས་ཚོད་ཀྱང་ཉིན་གུང་རེད། དེ་ལྟར་དེ་རིང་ཉིན་འདིའི་ཉིན་གུང་ལ་ཚེ་འདིའི་ཉིན་གུང་ལ་བསླེབས་པའི་ངས་ཉིན་གུང་མང་པོ་ཞིག་ཚོར་བས་ཟིན་ཏེ། དེ་དག་ཀྱང་ཕྱི་དྲོ་དང་ས་སྲོད་ལ་ཐག་མི་རིང་བ་གསལ་བོར་རྟོགས་བྱུང་།

2016.12.13

དོན་དུ་སུ་རྨོངས་པ་ཡིན་ནམ།

 

བྱིས་དུས་སུ། མཐོང་སྣང་མང་པོ་ཞིག་གིས་ང་ལ་མཚར་སྣང་བསླངས་མྱོང་། དཔེར་ན། ནམ་མཁའ་ནས་འཇའ་ཚོན་ཤར་བ་དང་ས་གཞི་རུ་མེ་ཏོག་སྐྱེ་བ་ལྟ་བུའོ།། དེ་བས། ངའི་བྱིས་དུས་ཀྱི་འཚོ་བ་ནི་མཚར་སྣང་གི་འཇིག་རྟེན་ཞིག་ཡིན། ཡིན་ནའང་། ཆེས་བག་ཆགས་ཟབ་པ་ནི་མཚར་སྣང་གི་མཐོང་སྣང་དེ་དག་མ་ཡིན་པར། མཚར་སྣང་ལ་འཇིགས་སྣང་འདྲེས་པའི་དོན་དག་ཅིག་ཡིན།

དེ་ཡང་བྱིས་དུས་སུ། ཉི་འཛིན་དང་ཟླ་འཛིན་བྱུང་དུས། ང་ཚོའི་ཡུལ་མི་རྣམས་ཀྱིས་ཉི་མ་འམ་ཟླ་བ་གཟའ་ཟེར་བའི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་གིས་ཟ་བ་རེད་ཟེར་ནས་ཁང་ཀླད་དུ་བུད་དེ་ཀི་འདེབས་པ་དང་དུང་འབུད་པ། མ་ཎི་འདོན་པ་སོགས་བྱེད། སྐབས་དེ་དག་ཏུ། ངས་ཉི་མའམ་ཟླ་བ་གཟའ་ཟེར་བའི་སེམས་ཅན་འཇིགས་སུ་རུང་བ་དེས་ཁྱུར་མིད་བྱས་འགྲོ་བར་སེམས་ཁྲལ་བྱས་ནས་དེའི་འཇིགས་པ་ལས་ཐར་བར་ཡུལ་མི་ཚོ་དང་འདྲ་བར་སྨོན་ལམ་དྲག་ཏུ་བཏབ།

སློབ་ཆུང་གི་ལོ་རིམ་གཉིས་པའི་སྐད་ཡིག་བསླབ་དེབ་ཏུ“ཡར་ངོའི་ཟླ་བ་ཤིང་གྲུ་ཆུང་ཆུང་འདྲ།། དེ་ཡི་སྣེ་གཉིས་རྣོ་ལ་ཤིན་ཏུ་ཕྲ།། ང་རང་ཤིང་གྲུའི་ནང་དུ་བསྡད་པ་ན།། འོད་ཟེར་ལམ་ལམ་འཚེར་བའི་སྐར་མ་མཐོང་།།”ཞེས་པའི་སློབ་ཚན་ཞིག་ཡོད་པ་དེ་ཡང་ཡང་ངག་ལ་ཟློས་ཏེ་བློར་བཟུང་དུས། ངས་རང་ཉིད་བྱིས་པ་དེ་ཡིན་པའི་འཆར་སྣང་དང་བཅས་གཟའ་ཟེར་བའི་སེམས་ཅན་འཇིགས་སུ་རུང་བ་དེར་སྡང་སེམས་ཡང་ཡང་བཅངས།

