འབྲོག་ཁྱི་ཞིག་གི་གཏམ་རྒྱུད།

562

རྩོམ་པ་པོ། ཁྱུང་བཟང་།

 

ཁྱོད་ཀྱིས་རང་ཉིད་སྐྱེ་སའི་གྲུ་ག་དེ་རང་ཉིད་འཆི་སའི་གྲུ་ག་ཡིན་པར་གཏན་ནས་བསམས་མ་མྱོང་ལ། དེ་ལྟར་སེམས་ཀྱང་མི་སྲིད། ཁྱོད་ཀྱི་མགུལ་དུ་རྣོ་ལྕགས་ཀྱི་ཨ་ལོང་བསྐོན་ཅིང་ཡང་ལོང་ལ་བརྒྱུས་པའི་ལྕགས་ཐག་ཕུར་མགོར་ཐོག་མར་འདོགས་དུས། ཁྱོད་ད་རུང་ཁྱི་གུ་ཆུང་ཆུང་ཞིག་ཡིན་མོད། ཁྱོད་ཀྱིས་རང་ཉིད་ལག་ཆགས་སོང་སྙམ། རྔམ་རྫིག་གི་མཆེ་སྡེར་གཡོ་བའི་སྦྲ་འདབས་ཀྱི་ཁྱི་རྒན་གཞན་རྣམས་དང་འདྲ་བར། སྤྲིན་དཀར་གྱི་གཟི་བྱིན་འཕྲོག་པའི་ལུག་ཁྱུ་དང་། མཐོ་རུ་བརྩིགས་པའི་སྦྲ་ནང་གི་དོ་ཆས་སོགས་ཡོད་ཚད་རང་ཉིད་ལ་དབང་སོང་སྙམ།

ཁྱོད་ལ་ཁྱིམ་བདག་མའི་གཅེས་སྐྱོང་ཐོབ་པའི་ཉིན་དེ་ནས། ཁྱོད་ཀྱིས་ཟས་ལྷག་གིས་བརྒྱགས་པའི་ང་རྒྱལ་གྱིས་བར་སྣང་གི་སྐར་ཚོགས་དགྲ་རུ་བཟུང་ཞིང་། གོམ་གང་གི་འཐབ་ར་ཟད་རེག་བར་དུ་མཆོངས་འཐེན་བྱས། དེར་མ་ཟད་ད་དུང་རང་ཉིད་ཀྱི་ལུག་ཁྱུར་བརྒྱུགས་པའི་རི་སྤྱང་དང་ཁྱི་ལྡོམ་འགའི་གཡུལ་ངོར་ཆས་ཏེ་རྒྱལ་ཁ་བླངས་པའང་མི་ཉུང་ལ་ཕམ་ཁ་ཉོས་པའང་ཐེངས་གཅིག་མིན་མོད། ཡོད་ཚད་རང་ཉིད་དམ་རང་ཚང་གི་ཆེད་ཡིན་པས་ཁྱོད་ལ་དགའ་སྐྱོའི་ཉམས་ཆེར་མེད་པར། ནམ་རྒྱུན་ལྟར་ལམ་ཐག་རིང་ཐུང་ཀུན་ཏུ་བརྒྱུགས་ཤིང་མཆོངས།

སྦྲ་ནག་གམ་ལུག་ཁྱུའི་ཆེད་དུ། སྤྲིན་དཀར་བྱ་ཚོགས་བཞིན་ལྷོ་རུ་འཕུར་ཞིང་། མེ་ཏོག་སྐར་ཚོགས་བཞིན་ཁྲ་ལམ་མེར་བཞད་པའི་དབྱར་གཞུང་ཞིག་ལ། ཐད་ཀར་ཁྱོད་ཚང་གི་སྦྲ་སྒོ་སྙེག་ཡོང་བའི་རྟ་པ་ཞིག་ཕུར་ཚུགས་སུ་ལྟ་བའི་ཁྱོད་ཀྱི་མིག་ལམ་དུ་མངོན། དེ་མ་ཐག་ཁྱོད་རང་ངར་ལངས་ཏེ་འཐེན་ཐེངས་གཅིག་གིས་སྔར་ནས་ཟད་པོར་གྱུར་པའི་ལྕགས་ཐག་གི་ཨ་ལོང་གཏོར་ཅིང་མཆོང་ཐེངས་དུ་མས་རྟ་པའི་མདུན་དུ་སླེབས། ཁྱོད་ཀྱི་སེམས་ལ་ཕལ་ཆེར་རྟ་ཞོན་འདིས་ངའི་འཇིགས་ཟིལ་མ་བཟོད་པར་བྲོས་འགྲོ་བསམས་ཀྱང་མ་བསམས་ས་ནས་རྟ་པ་དེར་དོགས་སྣང་ཅི་ཡང་མེད་པར། རྒྱུན་བུའི་ཨ་ལོང་ལག་མགོར་གོན་ནས་གྲུ་བཞི་གླིང་བཞིར་ཡོད་པའི་མགོ་སྐོར་དེ་སྐོར་ཙམ་སྐོར་ཙམ་བྱེད།

