ང་ཚོས་ཨ་མདོའི་རྡུང་ལེན་གླེང་སྐབས་ཅི་ཞིག་གླེང་གིན་ཡོད།_ས་བུ་ཆེ།

12063


ཨ་མདོའི་རྡུང་ལེན་འདི་མཚན་ཉིད་ཀྱི་རྩོད་པ་ཞིག་ཏུ་འགྱུར་ཏེ་མི་ཚོས་ཚ་ཚ་འུར་འུར་ངང་རྩོད་གླེང་བྱེད་པ་འདི་ནི་རྣམ་པ་གསར་པ་ཞིག་རེད།  མ་མཐའ་ཡང་།  ང་རང་གིས་ཉིས་སྟོང་བཅུ་དྲུག་ལོར་ཨ་མདོའི་རྡུང་ལེན་སྐོར་གྱི་རྩོམ་དང་པོ་དེ་འབྲི་སྐབས།  མཚན་ཉིད་ཀྱི་རྩོད་པ་འདི་འདྲ་ཞིག་བྱུང་མི་འདུག་ལ།  ཅི་ཞིག་ལ་ཨ་མདོའི་རྡུང་ལེན་ཟེར་ཞེས་པའི་དྲི་བ་ཞིག་བྱུང་ཡོད་པ་མ་རེད།  ཡིན་ནའང་།  ལོ་གཅིག་གི་རྗེས་སུ།  ”དཀྲོལ་ལེན”དང་”རྡུང་ལེན”གྱི་མིང་གི་རྩོད་པ་ཞིག་བྱུང་ཡོད་པ་རེད། དེ་ཡིན་ན་ཨ་མདོའི་རྡུང་ལེན་གྱི་ངོ་བོ་དང་དེ་འབྲེལ་གྱི་ཁ་ཕྱོགས་གནད་དོན་དེ་དངོས་ཡོད་ཀྱི་གནད་དོན་ཞིག་ལ་ཆགས་ཡོད་ས་རེད།  རྩོད་གླེང་འདི་བྱུང་རྐྱེན་ལ།  ཕྱོགས་གཅིག་ནས་ཤེས་ཡོན་པས་རྡུང་ལེན་ལ་དོ་སྣང་དང་བགྲོ་གླེང་གཏིང་ཟབ་བྱེད་མགོ་བརྩམས་ཡོད་པས་ཡིན་ལ།  ཕྱོགས་དེ་བས་གལ་ཆེ་བ་ཞིག་ནི།  རྩོད་གླེང་འདི་བོད་ཀྱི་རོལ་མོའི་སྒྲིག་གཞི་དེ་གཞུང་ལུགས་ཀྱི་སྟེང་ནས་ཇེ་གསལ་ཇེ་ཞིབ་ལ་འགྲོ་བཞིན་པའི་སྐབས་འདིར། ངོ་བོ་དང་ས་མཚམས་ངེས་གསལ་བྱེད་རྒྱུ་ནི་ཨ་མདོའི་རྡུང་ལེན་གྱི་གཞུང་ལུགས་སྣང་ཚུལ་ཞིག་ལ་འགྱུར་ཡོད་པས་དང་།  མ་འོངས་འཕེལ་ཕྱོགས་ལ་སྣ་མང་གི་བསམ་ཚུལ་བྱུང་དུས། མཚན་ཉིད་ཀྱི་ངོས་ནས་སོ་སོས་འོས་མཐུན་བསྒྲགས་པ་དེ་རྩོད་པའི་རྒྱུ་ལ་སོང་ཡོད་པ་རེད་སྙམ། 

རྒྱུ་མཚན་ནི།  རོལ་མོའི་རྣམ་དབྱེ་གཞན་དང་མི་འདྲ་བར།  ཨ་མདོའི་རྡུང་ལེན་ནི་སྲོལ་རྒྱུན་གྱི་ངོས་ནས་གསར་བྱུང་ཞིག་དང་།  གསར་བྱུང་གཞན་དང་བསྡུར་ན་ཕྱི་རོལ་གྱི་འབྱུང་ཁུངས་ཤིག་བཙལ་རྒྱུ་མེད་པར།  བོད་རང་གི་རོལ་མོའི་སྲོལ་རྒྱུན་ལས་སྨིན་ཡོད་པས་རེད།  གལ་ཏེ་རོལ་མོ་གང་ཞིག་ལ་འདི་ནི་ནང་མ་དང་འདི་ནི་འབའ་གཞས་ཞེས་མཛུབ་མོ་བཙུགས་དགོས་པ་ཡིན་ན།  