སློབ་ཆུང་གི་ལོ་རིམ་བཞི་བར་སླེབ་དུས། སྐད་ཡིག་བསླབ་གཞིའི་ངོས་སུ《ཟླ་འཛིན་ལ་ལྟ་བ》ཞེས་པའི་སློབ་ཚན་ཞིག་འདུག་ཅིང་། དེ་རུ་ཟླ་བ་གཟའ་ཡིས་ཟོས་པ་མ་ཡིན་པར་སའི་གོ་ལ་ཉི་མ་དང་ཟླ་བའི་བར་དུ་སླེབས་ནས་ཉི་འོད་བསྒྲིབས་ཏེ། ཉི་འོད་ཟླ་བའི་སྟེང་དུ་འཕྲོ་མ་ཐུབ་པ་དེར་ཟླ་འཛིན་ཟེར། སའི་གོ་ལ་འཁོར་ནས་ཕར་སོང་ཚེ་ཟླ་བ་སླར་ཡང་ཤར་ནས་ཇེ་གསལ་དུ་འགྲོ་བ་རེད་ཅེས་བཀོད་འདུག་ཅིང་། དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་དེ་གསལ་བོ་ཞིག་གསལ་བཤད་བྱས་སོང་བ་མ་ཟད། དེ་དང་འབྲེལ་ནས་ཉི་འཛིན་ཇི་ལྟར་བྱུང་ཚུལ་ཡང་བཤད་སོང་། ད་དུང་དེ་གཉིས་ཇི་ལྟར་བྱུང་ཚུལ་རི་མོའི་ལམ་ནས་ཀྱང་བྲིས་སོང་།

དེ་ནས་བཟུང་། ཉི་འཛིན་དང་ཟླ་འཛིན་བྱུང་ཚུལ་གྱི་ཐད་ནས་ཡུལ་མི་ཚོའི་བཤད་ཚུལ་དང་སློབ་ཆུང་གི་བསླབ་གཞིའི་ངོས་ཀྱི་བཤད་ཚུལ་གཉིས་ལ་འགལ་བ་ཆེན་པོ་ཞིག་ཡོད་པ་རྟོགས། ཡིན་ནའང་། བཤད་ཚུལ་དེ་གཉིས་ལས་གང་ཞིག་འགྲིག་མིན་དེ་ངས་གསལ་བོར་ཤེས་མ་བྱུང་སྟེ། ཡུལ་མི་ཚོར་དྲིས་ན་ཡུལ་མི་ཚོའི་བཤད་ཚུལ་དེ་བདེན་པ་འདྲ་ལ། དགེ་རྒན་ལ་དྲིས་ན་བསླབ་གཞིའི་ངོས་ཀྱི་བཤད་ཚུལ་དེ་བདེན་པ་འདྲ། ཡང་སྙིང་གང་ཞིག་བདེན་པ་ཡིན་ནམ། ཡུན་རིང་ཞིག་ལ་ང་རང་ཐེ་ཚོམ་གྱི་གནས་སུ་གྱུར།

དེ་ནས་རིམ་བཞིན་ང་རང་དམའ་འབྲིང་སོགས་བརྒྱུད་ཅིང་། ན་ཚོད་ཀྱང་དེ་དང་བསྟུན་ནས་ཆེ་རུ་གྱུར་བའི་གོ་རིམ་ཁྲོད། ས་རྒྱུས་དང་དངོས་ཁམས་སོགས་ཚན་རིག་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་བསླབས་པ་བརྒྱུད་ཡུལ་མི་ཚོའི་ཉི་འཛིན་དང་ཟླ་འཛིན་སྐོར་གྱི་བཤད་ཚུལ་དེ་བློ་རྨོངས་པའི་ལྟ་ཚུལ་ཞིག་ཡིན་པ་གསལ་བོར་རྟོགས་བྱུང་བ་མ་ཟད། མཚམས་རེར་ཉི་འཛིན་དང་ཟླ་འཛིན་བྱུང་དུས་ཀྱི་ཡུལ་མི་ཚོའི་སྤྱོད་སྟངས་དག་ཇི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་སྙམ་ནས་ཁོང་དགོད་ཀྱང་ཡང་ཡང་འཆོར།

