ང་ལ་ཆ་རྒྱུས་མེད་པའི་ཉི་ཧོང་གི་རྩོམ་རིག

537


རྩོམ་པ་པོ།   ཚེ་རིང་དོན་གྲུབ།

 

ཞིབ་འདང་བརྒྱབ་ན། རང་ཉིད་ཀྱང་ཡ་མཚར་དགོས་པ་ནི་ང་རང་སྒྲུང་གཏམ་འབྲི་མཁན་ཞིག་ཡིན་པའི་ཆ་ནས་ཁ་བ་དགོ་ཆས་ཨེད་ག་ཡུས་(河口慧海)ཀྱི《གསང་བའི་ངང་བོད་དུ་བགྲོད་པ》དང་། ཐ་རྡ་ཐོ་ཁང་(多田等观)གི་བོད་ནང་འཛུལ་བའི་ཟིན་ཐོ》ལྟ་བུའི་བོད་ལ་འབྲེལ་བ་ཡོད་པའི་དེབ་འགའ་རེ་ཀློག་མྱོང་བ་ལས་ཉི་ཧོང་གི་རྩོམ་རིག་ལ་བལྟས་པ་ཤིན་ཏུ་ཉུང་། ཐ་ན་《源氏物语》དང་《ཁ་བའི་རྒྱལ་ཁམས》(སྒྲུང་གཏམ་འདི་བོད་ཡིག་ལ་བསྒྱུར་ཏེ་2012ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད)《ནོར་ཝེའི་ནགས་ཚལ》སོགས་སྐད་གྲགས་ཤིན་ཏུ་ཆེ་བའི་བརྩམས་ཆོས་ལའང་བལྟས་མ་མྱོང་།  ཉི་ཧོང་རྩོམ་རིག་གི་གནའ་དེང་དབྱེ་མཚམས་ཅི་ལྟར་ཡིན་པ་དང་རྩོམ་རིག་གྲུབ་མཐའ་གང་དག་ཡོད་པ།  དེ་དག་རེ་རེའི་ཁྱད་ཆོས་ཅི་འདྲ་ཡིན་པ་སོགས་ལ་དེ་བས་ཀྱང་ཆ་རྒྱུས་མེད།

ངས་ཐེངས་དང་པོར་ཀློག་པའི་ཉི་ཧོང་གི་རྩོམ་རིག་བརྩམས་ཆོས་ནི་རྒྱ་ནག་གི་སློབ་འབྲིང་བསླབ་དེབ་ནང་གི(དེ་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་མགོ་ཡིན་ལ། ད་ལྟའི་བསླབ་དེབ་ནང་ཡོད་མེད་ཤེས་མ་སོང་།)小林多喜二ཞེས་པའི་《མ་ཡུམ》ཞེས་པ་དེ་ཡིན།  སྤྱིར་ན་དེ་ནི་མ་བུའི་མཛའ་བརྩེ་མཚོན་པའི་བརྩམས་ཆོས་ཞིག་ཡིན་པའི་ཆ་ནས་མི་དགའ་མཁན་ཕལ་ཆེར་ཡོད་མི་སྲིད་པ་དང་།  ལྷག་པར་དུ་དེ་དུས་ཤར་རེ་བལྟས་པ་ཙམ་མ་ཡིན་པར་དགེ་རྒན་གྱིས་མགྲིན་པ་འགག་རག་བར་དུ་ཁྲིད་ཅིང་རང་གིས་ཀྱང་རྣ་བ་འོན་རག་བར་དུ་ཉན་ཡོད་སྲིད་མོད།  འོན་ཀྱང་ད་ལྟ་ཕྱིར་འདང་བརྒྱབ་ན་རྩོམ་ཡིག་དེ་ལ་བག་ཆགས་ཅི་ཡང་མི་འདུག་པར་བལྟས་ན་དེ་ལ་ཡིད་སེམས་དབང་མེད་དུ་འགུག་པའི་ཆ་དེ་འདྲ་མེད་ལོས་ཡིན།  དེས་ན་འདི་འདྲའི་བརྩམས་ཆོས་ཀྱང་བསླབ་དེབ་ནང་དུ་བདམས་དོན་ནི་རྩོམ་པ་པོ་ཁོ་རང་ཉི་ཧོང་གུང་ཁྲན་ཏང་མི་ཡིན་པ་དང་བརྩམས་ཆོས་ཀྱི་དགོངས་པ་ནི་གྲལ་རིམ་འཐབ་རྩོད་ཡིན་པ་དང་འབྲེལ་བ་དམ་པོ་ཡོད་སྲིད་པ་སྨོས་ཅི་དགོས།

