ཁུ་བྱུག་སྔོན་མོའི་ལྷུག་རྩོམ《དཀར་མོ་རྣམ་གཉིས》།

32854

 

ངའི་ཕ་ཡུལ་གྱི་ལོ་རྒྱུས་སྟེང་ཆེས་ཡ་མཚར་པའི་དོན་དག་ཅིག་བྱུང་བ་ནི་ང་ཚོའི་སྡེ་བའི་བུ་མོ་ཞིག་ཁ་ཆེ་བ་ཞིག་གི་ཆུང་མར་བྲོས་སོང་བ་དེའོ།།དེ་ནི་སྐབས་ཐོག་དེར་མཚོན་ན་ངའི་ཕ་ཡུལ་གྱི་གསར་འགྱུར་གལ་ཆེན་ཞིག་སྟེ། དོན་དག་དེ་བྱུང་རྗེས་ཡུལ་མི་ཚོས་མཚར་སྣང་དང་ཧ་ལས་པའི་ཉམས་ཀྱིས་དོན་དག་དེ་ཡང་ཡང་གླེང་བར་བྱེད། ཡིན་ནའང་། དུས་ཡུན་གང་འཚམ་ཞིག་འགོར་པ་ན་ངའི་ཕ་ཡུལ་ནས་དོན་དག་དེ་གླེང་མཁན་ཇེ་ཉུང་དུ་གྱུར་པ་དང་། ད་ལྟ་ཕལ་ཆེར་བརྗེད་སོང་བ་ཞིག་དང་འདྲ་བར་གླེང་མཁན་གཅིག་ཀྱང་མི་འདུག

ངའི་ཕ་ཡུལ་གྱི་གསར་འགྱུར་དེ་དེ་ལྟར་རྙིང་བར་གྱུར་ཅིང་ཡུལ་མི་ཚོས་ཡིད་ནས་བོར་ཏེ་ད་ལྟ་གླེང་མཁན་གཅིག་ཀྱང་མེད་ནའང་། ངས་གཏན་ནས་བརྗེད་མི་སྲིད་ལ། འདྲིས་ལོབས་སུ་གྱུར་པའི་གྲོགས་པོ་སུ་ཡིན་ཡང་ལྷན་དུ་འཛོམས་ཏེ་ཁ་བརྡ་རེ་བྱེད་དུས་ངས་དོན་དག་དེ་གླེང་བར་འདོད། ངས་བརྗེད་མི་ཐུབ་པར་རྒྱུན་དུ་གླེང་བའི་རྒྱུ་མཚན་ཡང་ང་ཚོའི་སྡེ་བའི་བུ་མོ་དེའི་དོན་དག་དེ་ཁོ་ན་མ་ཡིན་པར་དེའི་ཕར་རྒྱབ་ན་བུ་མོ་གཞན་ཞིག་གི་དོན་དག་ཅིག་ཡོད་པས་ཡིན། ཡིད་སྐྱོ་བ་ཞིག་ལ་བུ་མོ་གཞན་དེ་ནི་འཇིག་རྟེན་དཀར་ངོགས་དང་ཁ་བྲལ་ནས་མི་ལོ་མང་པོ་མང་པོ་ཞིག་འགོར་སོང་།  བུ་མོ་དེ་གཉིས་ཀྱི་ལུས་རྟེན་བུ་མོ་ཡིན་པ་འདྲ་ནའང་བུ་མོ་ཡིན་པའི་ངོས་དེ་ལ་ཟུར་མི་འདྲ་བ་གཉིས་ཡོད་པ་ནི་དེ་གཉིས་ཀྱི་ཁྱད་པར་རེད།