དེ་བས། ཕྱིས་སུ་ཉི་འཛིན་དང་ཟླ་འཛིན་བྱུང་དུས། ཡུལ་མི་ཚོ་ཁང་ཀླད་དུ་བུད་ནས་ཀུ་འདེབས་པ་དང་དུང་འབུད་པ། མ་ཎི་འདོན་པ་སོགས་བྱེད་དུས། ངས་ཁོ་ཚོའི་ལས་དེ་རྨོངས་པའི་ལས་ཤིག་རེད་ཟེར་བཞིན་ཁྲེལ་དགོད་དང་བཅས་ཁ་གཉེར་སྣ་གཉེར་ཡང་ཡང་བྱས། ཡིན་ནའང་། ཁོ་ཚོའི་བསམ་བློ་དང་སྤྱོད་པར་འགྱུར་བ་ཅུང་ཙམ་ཡང་ག་ལ་བྱུང་སྟེ། ད་དུང་ཁོ་ཚོའི་སྣང་བར་ངས་ཅི་ཡང་རྟོགས་ཀྱིན་མི་འདུག་སྙམ་པའི་ཉམས་ཤིག་དང་བཅས་སྙིང་འཕྱས་གཏོང་བར་བྱེད།

ད་དུང་དྲ་ཐོག་ཏུ་བཞག་ཡོད་པའི་དྲི་བ་དྲིས་ལན་གྱི་ཚོམས་ཤིག་ཏུ། ཉི་འཛིན་དང་ཟླ་འཛིན་བྱུང་སྐབས་སུ་དགེ་བ་བསྒྲུབས་ན་དགེ་བ་གོང་འཕེལ་དུ་འགྲོ་ཟེར་བ་བདེན་ནམ་ཞེས་པའི་ལན་དུ། བདེན་པ་ཡིན་ཏེ། ཉི་འཛིན་ལ་དགེ་བ་འབུམ་འགྱུར་དང་ཟླ་འཛིན་ལ་དགེ་བ་བྱེ་བ་བདུན་དུ་འགྱུར་གསུངས་ཞེས་བཀོད་འདུག  དེ་མཐོང་དུས་ངས་ནི་ཇི་འདྲའི་གནས་ལུགས་དང་མི་མཐུན་པའི་སྐད་ཆ་ཞིག་རེད་ཨང་སྙམ་བྱུང་ལ། ཞབས་མཆན་དུ་ལན་འདེབས་དུས་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད་པའི་ལུང་སྐམ་པོ་མ་འདྲེན་ཅེས་དམོད་ཚིག་ཅིག་ཀྱང་བྲིས་མྱོང་།

