གཡག་རྭ་ཆག

774

རྩོམ་པ་པོ།   ཅོ་ནེ་ཡུམ་ཚེ་རིང་།

 

ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དགུན་གཞུང་གི་མཚན་མོ་ཞིག་ལ། ང་འཇིག་རྟེན་འདི་རུ་སྐྱེས་པས། ངའི་ཨ་མར་མཚོན་ན་དེ་ནི་ནམ་ཡང་བཤད་མི་ཚར་བའི་གཏམ་རྒྱུད་ཅིག་རེད། དོན་དངོས་སུ་དེ་ནི་མའོ་ཀྲུའུ་ཞི་སྐུ་གཤེགས་པའི་ལོ་ཡིན་པ་ཤེས་པ་ལས་མོ་ལ་ཉིན་དེའི་ཟླ་ཚེས་གསལ་བོར་ངེས་མེད། དེའི་རྐྱེན་གྱིས་ལོ་འདི་ཤས་རིང་ས་གནས་གང་དུ་ཕྱིན་ཀྱང་རང་གི་སྐྱེས་སྐར་ཐོ་འགོད་བྱེད་དུས་ངའི་ཡིད་ལ་ཅི་ཡིན་མི་ཤེས་པའི་ཕངས་སེམས་རེ་སྐྱེས་ཡོང་། ཡིན་ནའང་ཨ་མས་ང་ལ་གནང་བའི་ཚེ་སྲོག་དང་བསྡུར་ན་ངའི་ཕངས་སེམས་དེ་ལ་བཤད་རིན་ཅི་ཡང་མི་འདུག རྗེས་སུ་ཨ་མའི་རྣམ་རྟོག་ལས་གཡག་རྭ་ཆག་ཅིག་དང་ངའི་དཔོག་དཀའ་བའི་འབྲེལ་བ་དེ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར། དེ་ནས་བཟུང་ངའི་མི་ཚེ་ཡང་རྟོག་པ་འཆར་ཡན་གྱི་རྩོམ་རིག་བརྩམས་ཆོས་ཤིག་དང་འདྲ་བར་ནང་དོན་ཕུན་སུམ་ཚོགས་ལ་གསང་བ་ལྐོག་གྱུར་ལྡན་པ་ཞིག་ཏུ་གྱུར།

དེ་ནི་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རེད། ངའི་ཨ་མ་ཆུང་དུས་ནས་ཕྱུགས་ལས་ལ་བྱང་ཆ་ཡོད་པས། ཀུང་ཧྲེ་ཡིས་ཆེད་དུ་རུ་ཁག་ག་གེ་མོའི་འོ་མ་འཇོ་མཁན་དུ་མངགས། དཀར་ནག་གོ་ལྡོག་པའི་ལོ་ཟླའི་ནང་མོ་ལ་མཚོན་ན་ལས་ཀ་དེ་ཐོབ་པ་ནི་བླ་མ་དཀོན་མཆོག་གིས་གནང་བ་ལྟ་བུར་གྱུར་པས། མོས་འབྲི་དང་མཛོ་མོའི་ལུས་ནས་མར་མཐེ་བོང་ཙམ་དང་འོ་མ་ཐིགས་པ་གཅིག་ཡིན་རུང་ཆུད་ཟོས་སུ་མ་བཏང་བར་མངོན་ལྐོག་་གཉིས་ནས་ལྟོགས་སྐོམ་ཆེ་བའི་མི་རྣམས་ལ་རོགས་རམ་བྱས། དུས་ད་ལྟ་ཡང་རུ་ཁག་གཡས་གཡོན་གྱི་རྒན་གཞོན་ཚོས་གནས་ཚུལ་དེ་ཡང་ཡང་གླེང་གིན་ཡོད། འུ་ཅག་བོད་ཀྱི་ཁ་དཔེ་ལ་རྒྱལ་བོའི་རྒྱལ་ས་མ་བདེ་ན་སྤྲང་བོའི་ཉལ་ས་མི་བདེ་ཟེར། མའོ་ཀྲུའུ་ཞི་སྐུ་གཤེགས་པའི་ལོ་དེ་ནི་ངའི་སྐྱེས་ལོ་ཡིན་ལ་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཀྱང་ཡིན་པས། ཀ་ཁ་མི་ཤེས་པའི་རྫི་བོ་ཞིག་གམ་ཡང་ན་སྲིད་གཞུང་གི་ལས་བྱེད་པ་ཞིག་ཡིན་རུང་། མི་རྣམས་ཀྱི་སེམས་ཁམས་ནི་ལོ་རྒྱུས་ཀྱི་དོན་ཆེན་དང་བསྟུན་ནས་འུར་ཟིང་དུ་གྱུར་ཡོད། ལོ་དེའི་དགུན་ཁར་ཕྱུགས་ར་ནས་ཨ་མའི་ལས་རོགས་ཚོས་བྱ་བ་ཕྲན་ཚེགས་རེ་ལ་ཁ་གཡར་ནས་ཕྱོགས་ཕྱོགས་སུ་ཆས་པས་རུ་ཁག་གསུམ་པའི་ཕྱུགས་ལས་ཚང་མ་མོའི་མགོ་ལ་ལྷུང་།