དེ་གཉིས་བར་ལ་ནོར་འཁྲུལ་བྱུང་དོན་མེད།  འོན་ཀྱང་རོལ་མོའི་ཡན་ལག་རང་རྐྱ་བ་ཞིག་ཡིན་དགོས་པའི་ཨ་མདོའི་རྡུང་ལེན་ལ་མཚོན་ན།  ད་ལྟ་དེ་འདྲའི་དཀའ་རྙོག་ཅིག་ཐོན་གྱིན་ཡོད་པ་རེད།  ང་ཚོས་ཨ་མདོའི་རྡུང་ལེན་འདི་བོད་རང་གི་སྲོལ་རྒྱུན་གླུ་དབྱངས་ཀྱི་གོང་འཕེལ་ཞིག་ཏུ་ངོས་ལེན་ཆོག་ནའང་།  དེ་ལ་རང་ཉིད་རང་ཉིད་དུ་སྒྲུབ་པའི་ཁྱད་ཆོས་ཤིག་ཡོད་ངེས་པ་རེད།   དེ་སྲོལ་རྒྱུན་གླུ་དབྱངས་ཟེར་ནས་ཁུངས་གཏོགས་མག་མོག་ཙམ་དུ་བརྗོད་པས་ཆོག་པ་མ་རེད།  འོན་ཀྱང་དེ་སྲོལ་རྒྱུན་དང་ཐ་དད་པའི་གསར་པ་གསར་རྐྱང་ཞིག་ནི་མིན་ཏེ།  ཁྱད་པར་ཏུ་རོལ་རྒོད་དང་ཧེབ་ཧབ་ལྟ་བུའི་ཕྱི་ཡི་འབྱུང་ཁུངས་ཡོད་པའི་རོལ་མོའི་རྣམ་དབྱེ་ཞིག་རྦད་ནས་མིན། དེ་བས་དེའི་མཚན་ཉིད་དང་ནང་དོན་ལ་དག་སྐྱེལ་ཞིག་དགོས་ཀི་ཡོད་པ་རེད།  །

ང་རང་གི་ལྟ་ཚུལ་ལ།   གནད་དོན་འདི་གྲོལ་དགོས་ན།  ཐོག་མར་བོད་རང་གི་རོལ་མོའི་རྣམ་དབྱེ་ལས་མཆོག་དང་ཐུན་མོང་གི་རིགས་གཉིས་ཀྱི་དབྱེ་བ། འབྲེལ་བ།  དེ་བཞིན་དེ་གཉིས་ཀྱི་འཕེལ་འགྲོ་ཡང་དག་ཅིག་རྟོགས་དགོས་པ་རེད།  འདི་ལ་ང་ཚོ་རང་གིས་རང་སད་ཀྱི་དབྱེ་ཞིབ་ཞིག་མ་བྱས་པའི་གོང་ལ།  མཱར་ལེའི་ལུགས་ཀྱི་རིག་རྩལ་གཞུང་ལུགས་ཀྱི་དབྱེ་ཐབས་ཤིག་བྱུང་ཡོད་དེ།  དེ་ལས་གྲལ་རིམ་འཐབ་རྩོད་ཀྱི་ཕྱོགས་ཆ་དང་དགོས་པའི་དབང་ཏུ་དབང་སྒྱུར་བ་པོའི་རོལ་མོ་དང་དབང་དུ་སྒྱུར་བ་པོའི་རོལ་མོ་གཉིས་སུ་བཤད་ཡོད་དེ།  སྔོན་མ་དེའི་ཁུངས་སུ་ཆོས་ལུགས་ཀྱི་རོལ་མོ་བྱ་བ་དང་།  ཕོ་བྲང་གི་རོལ་མོ་བྱ་བ་སོགས་འདུས་པ་དང་།  དེ་མིན་རྣམས་ཕྱི་མིའི་ཁུངས་སུ་དམངས་ཁྲོད་དམ་དམངས་གླུའི་མིང་ལ་སྦྱར་ཏེ་ཡོད་པ་རེད།  གལ་ཏེ་འཆམ་གྱི་རོལ་མོ་དང་གྱང་གླུ་ལྟ་བུ་དབྱེ་འབྱེད་དགོས་ན།  ཐབས་ཚུལ་འདི་གོ་ཆོད་པོ་ཞིག་ཏུ་སྣང་ངེས་རེད།  ཡིན་ནའང་།  