ཕྱིས་སུ་སློབ་ཆེན་འགྲིམ་དུས། དགེ་རྒན་བཀའ་དྲིན་ཅན་བདེན་མཆོག་ལགས་ཀྱི་སློབ་ཁྲིད་ཀྱི་ཟུར་བཤད་ཅིག་ཏུ། ཁོང་གིས་ང་ཚོར་ཉི་འཛིན་དང་ཟླ་འཛིན་བྱུང་དུས་དགེ་བ་བསྒྲུབས་ན་ཕན་པ་ཆེན་པོ་ཡོད་ཅེས་གསུངས་བྱུང་། ངས་ནི་རྒྱུ་མཚན་ཅི་ཡིན་ནམ་སྙམ་དུས། ཁོང་གིས་ངའི་སེམས་ན་དོགས་པ་ཡོད་པ་མཁྱེན་སོང་བ་ལྟར་དུ། སྤྱིར་ཉི་མ་དང་ཟླ་བ་རང་བྱུང་ཆོས་ཉིད་ཀྱི་འཁོར་སྐྱོད་ལྟར་ནུབ་ན་དེ་ནི་རྒྱུན་ལྡན་ཡིན་པས་གནད་དོན་མེད་ཀྱང་། རྒྱུན་ལྡན་རང་བཞིན་གྱི་རང་བྱུང་ཆོས་ཉིད་ཀྱི་འཁོར་སྐྱོད་ལས་བརྒལ་ཏེ་གློ་བུར་དུ་ནུབ་ན་དེའི་འོད་ལ་བརྟེན་ནས་འཚོ་བ་རོལ་བའི་སེམས་ཅན་མང་པོ་ཞིག་གི་སྟེང་ལ་གློ་བུར་དུ་སྡུག་བསྔལ་འབྱུང་ལ་འཆི་བར་ཡང་འགྱུར་བས། དགེ་བ་བསྒྲུབས་ན་ཕན་པ་ཆེན་པོ་ཡོད་ལ། དོན་དུ་དགེ་བ་བསྒྲུབས་པའི་དམིགས་ཡུལ་ནི་དེ་དག་གི་ཆེད་དུ་ཡིན་ཅེས་གསུངས་པ་མ་ཟད། དམངས་ཁྲོད་དུ་གཟའ་ཟེར་བའི་སེམས་ཅན་འཇིགས་སུ་རུང་བ་ཞིག་གིས་ཟ་བར་བཤད་པ་ནི་དམིགས་ཡུལ་དངོས་མིན་ཡང་དེ་ལྟར་བཤད་ན་བློ་དམན་པའི་མི་སྐོར་ཞིག་ལ་ཕན་ཐོགས་ཤིང་དགེ་བ་བསྒྲུབ་མཁན་ཡང་མང་པས། དེ་ནི་བོད་རང་གི་མེས་པོ་ཚོའི་གཞན་ཕན་གྱི་བསམ་བློ་རླབས་པོ་ཆེ་ཞིག་དང་བློ་དམན་པ་དག་དགེ་བ་ལ་སྐུལ་བའི་ཐབས་ཤེས་བཟང་བོ་ཞིག་རེད་ཅེས་རྒྱུ་མཚན་དང་དགོས་པ་སོགས་གསལ་བོར་གསུངས་བྱུང་།

ཁོང་གིས་དེ་ལྟར་གསུངས་མ་ཐག  ངས་ཉི་འཛིན་དང་ཟླ་འཛིན་བྱུང་དུས་དགེ་བ་བསྒྲུབས་ན་ཕན་པ་ཅི་ཡང་མེད་སྙམ་པའི་ལྟ་ཚུལ་འགྱུར་སོང་བ་མ་ཟད། ཉི་འཛིན་དང་ཟླ་འཛིན་བྱུང་དུས་ཀྱི་ཡུལ་མི་ཚོའི་བསམ་བློ་དང་སྤྱོད་སྟངས་དེ་རྨོངས་བློ་དང་རྨོངས་ལས་སུ་བརྩིས་ཏེ། ཁྲེལ་དགོད་དང་བཅས་ཁ་གཉེར་སྣ་གཉེར་ཡང་ཡང་བྱས་པར་འགྱོད་པ་དྲག་ཏུ་སྐྱེས་བྱུང་།

ཁོང་གིས་དེ་ལྟར་གསུངས་པ་ནས། ངས་ཡུལ་མི་ཚོའི་འཚོ་བ་དང་འབྲེལ་བའི་ཁྲོད་ན་ད་དུང་དེ་དང་ཕྱོགས་མཚུངས་སུ་གྱུར་བ་མང་པོ་ཡོད་པ་དག་ལའང་དགོངས་པ་ཟབ་མོ་རེ་ཡོད་པའི་ཡིད་ཆེས་བཟུང་བ་ཡིན། ལྟ་རྒྱ་དང་ཐོས་རྒྱ་སོགས་ཆེ་རུ་བསྐྱེད་པའི་མི་ཚེའི་ངོས་ཟིན་ཁྲོད་དེ་དག་གིས་ང་རང་ཟབ་ཅིང་རྒྱ་ཆེ་བའི་གསང་བའི་འཇིག་རྟེན་ཞིག་ལ་འཁྲིད་དང་ཁྲིད་མུས་སུ་མཆི།