ཡང་གཅིག་བཤད་ན་ང་ཚོའི་སྡེ་བའི་བུ་མོ་དེ་འཇིག་རྟེན་འདིར་གསོན་ཡོད་ནའང་མི་མང་པོ་ཞིག་གི་སེམས་ནང་ནས་ཤི་སོང་བ་དང་། བུ་མོ་གཞན་དེ་ནི་གནའ་སྔ་མོ་ཞིག་ནས་ཤི་སོང་ནའང་མི་མང་པོ་ཞིག་གི་སེམས་ཁོང་ན་ད་རུང་གསོན་ཡོད། ངས་ཁྱོད་ལ་མ་གསང་བར་དྲང་མོར་བཤད་ན། ང་ཚོའི་སྡེ་བའི་བུ་མོ་དེའི་མིང་ལ་སྒྲོལ་དཀར་ཟེར་ཞིང་། བུ་མོ་གཞན་པ་དེའི་མིང་ལ་སད་མ་ཀར་ཟེར། ངས་འདི་ནས་ངོས་གཅིག་གི་སྟེང་ནས་ཁྱོད་ལ་ཁོ་མོ་གཉིས་ཀྱི་གཏམ་རྒྱུད་ཀྱི་ཟུར་ཐུང་ངུ་རེ་བཤད། གཏམ་རྒྱུད་གཉིས་བཤད་དུས་དུས་ཚོད་ཀྱི་སྔ་ཕྱི་ལྟར་གནའ་གཏམ་སྔོན་དང་ད་གཏམ་རྗེས་སུ་བཤད་རྒྱུ་བྱེད།

བུ་མོ་སད་མ་ཀར་ནི་བོད་རྒྱལ་ཁྲི་སྲོང་བཙན་གྱི་སྲིང་མོ་ཡིན་ལ། ཆུང་དུས་ནས་ཕ་ཡུལ་བོད་པའི་ལུང་བ་ནས་འཚར་ལོངས་བྱུང་ཞིང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ས་ཆར་གཏན་ནས་སོང་མྱོང་མེད། ཡིན་ནའང་། ལོ་ན་གཞོན་པར་གྱུར་དུས། ཁྲི་སྲོང་བཙན་གྱིས་མོ་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བོད་བཙན་པོའི་རྒྱལ་ཁབ་ལ་དགྲ་དང་གཉེན་གང་ཡང་བྱེད་ནུས་པའི་སྟོབས་ལྡན་རྒྱལ་ཕྲན་ཞང་ཞུང་གི་རྒྱལ་པོ་ལིག་མྱི་རྐྱ་ལ་བག་མར་བརྫངས་པ་དང་། མོས་ཀྱང་དེ་དོན་སེམས་ལ་བཟུང་སྟེ་དགའ་བས་དང་དུ་བླངས་ནས་ཞང་ཞུང་ཡུལ་ལ་བག་མར་སོང་བ་རེད།

བུ་མོ་སྒྲོལ་དཀར་ནི་ཨ་ཁུ་སྡེ་དཔོན་ཚང་གི་བུ་མོ་ཡིན་ལ། མོའི་ཕ་མ་གཉིས་ཀྱིས་མོའི་རྗེས་ཕྱོགས་ཀྱི་འཚོ་བ་དང་མདུན་ལམ་ལ་དམིགས་ནས་ཁྱིམ་ཚང་གི་ཆ་རྐྱེན་ཞན་ཡང་ནུས་ཚོད་ཀྱིས་ཡོད་ཚད་མོའི་ཆེད་དུ་བསྟིམས་ཏེ། མོ་ཆུང་དུས་ནས་ཁུལ་ཐོག་ན་ཡོད་པའི་གཉེན་ཉེ་ཞིག་ལ་བཅོལ་ནས་ཁུལ་ཐོག་གི་སློབ་གྲྭར་བསྐྱལ། བློ་ཡིད་ལ་འདས་པ་ཞིག་ལ་མཐོ་འབྲིང་མཐར་ཕྱིན་ལ་ཉེ་དུས། མོས་ཡུལ་ནས་ཕ་མ་གཉིས་དང་ལོ་ན་ཆུང་བའི་ནུ་བོ་གསུམ་པོ་བསྐྱུར་ཏེ་ཁ་ཆེ་ཚོང་བ་ཞིག་གི་ཆུང་མར་བྲོས་སོང་བ་རེད། གོ་ཐོས་ལྟར་ན་ཁ་ཆེ་ཚོང་བ་དེ་ནི་ཚོང་ཁང་དང་ཟ་ཁང་། བཟོ་གྲྭ་སོགས་ཧ་ཅང་མང་བའི་ཚོང་བ་ཆེན་པོ་ཞིག་ཡིན་པར་བཤད་ལ། ཁོ་མོ་ཁ་ཆེ་བ་དེའི་རྒྱུ་དང་འབྱོར་བ་ལ་ཧེབ་ལངས་ཏེ་དེ་ལྟར་ཁ་ཆེ་བ་དེའི་ཆུང་མར་བྲོས་སོང་བ་རེད།

