གསར་དུ་བཞད་པའི་མེ་ཏོག་རྐང་གསུམ།

2282

 

  རྩོམ་པ་པོ་གངས་དབང་།  ཁམས་མི་ཉག་ཉག་ཆུ་རྫོང་གི་རོང་ས་ཞིག་ལ་སྐྱེས།   རི་མཐོན་པོ་དང་ཆུ་ཆེན་པོ།   ཐང་ཡངས་མོའི་དྲིན་གྱིས་ཕྱི་ནང་གསང་གསུམ་ལྷུག་ལྷུག་ཏུ་བརྗོད་ཅིང་སྙན་སྙན་ཏུ་ལེན་པར་དད་མོས་ཆེ།   ད་བར་དུ་ཁ་བའི་འདབ་མ་རེ་རེ་ལག་མཐིལ་ནང་ཉར་བཞིན་ཚགས་པར་དང་དུས་དེབ།  དྲ་བའི་ལམ་ནས་རང་སྐལ་རྡོ་ཡིན་ཡང་རྨུར་བཞིན་ཡོད།

 

ལྷམ།

 

ང་རང་བྱིས་པའི་དུས་ཀྱི་དགུན་ཁ་ཞིག་ལ་ཨ་ཕས་ཀོ་བ་མཉེད་ནས་རྐང་པ་དང་མཐུན་པའི་བོད་ལྷམ་ཆུང་ཆུང་ཞིག་དྲུབས།   ཨ་མས་བལ་བཀལ་ནས་ལྷམ་སྒྲོག་ཁྲ་ཁྲ་ཞིག་བཏགས།   རྐང་པ་ཟུང་ལ་ལྷམ་ཆ་གཅིག་དང་།  ལྷམ་ཆ་གཅིག་ལ་ལྷམ་སྒྲོག་ཆ་གཅིག་འཛོམས་པ་ནས་བཟུང་རི་འགོར་རྫི་བོར་སོང་དུས་ལམ་ཁའི་ཚེར་མ་དང་།  ལ་འདབས་སུ་བུད་ཤིང་འཐུ་བར་འགྲོ་དུས་ལམ་ངོས་རྡོ་ཟུར་གྱི་མནར་གཅོད་མྱོང་མ་དགོས།  ཉིན་ལྟར་སྔ་མོར་དགུན་རླུང་བསིལ་བསིལ་དུ་ལྡང་ཞིང་ཉི་མའང་ཐང་ཆད་པ་ལྟར་སྒྱིད་ལུག་གིས་ཤར་དུས།   ངས་བོད་ལྷམ་དྲོན་པོ་དེ་གྱོན་ནས་ར་ལུག་གི་རྗེས་སུ་འདུར་རྒྱུག་བྱེད།   བུད་ཤིང་གི་དོན་དུ་ལ་ལུང་བརྒལ། དཀའ་བའི་དུས་སུ་བོད་ལྷམ་ཕུད་ནས་སྔས་མགོར་བྱས་ཏེ་ངལ་གསོ་སྐབས་བྱིས་སྒྲུང་ལྟ་བུའི་རྨི་ལམ་སྐྱིད་པོ་རྨིས་མྱོང་།

དགའ་བའི་དུས་སུ་ཨ་ཕ་ལ་ལད་མོ་བྱས་ཏེ་ལྷམ་སྒྲོག་ཁྲ་ཁྲ་ཡིས་ར་ལུག་གི་འགྲོ་ཕྱོགས་དང་བུད་ཤིང་འཐུ་ཕྱོགས།   རང་གི་མ་འོངས་པ་བཅས་ལ་མོ་འདེབས་ཁུལ་བྱས། མོ་ལུང་ལ་གསལ་ཆ་ཅི་ཡང་མེད་མོད་ལྷམ་སྒྲོག་ལས་ཕྱི་སྒྲོག་དང་ནང་སྒྲོག  རྣ་འབྱོག་གི་རྣམ་པ་མངོན་པ་ཡིས་སེམས་ནང་དགའ་སྐྱོའི་མདུད་པ་ཐེབས་མྱོང་། དུས་དེ་ནས་ཡུལ་མི་རྣམས་ཀྱིས་ང་ལ་རྫི་བོ་བོད་ལྷམ་ཅན་ཞེས་བོས། གྲོང་པའི་སློབ་ཆུང་ལ་ཐོག་མར་འགྲོ་དུས་ཕ་ཡུལ་གྱི་དགུན་དུས་ལ་གྲང་ངར་དེ་ཙམ་མི་ཆེ་མོད།  ངས་སྔར་ལྟར་བོད་ལྷམ་ཆུང་ཆུང་དེ་ལྷམ་སྒྲོག་ཁྲ་ཁྲ་ཡིས་རྐང་པ་ཆུང་ཆུང་ལ་བཅིངས་ཏེ་སློབ་གྲོགས་ཚོ་དང་མཉམ་དུ་སློབ་གྲྭར་སོང་།  གྲང་རླུང་འུར་འུར་དུ་ལྡང་བའི་སྔ་དྲོ་དང་།   ཁ་བ་ལྷབ་ལྷུབ་ཏུ་བབ་པའི་ཕྱི་དྲོ་གང་ཡིན་ཡང་ལག་པས་རྩིས་རྒྱག་དུས་འདར་མ་དགོས་པ་དང་ཁ་ཡིས་ཀློག་འདོན་བྱེད་དུས་ནོར་མ་ཤོར་བ་ནི་བོད་ལྷམ་དྲོན་པོ་དེའི་དྲིན་ཡིན་པ་ལོས་ཤེས་མོད། སློབ་གྲོགས་རྣམས་ལས་ཉུང་ཤས་ཀྱིས་འགྱིག་ལྷམ་ཐབས་ཆག་ཙམ་གྱོན་ཡོད་པ་ལས་དེ་མིན་ཚོ་དུས་བཞིར་རྐང་རྗེན་ཡིན།