བོད་ཀྱི་རོལ་མོ་ནི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་ཙང་།  ཐབས་ཚུལ་འདི་གླུ་དབྱངས་རོལ་མོ་ཡོད་ཚད་ཀྱི་སྟེང་ལ་སྦྱར་ཐུབ་ཀྱིན་མེད་པ་རེད།  དཔེར་ན།  རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོ་ཁོང་ནི་ཆོས་སྲིད་གཉིས་ཀྱི་གྲལ་རྩེ་ཡིན་ནའང་།  ཚངས་མགུར་ནི་མོན་ཡུལ་གྱི་དམངས་གཞས་གཞིར་བྱས་ཏེ་བཅོས་རྩོམ་བྱས་པ་ཞིག་ཡིན།  ཡང་མགུར་ཏུ་གྲུབ་རྗེས་སླར་ཡང་མི་མང་གི་ཁྲོད་ནས་མགུར་མོ་སོགས་ཀྱི་རྣམ་པའི་སྟེང་ནས་ཁྱབ་དར་ཕྱིན་ཡོད་པ་དང་།  ཡང་དེ་ལ་ཆོས་ལུགས་དང་ཆབ་སྲིད་ཀྱི་ངོས་ནས་ཡང་འགྲེལ་བྱེད་པའང་ཆབས་ཅིག་ཏུ་བྱུང་ཡོད།  དེ་བཞིན་གླིང་གེ་སར་གྱི་སྒྲུང་ལྟ་བུ་ཡིན་ན།  དེ་ནི་མདོ་ཁམས་ཕྱོགས་སུ་ཆོས་སྲིད་ཀྱི་གདན་ཐོབ་མཐོ་ཤོས་ཡོད་པ་ཞིག་ཡིན་ནའང་།  དེ་བཞིན་མི་ཚང་དཀྱུལ་མ་དག་གི་དགུང་ཇའི་སྐབས་ཀྱི་རྩེད་རིག་ཅིག་ཀྱང་ཡིན་པ་རེད།  མ་ཎའི་དབྱངས་རྟ་དེ་དག་ཆོས་ལུགས་མི་སྣས་བརྩམས་པ་མིན་པར་ཨར་ཅོ་དང་འཁྱམ་པོ་སློང་མོ་བ་དག་གིས་བརྩམས་པ་ཡིན་ནའང།  དེའི་ནང་དོན་ནི་ཆོས་ལུགས་ལས་གཞན་ཅི་ཡང་མེད།  ནང་མ་དང་སྟོད་གཞས་ལྟ་བུར་མཚོན་ན།  དེ་དབུས་ཀྱི་ཕོ་བྲང་དང་གཞིས་ཀ་དག་གི་སྒྱུ་རྩལ་ཡིན་ལ།  ཁྱིམ་ཚང་དཀྱུལ་མ་དག་གི་ཞིང་ཁའི་རོལ་རྩེད་ཀྱང་ཡིན།  དེ་གྲལ་རིམ་གང་ལ་གཏོགས་དགོས་སམ།  དེ་བས།  བོད་ཀྱི་ཕུན་སུམ་ཚོགས་པའི་རོལ་མོའི་སྒྱུ་རྩལ་གྱི་མདུན་ནས།  གོང་གི་དབྱེ་ཐབས་དེའི་ནུས་མཐུ་ཡལ་ཡོད་པ་རེད། 

དེ་ན།  ང་ཚོས་བོད་རང་གི་བཟོ་རིག་རིག་གནས་ཀྱི་མཛོད་ཕུག་ཁྲོད་ནས་བོད་རང་གི་རོལ་མོ་ལ་འཚམས་པའི་རྣམ་དབྱེ་འབྱེད་སྟངས་ཤིག་བཙལ་དགོས་ཏེ།  ས་པཎ་གྱི་རོལ་མོའི་བསྟན་བཅོས་སུ། བྱེད་ནུས་སམ་རོལ་མོས་ཐོན་པའི་འབྲས་བུ་ལས་མཆོད་པ།  འཚོ་བ།  ཡིད་གཡོ་བ་གསུམ་དུ་གསུངས་ཡོད་པར་གཞིགས་ན། རོལ་མོ་དེ་ལ་མཆོག་དང་ཐུན་མོང་གི་ཁྱད་པར་ཡོད་པ་ཡིན་ཏེ།  