རྒྱུ་རྐྱེན་མང་པོའི་དབང་གིས་ད་ལྟ་བོད་ཡུལ་གྱི་མི་མང་པོ་ཞིག་གིས་ཕྱི་རོལ་གྱི་གནས་ཚུལ་དང་རིག་གནས་རྣམས་ཕལ་ཆེལ་རྒྱ་ཡིག་རྒྱ་སྐད་བརྒྱུད་ནས་ཤེས་དགོས་པ་རེད། ཐེངས་ཤིག《དགོད་ཁ་སློང་བའི་རྩོམ་རིག》(《笑的文学》)ཅེས་པའི་འཛམ་གླིང་གི་ཟུར་ཟ་དང་ཁ་མཚར་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་རྒྱ་འགྱུར་མ་ཞིག་གི་ནང་དུ་芥川龙之介ཡི་《སྣ》དང་《སྡོམ་གྱི་དྲ་སྐུད》《བདུད་འདྲེ་དང་རྡོ་ཐ》ཅེས་པའི་སྒྲུང་ཐུང་གསུམ་ཡོད་པར་བལྟས་རྗེས་ངའི་ཡིད་ཀྱི་བསྟན་པ་ཅིག་ཅར་འཕྲོག་སོང་།  ལྷག་པར་དུ《སྡོམ་གྱི་དྲ་སྐུད》ནི་ཟུར་ཟ་དང་ཁ་མཚར་ཞེ་དྲག་པ་གཅིག་པུ་ཙམ་མ་ཡིན་པར་ནང་ཆོས་ཀྱི་གཏམ་རྒྱུད་དང་ལྷ་སྒྲུང་ལ་དེང་རབས་སྒྲུང་གཏམ་སྒྱུ་རྩལ་གྱིས་ལས་སྣོན་བྱས་པ་དེ་བོད་པའི་སེམས་ཁམས་དང་ཡོངས་སུ་མཐུན་པའམ།  ཐ་ན་བོད་ཀྱི་སྒྲུང་གཏམ་ཞིག་དང་གཉིས་སུ་མི་འདུག  དེའི་མ་ཚད་ངས་བལྟས་ན་ངེས་པ་དོན་གྱི་ཟུར་ཟ་དང་ཁ་མཚར་སྒྱུ་རྩལ་ནི་དགོད་ཁ་འཆོར་དུ་འཇུག་ཐུབ་པ་གཅིག་པུ་ཙམ་མ་ཡིན་པར་བགད་མ་ཚར་གོང་ལ་ངུ་རུ་འཇུག་ཐུབ་པའམ།  ཡང་ན་དགོད་སྒྲའི་ཁྲོད་ནས་སྐྱོ་གར་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་རྣམ་པ་ཞིག་རེད།  ལྷག་པར་དུ་སྒྲུང་གཏམ་སྒྱུ་རྩལ་ཁྲོད་དུ་དེ་འདྲ་ཡིན་འོས།   དེ་ལ་བོད་ཀྱི་གཏམ་དཔེ་ཞིག་གིས་སྤྱི་བསྡོམས་བྱས་ན“ཁ་དགོད་ཞོར་ཁོག་ལ་སྡུག་ཅིག་འཇོག”ཟེར་བ་དེ་རེད།  དེའི་ཐད་ཀྱི་ཆེས་དཔེ་མཚོན་ལྡན་པའི་རྩོམ་མཁན་ནི་ཨུ་རུ་སིའི་ཀོ་ཀུ་ལིས་དང་ཨ་རིའི་ཨོའུ་ཧང་རོས། དབྱིན་ཇིའི་ཨོ་ཝེལ་སོགས་རེད། དེའི་ཕྱིར་ངས་གཞུང་ལས་ཁང་དུ་གྲོགས་པོ་ཞིག་དང་མཉམ་དུ་ཀུ་རེ་དང་ཁ་མཚར་ཁྲོད་ནས་ཇ་ཡུན་ཙམ་གྱི་རིང་ལ《སྡོམ་གྱི་དྲ་སྐུད》བོད་ཡིག་ཏུ་བསྒྱུར། ཕངས་པ་ཞིག་ལ་དེ་དུས་ངའི་ཕ་ཡུལ་རྩྭ་ཐང་ཡོངས་ན་ཉི་ཧོང་གི་སྐད་ཡིག་ཤེས་མཁན་གཅིག་ཀྱང་མེད་པས་ཐབས་ཟད་དེ芥川龙之介ནི་རྒྱ་ཡིག་གི་སྒྲ་གདངས་ལྟར“ཅེ་ཁྲོན་ལུང་ཀྲི་ཅེ”ཞེས་བྲིས་ཏེ་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་སྟེང་དུ་སྤེལ།  རྗེས་སུ་ངས་ཉི་ཧོང་གི་གྲོགས་པོ་དག་ལ་དྲིས་ཚེ་ད་གཟོད་ཉི་ཧོང་སྐད་དུ“ཨ་ཁི་ཐ་ག་ཝ་ལོའུ་ནོ་སི་ཁེ”ཞེས་ཀློག་དགོས་པ་གཞི་ནས་ཤེས།  ཨ་ཁི་ཐ་ག་ཝ་ལོའུ་ནོ་སི་ཁེ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་སྣེ་འདྲེན་པ་དོན་གྲུབ་རྒྱལ་དང་འདྲ་བར་སྐབས་དེའི་ཉི་ཧོང་གི་བསམ་བློ་གསར་བའི་རྩོམ་རིག་གི་སྣེ་འདྲེན་པ་ཡིན་པར་མ་ཟད་དོན་གྲུབ་རྒྱལ་དང་འདྲ་བར་ཏག་ཏག་རང་ལོ་སུམ་བཅུ་ལྷག་གི་སྟེང་དུ་རང་སྲོག་བཅད།  དེའི་རྗེས་སུ་ངས་རྒྱ་ནག་གི་ལོ་ཙཱ་བ་ཆེན་མོ་ལྷ་ལྕམ་བུན་ཅེ་རའོ(文洁若)ཡིས་ལོ་ཙཱ་བྱས་པའི་ཨ་ཁི་ཐ་ག་ཝ་ལོའུ་ནོ་སི་ཁེའི་སྒྲུང་གཏམ་ཕྱོགས་བསྒྲིགས་རྒྱ་འགྱུར་མ་ཞིག་རྙེད་མོད། འོན་ཀྱང་ཡ་མཚན་ཞིག་ལ་དེའི་ནང་དུ་ཏག་ཏག《སྡོམ་གྱི་དྲ་སྐུད》མི་འདུག  གང་ལྟར་དེབ་དེ་རེག་པ་ནས་ཨ་ཁི་ཐ་ག་ཝ་ལོའུ་ནོ་སི་ཁེ་ནི་ང་ལ་ཆ་རྒྱུས་མེད་པའི་ཉི་ཧོང་གི་རྩོམ་རིག་ནང་གི་ཆ་རྒྱུས་ཡོད་པའི་རྩོམ་མཁན་གཅིག་པོར་གྱུར།