ངོ་མ་ཁྱོད་ཀྱིས་དེ་ལྟར་བསམས་པར་ཡང་ཁག་མེད་དེ། ཁ་བ་སྟོན་མཇུག་གི་སྡོང་ལོ་བཞིན་ལེབ་མོ་ལེབ་མོར་འབབ་ལ། བུ་ཡུག་རི་སྤྱང་གི་འདུར་རྒྱུག་བཞིན་འཚུབ་ཅིང་རྒོད་པའི་དགུན་དཀྱིལ་ཞིག་ལ། ཁྱོད་ཀྱིས་ཤ་ཤེད་མེད་པའི་རྟ་རྒན་ལ་བཞོན་པའི་ཁྱད་ཆོས་མེད་པའི་སྐྱ་མི་ཞིག་དཀར་བོང་བོང་གི་ཁ་བའི་ནང་ནས་ཡར་བདའ་མར་བདའ་བྱས་མྱོང་བས་སོ།། ཡིན་ནའང་ཐེངས་འདིའི་ཞོན་མཁན་རོང་པ་མིན་ལ་ཐེངས་འདིའི་བཞོན་པ་རྟ་རྒན་མིན་པས་ཁྱོད་ཀྱི་བསམ་པ་ཐམས་ཅད་ལག་ཡོང་མེད་པའི་རྨི་ལམ་ཡིན།

སྐབས་དེར་ཁྱོད་ཀྱིས་རྟ་པའི་རྣམ་འགྱུར་རྫིག་པོ་མཐོང་ནས་ཞེ་སྡང་སྔར་ལས་ལྡབ་འགྱུར་གྱིས་ལངས་ཏེ་གཟས་ནས་རྟ་པའི་གདོང་ལ་མཆོང་རྩིས་བྱས་མོད། བསམ་དབང་དྲན་དབང་མེད་པར་རྟ་ཐོག་གི་གསར་རྒོད་ངོ་ནག་དེས་བྱང་ཆར་སོང་བའི་མགོ་སྐོར་སྐོར་ཐེངས་གཅིག་གིས་ཁྱོད་ཀྱི་མགོ་བོ་གཟེར་ལམ་མེར་བཏང་། ཁྱོད་རང་སླར་ཡང་མཆོང་རྩིས་བྱས་ཀྱང་སླར་ཡང་གཟེར་ལམ་མེར་བཏང་བས། ཁྱོད་ཀྱིས་སྡར་སྐད་ཡ་ང་བ་ཞིག་རྒྱག་བཞིན་ཕོན་པོར་སྐྱེས་པའི་སྤེན་ཕུང་ཞིག་གི་ལོགས་སུ་རྐང་བ་ཡ་གཅིག་ཡར་བཀྱགས་ཏེ་གཅིན་པ་བཏང་རྗེས། ཡིན་མདོག་གིས་སྐེ་ན་ལུས་པའི་ལྕགས་ཐག་ཆད་འཕྲོ་དྲུད་ནས་སྦྲ་འདབས་ལ་ཕྱིར་ལོག དུས་དེར་ད་གཟོད་ཁྱོད་ཀྱིས་རང་གི་གཉའ་ནའང་བཙན་པོ་ཡོད་པའི་ངེས་པ་ཐོག་མར་རྙེད་ཅིང་། དེ་ནི་ཁྱོད་ཀྱིས་ནམ་ཡང་བརྗེད་མི་ཐུབ་པའི་ཧོལ་རྒྱུག་ཐེངས་ཤིག་གམ་ཧོལ་རྒྱུག་ཐེངས་དེའི་མཇུག་འབྲས་ཡིན།

ཉིན་གཅིག ལོ་གཅིག ཟླ་གཅིག ཡང་སྐོར་བསྐྱར་སྐོར་གྱི་དུས་བཞིའི་འཁོར་འགྲོས་སམ་འབྲོག་པའི་རུ་འགེལ་བའི་གོ་རིམ་དེ་དག་གི་ཁྲོད་དུ། ཁྱོད་ཀྱིས་ཡོད་ཚད་རང་ཉིད་དམ་རང་ཚང་གི་ཡིན་སྙམ་པའི་རྨི་ལམ་སྐྱིད་པོ་རྨི་བཞིན། རང་ལ་ཡོད་མྱོང་བའི་ལུས་རྩལ་དང་ཟིལ་ཤུགས་ཉམས། སྐབས་དེར་ཁྱོད་ཟུག་པའང་ལྷད་ལྷོད་ཡིན་ལ། ཁྱོད་འགུལ་བ་ཡང་ལྷད་ལྷོད་ཡིན། ད་དུང་ཁྱོད་ཀྱིས་འཐུང་བ་ཡང་་་་་་

“ འུ་ཚང་གི་ཁྱི་རྒན་ཧོན་ལོག་འདུག དགུན་ས་ནས་བསྐྱུར་བ་ལས་ཐབས་མེད། དབྱར་སར་སླེབས་མི་སྲིད། གལ་ཏེ་སླེབས་ན་ཡང་་་་་ ”