ང་ནི་དེའི་ནང་གི་མ་འདྲ་བ་ཞིག་ཏུ་གྱུར་པས་ཚང་མས་སློབ་མ་བོད་ལྷམ་ཅན་ཞེས་བོས།   ཁྱད་པར་དུ་ང་ཚོ་མཉམ་དུ་འགྲོ་དུས་རྐང་རྗེན་གྱིས་འགྲོ་མཁན་རྣམས་ཀྱི་ཤུལ་དུ་མཛུ་གུ་ལྔ་པོ་དང་བཅས་རྐང་པའི་ཤ་མཁྲེགས་ཀྱི་རི་མོ་མེ་ཏོག་འདྲ་བོ་བཀྲའགྱིག་ལྷམ་གྱོན་མཁན་རྣམས་ཀྱི་རྗེས་ལ་རྡོ་སྐས་ལྟ་བུའི་རི་མོ་ཤར་ཡང་།  ངའི་ཤུལ་དུ་རྡོག་མཐིལ་ས་ཐོག་ཏུ་མནན་པའི་ཤུལ་ཙམ་ལས་ཅི་ཡང་མེད་པས་སློབ་མ་བོད་ལྷམ་ཅན་ཞེས་པའི་འབོད་མིང་དེས་སྐབས་འགར་གཟི་བརྗིད་སྐྱེས་བཅུག་ཀྱང་མཚམས་རེར་ངོ་ཚའང་སྟེར་མྱོང་།  མི་འདྲ་བ་དེ་འདྲ་བར་བྱེད་པ་དང་རང་གི་རྗེས་ལའང་རི་མོ་ཞིག་བཀྲ་བའི་ཆེད་དུ་ངས་ཨ་ཕ་ལ་རབ་ཡིན་ན་འགྱིག་ལྷམ་གསར་པ་ཞིག་དགོས།དེ་མིན་ན་བོད་ལྷམ་གྱོན་མི་འདོད་ཚུལ་ཞུས་ཀྱང་། ཨ་ཕས་རང་ལུས་དྲོས་ན་མིས་ཅི་ཟེར་ལ་ཉན་རྒྱུ་མེད་ཅེས་འདོད་དོན་མ་བསྐངས།

དེ་ལྟར་དགུན་དུས་རེ་རེ་ལ་ངས་ཨ་ཕས་ཁབ་མིག་གིས་སྐུད་པ་ཁྲིད་ཁྲིད་ཀྱིས་དྲུབས་པའི་ཀོད་ལྷམ་གྱོན།  ཨ་མ་ཡིས་རྒྱུ་སྤུན་བསྲེས་བསྲེས་ཀྱིས་བཏགས་པའི་ལྷམ་སྒྲོག་བཅིངས་ཏེ་རང་གི་ལྷམ་དྲོན་པོ་ལ་སེམས་ཆགས་ཀྱིན། གཞན་གྱི་རྐང་རྗེས་གསལ་མོ་ལ་ཡིད་སྨོན་བཞིན་སློབ་ཆུང་མཐར་ཕྱིན་ཏེ་ཀ་མད་ངོ་ཤེས་ཙམ་དང་།  རང་མིང་འབྲི་ཤེས་ཙམ་གྱིས་རྫོང་ཐོག་གི་སློབ་འབྲིང་ལ་འགྲོ་རན་དུས།  ཨ་ཕ་ཡིས་ཤིང་སྒམ་ལས་འགྱིག་ལྷམ་གསར་པ་ཞིག་བླངས་ནས་ང་ལ་སྤྲོད་རྗེས། བོད་ལྷམ་རྙིང་པ་དེ་ལྷམ་སྒྲོག་གིས་དམ་དུ་བསྡམས་ནས་འདི་ཡིས་ཕན་ཐོགས་པའི་དུས་ཤིག་འོངས་ཞེས་སྒམ་ནང་དུ་བཅུག

ངས་འགྱིག་ལྷམ་གསར་པ་དེ་གྱོན་ནས་རྫོང་ཐོག་ཏུ་སོང་བའི་ཉིན་དེར།  ད་ནི་རང་ལའང་རྗེས་ཤུལ་གསལ་མོ་རེ་ཡོད་ཐག་ཆོད་རེ་བསམས་ཏེ་ཕྱིར་བལྟས་ཡང་ཡང་བྱས་ནས་རྫོང་ཐོག་ཏུ་སླེབས་མོད།  བསམ་ཡུལ་ལས་འདས་པ་ཞིག་ནི་རྫོང་ཐོག་གི་སློབ་གྲྭའི་ནང་འགྱིག་ལྷམ་གྱོན་མཁན་རེ་གཉིས་ཙམ་ལས་དེ་མིན་ཚང་མ་ནི་རྒྱ་ཡི་ཀོ་ལྷམ་གྱོན་མཁན་ཁོ་ན་རེད། ཁོ་ཚོའི་འགྲོ་སྟངས་ནི་ངའི་མིག་ལམ་དུ་དེ་འདྲའི་སྒེག་ཉམས་ལྡན་ཞིང་།  ཁོ་ཚོའི་གོམ་པའི་རྡོག་སྒྲ་ནི་ངའི་རྣ་ལམ་དུ་དེ་འདྲའི་སྙན་པས། ངས་སླར་ཡང་རང་ཉིད་ཀྱི་རྐང་འགོར་བལྟས་ཏེ་སློབ་ཆུང་གི་སློབ་གྲོགས་དང་མཉམ་འགྲོ་བྱེད་དུས་ཀྱི་རྣམ་པ་དྲན་བྱུང་།

རེད་དེ།  གཞན་གྱི་ཞྭ་ལ་བལྟས་ནས་འགྲོ་ན་རྐང་འོག་ཤོར་ཉེན་ཆེ་ལ།  རང་གི་རྐང་འགོར་བལྟས་ནས་འགྲོ་ན་མགོ་བོ་བརྡབ་ཉེན་ཆེ་བས།  དུས་དེ་ནས་ངས་ཤུལ་དུ་རྐང་རྗེས་ཀྱི་རི་མོ་ཡོད་མེད་ལ་བསམ་བློ་མ་འཁོར།  མདུན་དུ་གོམ་པའི་རྡོག་སྒྲ་སྙན་མིན་ལ་རྣ་དབང་མ་གཏད་པར་ཡིག་འབྲུ་ནག་པོའི་བར་གསེང་དུ་བཙངས།  དགུན་ཟླ་གསུམ་ནང་གྲང་ངར་གྱིས་རྐང་མཐིལ་ནས་མགོ་བོ་བར་འདར་དུ་བཅུག་དུས་ཕ་ཡུལ་གྱི་སྒམ་ནང་བཅུག་པའི་བོད་ལྷམ་རྙིང་པ་དེ་དྲན་ཡང་།  ཡིག་འབྲུ་རེ་རེའི་གསེང་ལ་རྐང་པའི་རི་མོ་ལས་མཛེས་པའི་མེ་ཏོག་སྡུག་གུར་བཀྲ་ཞིང་།  ཡིག་ཕྲེང་རེ་རེའི་བར་ལ་རྐང་པའི་རྡོག་སྒྲ་ལས་སྙན་པའི་བྲག་ཅ་འཁོར་བས་ཆུང་དུས་ལྷམ་སྒྲོག་གིས་མོ་འདེབས་སྐབས་རྣ་འབྱོག་བཙུགས་ཏེ་དགའ་ངོ་བསྟན་པའི་རྣམ་པ་དེ་ཡང་ནས་ཡང་དུ་དྲན།

