ཤིས་ཚང་ལྗང་མྱུག་གི་ལྷུག་རྩོམ་བདམས་བཀོད།

1968

 

གཏམ་རྒྱུད་ཀློག་པ།

-༡ –

འུ་གཉིས་ཀྱིས་ཐུན་མོང་དུ།  རྨི་ལམ་ནང་གི་གཏམ་རྒྱུད་དེ་གླེང་འགོ་རྩོམ་པ་ན། ང་ནི་གཏམ་རྒྱུད་དེའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཞིག་ཡིན་ལ།  ཁྱོད་ནི་གཏམ་རྒྱུད་དེར་གསོན་ཉམས་ལྡུད་པའི་བརྗོད་བྱ་གལ་ཆེན་ཞིག་ཡིན།  གཏམ་རྒྱུད་དེ་དེ་ལྟར།  སེམས་ཀྱི་ཟབ་ས་ཞིག་ཏུ།  བློས་བསླངས་དང་འཆར་ཡན་སྣ་ཚོགས་ཀྱི་ཁྲོད་ནས་འཁྲུངས་ཤིང་།  ཉེ་ཞོ་གང་ཡང་མེད་པར་ཁྱོད་དང་ངའི་མིག་མདུན་ན་ནར་སོན་གྱིན་པའི་བྱིས་པ་ཡ་རབས་ཤིག་ལྟར།   མི་སེམས་ཀྱི་མཛེས་པ་གསལ་གྱི་ལེར་མངོན་ཞིང་། ཡིད་ཆེས་ལ་ཁ་དོག་འོད་ཀྲིག་གེར་འབྱུག་པའི་མཛེས་སྡུག་གི་ལང་ཚོ་གཞན་ཞིག་ཡིན།

-༢ –

ས་སྲོས་ཀྱི་མུན་པ་ག་ལེར་ག་ལེར་འཕྱུར་ཡོང་དུས།   གཏམ་རྒྱུད་དེའི་སྒོ་མོའང་ག་ལེར་ག་ལེར་ཕྱེས་ཤིང་།  དུས་དེར།  མ་བགྲོས་ལྷན་འཛོམས་ཀྱི་དུང་བའི་མངར་ཤ་རེ་རེ།  ཁྱོད་དང་ངའི་ཤ་ཡི་རུས་ལ་ཐིམ་ཞིང་། རུས་ཀྱི་རྐང་ལ་ཟུག་སོང་།

-༣ –

ས་སྲོས་ཀྱི་གཏམ་རྒྱུད།  ཡང་ན། ས་མཐའ་ཡི་གཏམ་རྒྱུད།  རྨི་ལམ་ཞིག་གི་གཏིང་རུམ་ལ་ཟུག་ཅིང་།  འོད་ཀྱི་ཁ་དོག་སེམས་ཁོང་དུ་འཁྱིལ་བའི།  གཏམ་རྒྱུད་དེའི་ནང་སྙིང་ལ་སེམས་པ་གླན་ཐེངས་རེ་རེ་ནི།  ཁྱོད་དང་ངའི་རྨི་ལམ་གྱི་ཁ་དོག་ལ་མཛེས་སྡུག་སྣོན་པའི་གཏམ་རྒྱུད་དེའི་འཕེལ་རིམ་རེ་རེ་ཡིན།

2014.08.18 ཉིན།

 

དྲན་པའི་གཏིང་ལ་ཉུལ་བ།

— གློ་བུར་དུ་ཕ་ཡུལ་གྱི་ཆུང་གྲོགས་ཤིག་དྲན་པ།

-༡-

དུས་ཚོད་ཀྱི་བར་སྟོང་རེར།  ཚོད་ཚོད་དུ་འདས་དོན་མང་བོ་ཞིག་གི་ཀློང་ལ་མྱུག་ཚེ།   ཆུང་དུས་ཀྱི་རྐང་རྗེས་ཁ་ཤས།  གསར་དུ་བཀླགས་མ་ཐག་པའི་སྒྲུང་གཏམ་དེའི་ནང་གི་མི་སྣ་གཙོ་བོ་བཞིན།  ད་དུང་ཡང་གསལ་ལྷམ་མེར་ཡིད་ཀྱིས་མཐོང་གིན་འདུག་ལ།  སྨྲ་བ་མེད་པའི་གཏམ་རྒྱུད་དེ་དག    སྒྱུ་རྩལ་བ་ཞིག་གི་བསམ་པའི་བློས་བསླངས་ཇི་བཞིན།  ལོ་ཟླ་དེའི་ལྟེབས་ཁུག་ན་གསོན་པོར་སྦྲུམ་ཡོད།