གཏམ་རྒྱུད་གཉིས་ཀྱི་མགོ་འདི་ལྟར་བརྩམས་པ་རེད། ཁྱོད་གཏམ་རྒྱུད་འདི་ལ་མུ་མཐུད་དུ་ཉན་རྒྱུར་ཧ་ཅང་དགའ་བར་ང་ལ་ཡིད་ཆེས་བརྟན་པོ་ཡོད། གཏམ་རྒྱུད་གཉིས་ཀྱི་མགོ་བརྩམས་པ་འདིས་ཀྱང་ཁྱོད་ཀྱི་ཡིད་དབང་ཅུང་ཟད་བཀུག་ཡོད་རྒྱུ་རེད།

བུ་མོ་སད་མ་ཀར་ཞང་ཞུང་རྒྱལ་བོའི་བཙུན་མོར་སོང་ནས་དུས་ཡུན་རིང་བོ་ཞིག་འགོར་རྗེས་ཞང་ཞུང་རྒྱལ་པོ་བཙུན་མོ་ཤུད་ཀེ་བཟའ་ཟེར་བར་སྙིང་ཉེ་བ་ལས་རང་ལ་དེ་འདྲའི་བརྩེ་བ་མ་བྱུང་བས་མོ་ཡིད་ཆད་དེ་ལིག་མྱི་རྐྱའི་བཙུན་མོ་དང་བུ་སྲིད་ཀྱི་བྱ་བ་མི་བྱེད་པར་ཟུར་དུ་བུད་ནས་བཞུགས་པ་ལ། སྲོང་བཙན་གྱིས་གཏམ་དེ་ཐོས་ནས། གལ་ཏེ་བཙུན་མོས་དེ་ལྟར་བྱས་ན་ཆབ་སྲིད་ཀྱི་དཀྲུག་རྐྱེན་དུ་འགྱུར་བར་དོགས་ཏེ། བློན་པོ་སྤུག་གྱིམ་བཙན་རྨང་ཆུང་བྱ་བ་ཕོ་ཉར་མངགས་པ་དང་། བཙུན་མོ་ལ།  “དེ་ལྟར་མི་བྱེད་པར་ལིག་མྱི་རྐྱའི་བཙུན་མོ་དང་བུ་སྲིད་ཀྱི་བྱ་བ་བྱོས་ཤིག”ཅེས་བཀའ་བསྒོས་ནས་མཁར་ཁྱུང་ལུང་དུ་བཏང་། རྨང་ཆུང་ཁྱུང་ལུང་ལ་འབྱོར་བ་ན། བཙུན་མོ་དེ་ན་མི་བཞུགས་པས་གཞན་ལ་གར་སོང་དྲིས་པ་ལ་མཚོ་མ་ཕམ་དུ་སོང་བ་ཤེས།

དེར་རྨང་ཆུང་ཡང་བཙུན་མོའི་གམ་དུ་འབྱོར་ཏེ་ཕྱག་འཚལ་ཅིང་། བཙན་པོའི་བཀའ་གསུང་རྣམས་བཙུན་མོའི་སྙན་དུ་ཞུས་པ་དང་། བཙུན་མོས་ཀྱང་བཙན་པོའི་ཐུགས་བདེ་མོ་ཡིན་ཚུལ་དྲིས་ཤིང། གཞན་ཡང་རྨང་ཆུང་ཁྱོད་བཙན་པོ་དང་གཉིས་སུ་མ་མཆིས་པས། ངས་དགའ་སྟོན་བྱེད་ཅེས་གསུངས་ཏེ། དགའ་སྟོན་གྱི་དུས་སུ་བཙུན་མོས་བསྟན་དོན་ཟབ་པའི་མགུར་ཞིག་བླངས་པ་རེད།