འགྲོ་ས་གཅིག་པའི་ལམ་ཐོག་ལ་ལྷམ་ལ་ཡག་བཙོག་ཡོད་པ་ལྟར་རྐང་པ་ལའང་བཟང་ངན་སྣང་།  ཆུང་དུས་བོད་ལྷམ་སྐྱ་སྐྱ་དང་ལྷམ་སྒྲོག་ཁྲ་ཁྲ་ཡི་དྲིན་གྱིས་ངའི་རྐང་ཟུང་ལ་སྟོབས་ཤུགས་རྒྱས་ཤིང་།  བློ་རིག་པ་ཡང་མི་རྟུལ་ཙམ་ཡོད་པས་སློབ་འབྲིང་ནས་དགེ་འོས་སློབ་གྲྭ་དང་།  སློབ་ཆེན་གྱི་རྡོ་སྐས་རིམ་གྱིས་བགྲོད་མཐར་རང་གི་རྐང་ཟུང་དང་འཕྲོད་ལ་ཡིད་སེམས་ཀྱང་མོས་པའི་ལས་གནས་ཤིག་རྙེད།  ལས་གནས་དེ་རུ་ལྷམ་འདྲ་འདྲ་གྱོན་ཏེ་ཕར་འགྲོ་མཁན་བརྒྱ་རེད་ལ་ལྷམ་མི་འདྲ་བ་གྱོན་ཏེ་ཚུར་འོངས་མཁན་སྟོང་རེད།

ངས་ཀྱང་དུས་ཚིགས་ཀྱི་འགྲོས་ལྟར་ཀོ་ལྷམ་དང་འགྱིག་ལྷམ། རས་ལྷམ་དང་འགྱུར་རྟ་སོགས་གང་མང་གྱོན་ཏེ་ཀྲོག་ཀྲོག་དང་རྫིག་རྫིག་གིས་འགྲོ་བཞིན།  ངོམ་ངོམ་དང་ཀྲོང་ཀྲོང་གིས་འདུག་མོད།  དོན་ངོ་མར་རང་གི་རྐང་དང་མཐུན་པའི་ལྷམ་ཞིག་གཅིག་ཀྱང་གྱོན་མ་མྱོང་།  ཐ་ན་ལྷམ་འགའ་ཡིས་རྐང་པ་བཙིར་ཡང་ཁྲིག་ཁྲིག་གི་སྒྲ་དང་ཟིམ་ཟིམ་གྱི་མིག་མདའ་ཡི་ཆེད་དུ་རང་སྡུག་རང་གིས་ཉོས་པ་ཡིན།  སྐབས་འགར་རྨི་ལམ་དུ་རང་གིས་རྐང་ལྷམ་ཆ་མིན་ཆ་མིན་ཞིག་གྱོན་ཏེ་འགྲོ་བཞིན་ཡོད་པ་རྨིས་པས།  ཉིན་མོར་རང་གི་རྐང་འགོ་གཉིས་ལ་ཡང་ནས་ཡང་དུ་ལྟ་དགོས་པ་ཞིག་ཏུ་ཆགས།

དུས་ད་ལྟར་འགྲོ་བཞིན་པའི་ལམ་བུར་ངལ་གསོ་སྐབས།  དྲོན་མོའི་བོད་ལྷམ་དང་ཡང་མོའི་འགྱིག་ལྷམ།  བདེ་མོའི་རས་ལྷམ།  རྩུབ་པོའི་ཀོ་ལྷམ།  རྫིག་པོའི་འགྱུར་རྟ་སོགས་རེས་མོས་སུ་གྱོན་མྱོང་བའི་རྐང་པ་གཉིས་ལ་ལྟ་དུས། ཨ་ཕ་ཡིས་ལྷམ་སྒྲོག་ཁྲ་ཁྲ་ཡིས་དམ་པོར་བསྡམས་རྗེས་འདི་ཡིས་ཕན་ཐོགས་པའི་དུས་ཤིག་ཡོང་ཞེས་སྒམ་ནང་བསྙལ་ནས་ཡོད་པའི་བོད་ལྷམ་རྙིང་པ་དེ་ལྷག་ཏུ་དྲན།།

 

 

ལ་འགོའི་ཐང་ཤིང་།

 

ང་སླར་ཡང་ཤིང་སྡོང་འདིའི་འོག་ཏུ་སླེབས་སོང་།  བྲག་རི་ཞིག་གི་ཐོག་ལ་ཡལ་ག་ཕྱོགས་བཞིར་བརྐྱངས་པའི་ཐང་ཤིང་ཞིགའདི་ན་ནས་བལྟས་ན་ཕ་ཡུལ་ནི་ལག་མཐིལ་གྱི་རི་མོ་ལྟར་གསལ་ཞིང་ནམ་མཁའ་ནི་རི་བོའི་ཞྭ་མོ་བཞིན་དུ་མངོན། ང་སླར་ཡང་ཐང་ཤིང་འདི་དང་ཁ་བྲལ་ཏེ་འགྲོ་དགོས།  མ་གིའི་གྲོང་པར་ཕྱིར་ལྟ་བྱེད་ཀྱིན་གྲོང་པ་ནང་གི་སྒེག་ལྡན་གྱི་འཛུམ་ཆུང་ཞིག་དང་བག་ཆགས་བྱམས་དུངས་ཀྱི་སྨྲ་བརྗོད་དེ་ཕྱིར་དྲན་བྱེད་ཀྱིན་འགྲོ་དགོས།  དེ་སྔོན་ཨ་ཕ་ཡིས་བུ་རྒོད་པོ་ཡིན་ན་འདི་ལྟར་དགོས་ཞེས་སུས་ཀྱང་ཁ་ལོ་བསྒྱུར་མི་ཐུབ་པའི་རྟ་རྒོད་ཅིག་ལ་སྒ་ཆས་སྤྲས་ཏེ་སྲབ་མདའ་ང་ལ་སྤྲོད།  ངས་བཟང་རྟ་ཆག་དང་ངན་ལྕག་ཚན་གྱིས་རྟ་རྒོད་ཁྲིད་དེ་ལ་འགོར་སླེབས་སྐབས།  ཨ་ཕས་སྔར་ནས་དེ་ན་སྒུག་འདུག