-༢-

ལོ་ཟླ་དེའི་སྟེགས་བུར་ཡང་ཡང་མངོན་མྱོང་བའི་ཁྱོད་དང་ངའི་བྱིས་དུས་ཀྱི་འཁྲབ་ཚན་དེ་དག   ད་ལྟར་བསམ་ན།  ཅི་འདྲའི་དགོད་བྲོ་ནའང་།   འུ་ཚོས་དྭངས་གཙང་དང་མཛེས་སྡུག་ཅེས་འབོད་པའང་།  མ་གཞི།  དེ་འདྲ་ཞིག་ལ་གོ་དགོས་པ་འདྲ་སྟེ།  སུ་ལའང་ཡོད་མྱོང་བའི་བྱིས་དུས་ཀྱི་འཚོ་བ་ནི།  སུས་ཀྱང་ལྷད་མེད་དྭངས་གཙང་གི་བརྡ་ཡིས་འགྲེལ་ངེས་ལ།   སུ་ལའང་ཡོད་ཆོག་པའི་བྱིས་དུས་ཀྱི་འཚོ་བ་ལ།  སུས་ཀྱང་ཡིད་འོང་མཛེས་སྡུག་གི་ཐ་སྙད་དེས་ཀྱང་འབོད་པར་བྱེད་ངེས་ཨང་།

-༣-

ལོ་ཟླ་མང་བོ་མང་བོ་ཞིག་མིག་འཛུམ་ལྟ་བུའི་ཡུན་ལ་འདས་སོང་ཡང་།  དྲན་ངོགས་ཀྱི་རི་མོ་དེ་དག   ཆར་རྗེས་ཀྱི་འཇའ་ཚོན་ལྟར་ཡལ་སླ་བ་ཞིག་ག་ལ་ཡིན།   ཐུན་མོང་གི་རྣ་ལ་བྱང་བའི་ཆོས་ཉིད་དམ་ལས་དབང་ཞིག་གིས།  ད་ལྟར་ཁྱོད་དང་འུ་གཉིས་ཁ་ཐག་ག་ཚོད་རིང་ཡང་།  རྨི་ལམ་གྱི་གསང་བརྡ་རེ་རེས།  སྐབས་རེར་འདས་དོན་དག་ཡང་ཡང་སྔོག་པར་བྱེད་པས།  ངས་ཁྱོད་རང་གཏན་ནས་བརྗེད་མ་མྱོང་ལ།  འུ་གཉིས་ཀྱིས་མཉམ་དུ་རོལ་པའི་བྱིས་དུས་ཀྱི་འཚོ་བ་དེ་ལྷག་ཏུ་བརྗེད་མ་མྱོང་།  དུས་ཚོད་ཀྱི་བར་སྟོང་རེར།  ཚོད་ཚོད་དུ་འདས་དོན་མང་བོ་ཞིག་གི་ཀློང་ལ་མྱུག་ཚེ།   ཆུང་དུས་ཀྱི་རྐང་རྗེས་ཁ་ཤས། ད་དུང་ཡང་།  གསལ་ལྷམ་མེར་མཐོང་གིན་འདུག

 

2014.08.25 དགོང་མོར་ཐོལ་བྱུང་དུ་སྦྱར།

 

སེམས་ནད་དེ་སངས་པར་སྨོན།

 

 — མིག་སྔའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ལ་སྦྱར་བ།

-༡-

སྒྲིབ་གཡོགས་མཐུག་པོ་དེའི་ཐུ་འོག་ནས།  མིག་ཤེལ་ནག་པོ་ཞིག་གདོང་ལ་དཔྱངས་ཏེ།  ཁྱོད་ཚོས།    རྒྱུན་དུ་ལྟ་སྟངས་ལྷག་མ་ཞིག་བདག་གིར་བྱས་པས།  བདེན་པར་ཞེན་པའི་ང་དང་སེམས་ཅན་སྐོར་ཞིག  རྒྱལ་ཕམ་རྩོད་པའི་གླགས་དེར་ཡང་ཡང་ཚུད་མྱོང་།