མཆོག་ཏུ་གྱུར་བའི་རོལ་མོ་ནི་ཡང་ན་མཆོག་གསུམ་དང་ལྷ་ལ་ཕུལ་བའི་རོལ་མོ་ཡིན་དགོས་པ་དང་།  ཡང་ན་སྒོམ་དང་གསང་སྔགས་ཀྱི་ཐབས་ཤེས་ཤིག་ཏུ་ཡིན་དགོས་པ་རེད།  ཐུན་མོང་གི་རོལ་མོ་ནི་འཇིག་རྟེན་པའི་འཚོ་བ་དང་ཡིད་གཡོ་བ་སོགས་ཡིན་དགོས།  དེས་ན་སྔ་མ་དེའི་ཁུངས་སུ་བན་བོན་ཆོས་ལུགས་གཉིས་ཀྱི་ཆོ་གའི་རོལ་མོ་ཡོད་པ་དཔེར་ན།  འཆམ་གྱི་རོལ་མོ།  ཡུལ་ལྷ་སོགས་བསྟོད་སྐབས་ཀྱི་རོལ་མོ།  དམག་སོགས་འབུད་སྐབས་ཀྱི་རོལ་མོ།   ལོ་ལེན་པ་དང་རྨོ་བའི་སྐབས་ཀྱི་ཆོ་གའི་རོལ་མོ་སོགས་ཡོད་པ་དང་།  རྗེས་མ་དེར་ཕོ་བྲང་དང་མི་ཁྱིམ་ཕལ་མོའི་དུས་ཆེན་དང་ནམ་རྒྱུན་དུ་རྩེད་རིག་ཏུ་བྱས་པའི་རོལ་མོ་ཐམས་ཅད་བསྡུ་བ་ཡིན། སྤྱི་ཚོགས་གསར་པ་ཚེས་པ་ནས་བཟུང་། གསར་དུ་བྱུང་བའི་གླུ་དབྱངས་ལ་ཆོས་ལུགས་ཀྱི་ནང་དོན་ལྡན་དང་མི་ལྡན་གང་ཡིན་རུང་ཕྱི་མའི་ཁུངས་སུ་བསྡུ་བ་ཡིན།   རོལ་མོའི་རྣམ་དབྱེ་འདི་ལ་ཁ་གསབ་གསལ་བཤད་དུ།  རོལ་མོ་རང་སྟེང་གི་དབྱངས་དང་ངག་རྟ་སོགས་ཀྱི་ཁྱད་ཆོས་འབྱེད་པ་ལས་གཞན་ད་དུང་རོལ་མོའི་ལྟ་གྲུབ་དང་རོལ་མོའི་བྱུང་ཚུལ་གྱི་ངོས་ནས་དབྱེ་ཞིབ་དགོས་པ་རེད་སྙམ།

རོལ་མོའི་ལྟ་གྲུབ་ལས།  མཆོག་གི་རོལ་མོ་དང་ཐུན་མོང་གི་རོལ་མོ་གཉིས་ལ་རོལ་དབྱངས་དང་གླུ་ཚིག་གི་ཁྱད་པར་ཡོད་པ་ཙམ་གྱིས་མི་ཚད།  ད་དུང་རོལ་མོ་ལུས་སུ་བྱས་པའི་བླ་སྲོག་གི་ཁྱད་པར་ཞིག་ཡོད་པ་རེད།  ལྷ་ལུང་པ་བློ་བཟང་ཕུན་ཚོགས་ཀྱིས་བོད་ཀྱི་རོལ་མོའི་མཆོག་དང་ཐུན་མོང་གི་ཁྱད་པར་ཞེས་པའི་རྩོམ་ཡིག་དེར་ཇི་སྐད་དུ།  “གསང་སྔགས་ཀྱི་ལྟ་བའི་ངོས་ནས།  སེམས་ཀྱི་སྒྲིབ་པ་བསལ་བའི་མི་བོ་གང་ཞིག་གིས་སྒྲ་ལ་ཐུགས་སྣང་མཛད་པ་ཡིན་ན།  སྒྲ་ཐམས་ཅད་རོལ་མོར་ངོས་འཛིན་ཆོག་པ་དང་།  རོལ་མོ་ཐམས་ཅད་སྔགས་སུ་མ་སོང་བ་གཅིག་ཀྱང་མེད”ཅེས་གསུངས་པ་ནང་བཞིན།   