ཁོང་ཤིང་སྡོང་གི་རྩར་བཞུགས་ཏེ་རྒྱང་རིང་ལ་ཅེར་ནས་གཟིགས་ཚུལ་ལས།གཏིང་དཔོག་དཀའ་བའི་སྤྱན་ཟུང་ནི་ལྟེངས་ཀར་འཁྱིལ་བའི་ཕ་ཡུལ་གྱི་མཚོ་མོ་དང་འདྲ། མདུད་དགུར་བརྩེགས་པའི་ཐོད་གཉེར་ནི་ལ་དགུ་ལུང་དགུ་འགྲིམས་པའི་གོམ་པའི་འདེགས་འཇོག་གི་ཤུལ་རིས་དང་མཐུན་པས་ངས་ཅི་ཡང་ཞུ་མ་ཕོད། ཉི་ཟེར་གསལ་ལ་མི་གསལ་ཞིག་འཕྲོས་ཤིང་ཆར་ཐིགས་ཐ་རེ་ཐོ་རེ་འབབ་པའི་ཉིན་ཞིག་ལ། ངེད་ཕ་བུ་གཉིས་སླར་ཡང་ཐང་ཤིང་འདིའི་འོག་ཏུ་སླེབས། ཨ་ཕས་སོར་རྩེ་ཡིས་ཐང་ཤིང་གི་ཡལ་ག་ལས་ལོ་མ་ཞིག་བཅད་དེ་ཁ་ནང་འཇུག་གིན།  ངས་ཆེས་ཐོག་མར་ཁྱེད་ཀྱི་ཨ་མ་ངོ་ཤེས་དུས་ཐང་ཤིང་འདི་ནི་ངའི་ལུས་པོའི་ཚད་ཙམ་ལས་མེད།  མ་གཞི་འདི་ན་ནི་ཕར་འགྲོ་སྟོང་དང་ཚུར་འོངས་བརྒྱ་ཡིས་ངལ་གསོ་ས་ཡིན་པས།  ངས་ཀྱང་ཡུལ་འདིའི་ལུགས་ལྟར་ཕ་ཡུལ་ལ་ཕྱིར་ལྟ་བྱེད་ཀྱིན་མི་ཡུལ་ལ་བྲང་ཁ་གཏད་དེ་ཁྱེད་ཨ་མ་ཚང་གི་ཐབ་ཀ་ལ་ཕྱག་འཚལ་བ་ཡིན།  དུས་དེ་ནས་ལམ་འདི་ལ་རྟ་རྒོད་པོ་མང་པོ་བརྟུལ་མྱོང་ལ་གཡག་རྒོད་པོ་གང་མང་གི་ཁ་ལོ་ཡང་བསྒྱུར་མྱོང་བས།  ཐང་ཤིང་འདི་ནི་ངས་ཕ་མ་ལ་རྒྱང་ལྟ་བྱེད་ས་དང་མ་བུ་རྣམས་རྗེས་དྲན་བྱེད་ས་ལ་གྱུར་ཞེས་གསུངས།

ལོ་ཞིག་ལ་ངས་ང་རང་གིས་བརྟུལ་བའི་རྟ་ཕོ་དེ་བཞོན་ཏེ་ཐང་ཤིང་དེའི་རྩར་སླེབས་དུས། མོས་ཁུར་པོ་ལྗིད་མོ་ཞིག་རྒྱབ་ལ་ཁུར་ཏེ་དེ་ན་ངལ་གསོ་བཞིན་འདུགང་རྟ་ཐོག་ནས་བབ་སྟེ་ཁྱེད་ཀྱི་ཁུར་པོ་རྟ་ཐོག་བཀལ་ཏེ་མཉམ་དུ་འགྲོའམ་ཞེས་དྲིས་པར།  མོས་རྟ་ཕོ་བཞོན་ཏེ་ཕྱི་རོལ་ཡུལ་དུ་འགྲོ་སྐྱོད་བྱེད་པ་ནི་ཁྱེད་ཀྱི་བསོད་ནམས་དང་།  ཁུར་པོ་ཁུར་ནས་ལུང་ཀྱོག་འདིར་འཁོར་སྐྱོད་བྱེད་པ་ནི་ངའི་ལས་དབང་ཡིན་པས་ཁྱེད་རང་མྱུར་དུ་སྔོན་ལ་སོང་དང་ང་རང་རྗེས་སུ་ག་ལེར་ཡོང་ཆོག་ཅེས་ཟེར་ཏེ་ངལ་སྟེགས་ལས་ལངས་ནས་འགྲོ་འགོ་བརྩམས།  ངས་གོམ་པ་གཉིས་གསུམ་ཙམ་སྤོས་ནས་མོ་ལ་ཕྱིར་བལྟས་བྱེད་དུས། མོས་འཛུམ་དམུལ་དམུལ་དང་བཅས་ཕྱིན་ཆད་སླར་ཡང་ཤིང་སྡོང་འདིར་ཐུག་དུས་ད་དུང་ཡང་མི་རྐྱང་རྟ་རྐྱང་མིན་པར་སྨོན་ཞེས་ཟེར།

དུས་དེ་ནས་ང་ཕ་ཡུལ་དུ་འགྲོ་གྲངས་ཇེ་ཉུང་དུ་སོང་ལ་འགྲོ་ཐེངས་རེར་ཆེས་དོགས་མི་བདེ་བ་ནི་ཐང་ཤིང་དེའི་འོག་ཏུ་མོ་དང་མོའི་བུ་མོ་གཉིས་དང་ཐུག་རྒྱུ་དེ་རེད།  རྒྱུ་མཚན་ནི་ང་རང་ད་དུང་ཡང་མི་རྐྱང་རྟ་རྐྱང་དུ་ལུས་པ་ལས།དེ་སྔོན་གྱི་གཡག་རྒོད་གཡུང་དུ་ཕབ་ལ་རྟ་རྒོད་འོག་ཏུ་བཞོན་པའི་གཟི་བརྗིད་ཙམ་ཡང་ལྷག་མེད་པས་སོ།།  ཡིན་ན་ཡང་། མེས་པོ་ཚོས་ཐང་ཤིང་དེ་རི་འགོར་བཙུགས་ཡོད་ལ།  ངའང་ཨ་ཕ་ནང་བཞིན་ན་ཆུང་དུས་བུ་མོ་ཞིག་ངོ་ཤེས་ལ་རྒྱུས་ལོན་སའང་ཐང་ཤིང་དེ་ལགས་པས།  ང་ནམ་ཡང་རི་འདབས་ནས་རི་འགོར་འཛེག་བཞིན་ཡོད།།

 

 

བྱིའུ་དེ་བདེ་མོ་ཡིན་ནམ།

 

མཐོ་སར་ལྡིང་བའི་བྱ་རྒོད་ལ་སྡུག་བསྔལ་ཞིག    དམའ་སར་འཕུར་བའི་བྱིའུ་ལ་བདེ་སྐྱིད་ཅིག  གཤོག་ཟུང་གིས་མཁའ་དབྱིངས་འཇལ་བའི་བྱ་རྒོད་ནི་བྲག་རིའི་སྲུབས་ནས་ས་གཞིའི་ཐོག་གི་ལྟོ་འགྲངས་འཚོལ་བར་དགའ།  སྡེར་མོ་ཡིས་ས་འདམ་བྲད་དེ་འབའ་འབུ་གཟན་དུ་འཚོལ་བའི་ཁྱིམ་བྱ་ནི་བྱ་གདང་ཐོག་བབས་ཏེ་སྐྱ་རེངས་བསུ་བར་གོམས།  གནམ་སའི་མཚམས་སུ་རྒུམ་འབྲུ་འཐུ་བའི་བྱིའུ་ནི་ཤིང་ཕུང་གི་ཡལ་ག་དང་ཁང་པའི་རྩིག་སྲུབས་སུ་ཁྱིམ་གཞིས་དྲོན་མོ་བཅའ་བར་མོས།  ཕ་ཡུལ་དུ་ཡོད་དུས་ཁྱིམ་བྱ་དེ་ཕོས་སྐྱ་མདའ་བསུ་བའི་གསུང་སྐད་ལ་དགའང་དགའ་ལ་ཁྲོ་ཡང་ཁྲོ་མྱོང་། གཞན་ཡུལ་འགྲིམ་དུས་རི་མཐོན་པོའི་འགོ་ནས་ཐུར་ལྟ་བྱེད་པའི་བྱ་རྒོད་ལ་སྡང་ཡང་སྡང་ལ་འཇིགས་ཀྱང་འཇིགས་མྱོང་།  དུས་ད་ལྟར་མི་ཡུལ་དང་རང་ཡུལ་བར་འགྲོ་འོང་བྱེད་དུས།  བྱིའུ་ཆུང་ཞིག་གིས་སྔ་མོར་ལམ་ལ་འགྲོ་གྲོགས་དང་མཚན་མོར་ཁྱིམ་དུ་ལོག་རོགས་བྱེད།