ཉེ་སྔོན། བརྙན་འཕྲིན་དང་གསར་འགྱུར་སོགས་ལས་ཟླ་འཛིན་བྱུང་རྒྱུ་ཡིན་པའི་སྐོར་བསྒྲགས་བྱུང་ལ། དེ་བསྒྲགས་དུས་ངས་དེ་ནམ་བྱུང་གི་དུས་ཚོད་དང་སྐར་མ་ལ་མཉམ་གསལ་བོར་བཞག་སྟེ། ཟླ་འཛིན་དངོས་སུ་བྱུང་དུས། ཡུལ་མི་ཚོ་དང་མཉམ་དུ་ཁང་ཀླད་དུ་བུད་ནས། མག་པོར་འགྱུར་བའི་ཟླ་བར་ལྟ་བཞིན་ཀུ་ཡང་བཏབ་ལ་དུང་ཡང་བུས་པ་མ་ཟད། མ་ཎི་ཡང་ཅི་ནུས་ཀྱིས་བཏོན་པ་ཡིན། སྐབས་དེ་དུས། ངའི་སེམས་པ་ག་ཤེད་ཅིག་ནས་དགེ་བའི་ཚོར་བ་ཞིག་གིས་ཀུན་ནས་བརྟས་བྱུང་།

ཟླ་འཛིན་དེ་བྱུང་རྗེས་ཀྱི་མཚན་མོ་ཞིག་ལ། སློབ་ཆུང་འགྲིམ་བཞིན་པའི་ངའི་བུ་ཆུང་ཚེ་རིང་གིས་ཀྱང་ཆུང་དུས་ཀྱི་ང་དང་འདྲ་བར། མིག་ལ་དོགས་སྣང་ཞིག་འཚེར་བཞིན་མགོ་བོར་འཕྲུག་ཞོར་ཡུལ་མི་ཚོས་ཟླ་བ་གཟའ་ཡིས་ཟ་བ་རེད་ཟེར་ཡང་། ང་ཚོའི་སྐད་ཡིག་བསླབ་གཞིའི་སློབ་ཚན་ཞིག་ཏུ་ཟླ་བ་གཟའ་ཡིས་ཟོས་པ་མ་ཡིན་པར་སའི་གོ་ལ་ཉི་མ་དང་ཟླ་བའི་བར་དུ་སླེབས་ནས་ཉི་འོད་བསྒྲིབས་ཏེ། ཉི་འོད་ཟླ་བའི་སྟེང་དུ་འཕྲོ་མ་ཐུབ་པར་བྱུང་བ་རེད། སའི་གོ་ལ་འཁོར་ནས་ཕར་སོང་ཚེ་ཟླ་བ་སླར་ཡང་ཤར་ནས་ཇེ་གསལ་དུ་འགྲོ་བ་རེད་ཅེས་བྲིས་འདུག་པ་གཉིས་མི་གཅིག་པ་ཅི་ཡིན་ནམ་ཞེས་དྲིས་བྱུང་། ངས་དེ་ལ་ལན་གསལ་བོ་ཞིག་བཏབ་པ་མ་ཟད། དེ་འབྲེལ་གྱི་ཤེས་བྱ་གཞན་དག་ཀྱང་བཤད་པ་ན། ཧ་གོ་སོང་བའི་བརྡ་རུ་མགོ་བོ་ལྡེམ་ལྡེམ་ཞིག་བྱས་སོང་།

ངས་དེ་ལྟར་བཤད་འཕྲལ། ཁོས་བསམ་བློ་ཞིག་བཏང་སྟེ། དེས་ན་རྗེས་ཕྱོགས་ཉི་འཛིན་དང་ཟླ་འཛིན་བྱུང་དུས་ང་ཡང་འུ་ཚང་གི་ཁང་ཀླད་དུ་སོང་ནས་དུང་འབུད་རྒྱུ་ཡིན་ཅེས་སྨྲས་བྱུང་ལ། ངས་ཀྱང་དེ་བཟང་གི་བཟང་གི་ཞེས་བཤད་རྗེས་གློག་གཟིམས་ཏེ་གཉིད་དུ་ཡུར་མགོ་བརྩམས།

སྐབས་དེར། མཚན་མོ་དེའི་ཟླ་འོད་སྒེའུ་ཁུང་ལས་བུ་ཆུང་གི་གདོང་ལ་འཕྲོས་བྱུང་བས། ངས་བུ་ཆུང་གི་གདོང་ལ་འཛུམ་ཞིག་རྒྱས་འདུག་པ་ཡང་གསལ་བོར་མཐོང་བྱུང་།

2016.12.7

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།