མཆོག་གི་རོལ་མོ་དང་སྤྲོས་མེད་ཡེ་ཤེས་ཀྱི་ངོ་བོའི་བར་ལ་འབྲེལ་བ་བཙུགས་ཡོད་པ་དང་།   ཕྱོགས་ཤིག་ནས་དེ་ཡིས་ང་ཚོས་ཐུན་མོང་དུ་ཁས་ལེན་པའི་རོལ་མོའི་མཚན་ཉིད་དེ་དོན་སྟོང་དུ་ཕབ་ཡོད་པ་རེད།  འོན་ཀྱང་ཐུན་མོང་གི་རོལ་མོ་ནི་དེ་ལས་ལྡོག་ཏེ།  དེ་ལ་ཆོས་ལུགས་བསམ་བློའི་ཤན་ཞུགས་ཡོད་རུང་མེད་རུང་།  གོ་བ་འདི་འདྲ་ཞིག་འོང་གི་ཡོད་པ་མ་རེད།   བོད་ཀྱི་ཐུན་མོང་གི་གླུ་དབྱངས་སོགས་ཀྱི་ནང་དོན་ལ།  ཆོས་ལུགས་ནི་བརྗོད་བྱ་གལ་ཆེན་པོ་ཞིག་ཡིན་པ་དང་།  མཐའ་ན་ཆང་གླུའི་ནང་ནའང་དཀོན་མཆོག་གསུམ་གྱི་ མཆོད་པ་འདྲ་བ་ ཞིག་ཡོད་པ་རེད།  འོན་ཏེ་རྣལ་མར་བཤད་ན།  རོལ་མོ་འདི་རིགས་ཀྱིས་དོན་དམ་གྱི་བདེན་པ་ཞིག་ལ་ཉེ་བར་བཅར་མི་ཐུབ་པར་མ་ཟད།  ཆགས་ཞེན་ལ་བསྐུལ་མ་བྱེད་པ་ཡིན་པས།  བོད་རང་གི་མཛེས་དང་སྒྱུ་རྩལ་ལ་བཅིང་བའི་ལྟ་བའི་ངོས་ནས།   མཆོག་དང་ཐུན་མོང་གི་ཁྱད་པར་གསལ་ཐག་ཆོད་པ་ཞིག་ཡོད་པ་རེད།   བློ་བཟང་ཕུན་ཚོགས་ཀྱིས་སླར་སྨྲས་པར།  “སེམས་དང་ཚོར་བ་ཙམ་གྱི་མྱོང་རོལ་ལ།  ཆགས་ཞེན་འཕེལ་སླ་བ་དང་།  ཆགས་ཞེན་ལས་འདོད་པ་དང་སྲེད་པ་སོགས་འཕེལ་བ་ཡིན།”   དེ་ཡིན་ན།  ཐུན་མོང་གི་རོལ་མོའི་ནུས་པ་ནི་མཆོག་གི་རོལ་མོའི་ནུས་པ་ལས་ལྡོག་པ་ལྟར་གྱུར་ཡོད་དེ།  མཆོག་གི་རོལ་མོས་ནི་རང་རྒྱུད་ཀྱི་སྤྲོས་པ་མེད་པའི་ཀ་དག་གི་ཡེ་ཤེས་དེ་ངོ་སྤྲོད་བྱེད་ཀྱིན་ཡོད་པ་རེད་དེ།  དེ་ཐབས་ཤེས་རབ་གཉིས་ཀྱི་ཐབས་སུ་འགྲོ་བཞིན་ཡོད་པ་དང་།  ཐུན་མོང་གི་རོལ་མོ་ལས་འཇིག་རྟེན་ཕལ་བོའི་ཡིད་སེམས་ཀྱི་འགྱུར་བ་ཁོ་ན་མངོན་པ་རེད། །

ཡང་རོལ་མོ་གཉིས་ཀྱི་བྱུང་ཚུལ་ནས་བཤད་ན།  ཧེ་གེལ་གྱིས་རོལ་མོའི་འོས་འགན་ནི་ནང་དོན་གང་རུང་ཞིག་སེམས་ཀྱི་མྱོང་ཚོར་ལ་བསྒྱུར་བ་དེ་ཡིན།  འོན་ཀྱང་རོལ་མོ་ཡིས་ནང་དོན་དེ་སྙན་ངག་ལྟར་སྤྱི་མཚན་དང་ཐ་སྙད་ཀྱི་ལམ་ནས་སེམས་ལ་སྤྲོད་ཀྱིན་མེད་ལ།  