རྒྱ་རྫོངས་ནགས་ལྟ་བུའི་ཁང་བརྩེགས་མཐོན་པོ་ནས་གནས་སྐབས་ཀྱི་གནས་མལ་རྙེད་པ་ནས་བཟུང་།  ཁང་མིག་གྲུ་བཞི་མ་ཆུང་ངུ་འདི་ནི་མཚན་གྱི་རྨི་ལམ་འཁོར་ས་དང་ཉིན་གྱི་དུག་གསུམ་གྱི་ངལ་དུབ་འབེབས་སར་གྱུར་ཡང་།  ཁང་པའི་ནང་ནས་རྩེད་མོའི་རྒོད་ཁ་མེད་ལ་ཕྱི་ནས་འབོད་བརྡ་གཏོང་མཁན་ཡང་མེད་པས་ཅུང་ཁེར་རྐྱང་དུ་ལུས་ཀྱང་།  ཁང་པའི་སྒེའུ་ཁུང་འགྲམ་གྱི་ལྕང་སྡོང་དང་དེའི་ཡལ་གར་གནས་བཅས་པའི་བྱིའུ་དང་བྱིའུ་སྐད་ནི་ལྷིང་འཇགས་ནང་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩིར་གྱུར།   ལྕང་སྡོང་དེ་ནི་སྒེའུ་ཁུང་གི་ཁ་གཏད་དུ་རྩ་བ་ས་རྡོའི་བར་ལ་ཟུག   རྩེ་མོ་མཁའ་དབྱིངས་ཀྱི་བར་སྣང་དུ་གཏད་དེ་གཞུང་རྟ་ཐུང་ཡང་སྦོམ་ལ་ཡལ་ག་ཕན་ཚུན་བསྣོལ་ནས་སྐྱེས་པས།  དཔྱིད་འགོའི་འཇམ་མཉེན་གྱི་ལོ་མ་ནི་བྱིས་པའི་འཛུམ་ཀོང་དང་མཚུངས་ལ་དབྱར་གཞུང་གི་གྲིབ་བསིལ་སྣུམ་པོས་ཉི་མའི་ཚ་གདུང་འགོག་ཅིང་།  སྟོན་དུས་ཀྱི་ལོ་མ་སེར་པོ་རླུང་ཁའི་དར་ལྕོག་སྣ་ལྔ་དང་འདྲ་ལ།  དགུན་གྱི་ཡལ་གར་ཁ་བའི་མེ་ཏོག་གིས་དཔྱིད་ཀྱི་རྨི་ལམ་སྦྲུམ།

ཆར་པ་ཟིམ་ཟིམ་འབབ་པའི་དུས་སམ།  ཁ་བ་ལྷབ་ལྷུབ་འཕུར་བའི་སྐབས་སུ་ལྕང་སྡོང་དེར་འཁོར་བའི་བྱིའུ་བགྲང་ལས་འདས་ཀྱང་།  ལ་ལ་ཡིས་སྐབས་བབས་ཀྱི་འབབ་སྟེགས་ཙམ་དང་འགའ་ཤས་ཀྱིས་དུས་ཐུང་གི་སྐྱོ་བ་སངས་སྤྱད་ཙམ་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པ་ལས།  དབྱར་དགུན་སྟོན་དཔྱིད་མེད་པར་དེ་ལ་འཁོར་ཞིང་དེ་ལ་གནས་པ་ནི་བྱིའུ་ཆུང་ཏིག་རིལ་རིལ་ཞེས་པ་དེ་རེད།  ཁོང་ལ་སོ་སོ་སྐྱེ་བོ་རྣམས་ཀྱི་རེ་འདོད་ལྟར་འཇོལ་མོའི་མགྲིན་རྔ་མེད།  ཁང་བྱིའིུ་འཕུར་རྩལ་མི་འཛོམས།  བྱིའུ་ཁྲ་ཡི་སྤུ་སྡུག་བྲལ།  ལུས་བོང་ཆུང་ལ་སྤུ་མདོག་ནི་སྐྱལ་རིལ་དང་གཤོག་ཟུང་ལ་ནག་ཐིག་རེ་གཉིས་ཀྱང་བབས་ཡོད་པས། འདབ་ཆགས་ཀྱི་རིགས་ལས་གཉོམ་ཆུང་འཁོས་དམན་ཞིག་ཏུ་སྣང་ཡང་།  དྲིལ་བུ་དཀྲོལ་བ་ལྟ་བུའི་སྐད་སྙན་པོ་ཞིག་ཡོད་པས་བྱིའུ་ཏིག་རིལ་རིལ་ཞེས་མིང་སྙན་པོ་ཞིག་ཐོགས།

ཞོགས་པར་མཁའ་མཐའ་ནས་སྐྱ་རེངས་སྐྱ་མདའ་དང་སྔོ་རེངས་སྔོ་མདའ་བཏང་སྟེ་སྐྱེ་དངོས་ཡོད་ཚད་མུན་པའི་འཆིང་བ་ལས་གྲོལ་གྲབས་བྱེད་མ་ཐག བྱིའུ་ཚོས་ཕྱོགས་བཞི་ནས་ཀྱུར་ཀྱུར་ཞེས་མགྲིན་པའི་རྒྱུད་མངས་གཅིག་འཇགས་གཅིག་ལངས་ཀྱིས་རྡུང་བ་ནི་དབེན་འཇགས་དཀྲོགས་པའི་མཉམ་དཀྲོལ་རོལ་མོ་ཞིག་དང་མཚུངས།   དེའི་ནང་ལས་བྱིའུ་ཏིག་རིལ་རིལ་གྱི་གསུང་སྙན་ནི་ཕྲ་ཞིང་རིང་ལ་འགྱུར་ཁུག་མང་བས་ཀུན་ལས་འབུར་དུ་ཐོན་ཏེ་རྣ་བའི་དཀྱིལ་དུ་ལྷུང་ཞིང་ཡིད་ཀྱི་གསེང་དུ་སིམ་དུས།  ཧར་གྱིས་མལ་ལས་ལངས་ཏེ་མགོ་བོ་སྒེའུ་ཁུང་ནས་བསྲིངས་ན།   མུན་ནག་གིས་ཞག་ཅིག་རིང་ལ་ཡང་ནས་བསྐྱར་དུ་བཀྲུས་པའི་སྐྱེ་དངོས་ཐོག་གི་ཟིལ་ཐིགས་ཁྲོམ་ཁྲོམ་དང་། མཚན་གང་ལ་སྟོད་སྨད་བར་གསུམ་མྱུལ་བའི་རླུང་བུ་ཡིས་ལུས་སེམས་དྭངས་ཤིང་སངས་བར་བྱས།