ངའི་ཨ་ཕ་ནི་ཀུང་ཧྲེའི་སྨན་པ་ཡིན་ལ་ལོ་ཧྲིལ་བོར་ཨ་མཆོད་བཞིན་དུ་ཕྱུགས་ར་འགྲིམ་དགོས་པས། ཨ་མའི་ཚིག་གཡར་ནས་བཤད་ན་ཁོ་ནི་འཇིག་རྟེན་འདིར་ཆེས་ཁོམ་ལོང་མེད་པའི་མི་ཞིག་རེད། སྐབས་རེར་ང་ཚོས་མཉམ་འཇོག་བྱེད་འོས་པ་ཞིག་ནི་མི་ཆེན་དཔོན་ཆེན་རེ་འཇིག་རྟེན་འདི་དང་འབྲལ་དུས་རང་བྱུང་ཁམས་ནི་སྨྲ་ཤེས་དོན་གོ་བའི་མི་ཞིག་དང་འདྲ་བར་ཅི་ཡིན་གྱི་རྣམ་འགྱུར་རེ་སྟོན་བཞིན་ཡོད། ཕྱི་ཚུལ་དུ་དེ་ནི་འགྲེལ་མི་ཐུབ་པའི་གསང་བ་ལྐོག་གྱུར་ཞིག་ཏུ་སྣང་རུང་ཆོས་དད་ཀྱི་མི་རིགས་ཤིག་ལ་མཚོན་ན་གོ་སླ་བའི་གནས་ལུགས་ཤིག་རེད། ཟླ་བ་གཅིག་གི་རིང་མུ་མཐུད་དུ་གྲང་རླུང་གཡུགས་ཤིང་ཁ་བ་མཚམས་མེད་དུ་བབས་པས་ལྷས་རའི་ནང་གི་གནག་ཕྱུགས་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན། ཨ་མ་ཆུང་དུས་ནས་གནག་ཕྱུགས་ལ་འདྲིས་ཆེ་བས་ལྷས་འདབས་ཀྱི་གོད་རོ་ས་འོག་ཏུ་འཇུག་པ་ནི་རང་གི་གཉེན་ཚན་ཞིག་དུར་འཇུག་བྱེད་པ་དང་མཚུངས།

མོས་མིག་ཆུ་འབྱིན་བཞིན་དྲིན་ཆེན་དུད་འགྲོ་འདི་དག་སྐྱེ་བ་ཕྱི་མར་མི་ལུས་འཐོབ་པར་སྨོན་ལམ་ཡང་ཡང་བཏབ། གྲང་རླུང་འུར་འུར་དུ་གཡུགས་པ་དང་ཁ་བ་ད་དུང་མུ་མཐུད་དུ་འབབ་ཀྱིན་ཡོད། ཉམ་ཐག་ཁེར་རྐྱང་གི་འཇིག་རྟེན་འདི་ལ་དྲོད་སྐྱིད་དང་གསོན་ཤུགས་ཅི་ཡང་མི་འདུག ཨ་མའི་རེ་ལྟོས་ཉག་གཅིག་པོ་ནི་སྦྲ་ནང་གི་ཆེ་ཆུང་ཁུ་ཚུར་ཙམ་ལས་མེད་པའི་བུ་ཆུང་ང་རེད། འཚོ་བཅུད་མ་འདང་བས་ཉིན་ཤས་རིང་ཨ་མ་མགོ་ཡོམ་འཁོར་ལ་དབུགས་འཚངས། དེ་ནས་བཟུང་ཨ་མའི་དྭངས་གསལ་གྱི་ལུས་པོ་ཆུ་མགོ་བསྙོགས་པ་ལྟར་གྱུར་ནས་རྗེས་སུ་དྲག་སྐྱེད་མི་འོང་བའི་སྙུན་གཞི་མང་བོ་ཐེབས། འདས་དོན་འདི་འཇིགས་ཡེར་བའི་རྨི་ལམ་ཞིག་ཡིན་རུང་ཨ་མའི་ཐུགས་སུ་དགའ་འོས་པའི་དོན་བཟང་ཞིག་ཡིན་པས། མོས་དུས་ད་ལྟའང་རྒྱུན་པར་གླེང་གིན་འདུག ཡིན་ནའང་ང་ལ་མཚོན་ན་དེ་དག་ནི་རང་ཉིད་ལ་གུ་ཡངས་གཏོང་མི་འོས་པའི་ཉེས་དམིགས་ཤིག་དང་འདྲ་བར་དུས་རྒྱུན་དུ་སེམས་གཏིང་ནས་འགྱོད་བཤགས་ཕུལ་པ་ཡིན།