བརྐོས་བཟོ་ལྟར་ཕྱི་ཡི་རྣམ་པ་དེ་སེམས་ཀྱིས་ཟིན་ཚར་བའི་ཤེས་པ་ལ་ར་སྤྲོད་བྱེད་པ་མིན།  རི་མོ་ལྟར་ནང་དོན་དེ་རྣམ་པ་འཚམས་པོ་ཞིག་གི་ངོས་ནས་སྟོན་བཞིན་པའང་མིན།  རོལ་མོའི་ནང་དོན་ནི་ནང་དོན་དེ་སེམས་ལ་ཇི་ལྟར་ཡོད་པ་དེ་ལྟར་དུ་བྱུང་གི་ཡོད་པ་རེད་དེ།  རོལ་མོ་ནི་སེམས་སུ་དེ་བཞིན་དུ་གནས་པ་ཞིག་ཡིན་ཞེས་གསུངས་ཡོད་པ་དང་།   ནང་ཆོས་ལྟར་ན་སེམས་ལ་རྩ་བའི་གནས་རིམ་གཉིས་ཡོད་དེ།  ཉོན་མོང་བའི་སེམས་དང་ཀ་དག་གི་སེམས་ལྟ་བུ་དེ་གཉིས་སོ།།  དེས་ན།  རོལ་མོ་དེ་སེམས་ཀྱི་ནང་དོན་ཇི་ལྟར་དུ་ཡོད་ན།  དེ་ལའང་ནང་དོན་གཉིས་ཡོད་དེ།  ཉོན་མོངས་བས་འཇིག་རྟེན་འདི་ལས་ཐོབ་བའི་མྱོང་ཚོར་དང་།  ཀ་དག་གི་སེམས་དེ་ཡི་ཆེས་གདོད་མའི་གནས་སྟངས་དེ་གཉིས་ཡིན།  སྔོན་མ་དེ་ཡིས་མི་ཐམས་ཅད་ལ་རོལ་མོའི་ཚོར་བ་ཞིག་སྟེར་བཞིན་ཡོད་པ་དང་།  རོལ་མོའི་ནང་དོན་ནི་མིའི་ཚོར་བ་ཡིན།   ཕྱི་མ་དེས་རོལ་མོ་དེ་བརྒྱུད་ལམ་ཞིག་ཏུ་བཀོལ་ནས་སྤྲོས་བྲལ་བརྗོད་འདས་ཤིག་ལ་ཉེ་བར་བཅར་གྱིན་ཡོད་པ་དང་།  སྔ་མ་དང་མི་འདྲ་བར།  སྐབས་འདིར་རོལ་མོ་ནི་སེམས་ཀྱི་གནས་མལ་བཅོལ་ས་མ་ཡིན་པར་བརྒྱུད་ལམ་ཙམ་དང་།  རོལ་མོ་དེ་དམིགས་བྱར་མི་འོས་པ་རེད།  དེ་བས།  བྱུང་ཚུལ་ལས་མཆོག་གི་རོལ་མོ་ནི་ཆོས་ལུགས་ཀྱིས་བཤད་པའི་གཙང་སེལ་དེ་འདྲའི་ངོས་ནས་བྱུང་གི་ཡོད་པ་དང་།  ཐུན་མོང་གི་རོལ་མོ་དེ་ཚོར་བ་ཚབ་མཚོན་གྱི་ངོས་ནས་བྱུང་གི་ཡོད་པ་རེད།

དེ་ལྟར། རོལ་མོའི་རྩ་བའི་རྣམ་དབྱེ་གཉིས་ཕྱེ་རྗེས།  དེ་གཉིས་བར་གྱི་འགྱུར་བ་ཞིག་ཀྱང་ཡོད་དེ།  དཔེར་ན་བྲོ་ཆེན་གཞས་ཆེན།  དམག་འབུད་པའི་གར་གླུ་ལྟ་བུ་སོགས་ལ་མཆོག་གི་རོལ་མོའི་ཁྱད་ཆོས་ཤིག་ལྡན་པ་དང་།  ཁྱད་པར་ཏུ་དེ་དག་དུས་གནས་རྒྱབ་ལྗོངས་ངེས་ཅན་ཞིག་གི་འོག་ནས་བྱུང་སྐབས།  དེ་དག་ལ་གདོད་མའི་ཆོས་ལུགས་ཀྱི་རྣམ་ཤེས་ཡར་འདྲེན་གྱི་ནུས་པ་ལྟ་བུ་ལྡན་པ་རེད།  