སྐབས་འགར་གཉིད་ལས་སད་ཀྱང་སྒྱིད་ལུག་གིས་གཉིད་ལོ་བྱས་ཏེ་ཐུན་གསུམ་གྱི་རྨི་ལམ་ལ་རིམ་པ་བསྒྲིགས་ཏེ་རྨིས་ལྟས་ལ་བརྟག་དཔྱད་བྱེད་དུས།  བྱིའུ་དེས་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་མཆུ་ཏོག་གིས་གཙགས་ཤིང་གཤོག་སྒྲོ་རྡེག་པས་གཉིད་རྫུས་བྱེད་མ་ཕོད་པར་བདེན་མིན་ཅི་རིགས་ཀྱི་རྨི་ལམ་ཡོད་ཚད་སྔས་འོག་ཏུ་སྦས་ཏེ་བྱིའུ་སྐད་དང་འགྲོགས་ཏེ་ལས་ལ་བུད།   ཉིན་མོར་ལས་ལ་ཞུགས་རིང་གོང་གིས་ཡར་ལ་འཐེན་མིན་དང་།  འོག་གིས་རྒྱབ་ཏུ་སྐྱོར་མིན།  བར་གྱིས་མཐུན་ལམ་བསྒྲིགས་མིན་ཅི་རིགས་ཀྱི་སེམས་ཚེགས་ལྗིད་མོ་རྣམས་མཚན་མོར་ཁྱིམ་གྱི་སྒོ་ཁར་ཕབ་སྟེ་སྒེའུ་ཁུང་གི་འགྲམ་གྱི་ཉལ་སར་གན་ཀྱལ་དུ་ལོག་དུས།  མིག་གི་མདའ་མོ་དབང་མེད་དུ་ལྕང་སྡོང་གི་ཕྱོགས་སུ་འཕངས་ཤིང་རྣ་བའི་དབང་པོས་བྱིའུ་དེའི་གྲེ་འགྱུར་སྙན་མོ་ཐོས་སུ་རེ།  རྒྱུ་མཚན་ནི་ཉིན་མོའི་ལབ་བརྡོལ་ལ་ཉམས་འཇོག་བྱེད་མཁན་མེད་ཀྱང་།  མཚན་མོར་རང་ཉིད་ཀྱི་བླ་སྲོག་དང་རྣམ་ཤེས་རྗེན་པར་བཏོན་ཏེ་རང་སེམས་དང་བགྲོ་གླེང་བྱེད་ཆོག་པས་མཚན་མོར་གླུ་དབྱངས་ལེན་མཁན་ལ་དད་པ་ཧ་ཅང་ཆེ།

སྐབས་དེ་དུས་བྱིའུ་དེས་ཀྱང་ཉིན་ཧྲིལ་པོར་མཐོ་སའི་ཁྲ་ལ་དོགས་ཟོན་དང་།  དམའ་སའི་སྦར་མོ་ཅན་ལ་བྲོས་བྱོལ་བྱེད་ཀྱིན་ཡར་འཕུར་མར་འཕུར་གྱིས་ལུས་སེམས་ལ་ངལ་ཐང་ཆེ་ན་ཡང་།  ཡོད་ཚད་ལྕང་སྡོང་ཁྱིམ་གཞིས་དྲོན་མོར་བསྐུངས་ཏེ་ལྷོད་ཀྱིས་སྡོད་ཡོད་མོད།  ངས་མུན་པའི་སེང་རས་བར་ནས་ལྕང་སྡོང་ལ་ཅེར་དུས།  སྐབས་འགར་ཁོང་གིས་མུན་པའི་ཡོལ་བ་ལུས་ལ་གྱོན་ཏེ་སྒྲོ་དཀྲུགས་ལན་གསུམ་གྱིས་ཡལ་འདབ་སིག་སིག་ཏུ་གཡོ་ཞིང་། ལན་རེར་ཏིག་རིལ་རིལ་ཞེས་སེམས་འགྱུ་སྙན་མོས་མཚན་ལམ་གཤགས་ཏེ་མཚན་བགྲོད་པ་ལ་སྡོང་གྲོགས་བྱེད་པས།   ཉལ་ས་ཐབས་ཆག་ནང་ལའང་ཧ་ཅང་སྐྱིད་སྣང་ཤར་ཏེ་རང་རང་གི་གནས་མལ་དུ་མཚན་མོའི་འོད་མདངས་ཀྱི་རྣམ་ཐར་ཀློག་གིན་སང་ཉིན་གྱི་ཉི་གཞོན་རྨིས།

གཟའ་ཉི་མའི་ཉིན་ཞིག་ལ་ང་རང་སྔ་ལྟར་ཁོང་གི་སྐད་སྙན་གྱིས་མལ་ལས་བསླངས་ཏེ་དཔེ་སྒྲོམ་གྱི་ཟུར་དུ་བསྡད་དེ་རྒྱ་ཇ་ཞིམ་པོ་འཐུང་ཞོར་བོད་དབྱངས་སྙན་མོ་ཞིག་ལ་ཉན་ཏེ་དཔེ་ཆར་ལྟ་ཀློག་བྱེད་སྐབས།  བྱིའུ་ཏིག་རིལ་རིལ་ཁོང་ཡང་འཕུར་མ་ལྡིང་གིས་སྒེའུ་ཁུང་གི་ཁ་རུ་བབས་ཏེ་ངའི་ངོ་ལ་ལྟ་ཙམ་དང་དཔེ་ཆ་ལ་ལྟ་ཙམ་བྱས་རྗེས།  ཁ་ཕར་འཁོར་ནས་རྔ་མ་གཡུག་ཙམ་གཡུག་ཙམ་བྱེད་པ་ནི་ཧ་ཅང་སྙིང་ཉེ་བ་དང་བྱམས་དུང་བ་ཞིག་ཏུ་སྣང་བས།  ངས་གར་སྟེགས་ཐོག་གི་འཁྲབ་རྩལ་ལ་བྱང་བའི་འཁྲབ་སྟོན་པ་ཞིག་གི་སྒྱུ་རྩལ་ལ་ཉམས་སུ་མྱོང་བ་ལྟར་ཧོན་ཐོར་བའི་སྐབས།   ཁོང་གིས་ཏིག་རིལ་རིལ་ཞེས་སྙན་འཇེབས་ཀྱི་གསུང་སྐད་ལན་གསུང་ཕྱུང་རྗེས་ཕྱི་རོལ་དུ་འཕུར་སོང་།  བསམ་ཚོད་དུ་རྫ་ཆུ་བསིལ་མ་དང་འབྲུ་དྲུག་སྙེ་མ་འབེལ་བའི་ཕྱོགས་སུ་འགྲོ་ངེས་ཏེ།   ཁོང་གི་སེམས་པ་དང་གཤོག་སྒྲོ།  གྲེ་འགྱུར་ནི་ནམ་མཁའི་སྤྲིན་པ་དང་ཞིང་ཁའི་བསིལ་རླུང་ལ་དབང་བས་སོ།།