མི་སུས་བཤད་ཀྱང་ལོ་དེ་ནི་རྒྱུན་ལྡན་མིན་པའི་ལོ་ཞིག་ཡིན་ཏེ་བ་ལང་རེ་གཉིས་དང་འབྲི་ཁ་རྒན་ཞིག་མ་གཏོགས་གནག་ཕྱུགས་ཚང་མར་གོད་ཁ་ཐེབས། དེ་བས་ཨ་མས་རྗེས་སུ་ཐེངས་གང་མང་ལ་ཁྱོད་ཀྱི་ཚེ་སྲོག་ནི་གཡང་ཟོག་མང་བོའི་ལུས་སྲོག་ལ་བརྗེས་པ་ཡིན་པས་རང་ཉིད་འཇིག་རྟེན་དུ་འཚོ་བ་དོན་སྙིང་ཡོད་དགོས་ཞེས་གདམས་ངག་ཡང་ཡང་གནང་མྱོང་། ཡ་མཚན་ཞིག་ནི་ཕྱི་ལོའི་དཔྱིད་མགོའི་མེ་ཏོག་བཞད་དུས་འབྲི་རྒན་དེས་ཕོ་བེའུ་སྙིང་རྗེ་བོ་ཞིག་བཙས། བྱ་བའི་སྔ་གཞུག་དང་བྱུང་རིམ་གང་གི་ཆ་ནས་བལྟས་ཀྱང་དེ་ནི་རྟེན་འབྲེལ་བཟང་བོ་ཞིག་ཏུ་གྲུབ་པས། ཕྱིས་སུ་ཕྱུགས་ཟོག་སྒེར་ལ་དབང་དུས་ཨ་མས་བསམ་གཟས་ནས་རུ་སྡེའི་རྩ་འཛུགས་ལ་ཡར་ཞུ་བྱས་ཏེ་འབྲི་ཐུལ་མ་ཞིག་གི་ཚབ་ཏུ་ཕོ་བེའུ་ཆུང་ཆུང་དེ་ངེད་ཚང་ལ་བགོ་ཐབས་བྱས། ངའི་ཨ་ཕྱི་ནི་སེམས་བཟང་ཡང་ཁ་ཧ་ཅང་བཙན་པས་ཨ་མའི་རང་འདོད་ལ་གཤེ་གཤེ་དང་མི་འཐད་པའི་རྣམ་འགྱུར་མང་བོ་བསྟན་མྱོང་སྐད།

ངའི་ཨ་མ་ནི་གཞུང་དྲང་ཞིང་བློ་རིག་གསལ་བ། ལ་རྒྱ་ཆེ་ཞིང་བརྩོན་འགྲུས་ལྡན་པའི་མི་ཞིག་ཡིན་པས། མོའི་རྒྱུད་ན་བོད་རིགས་བུད་མེད་ཀྱི་ཡ་རབས་གཤིས་རྒྱུད་ཚང་མ་འཛོམས་ཡོད། ལྷག་པར་མོས་བླ་མ་དཀོན་མཆོག་ལ་བཅངས་པའི་དད་པ་བརྟན་པོ་དེ་ལ་མི་སུ་ཡིན་རུང་ཡི་རང་མི་བྱེད་མཁན་གཅིག་ཀྱང་མེད། ཨ་མས་ངས་དུས་ནམ་ཞིག་ལ་རབ་བྱུང་བསྒྲུབ་ཐུབ་ན་བེའུ་ཆུང་དེ་ངེད་ཚང་གི་ལྷ་གཡག་ལ་བཀུར་ནས་ཚེ་ཐར་གཏོང་རྒྱུ་ཡིན་ཟེར། རྗེས་སུ་ང་ལོ་ཚོད་ཇེ་ཆེར་ཕྱིན་པ་དང་བསྟུན་ཨ་མའི་འདུན་པ་དེ་ཡང་ཁ་ཚ་དགོས་གཏུགས་སུ་གྱུར་པས་མོས་ཇི་ལྟར་དེའི་ཆེད་དུ་འབད་བརྩོན་བྱས་པ་ངའི་ཡིད་ན་གསལ་བོར་ཡོད། ང་ལོ་ན་བདུན་ལ་སོན་པའི་སྐབས། ཉིན་ཞིག་ང་དང་ཕུ་བོ་གཉིས་ཀ་ཕྱུགས་རྫིར་སོང་། དེ་ནི་མེ་ཏོག་སྣ་ཚོགས་བཞད་པའི་དབྱར་དུས་ཤིག་ཡིན་ཏེ། ངེད་གཉིས་ཀྱིས་གནག་ཕྱུགས་ལ་བཙས་སེར་བོ་ཐང་ཞེས་པའི་རྩྭ་ཆུ་བཟང་ས་ཞིག་ལ་དེད།