བུ་མོ་སྒྲོལ་དཀར་ཁ་ཆེ་ཚོང་བ་དེའི་ཆུང་མར་བྲོས་ནས་དུས་ཡུན་རིང་བོ་ཞིག་འགོར་རྗེས་ཁ་ཆེ་ཚོང་བ་དེས་ཆུང་མ་གཞན་ཞིག་ཀྱང་བླངས་ཏེ་འཚོ་བའི་ཐད་ནས་མ་གཏོགས་སེམས་གཏིང་ནས་ཁོ་མོར་དེ་ཙམ་སྙིང་མི་ཉེ་ནའང་མོའི་ཡིད་ག་ལ་ཆད། ད་དུང་ཁ་ཆེ་བ་དེ་ལ་ཡིད་སྨོན་ཆེར་བྱེད་པ་མ་ཟད། བྱིས་པ་ཡང་ལོ་གསུམ་ལ་བསྟུད་དེ་གསུམ་བཙས།

བྱིས་པ་གསུམ་བཙས་རྗེས། ཁ་ཆེ་ཚོང་བ་དེ་མཚམས་རེ་རེར་མ་གཏོགས་མོ་ཡོད་སར་མི་ཡོང་ལ། རྒྱུན་དུ་ཆུང་མ་གཞན་དེ་དང་མཉམ་དུ་འཚོ་བ་བསྐྱལ་བཞིན་ཡོད་ནའང་། མོས་ཁ་རྒྱབ་དང་ཟ་འཐུང་སོགས་ཀྱི་ཐད་ནས་དཀའ་ལས་ཅི་ཡང་མེད་པར་བག་མེད་རྒྱས་སྤྲོས་བྱེད་ཆོག་པར་མ་ཟད། འདུག་ས་གྲོང་ཁྱེར་གྱི་ཁང་བ་བཟང་བོ་དང་བགྲོད་བྱེད་དེང་རབས་ཀྱི་རླངས་འཁོར་བཟང་བོ་ཡིན་པས་མོ་མ་བུ་བཞི་བོའི་འཚོ་བ་ཧ་ཅང་སྐྱིད།

མོའི་ཕ་མ་གཉིས་དང་ཉེ་མི་ཚོས་མོར་བྱིས་པ་མ་སྐྱེས་པའི་གོང་དུ་སྨོས་ཅི་དགོས། བྱིས་པ་སྐྱེས་རྗེས་སུ་འང“ཁྱོད་ཁ་ཆེ་བ་དེ་དང་བཟའ་ཟླ་བྱས་ཏེ་ཁ་ཆེ་བའི་གྲས་ནས་འདུག་སྲོལ་ཞིག་གང་ན་ཡོད། ཕྱིར་ཡུལ་དུ་ཤོག”ཅེས་ངོ་ཚ་བ་དང་ཤ་ཚ་བའི་སེམས་བྱུང་འདྲེས་མས་ཡང་ཡང་བཤད་ནའང་། མོ་ཕྱིར་ཡུལ་དུ་ག་ལ་ཡོང་། སྐད་ཆ་དེ་འདྲ་ཕར་ལབ་དུས།  མཚམས་རེར་མོས་ཧ་ཅང་སྐྱིད་མདོག་གིས་ཚུར་གོ་རྒྱུ་ཅི་ཡང་མེད་པའི་ཁ་ཆེ་བའི་དཔའ་གིར་ཟེར་པའི་གཞས་ཤིག་ཀྱང་བླངས་ཡོང་།

གཏམ་རྒྱུད་གཉིས་ཀྱི་མཇུག་ད་དུང་རྫོགས་མེད། འདི་ནི་གཏམ་རྒྱུད་གཉིས་ཀྱི་གཞུང་དངོས་རེད། གཏམ་རྒྱུད་གཉིས་ཀྱི་མཇུག་འབྲས་མཚར་བོ་རྗེས་ན་ཡོད། མཇུག་འབྲས་མཚར་བོ་དེས་ཁྱོད་རང་བསམ་གཞིག་གི་ཀློང་དུ་ཁྲིད་ངེས།