ཁོང་འཕུར་རྗེས་ཉི་གཞོན་གྱི་ཟེར་མདའ་དྲོད་ལམ་ལམ་ཞིག་སྒེའུ་ཁུང་ནས་འཕྲོས་ཏེ་དཔེ་སྒྲོམ་དང་དཔེ་ཆ་ཐོག་ཕོག་པས་ངས་ལྟ་ཀློག་བྱེད་བཞིན་པའི་དཔེ་ཆ་ནང་གི་ཡིག་འབྲུ་རེ་རེ་ནི་བྱིའུ་ཞིག་གི་སྣང་བརྙན་དུ་ཤར་ལ།  ཡིག་ཕྲེང་རེ་རེ་ནི་ངེད་གཉིས་བར་གྱི་གཏམ་གླེང་གི་ཟིན་བྲིས་འདྲ་བས།  དུས་དེ་ནས་བཟུང་དབྱར་དགུན་སྟོན་དཔྱིད་གང་ཡིན་ཡང་ངས་ཁང་པའི་སྒེའུ་ཁུང་དེ་བརྒྱབ་མ་མྱོང་། ཕྱི་རོལ་གྱི་སྐྱེས་བུ་རབ་འབྲིང་ཐ་གསུམ་དང་འབྲེལ་འདྲིས་བྱེད་པའམ་རང་འབབ་ཀྱི་ལས་ལ་སྡུག་བསྲན་ཆེ་བས་ལུས་ངལ་ཞིང་སེམས་དཀའ་སྟེ་སྐྱོ་སུན་ཆེ་བའི་དུས་སུ།  ཉིན་མཚན་མེད་པར་མགོ་བོ་ཉལ་གོས་ཀྱིས་བཏུམས་ཏེ་ཉལ་བས་ཕྱི་རོལ་གྱི་ཉི་ཤར་རླུང་ལྡང་སོགས་ཀྱི་འགྱུར་ལྡོག་ཅི་ཡང་མི་ཤེས་པ་ནི་འཁོར་བའི་སྡུག་བསྔལ་སེམས་ཀྱི་ཕ་མཐར་བསྐྲད་པར་བརླམས་ཀྱང་།  དོན་དུ་འཇིག་རྟེན་པ་ཡིས་འཇིག་རྟེན་བློས་བཏང་བའི་འདུ་ཤེས་བཙན་པོས་འཇིག་རྟེན་གྱི་བྱ་བར་ཞུགས་དགོས་པ་ལས།  བྲོས་ནས་ཐར་ས་ཞིག་དང་གབ་ནས་མི་རྙེད་ས་ཞིག་གང་ན་ཡོད་ཨང་།

སེམས་པ་སྨུག་པས་བཏུམས་ཏེ་ཁ་ཕྱོགས་ཀྱང་བོར་བའི་དུས་སུ།  བྱིའུ་དེས་མིའི་སེམས་ཁམས་ཤེས་པ་ལྟར་ཉིན་གྱི་ཐུན་གསུམ་ལ་སྒེའུ་ཁུང་གི་ཁར་བབས་ཏེ། རྐྱང་རྐུམ་གྱི་མཉེན་ཤ་ལྡན་པའི་གཤོག་པ་ཟུང་གིས་སྔ་མོའི་དྲི་བཞོན་བསིལ་མ་དང་ཉིན་གཞུང་གི་ཉི་ཟེར་དྲོན་མོ། ཕྱི་དྲོའི་མཚམས་སྤྲིན་དམར་པོ་དང་བཅས་ཁང་པའི་གྲུ་ཟུར་སོ་སོ་ན་གདན་དུ་དྲངས་པས། སེམས་ལྡན་སུ་ཡིན་རུང་རང་ཕྱོགས་ཀྱི་སྒོ་གླེགས་གཏན་མེད་ན་མུན་ནག་གནས་པའི་གོ་སྐབས་ནམ་ཡང་མེད་པའི་གདེང་ཚོད་དང་སྤོབས་པ་རྙེད། བྱིའུ་དེ་དང་འགྲོགས་ཀྱིན་དྲན དྲན་པའི་མཐའ་མར་ངས་དེ་ནི་ཆུང་བྱིས་པའི་དུས་སུ་མདའ་རྩེ་མདེའུ་རྩེས་ལྔ་ལམ་དུ་བརྫངས་པའི་ཚེ་འདས་དག་གི་རྣམ་ཤེས་མིན་ནམ་སྙམ།  བྱིའུ་དེ་ལ་བལྟས་ཤིང་བསམས་བསམས་པའི་རྗེས་སུ་ང་ལ་དེ་ནི་ཕ་མེས་ཡབ་མེས་རྣམས་ཀྱི་སྐྱེ་རྒྱུན་ཞིག་ཡིན་སྣང་ཤར།

གལ་སྲིད་སྔ་མ་ཡིན་ན་ཁོང་གིས་བདུད་ཀྱི་མཚོན་ཆ་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན་ཏེ་དགྲ་བོ་ཐབས་ཀྱིས་གྲོགས་སུ་བསྒྱུར་བའི་བློ་སྤོབས་ལ་ཡིད་སྨོན་ཤོར་བཞིན་ཁོང་གི་དྲུང་དུ་སྔར་བྱས་ལས་ལ་ལུས་ངག་ཡིད་གསུམ་གྱིས་འགྱོད་གཤགས་བྱེད་ཆོགགལ་སྲིད་ཕྱི་མ་ཡིན་ན།  འབྲུ་ནག་གིས་གང་བའི་དཔེ་ཆ་ཀློག་ཤེས་པའི་ངེས་པ་མེད་ཀྱང་།   སེམས་ཁོང་གི་དཀྱིལ་དབུས་སུ་བཀོད་པའི་དྲན་གདུང་དང་འགྱོད་ནོངས། དྲན་ཚོར་དང་ཆོད་སེམས་ཀྱི་རི་མོ་སེམས་ཀྱིས་ཀློག་ཅིང་ཡིད་དུ་འཇགས་ཡོད་ཚོད་དུ་འདུག་པས། བྱིའུ་ཏིག་རིལ་རིལ་ཁོང་ནི་འདི་ཕྱིའི་བར་གྱི་ཕོ་ཉ་འཁྲུལ་མེད་ཅིག་ཏུ་སྒོམ་ཡོད་ལགས།  རྐང་འཐུང་གི་ལྗོན་ཤིང་ལ་སེར་ཐིག་ཕོག་ཅིང་བར་སྣང་ལའང་སེར་མདངས་འཁྱིལ་བའི་སྟོན་དུས་ཤིག་ལ།  ང་ཕ་ཡུལ་དུ་སོང་ནས་ཨ་མ་ལ་ངའི་སྒེའུ་ཁུང་ལ་འཁོར་བའི་བྱིའུ་ཏིག་རིལ་རིལ་དང་ང་རང་གི་དྲན་ཚུལ་རྣམས་སྦ་གསང་མེད་པར་ཞུས།