གོ་ཐོས་སུ་དེ་ནི་བན་བོན་གཉིས་ཀྱི་གཞི་བདག་གི་གནས་རི་ཡིན་པས་གནས་གཉན་ས་ཞིག་ཡིན་ཟེར། ཡིན་ནའང་ངེད་གཉིས་ནི་བྱིས་པ་བསམ་མེད་ཡིན་པས་བན་བོན་གྱི་གཞི་བདག་ཚོས་ཅི་ཞིག་རྩོད་བཞིན་པ་མི་ཤེས་ལ་ཤེས་ཀྱང་ཞེ་མི་འཁོར། ཕྱི་དྲོ་གནག་ཕྱུགས་ཕྱིར་ལྷས་འདབས་སུ་སྐོར་བཞིན་པའི་སྐབས། ཕུ་བོས་འུར་རྡོ་ཞིག་འཕངས་ཏེ་མ་བསམ་ས་ནས་གཡག་གསར་ཞིག་གི་རྭ་རྩེ་བཅག དེ་མ་ཐག་གནམ་རྒན་མ་ལ་ཅི་ཞིག་གི་ཕོག་ཐུག་བཏང་བ་ལྟར་གློ་བར་དུ་ཐུགས་ཁྲོས་ཏེ་རླུང་འཚུབ་གཡུགས་ལ་སྤྲིན་ནག་ཐོར་བུ་ཞིག་ངེད་ཚང་གི་སྦྲ་མགོ་ནས་འདུ་ལོང་བརྒྱབ་བྱུང་། སྐད་ཅིག་ཙམ་ལ། རི་ཀླུང་འགུལ་བའི་ཐོག་སྐད་ཅིག་དང་བཅས་ལྷས་འདབས་ཀྱི་དར་ལྕོག་དེ་དུ་བ་སྔོ་ལིང་ངེར་ཚིག་སོང་།

སྐབས་དེར་ང་ལ་བཀྲ་མི་ཤིས་པའི་རྣམ་རྟོག་ཅིག་སྐྱེས་རུང་དེ་མ་ཐག་སེམས་ལ་དབྱར་དྲུག་པའི་རྩྭ་ཐང་གི་གནམ་གཤིས་ནི་བྱིས་པའི་ངོ་དང་འདྲ་བས་དེ་ལ་གཏད་སོ་ཅི་ཡོད་སྙམ་བྱུང་། ཡང་གཅིག་བཤད་ན་། འབྲོག་ས་ནས་ཕྱུགས་ཀྱི་རྭ་ཁ་བཅག་པ་ནི་རོང་ས་ནས་རྨོན་དོར་གྱི་གཉའ་ཤིང་ལྷུང་བ་ལྟར་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས། ངེད་ཕུ་ནུ་གཉིས་ཀྱིས་ཅི་མི་སྙམ་པར་ཉིན་གཅིག་གི་ལྟོགས་སྐོམ་དང་འཁང་ར་འཁྱེར་ནས་ཕྱིར་ཁྱིམ་དུ་བསླེབས། ཨ་མས་དེ་ནི་ལྷ་གཡག་ཡིན་པ་ཤེས་མ་ཐག གློ་བར་དུ་ཁ་ནས་ཡང་ཡང་དུ་ཐོད་སྐམ་དང་ཐོད་སྐམ་ཟེར་བཞིན་སྦྲའི་ཁ་འཚུབ་བར་ནས་རྒྱུན་ཐག་ཅིག་གྲོལ་ཏེ་ཕུ་བོའི་མགོ་ལུས་ལ་བྲབས་བྱུང་། དེ་ནས་བཟུང་ཨ་མའི་རེ་ཆད་དང་སྐྱོ་སྣང་གི་ཞལ་ངོ་དེ་རིག་དུས་ང་ཚོས་ཇི་ལྟར་སེམས་གསོ་བྱེད་དགོས་པ་ཡང་མི་ཤེས། རྗེས་སུ་གཡག་ཚེ་ཐར་ལ་མ་བཏང་གོང་རྭ་ཁ་ཤོར་པ་ཀུན་གྱིས་གོ་བས་རུ་སྡེ་གོང་འོག་ན་ངེད་ཚང་གི་གཡག་རྭ་ཆག་མི་ཤེས་མཁན་ཉུང་ཤས་ཡིན།