བུ་མོ་སད་མ་ཀར་གྱིས་བླངས་པའི་མགུར་ཚིག་ནི། རང་ཉིད་ཞང་ཞུང་ལ་བག་མར་སོང་སྟེ།  མཁར་ཁྱུང་ལུང་གི་བདག་མོ་བྱས་ན་ཡང་།  བརྩེ་དུངས་ཐད་ནས་རྒྱལ་པོ་དང་མི་མཐུན་པའི་དབང་གིས་གསེར་དང་རྒྱུ་ནོར། བྲན་གཡོག་བཟའ་བཏུང་བཅས་ཕུན་སུམ་ཚོགས་པོ་ཞིག་ཡོད་ནའང་བཙུན་མོ་དང་བུ་སྲིད་ཀྱི་བྱ་བ་བྱེད་འདོད་མེད་པའི་སེམས་གཏིང་གི་སྡུག་བསྔལ་ཤིན་ཏུ་ཆེ་བར་མ་ཟད། ཐ་ན་རྒྱལ་པོ་དང་ཁ་བྲལ་ཏེ་མཚོ་མ་ཕམ་གྱི་འགྲམ་དུ་ཁེར་རྐྱང་དུ་བཞུགས་པའི་གནས་ཚུལ་རེད།

དེར་མ་ཟད། ཞང་ཞུང་གི་རྒྱལ་པོ་དེ་བྱང་འབྲོག་ཐང་གི་འབྲོང་ཞིག་ལ་དཔེ་བྱས་ཏེ།  རུས་ལྡོང་དང་སྟོང་། ཤ་དང་སྤུག  ལྷོ་དང་རྔེགས་ལ་སོགས་པའི་བློན་པོ་ཆེ་འབྲིང་ཆུང་གསུམ་སེམས་རྩ་གཅིག་ཏུ་བསྒྲིལ་ནས་དཔུང་བ་མཉམ་བཤིབས་ཀྱིས་ཞང་ཞུང་ལ་འཐབ་ཏུ་ཡོང་ཕོད་ན། བཙན་པོ་བཞུགས་སའི་མཁར་ཕྱིང་བ་སྟག་རྩེ་ཡིས་མཚོན་པའི་རྒྱལ་ཁམས་ཆེ་རུ་བསྐྱེད་ཐུབ་པ་དང་། བློན་པོ་རྣམས་ལའང་རྒྱུ་ནོར་མང་པོ་འཐོབ་ཐུབ་པ་སོགས་ཁེ་དང་རྒྱལ་ཁ་བསམ་གྱིས་མི་ཁྱབ་པས། ཁྱེད་ཅག་རྗེ་བློན་རྣམས་ཀྱིས་མྱུར་མོར་དམག་ཁྲིད་དེ་ཤོག་ཅིག་ཅེས་གསང་བརྡ་ཡང་བཏང་བ་རེད། གཞན་ཡང་། ཞང་ཞུང་གི་རྒྱལ་པོ་དང་བཙུན་མོ་སད་མ་ཀར་རང་ཉིད་གཉིས་ནི་ནམ་མཁའི་དགུ་ཚིགས་དང་ས་ཡི་ཆུ་མིག་དང་འདྲ་བར་གཉེན་སྡེབ་མི་མཐུན་ཏེ། བཙུན་མོས་རང་གི་ཕ་ཡུལ་དྲན་པའི་བརྩེ་དུངས་ལྷུག་པར་བསྟན་པ་དང་།  ཞང་ཞུང་གི་རྗེ་བློན་དང་འགྲོགས་ཐབས་མེད་པའི་གནས་ལུགས་ཀྱང་བརྗོད་པ་རེད།

དོན་དེ་དག་འདུས་པའི་མགུར་དེ་མོས་བླངས་པའི་རྗེས་སུ་ཕོ་ཉ་བ་སྤུག་གྱིམ་བཙན་རྨང་ཆུང་ལ་བཙན་པོ་ཐུགས་བདེ་ཞིང་བཞུགས་ན་ང་ཡང་ཤིན་ཏུ་དགའ་བ་དང་། བཙན་པོའི་བཀའ་རྣམས་བདག་གིས་ནུས་ཚོད་ཀྱིས་སྒྲུབ་བཞིན་ཡོད་པ་དང་། བདག་ལ་བཙན་པོར་ལེགས་སྐྱེས་བསྐུར་རྒྱུ་ནི་ཅང་མེད་ཚུལ་བཤད་དེ། ཞུ་རྟེན་ཅིག་རྒྱས་ཁ་མནན་ཏེ་བསྐུར་ནས་དེ་བཙན་པོ་ལ་ཕུལ་དགོས་པའི་ངག་སྐུལ་བྱས།