ཉི་ཧོང་ནི་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་བྱས་པ་ཆེས་བཟང་ཞིང་དེང་རབས་རིག་གནས་ཆེས་དར་རྒྱས་ཆེ་བ།  ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཆེས་མང་བ།  རྒྱལ་འབངས་ཀྱི་ཀུན་སྤྱོད་དང་རིག་གནས་རྒྱུ་སྤུས་ཆེས་མཐོ་བའི་ཤར་ཕྱོགས་རྒྱལ་ཁབ་གཅིག་པུ་ཡིན་པ་དང་།  བཤད་ཚུལ་ལྟར་ན་ཁོ་ཚོའང་ཨུ་རུ་སི་དང་འདྲ་བར་རྩོམ་རིག་སྒྱུ་རྩལ་ཐད་ནས་ཧྥ་རན་སིའི་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད་ཟེར།  གང་ལྟར་གལ་ཏེ་ནམ་ཞིག་གི་ཚེpassportརེག་ཐུབ་ན་ང་རང་ཆེས་ཐོག་མར་འགྲོ་འདོད་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ནི་ཉི་ཧོང་ཡིན་ལ། དེ་བས་ཀྱང་ཁོ་ཚོའི་ཕུལ་དུ་བྱུང་བའི་རྩོམ་རིག་སྒྱུ་རྩལ་ལ་རྒྱུས་ལོན་དང་།  དེ་དག་བོད་ལ་ངོ་སྤྲོད་བྱེད་འདོད་པ་དེ་ཡིན་ནོ། །

2014ལོའི་ཟླ11ཚེས19ཉིན།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།