ཡིན་ནའང་ཨ་མ་ལ་མཚོན་ན་མོས་ང་ལ་བཅངས་པའི་རེ་བ་དང་སྨོན་འདུན་ལ་བར་ཆད་ཚབས་ཆེན་བྱུང་བས་དེ་ནི་མོའི་སེམས་ནང་གི་སོས་དཀའ་བའི་རྨ་ཁ་ཞིག་ལོས་ཡིན། དུས་རྒྱུན་བརྗེད་དཀའ་བའི་འདས་དོན་དེ་ལ་ཕྱིར་དྲན་རེ་དང་བསམ་གཞིག་བྱེད་ཐེངས་རེར་ངའི་ཡིད་ལ་ཅི་ཡིན་མི་ཤེས་པའི་ཕངས་སེམས་དང་ནོངས་འགྱོད་རེ་སྐྱེས་ཡོང་། བྱ་བ་བཟང་ངན་ཅི་ཞིག་ལ་ཕྲད་ཀྱང་གཡག་རྭ་ཆག་ངའི་སེམས་ཀྱི་ཁུར་བོ་ཞིག་ཏུ་གྱུར་ནས། གཡག་རྭ་ཆག་དང་ངེད་གཉིས་ཀྱི་རབ་རིབ་དང་དཔོག་དཀའ་བའི་འབྲེལ་བ་ལ་ངས་མཐོང་ཆུང་གཏན་ནས་བྱེད་མི་ཕོད། ཡིན་ནའང་མིའི་ལས་དབང་ཟེར་བ་ནི་རང་གི་འདོད་བློ་ལྟར་འཕེལ་བ་ཞིག་གཏན་ནས་མིན་ཏེ། རྗེས་སུ་ཕུ་བོ་རང་མོས་ལྟར་ཆོས་འཁོར་གླིང་ལ་ཕྱིན་ནས་རབ་ཏུ་བྱུང་ལ་ང་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་སློབ་མ་ཞིག་ཏུ་གྱུར།

མི་ཚེ་འདིར་ངའི་རབ་བྱུང་གི་བསྐལ་བ་ཟད་ཅིང་ཨ་མའི་རེ་འདོད་ལྟར་གཡག་རྭ་ཆག་ཀྱང་ལྷ་གཡག་ཏུ་བཀུར་ནས་ཚེ་ཐར་དུ་གཏོང་མ་ཐུབ། ཡིན་ནའང་ཨ་མའི་བག་ཆགས་དང་ཤུགས་རྐྱེན་ལས་གཡག་རྭ་ཆག་དང་ངེད་གཉིས་ཀྱི་རྒྱུན་ལྡན་མ་ཡིན་པའི་འབྲེལ་བ་ནི་བཟའ་མི་ཚང་མས་ཁ་ནས་མ་བཤད་ཀྱང་ཁོག་ན་གསལ་བོར་ངེས་ཡོད་པས། གཡག་རྭ་ཆག་གི་སྤུ་ནག་གཅིག་ཡིན་རུང་ཚང་མས་གཟབ་གཟབ་དང་སེམས་ཁུར་བྱེད་ངེས། ཐེངས་ཤིག་སློབ་གསེང་སྐབས་སུ་ང་ཕྱུགས་རྫིར་སོང་། སྐབས་དེར་ཡུལ་ཕྱོགས་འདིར་རྐུན་ཇག་ཧ་ཅང་རྒོད་པས་ཨ་མས་ང་ལ་གཡག་རྭ་ཆག་ཐང་གི་སྟོད་སྨད་དང་ལུང་བའི་ཉིན་སྲིབ་གང་ན་ཡོད་ཀྱང་རྔ་མ་བཞིན་དུ་རྗེས་འདེད་བྱེད་དགོས་ཞེས་བཅོལ་གདམས་ཡང་ནས་ཡང་དུ་གནང་། དེ་བས་ང་ལའང་ཐག་ཉེ་ས་ནས་རང་གི་མི་ཚེའི་དར་རྒུད་དང་འབྲེལ་བ་དམ་པོ་ཡོད་པའི་གཡག་རྭ་ཆག་ལ་ལྟ་ཞིབ་ཐེངས་ཤིག་བྱེད་པའི་གོ་སྐབས་བྱུང་།