མོས་བརྩེ་དུངས་ཀྱི་དོན་རྐྱེན་ཁོ་ནའི་ཆེད་དུ་འཁོན་ལན་སློག་ཕྱིར་གསང་བརྡ་བཏང་བ་ཞིག་མིན་པར་དོན་དུ་ཆབ་སྲིད་ཀྱི་སྣང་ཚུལ་ལ་རྟོག་དཔྱོད་ཀྱི་ཚོར་བ་རྣོ་བའི་སད་མ་ཀར་གྱིས་སྔོན་ཆད་དར་རྒྱས་ཆེ་བའི་ཞང་ཞུང་རྒྱལ་ཁབ་དེ་ད་ལྟ་ཕྱོགས་ཡོངས་ནས་ཉམས་རྒུད་དུ་གྱུར་ཏེ་གཞན་གྱི་དབང་འོག་ཏུ་འཆོར་ལ་ཉེ་བའི་སྣང་ཚུལ་མཐོང་སྟབས་བོད་རྒྱལ་ཁབ་ཀྱི་སྟོབས་འབྱོར་འཕེལ་བའི་སྣོན་མ་རུ་གྱུར་ན་ཅི་མ་རུང་སྙམ་པའི་ཆབ་སྲིད་ཀྱི་འདུ་ཤེས་དྲག་པོ་སྐྱེས་ཏེ་ད་གཟོད་དེ་ལྟར་འཕྲིན་བསྐུར་པ་རེད། རྨང་ཆུང་སླར་ཕེབས་ནས་བཙན་པོ་ལ་བཙུན་མོས་བཀའ་ལན་ཡི་གེར་བྲིས་པ་ནི་ཅི་ཡང་མེད་ཚུལ་དང་མགུར་ཅི་འདྲ་ཞིག་བླངས་ཚུལ་ཞུས་ཏེ། ཞུ་རྟེན་ཅིག་རྒྱས་ཁ་མནན་ནས་བསྐུར་པ་དེ་ཕྱག་ཏུ་ཕུལ། བཙན་པོས་དེའི་ཁ་ཕྱེས་ནས་གཟིགས་པ་ན་གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་འདུག་པ་མཐོང་།

དེར་བཙན་པོས་ཡུན་རིང་པོར་མོའི་མགུར་དང་ཞུ་རྟེན་དེའི་དོན་ལ་དཔྱད་པ་བཏང་མཐར། ཐུགས་དགོངས་ལ་ཁྱོད་ཚོས་ཞང་ཞུང་གི་རྒྱལ་པོ་ལ་རྒོལ་ཕོད་ན་ནི་གཡུ་འདི་ཐོགས་ཤིག  གལ་ཏེ་རྒོལ་མ་ཕོད་ན་ནི་བུད་མེད་དང་འདྲ་བར་ཞུ་གྱོན་ཅིག་ཟེར་པའི་དོན་རྟོགས་ཤིང་། དེ་ནས་རྗེ་བློན་ཚང་འཛོམས་ཀྱིས་བཀའ་ཡི་གྲོས་བསྡུར་ཆེན་མོ་བྱས་ཏེ་ཞང་ཞུང་དབང་དུ་བསྡུ་བའི་གྲོས་འཆམ་གྱིས་གཡུལ་བཤམས་ནས་ཞང་ཞུང་ཐམས་ཅད་དབང་དུ་བསྡུས་པ་རེད།

བུ་མོ་སྒྲོལ་དཀར་གྱིས་བླངས་པའི་དཔའ་གིར་ཟེར་པའི་གཞས་དེ་ནི་བོད་སྐད་ཀྱིས་བླངས་པ་མིན་པས་མོའི་ཕ་མ་དང་ཉེ་མི་ཚོས་གསལ་བོ་ཞིག་གོ་རྒྱུ་མེད་ནའང་། དེའི་དབྱངས་རྟ་སྙན་ཅིང་འཇེབས་པས་དེ་ཡིས་མོའི་སེམས་ཁམས་དང་འཚོ་བ་སྐྱིད་པ་མཚོན་ཅིང་། མོ་གནས་ཡུལ་དེ་ནས་གཏན་དུ་འདུག་རྒྱུའི་འདུན་པ་ཡོད་པའང་ཤེས།