འོན་ཀྱང་བན་བོན་ཆོས་ལུགས་ཀྱི་འཕོ་འགྱུར་ཁྲོད་ནས།  འདི་དག་གི་མཆོག་གི་ཁྱད་ཆོས་རྣམས་རིམ་གྱིས་རྒུད་ཀྱིན་ཡོད་པ་དང་།  ད་ལྟ་མི་ཚོགས་འདུ་སའི་རྩེད་རིག་ཙམ་དུ་འགྱུར་བཞིན་ཡོད་པ་རེད།   འགྱུར་བ་དེ་དང་ལྡོག་པ་ཞིག་ནི་ཐུན་མོང་གི་རོལ་མོ་ཁ་ཤས་མཆོག་གི་རོལ་མོ་ལ་འཕེལ་བཞིན་ཡོད་དེ།  དཔེར་ན་དབྱངས་ཅན་ལྷ་མོ་དང། ངག་དབང་མཁས་མཆོག་སོགས་ཀྱིས་ཐུན་མོང་གི་ལ་གླུ།  མ་ཎིའི་མགུར་དང་གཞས་སོགས་དཀྲོལ་སྟངས་གསར་པ།  ལེན་སྟངས་གསར་པ་ཞིག་གི་ངོས་ནས་མཆོག་གི་རོལ་མོ་ལ་ཡར་འདེགས་བྱས་ཡོད་པ་ལྟ་བུ་རེད། 

གོ་བ་དེ་ལྟར་ལོན་རྗེས།  ང་ཚོས་ཁ་ཕྱིར་འཁོར་ནས་ཨ་མདོའི་རྡུང་ལེན་གྱི་མཚན་ཉིད་གླེང་བར་བྱས་ན།  ཨ་མདོའི་རྡུང་ལེན་དེ་འགྱུར་བའི་བརྒྱུད་རིམ་ཞིག་གི་འབྲས་བུ་ཡིན་པ་མཐོང་ཐུབ་པ་དང་།  ད་ལྟ་ཐུན་མོང་གི་རོལ་མོ་ཞིག་ཏུ་གྲུབ་ཡོད་པའང་རང་གསལ་ཏུ་ཆགས་ངེས།  དེ་ཡི་རྩ་བ་ནི་བླ་བྲང་གི་མདོ་དར་དང་འཆམ་གྱི་རོལ་མོ་སོགས་མཆོག་གི་རོལ་མོ་ལ་ཐུག་ཡོད་པ་དང་།  རྣམ་ཐར་ཟློས་གར་གྱི་འཕེལ་རྒྱས་འོག་ཏུ།  དབུས་ཀྱི་རོལ་མོའི་ཉམས་དང་རོལ་ཆ་སོགས་ཨ་མདོར་དར་བ་དང་།  རྡུང་ལེན་གྱི་སྲོག་རྩར་ཆགས་པའི་སྒྲ་སྙན་དེའང་དེ་དུས་སུ་དར་ཡོད་པ་རེད།  སྒྲ་སྙན་དེ་ཐུན་མོང་གི་རོལ་ཆ་ཞིག་ཡིན་ཏེ།  མཆོག་གི་རོལ་མོར་མཁོ་བའི་རོལ་ཆ་ནི་རྔ་དྲིལ་དང་དུང་གི་རིགས་སོགས་ཡིན་པ་དང་།  སྒྲ་སྙན་དང་པི་ཝང་གཉིས་བོད་ཀྱི་ཐུན་མོང་རོལ་དབྱངས་ཀྱི་མཚོན་རྟགས་ལྟ་བུ་ཡིན་པ་རེད།  དེ་བས་སྒྲ་སྙན་དེ་ཨ་མདོར་དར་ཁྱབ་བྱུང་རྗེས།  དེ་རིམ་གྱིས་ཟློས་གར་སོགས་ལས་ལོག་སུ་བུད་དེ་རང་རྐྱ་ཐུབ་པའི་རོལ་ཆས་ཤིག་ཏུ་འགྱུར་བ་དང་།  དཔལ་མགོན་སོགས་ཀྱིས་དེ་ཉིད་ཀྱི་བསྟན་པ་དར་སྤེལ་བྱས་པ་ན།  ཨ་མདོའི་རྡུང་ལེན་དེ་གཞི་ནས་ཚུགས་ཡོད་པ་རེད།