-༢-

གལ་ཏེ།  རྒྱལ་ཕམ་རྩོད་པའི་ཡིད་འོང་གི་འཐབ་ར་དེ་ནས།  མཐའ་མཇུག་གི་གྲུབ་འབྲས་དེས།  ཁྱོད་ཚོའི་སེམས་ནད་མ་ལུས་སངས་སོང་ན།  ང་ཚོར་དེ་གས་འགྲིག་སྟེ།  ང་ཚོར་མ་གཞི་ནས།   ཁྱོད་ཚོ་ཨར་ལ་གཏད་པའི་འཁོན་སེམས་དེ་མེད་ལ།  ང་ཚོར་ནམ་ཡང་ཁྱོད་ཚོ་གཟིར་བར་བྱེད་པའི་སྡང་སེམས་དེའང་མེད་པས།  གྲུབ་འབྲས་དེ་ཁྱོད་ཚོའི་སེམས་ནད་མཐའ་དག་ཞི་བར་བྱེད་པའི་མཇུག་མཐའི་སྨན་ཐུན་དེ་ཡིན་པར་སྨོན།  གྲུབ་འབྲས་དེ་ཁྱོད་ཚོའི་བསམ་དོན་མ་ལུས་འགྲུབ་པར་བྱེད་པའི་དཀར་བོའི་ཆོ་ག་དེ་ཡིན་པར་ཤོག

-༣-

ཁྱོད་ཚོའི་གཏིང་ནག་པའི་སྦྱོར་བ་དེའི་རྔམས་ལ་དཔག་ན།  གྲུབ་འབྲས་དེ་ཙམ་ཞིག  ཁྱོད་ཚོའི་ཧམ་ཞེན་གྱི་མཆེ་བ་རིང་མོ་དེ་ཕྱིར་ལྡོག་པའི་གསོས་སུ་མ་སོང་ཡང་སྲིད་མོད།  འཇིག་རྟེན་འདིར།  “ལས་ཐམས་ཅད་བསམ་སར་མི་འགྲོ་གསེག་སར་འགྲོ་”བའང་ཡོད་པས།  ཁྱོད་ཚོའི་བསམ་དོན་དེ་དག་ཡིད་བཞིན་དུ་འགྲུབ་པར་ང་ཚོས་ཀྱང་སྨོན་ལམ་ལྷན་དུ་འདེབས་ཆོག་ཀྱང་།   སྨོན་ལམ་དེ་འུ་ཚོ་སུས་ཀྱང་ཐེབས་དཀའ་ཚོད་ཡིན།

-༤-

གལ་ཏེ།  ང་ཚོ་ནི་ཁྱོད་ཚོར་བདག་པའི་རྐང་རྩེད་སྤོ་ལོ་ལྟ་བུ་ཞིག་ཡིན་ཚེ།  ཁྱོད་ཚོས་ཅི་འདོད་འདོད་དུ་གཡས་འཕེན་གཡོན་འདེད་བྱེད་ཆོག་ཀྱང་།  བདེན་དོན་དང་ལས་རྒྱུ་འབྲས་ཀྱི་སྲང་ཁ་ནས་གཞལ་ཚེ།  དེ་ནི་ཁྱོད་ཚོར་གཏན་ནས་འཐོབ་པ་ཞིག་ཡིན་མི་སྲིད།  དེ་བས།  དེ་རིང་གི་གྲུབ་འབྲས་འདི་ཙམ་པོའང་།  ཁྱོད་ཚོར་གནམ་གྱིས་གནང་བའི་ལེགས་སྐྱེས་གྱ་ནོམ་པ་དེ་ཡིན་པར་སོམས་ཤིག

༢༠༡༣ ལོའི་ཟླ་ ༡༡  ཚེས་  ༠༩  དགོང་མོར།

 

 

ལོ་རྙིང་དང་ལྷན་དུ་གྱེས་པ།

 

 “གྲོགས་པོ་ཞེས་པ་ནི་ལྷན་འཛོམས་ཀྱི་སྐབས་སུ་དགོད་སྒྲ་སྒྲོག་མཁན་དེ་མ་ཡིན་པར་གྱེས་བྲལ་གྱི་སྐབས་སུ་སེམས་པ་སྟོན་མཁན་དེ་ཡིན་དགོས།” ____ ཁ་བྱང་གི་འགྲེལ།