མོའི་ཕ་མ་དང་གཉེན་ཉེ་ཚོས་མོར་དེ་ལྟར་ཕྱིར་ཡུལ་དུ་ལོག་པར་ཞི་དྲག་གཉིས་ཀྱི་སྦྱོར་བ་མང་པོ་ཞིག་བྱས་ནའང་། མོར་ཕན་ཐོགས་ཅི་ཡང་མ་བྱུང་། ད་དུང་བགྲེས་པོར་གྱུར་པའི་ཕ་མ་གཉིས་ཀྱིས་མོར་འབྲེལ་འདྲིས་རེ་བྱས་ཚེ་སུན་སྣང་སྐྱེ་བའི་ཚོད་དུ་གྱུར་འདུག་པ་དང་། མོ་སྡོད་སའི་གྲོང་ཁྱེར་གྱི་ས་གནས་གང་རུང་ཞིག་ནས་གཉེན་ཉེ་དུ་ཞིག་ལ་འཕྲད་ཚེ་མོས་མ་མཐོང་ཁུལ་དང་མ་ཤེས་ཁུལ་བྱས་ཏེ་བཤོལ་ནས་བུད་འགྲོ་བ་རེད། དེ་ལས་གཞན་མོས་ད་བར་ཧེ་རིགས་ཀྱི་ཆུང་མ་དག་གིས་གོན་པའི་སེང་རས་ཀྱི་མགོ་དཀྲིས་ནག་པོ་དེ་འང་མགོ་ལ་དཀྲིས་འདུག་ལ། ཕག་ཤ་བཅད་པ་མ་ཟད།  ཁ་ཆེ་བའི་སྨྱུང་གནས་ཀྱང་ཆགས་མེད་དུ་སྲུང་བཞིན་འདུག

རྒྱུ་མཚན་དེ་དག་གི་དབང་གིས་ད་ལྟ་མོའི་ཕ་མ་དང་གཉེན་ཉེ་ཚོ་ཡང་མོར་ཡིད་གཏིང་ནས་ཆད་དེ་མོར་འབྲེལ་འདྲིས་བྱེད་ཀྱིན་མི་འདུག་ལ། མོས་ཀྱང་སྔར་ནས་ཚུར་འབྲེལ་འདྲིས་ཅི་ཡང་བྱེད་ཀྱིན་མི་འདུག  དེ་ལྟར་མོ་དང་མོའི་ཡུལ་མིའི་འབྲེལ་བ་མངོན་ལྐོག་གཉིས་ཀ་ནས་ཆད་སོང་། ཕར་ཚུར་གྱི་གནས་ཚུལ་ལ་བལྟས་ན་ད་ཕལ་ཆེར་ཕྱིར་འབྲེལ་བ་ཞིག་གཏན་ནས་བྱུང་མི་སྲིད་སྙམ། ཉེ་ལམ་གྱི་མོའི་གནས་ཚུལ་གཙོ་བོ་ནི། མོས་རང་གི་བྱིས་པ་གསུམ་པོ་སྨོས་ཅི་དགོས། རང་གི་མིང་དང་མི་རིགས་ཀྱི་ཡི་གེ་དང་དོན་གཉིས་ཀ་ཡང་བརྗེས་ཏེ་ཁྱིམ་ཐོ་དང་ཐོབ་ཐང་དཔང་ཡིག་ཀྱང་གསར་བ་ཞིག་བླངས་སོང་བ་དེ་རེད།

གཏམ་རྒྱུད་དེ་གཉིས་འདི་ལྟར་མཇུག་རྫོགས་སོང་། ངོས་གཅིག་ནས་ཟུར་མི་འདྲ་བ་གཉིས་སུ་གྱེས་པའི་གཏམ་རྒྱུད་གཉིས་འདི་ལྟར་མཇུག་རྫོགས་སོང་། ཁྱོད་ལ་ཚོར་བ་ག་འདྲ་ཞིག་བྱིན་སོང་ངམ། ཡིན་ནའང་། མ་གཞིར་གཏམ་རྒྱུད་དེ་གཉིས་ལས་གཅིག་ནི་སྔ་མོ་ནས་གཏན་དུ་མཇུག་རྫོགས་ཟིན་ལ། ཅིག་ཤོས་ནི་ད་སོ་མར་མགོ་བརྩམས་དང་རྩོམ་མུས་སུ་ཡོད། དེ་ནི་ཕལ་ཆེར་མཇུག་རྫོགས་ཐབས་མེད་པ་འདྲ།

 2016.10.5

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།