ནོར་གྱི་གྲས་སུ་གཡག་རྭ་ཆག་ནི་གོམ་ལག་དལ་ལ་ལུས་སྟོབས་ཆུང་རུང་སྟག་ཤར་ཞིག་དང་འདྲ་བས། ལུས་ཀྱི་འགུལ་སྐྱོད་རེ་རེའི་ནང་དུ་སྤོབས་པ་དང་ངར་ཤུགས་ཀྱིས་ཁེངས་འདུག སྐབས་རེར་རྔ་གཟེངས་བྱས་ནས་མཆོང་རྒྱུག་བྱེད་དུས་འཇིག་རྟེན་འདི་ཁོའི་མིག་ལ་ཡེ་ནས་ཐོགས་ཀྱིན་མེད་པ་འདྲ། མགོ་བོ་སྒུར་ནས་རྩྭ་ཆུ་ལ་རོལ་དུས་མིག་འབྲས་གཉིས་དཀར་ལམ་ལམ་དུ་འཁོར་བས་རྣམ་རིག་གསལ་ཞིང་རྫི་གསང་དོད་པོ་འདུག  སྐབས་རེར་མགོ་དགྱེ་ནས་ཡུན་རིང་འདུག་ཅིང་། མཆི་མ་ཉིལ་ལེར་འདུག་པའི་མིག་ཟུང་དུ་རེ་སྒུག་དང་འཚུབ་ཆ། ཡི་མུག་གིས་ཁེངས་འདུག  སྐབས་རེར་རྭ་རྩེ་ས་ལ་ཡང་ཡང་བརྡབས་ནས་མགོ་གཡུག་གཡུག་བྱེད་པར་བལྟས་ན་ཡིད་ཀྱི་གདུང་བ་ཞི་ཐབས་བྱེད་པ་དང་འདྲ་བས། ངའི་ཡིད་ལ་ཅི་ཡིན་མི་ཤེས་པའི་ན་ཟུག་རེ་སྐྱེས་ཡོང་། བསམ་ཡིད་ལས་འདས་པ་ཞིག་ལ་ཉིན་གུང་སྡོང་བོ་ཞིག་གི་གྲིབ་འོག་ནས་ང་དུས་ཡུན་སྐར་མ་འགར་གཉིད་ལ་ཤོར་པས།

གཡག་རྭ་ཆག་གཙོ་བྱས་པའི་གནག་ཕྱུགས་བཅུ་གཉིས་རྐུན་མས་དེད་སོང་། ཉིན་དེའི་ཕྱི་དྲོ་ནས་དགོང་མོའི་བར་ངས་རི་ལུང་མང་བོ་བརྒལ་ནས་བཙལ་ཀྱང་ཐ་ན་སུག་རྗེས་ཙམ་ཡང་མ་རྙེད། ཕྱིར་ཁྱིམ་དུ་ལོག་དུས་ཨ་མས་འདི་ནི་ཁྱོད་ཀྱི་ལས་དབང་ཡིན་པས་སུ་ཞིག་ལའང་ལེ་བདའ་བྱེད་རྒྱུ་མེད་ཟེར། དོན་དངོས་སུ་ངས་ཨ་མའི་ཁ་རྡུང་ལ་གྲ་སྒྲིག་བྱས་ནས་ཡོང་བ་ཡིན་ནའང་། མོའི་བྱམས་བརྩེ་ཆེ་བའི་གསུང་སྒྲོས་ལ་ཤུགས་བསྟན་ཟབ་མོ་ཡོད་ཀྱང་ང་ཞག་གང་བོར་སེམས་འགུལ་ཆེན་པོ་ཐེབས། བསམ་ཡིད་ལས་འདས་པ་ཞིག་ནི་ཞག་མ་གསུམ་གྱི་རྗེས་སུ་གཡག་རྭ་ཆག་གིས་ཐག་པ་འདོམ་གང་དྲུད་ནས་ངེད་ཚང་གི་ལྷས་འདབས་སུ་ཕྱིར་བསླེབས། རྒྱང་རིང་ནས་མཆུ་ཡར་བཀྱགས་ཏེ་སྦྲའི་ཕྱོགས་སུ་ངུར་བྱུང་བས། སྐད་ཅིག་དེ་ཉིད་ལ་ཡུན་རིང་ཁ་བྲལ་བའི་གཉེན་ཚན་ཞིག་བསླེབས་པ་ལྟར་ང་ལ་སེམས་གཏིང་ནས་ཞེན་སྣང་དང་ཡིད་སྐྱོ་བའི་འདུ་ཤེས་ཤིག་སྐྱེས་ཤིང་། སེམས་ལ་རང་ཉིད་དང་གཡག་རྭ་ཆག་གཉིས་ཚེ་སྲོག་གཅིག་ལུས་རྟེན་མི་འདྲ་བ་གཉིས་སུ་སྐྱེ་བ་བླངས་བ་དང་འདྲ་བས་། ང་ནི་གཡག་རྭ་ཆག་ཡིན་ལ། གཡག་རྭ་ཆག་ནི་ང་རང་ལོས་ཡིན་སྙམ་པའི་བསམ་པ་ཞིག་ཀྱང་འདུག