ཁྱོད་ཀྱིས་སྐད་ཆ་དེ་དག་ཐོས་མེད། ཡོད་ཚད་ལམ་ལ་ཆས་སྐབས་ཁྱོད་ཀྱིས་རང་ཉིད་ཀྱང་ན་ནིང་ངམ་ཡང་ན་དེའི་ཡར་སྔོན་བཞིན་རང་ཚང་གི་ལུག་ཁྱུ་དང་བཟའ་ཚང་། ད་དུང་རང་ཉིད་དང་མཚུངས་ལ་རང་ཉིད་ལས་ཅུང་ཆེ་བའི་བེའུ་གང་མང་དང་འགྲོགས་ནས་དབྱར་སར་འགྲོ་བསམས། ཡིན་ནའང་ཁྱོད་ཧ་ཅང་འདྲིས་པའི་ཁྱིམ་བདག་མས་འོ་མར་རྩམ་པ་བཏབ་པའི་ལྟོ་ཞིག་མདུན་ལ་བཞག་རྗེས་སྐེ་ན་ཡོད་པའི་ལྕགས་ཐག་བཀྲོལ། དེ་ནི་མཐའ་མཇུག་གི་བཞེས་པ་ཡིན་པ་ཁྱོད་ཀྱིས་ག་ལ་ཤེས། ད་དུང་སྐེ་ནས་ལྕགས་ཐག་བཀྲོལ་བའང་རང་ཉིད་ལ་སྙིང་རྗེ་བསྒོམས་ནས་ལུས་པོ་ཇེ་ཡང་དུ་བཏང་བ་རེད་སྙམ།

ཁྱོད་ཀྱིས་ལྕགས་ཐག་སྔོན་ཆད་ཀྱི་ཁྱོད་དང་མཚུངས་པའི་འབྲོག་ཁྱི་ཆུང་ཆུང་ཞིག་གི་སྐེར་བསྐོན་ནས་རང་ཚང་གི་ཡོད་ཚད་ལམ་ལ་ཆས་ཟིན་མོད་ཁྱོད་ཀྱིས་ལྟོ་བལྡགས་ཏེ་དེ་ལ་མཉམ་མ་བཞག ཅི་ཞིག་གིས་བསླངས་པའི་དོགས་སྣང་གིས་མདུན་དུ་ལྟ་དུས་ད་གཟོད་རང་ཚང་གི་ཡོད་ཚད་བཞུད་འགྲོ་བ་ཚོར་ཞིང་། སྐབས་དེར་ཁྱོད་ལ་འཚུབ་ཆ་ཞིག་ལངས་ཏེ་གང་ནུས་ཅི་ལྕོགས་ཀྱིས་ལྕེ་སྣར་བཞིན་རང་ཚང་གི་ཡོད་ཚད་ཀྱི་རྗེས་བསྙེགས་མོད། རྗེས་ཆོད་སོང་སྙམ་པའི་དགའ་སྣང་གིས་རྔ་མ་གཡུག་དུས། མ་བསམ་པའི་རྡོག་ཐོ་དང་རྡོ་ལོག་ཆར་དུ་བབས། དུས་དེར་ཁྱོད་མུ་མཐུད་དུ་རྗེས་སྙེག་མ་ཕོད་པར་གཏིང་དུ་ལྷུང་བའི་མིག་ཟུང་གིས་སྐྱེལ་མ་བྱེད་བཞིན། རང་ཚང་གི་ཡོད་ཚད་ཕྱིར་ལོག་པའི་རེ་བ་བཅིངས།

ཡུན་རིང་ཞིག་འགོར་རྗེས་ཅི་ཞིག་བོར་བའམ་གང་ཞིག་བརྗེད་སོང་བ་བཞིན། ཁྱོད་རང་སླར་ཡང་རྒྱུག་མ་འདུར་གྱིས་ཐལ་སྐྱས་གང་བའི་མཚེར་ཤུལ་དུ་ལོག་ཅིང་། བཅུད་ཤོར་བའི་རུས་པ་འགའ་མུར་མུར་བྱས། ངོ་མ་ཁྱོད་ཀྱིས་རང་ཉིད་སྐྱེས་སའི་གྲུ་ག་དེ་ནམ་ཡང་རང་ཉིད་འཆི་སའི་གྲུ་ག་ཡིན་པར་བསམས་མ་མྱོང་ལ། དེ་ལྟར་སེམས་ཀྱང་མི་སྲིད་ཨང་།  སྦྲ་ནག་གི་ལས་དབང་ལ་འཐམ་པའི་འབྲོག་ཁྱི།

 

 

རྩོམ་འདི་འབར་ཞུན་འཕྲུལ་དེབ་ཀྱི་རྩོམ་སྒྲིག་པར་ཆོག་མཆན་ཞུས་ཏེ་འདིར་བཀོད་པ་ཞིག་ཡིན།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།