-༡-

ཉིན་ཞག་ཟླ་ལ་སྦྲེལ་ཞིང་།  ཟླ་བ་ལོ་ལ་འགྲིལ་བའི་ལོ་ཟླའི་ཁྱུད་འཁོར་གཅིག་ག་ལེར་ཟད་ལ་ཉེ་དུས།  ཁྱོད་རང་ལོ་རྙིང་དེའི་སྐྱེལ་མར་ཆས་པ་ལྟར།  ང་དང་ངེད་ཀྱི་མིག་མདུན་ནས།  སྨྲ་བ་དང་ལག་འཇུ་མེད་པར་རེ་ཞིག་རྒྱང་དུ་ཡལ་སོང་།  འདི་ནི།  སྟོང་ལོ་ཉིས་སྟོང་བཅུ་བཞི་བས་ང་ལ་བཞག་པའི་མཇུག་མཐའི་ན་ཟུག་ཟབ་ཤོས་དེ་ཡིན།

-༢-

ཁྱོད་རང་དེ་ལྟར་ཆས་པ་ནི།   ང་ལ་མཚོན་ན་སྡོད་མི་ཚུགས་པའི་ན་ཟུག་ཅིག་རེད་ལ།  འཆད་སྟངས་གཞན་ཞིག་གིས་བཤད་ན།  རྨ་ཁ་མེད་པའི་ན་ཟུག་ཅིག་རེད།  ཡིན་ཡང་།  ངས་ན་ཟུག་དེ་སེམས་ཀྱིས་མྱོང་བཞིན་དུ།  མྱོང་བ་དེ་ཤུགས་ཀྱིས་སྒོམ་བཞིན་དུ།  ཁྱོད་ཀྱི་ལོག་ཕེབས་ལ་རེ་བའི་སེམས་ཀྱིས་སྒུག་ཡོད།  ཁྱོད་ཀྱི་བརྩེ་བ་ལ་དུངས་པའི་ཡིད་ཀྱིས་ཁེན་ཡོད།  འདི་ནི།  སྟོང་ལོ་ཉིས་སྟོང་བཅུ་བཞི་བ་ དང་ལྷན་དུ་གྱེས་པའི་གདུང་བ་ལ་རང་གིས་རང་སེམས་གསོ་ཐབས་ཤིག་ཀྱང་ཡིན།

-༣-

ད་ལྟ་ཁྱོད་རང་ཆ་མེད་པའི་འགྲུལ་བ་བརྒྱ་སྟོང་མང་བོའི་འཚང་ཁའི་ཁྲོད་ན།  སྔ་མོ་ནས་གཏན་འཁེལ་བའི་མེ་འཁོར་དེའི་འཁོར་སྒམ་ཨང་གཉིས་པའི་རང་གི་འདུག་སྟེགས་དེ་རུ།  ལམ་ཐག་རིང་བོ་ངལ་བས་འཇལ་གྱིན་དུ།  ཉོབ་སྣང་དང་ངལ་དུབ་ཀྱིས་བཟུང་ཡོད་ལོས་ཆེ་ལ།  སུན་སྣང་དང་གྱེས་གདུང་གིས་ཀྱང་གཙེ་བཞིན་ཡོད་སྲིད།   སྐབས་འདིར།  ངས་ནི་གྱེས་གདུང་གི་ཚོར་བ་མཐའ་དག་ཁོག་ལ་མིད་བཞིན།  ཁྱོད་ཀྱི་དམིགས་བྱ་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་རྒྱག་གིན་ཡོད།  ཁྱོད་ཀྱི་འགྲོ་འོང་ཀུན་པོ་ལེགས་ལམ་དུ་འོང་བའི་གསོལ་བ་འདེབས་ཀྱིན་ཡོད།  འདི་ནི།  སྟོང་ལོ་ཉིས་སྟོང་བཅུ་བཞི་བ་དང་ལྷན་དུ་བཞུད་པའི་ཁྱོད་ཀྱི་བཤུལ་ལམ་ལ་བདག་གི་སེམས་པ་སྟོན་སྟངས་ཤིག་ཀྱང་ཡིན།    གྲོགས་པོ་ལགས།  བདེ་བར་བཞུད་ཅིག

༢༠༡༤ ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་གྱི་ཕྱེད་ཡོལ་དུ།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།