གཞེས་ནིང་ལོའི་ཟླ་བ་བདུན་པར་ངའི་མི་ལོ་བཞི་ཡི་སློབ་ཆེན་གྱི་འཚོ་བ་མཇུག་རྫོགས། ལོ་བཞིའི་རིང་གི་ཟས་གོས་དང་སློབ་ཡོན་ཚང་མ་ཕལ་ཆེར་མི་དམངས་ཤོག་སྒོར་ཉིས་ཁྲི་ལ་ཟིན་པས་དྲིན་ཆེན་ཕ་མ་གཉིས་ལ་འོ་བརྒྱལ་ཆེན་པོ་བཟོས་སོང་། སློབ་མཐར་ཕྱིན་ལ་ཉེ་བའི་སྐབས། ཉིན་ཞིག་སློབ་གྲྭའི་ནོར་སྲིད་དོ་དམ་ཁང་ནས་ངེད་བོད་ཡིག་ཚན་ཁག་བརྒྱུད་དེ་ང་ལ་བརྡ་ཐོ་ཞིག་བསྐུར་ཡོད། བརྡ་ཐོ་རུ་མི་དམངས་ཤོག་སྒོར་སུམ་སྟོང་གི་སློབ་ཡོན་ཆད་ལུས་སུ་ཡོད་པས་ཐུང་མྱུར་དུ་རྩིས་སྤྲོད་བྱ་དགོས། གལ་སྲིད་དུས་ལྟར་མ་འཕྲོད་ན་མཐར་ཕྱིན་དཔང་རྟགས་མི་སྟེར་ཞེས་བྲིས་ཡོད་པས། ངས་མི་ལོ་བཞི་ཡི་ནང་ཐེངས་དང་བོར་ཕ་ཡུལ་ལ་གློག་འཕྲིན་བཏང་། ངོ་མ་བཤད་ན་འདི་ནི་དབྱར་གཞུང་ཡིན་པས་ཨ་ཕའི་སྒོར་ཁུག་ནང་ན་སྒོར་མོ་ཡོད་མེད་ལ་ཐེ་ཚོམ་ཆེན་པོ་འདུག