ཨ་མས་དང་ཐོག་ཅི་ཡང་མི་སྨྲ་བར་བསམ་བློ་ཅུང་བཏང་རྗེས།  སྤྱིར་ཁྱེད་ཀྱི་ཨ་ཕ་དང་གཅེན་པོ་གཉིས་ཀྱིས་ང་ཚོ་ཁྱིང་ཚང་གང་གི་འགྲོ་འཆག་ཉལ་འདུག་གི་དོན་དུ་སེན་འགོ་ཁྲག་དང་སེན་རྟིང་ནག་གིས་དཀའ་སྤྱད་སྡུག་རུས་རྒྱག་པ་ལས།  མ་ཎི་ཚིག་གསུམ་ཡང་འདོན་ཁོམ་མེད་པར་ཚེ་ཕྱི་མའི་ལམ་དུ་བྱོན་ཟིན་མོད། ངས་ད་ལྟའི་བར་དུ་མ་ཎི་དུང་ཕྱུར་མང་པོ་བཏོན་ཡོད་པས་མ་ཚད།  དེའི་ནང་ལས་ཁོང་རྣམ་པ་ཚོ་ལ་བགོ་སྐལ་ཡང་བྱིན་ཟིན་པས།  ཁྱེད་ཀྱིས་དྲན་པ་ལྟར་ཁོང་ཚོ་ད་དུང་དུད་འགྲོའི་རིགས་སུ་སྐྱེ་བ་ལེན་མི་སྲིད་པར་བདེ་ལྡན་གྱི་ཞིང་དུ་གནས་ཐག་ཆོད་རེད་མོད།  འཇིག་རྟེན་ནི་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་བྱ་དངོས་བར་དང་སེམས་ཅན་བར་མི་ཡི་བློས་གཞལ་དཀའ་བའི་འབྲེལ་བ་ཡོད་སྲིད་པས་ཁྱེད་ཀྱིས་བྱིའུ་དེའི་འཕུར་ལྡིང་དང་འཚོ་བའི་གོམས་གཤིས་ལ་ཕོག་ཐུག་གཏོང་མི་རུང་།  གལ་སྲིད་དེ་ནི་ཁྱེད་ཀྱིས་ཆུང་དུས་བསད་མྱོང་བའི་བྱིའུ་རྣམས་ཀྱི་རྣམ་ཤེས་ཡིན་པར་འཇིགས་ན། འགྱོད་གཤགས་ཀྱི་ཆེད་དུ་རྒྱུན་དུ་སྒེའུ་ཁུང་གི་འགྲམ་ལ་འབྲུ་སྡེར་མ་གང་དང་།  ཆུ་གཙང་ཕོར་པ་གང་རེ་འཇོག་བཞིན་དུ་མ་ཎི་ཚར་གསུམ་རེ་ཐོན་དང་།  དུས་ཀྱི་འགྲོས་ནང་སེམས་པ་ལ་ཡོ་བསྲང་དང་བླ་སྲོག་ལ་དག་ཐེར་ཡོང་ངེས་ཞེས་གསུངས།

ཉིན་དེའི་དགོང་མོར་ངས་ཨ་ཕ་དང་གཅེན་པོ།  བྱིའུ་དེ་རྣམས་དྲན་བཞིན་གཉིད་དུ་ཞུགས།  རྨི་ལམ་གྱི་ཞིང་ཁམས་སུ་བྱིའུ་དེ་སྔ་ལྟར་སྒེའུ་ཁུང་གི་འགྲམ་ལ་བབས་ཏེ་སྡེར་མ་ནང་གི་འབྲུ་ཟ་བཞིན་ཆུ་འཐུང་པས་མ་ཚད།  ངའི་དཔེ་ཆ་ཐོག་སུག་རྗེས་ཁ་བའི་འདབ་མ་འདྲ་བོ་ཞིག་བཞག་རྗེས་སླར་ཡང་ཁོང་རང་ཉིད་ཀྱི་མཁའ་ལམ་དུ་འཕུར་སྐྱོད་བྱེད། དུས་དེ་ནས་བཟུང་དབྱར་དུས་ཀྱི་མཚན་མོར་འབྲུག་སྒར་ལྡིར་ལྡིར་དུ་གྲགས་ཤིང་།  ཆར་པ་ཤག་ཤག་ཏུ་འབབ་དུས་ངས་ཁང་པའི་བད་ཁ་ནས་ལྷུང་བའི་ཆར་ཐིགས་ཀྱི་སྒྲ་ལ་ཉན་པར་སྤྲོ་ལ། དགུན་ཁར་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འཕུར་བའི་སྟངས་ཀ་ལ་ཡིད་སྨོན་ཤོར་ཡང་།  ལྕང་སྡོང་ལ་གནས་བཅས་པའི་བྱིའུ་ཏིག་རིལ་རིལ་དྲན་ཐེངས་རེར་ཆར་པ་དང་ཁ་བ་ལ་འཁང་ར་དང་ལེ་བདའ་ཡང་བྱེད་སྲིད་མོད།   ཨ་མའི་གདམས་ངག་ལྟར་བྱིའུ་དེའི་འཚོ་བའི་གོམས་གཤིས་ལ་ཕོག་ཐུག་གཏོང་མ་ཕོད་པར་སྔ་མོར་ཁྱིམ་སྒོ་ནས་བུད་ཁར་སྒེའུ་ཁུང་གི་འགྲམ་ལ་འབྲུ་སྡེར་མ་གང་དང་།  ཆུ་ཕོར་པ་གང་།  དཔེ་ཆ་ཀློག་འཕྲོ་མ་འཇོག་མཚམས་ཆད་མ་མྱོང་བས་ཉིན་མོར་ཕྱི་ལ་འགྲོ་དུས་ལུས་སེམས་བདེ་ཞིང་མཚན་མོར་ནང་ལ་ལོག་དུས་རྨི་ལམ་སྐྱིད།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།