ཡིན་ནའང་ཉིན་གསུམ་གྱི་ནང་ཨ་ཕས་ང་ལ་སྒོར་མོ་བསྐུར་ཡོང་བས་ངའི་ཐེ་ཚོམ་ནི་དགོས་མེད་ཀྱི་སེམས་ཁུར་ཞིག་ཏུ་གྱུར། གཙོ་བོ་སྒོར་མོ་དང་ལྷན་དུ་ཡི་གེ་ཞིག་བསྐུར་ཡོད་པས་དེས་ངའི་སེམས་པ་སྐྱོ་ལྷང་ལྷང་དུ་གྱུར། ཡི་གེའི་ནང་དུ་ཉེ་ཆར་གཡག་རྭ་ཆག་གྲོག་རོང་ལ་ལྷུང་ནས་ཤི་སོང་། ཁ་ཆེའི་ཚོང་བ་ཞིག་གིས་ཤ་རུས་ཚང་མ་སྡེབ་ཉོ་བྱས་པས་གཞན་ལག་ནས་སྒོར་མོ་བསྐྱི་མ་དགོས་ཞེས་བྲིས་ཡོད། གལ་སྲིད་འདིའི་ཡན་ཆད་དུ་བཤད་པའི་གཡག་རྭ་ཆག་གི་སྐོར་མང་ཆེ་བ་ངའི་འཆར་སྒོ་ཡིན་པས་ན། ད་ལྟ་ངས་མངོན་སུམ་གྱི་བྱུང་བ་འདི་ལ་གཏིང་ཟབ་ཀྱི་བསམ་གཞིག་ཅིག་མི་གཏོང་ཐབས་མེད་དུ་གྱུར། འདི་ནི་ངོ་མཚར་བའི་གཏམ་རྒྱུད་ཅིག་རེད་ཅེ་ན། ང་ཚོས་གང་ས་གང་ནས་གོ་ཐུབ་ལ་མཐོང་ཐུབ་པས། ངོ་མཚར་བ་ཡང་ཧ་ཅང་རྒྱུན་ལྡན་ཞིག་ཏུ་འགྱུར་ངེས། ཡིན་ནའང་། རྒྱུན་ལྡན་གྱི་བྱ་དངོས་མང་བོ་ཞིག་གི་བར་གསེང་ནས་ཅི་ཡིན་མི་ཤེས་པའི་སྟོབས་ཤུགས་ཤིག་གིས་ང་ཚོའི་བསམ་གཞིག་དང་ངེས་ཤེས་ལ་ཤན་ཤུགས་ཆེན་པོ་འདོན་བཞིན་ཡོད། ད་ཕྱིན་གཡག་རྭ་ཆག་གིས་གཏིང་ཟབ་པའི་གནས་ལུགས་དང་གསང་བ་མང་བོ་ཞིག་བསྐྱུར་ནས་བུད་སོང་། ངའི་མཚར་སྣང་ནི་ད་དུང་དེ་དག་གི་བསམ་ཡུལ་ལས་འདས་པའི་བྱུང་རིམ་ན་ལུས་ཡོད་ཀྱང་། མི་ཚེ་ཧྲིལ་བོར་ང་ལ་ཐེབས་པའི་ཤན་ཤུགས་དང་བསྡུར་ན། དེ་དག་གི་བྱུང་རིམ་དང་མཇུག་འབྲས་ནི་ང་ནར་སོན་པའི་ཐབས་ལམ་ཞིག་རེད། ངའི་ངང་ཐུང་དང་ཨུ་ཚུགས། ཐོད་བརྒལ་གྱི་མི་ཚེའི་གཏན་ཚིགས་རེ་རེའི་ནང་དུ་ཁ་གསལ་གོ་བདེ་དང་ཡང་ན་གསང་བ་ལྐོག་གྱུར་གྱི་ཐེ་ཚོམ་མང་བོ་ཞིག་འདུས་ཡོད་པས། དེ་དག་གཡག་རྭ་ཆག་གིས་འཇིག་རྟེན་གཞན་ཞིག་ཏུ་འཁྱེར་ཐུབ་ལ་ཁྱེར་ཟིན་ཀྱང་། ངའི་དྲི་བ་མང་བོ་ཞིག་ད་དུང་གཡག་རྭ་ཆག་གི་རྭ་ཁ་ན་ལུས་ཡོད།

བྱ་བའི་དགོས་མཁོའི་དབང་གིས་མི་ལོ་གཉིས་ལྷག་རིང་ང་ཕ་ཡུལ་དུ་འགྲོ་མ་ཐུབ། གོ་ཐོས་སུ་དགོན་པ་ག་གེ་མོའི་སྐོར་ལམ་མཐའི་མ་ཎི་ཁང་ཞིག་གི་ནང་ན་གཡག་རྭ་ཆག་གི་རུས་ཀེང་ཆ་ཚང་ལ་མ་ཎི་ཡིག་དྲུག་བྲིས་ནས་བཀལ་ཡོད་ཟེར། སྐོར་ལམ་ནང་གི་མཇལ་བ་རྣམས་ལ་མཚོན་ན་དེ་ནི་ཀེང་རུས་ཁྲི་སྟོང་མང་བོའི་ནང་གི་གཅིག་རེད། ཡིན་ནའང་ང་ལ་མཚོན་ན་དེ་ཅི་ཞིག་རེད། གལ་སྲིད་འཇིག་རྟེན་འདི་རུ་དུད་འགྲོ་ཞིག་གི་སྐྱེ་བ་བླངས་པ་ནི་སུ་ཞིག་གིས་བཀོད་སྒྲིག་བྱས་པ་ཡིན་ན། གཡག་རྭ་ཆག་གིས་རང་གི་ལས་འགན་གྲུབ་ཟིན། ཡིན་ནའང་གཡག་རྭ་ཆག་གིས་ངའི་མི་ཚེ་ལ་ཐེབས་པའི་བཟང་ངན་གཉིས་ཐད་ཀྱི་ཤུགས་རྐྱེན་དང་དཔོག་དཀའ་བའི་གསང་བ་འདི་ནི་སུ་ཞིག་གིས་བཀོད་སྒྲིག་བྱས་སམ། །

 

༢༠༠༢ ལོའི་ཟླ་༧ པའི་ཚེས་ ༡༠ ཉིན།

 

 

རྩོམ་འདི་འབར་ཞུན་འཕྲུལ་དེབ་རྩོམ་སྒྲིག་པར་ཆོག་མཆན་ཞུས་ཏེ་འདིར་བཀོད་པ་ཞིག་ཡིན།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།