འདི་ལས་མཆོག་ནང་ཐུན་མོང་དུ་འགྱུར་བ་བྱུང་བའི་བརྒྱུད་རིམ་ཞིག་མཐོང་རྒྱུ་ཡོད་པ་དང་།  འགྱུར་བའི་བརྒྱུད་རིམ་དེ་ཨ་མདོའི་རྡུང་ལེན་གྱི་ལོ་རྒྱུས་སྔོན་མར་ཆགས་ཡོད་པ་རེད། 

ཨ་མདོའི་རྡུང་ལེན་ལ་ཐོག་མའི་དུས་སུ་རྡུང་ལེན་ཞེས་བོས་པས་འཐུས།  དེ་ཉིད་དར་ཁྱབ་བྱུང་ནས་བོད་ཀྱི་རོལ་དབྱངས་ཀྱི་མཐོ་ས་ནས་ངོས་ལེན་བྱེད་དགོས་པ་ཞིག་ཏུ་ཆགས་རྗེས།  དེ་དབུས་གཙང་སྟོད་མོན་སོགས་ཀྱི་རྡུང་ལེན་ལས་ཟུར་ཏུ་བཀལ་དགོས་པ་ཞིག་ཡིན་ལ།  དེ་བས་ཆ་ནས་མཁས་པ་ཚོས་མིང་གི་སྔོན་ལ་རུས་ལྟ་བུའི་ཨ་མདོ་ཞེས་པ་དེ་བཏགས་པ་རེད།  འོན་ཀྱང་རུས་ལ་ཨ་མདོ་ཐོགས་པ་ཙམ་གྱིས་དེ་ཉིད་ཨ་མདོའི་ས་ཁམས་ལས་བརྒལ་མི་ཆོག་པ་ཞིག་དང་།  བརྒལ་མི་ཐུབ་པ་ཞིག་ཏུ་ངོས་འཛིན་བྱེད་མི་རུང་།  ཨ་མདོ་ནི་དེའི་ཕ་ས་དང་སྲོག་ཤིང་ས་ཁུལ་ཡིན་ནའང་།  ཨ་མདོའི་རྡུང་ལེན་དེ་འབྲི་ཆུའི་ཤར་ཕྱོགས་ཀྱི་ཁམས་ཡུལ་ལའང་རྒྱས་ཤིང་རྒྱས་པ་ཞིག་དར་ཁྱབ་བྱུང་ཡོད་པ་དང་།  ཁམས་སྐད་ཀྱི་ཨ་མདོའི་རྡུང་ལེན་ལེན་པ།  རྩོམ་པ་ནི་མངོན་སུམ་གྱི་མཐོང་ཡུལ་ཏུ་གྱུར་ཡོད། 

ཨ་མདོའི་རྡུང་ལེན་ལ་དེ་འདྲའི་ནུས་ཤུགས་ལྡན་དོན་ནི་དེའི་ཐོག་མའི་ཁ་ཕྱོགས་ཤིག་ལ་རག་ལས་པ་རེད་སྙམ།  སྒྲ་སྙན་རྡུང་ལེན་དེ་མདོ་སྨད་ས་གནས་ཀྱི་འཆམ་དང་ཟློས་གར་གྱི་ལོ་རྒྱུས་ཁྲོད་དུ་བྱུང་བ་དེས།  འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱིས་མཚོན་པའི་མདོ་སྨད་ཤེས་ཡོན་མི་སྣ་རྩེ་གྲས་ཀྱི་ལྷ་ས་དབུས་མཐོང་གི་འདུ་ཤེས་ཤིག་ལ་ཐུག་ཡོད་པ་རེད།  འདུ་ཤེས་དེ་ཡོད་པས་ཕྱིན་ཏུ།  ཁོ་ཚོས་སྒྱུ་རྩལ་ཁ་ཕྱོགས་ལ་བོད་མི་རིགས་ཀྱི་འདུ་ཤུགས་ཤིག་བསྣན་ཡོད་པ་དང་།  ས་གནས་རང་བཞིན་གྱི་སྒྱུ་རྩལ་ལ་མི་རིགས་ཡོངས་ཁྱབ་ཀྱི་ངོ་བོ་ཞིག་གཞི་རྟེན་དུ་སྦྱངས་ཡོད་པ་རེད།  འདུ་ཤེས་དེ་ཉིད་ཚིག་འདོན་གྱི་ངོས་ནས་བལྟས་ན།  ཨ་མདོའི་རྡུང་ལེན་ལ་ཡིག་སྐད་ཕྱོགས་ཞེན་དང་ཡུལ་སྐད་ཐོད་བརྒལ་གྱི་སྙིང་སྟོབས་ཤིག་ལྡན་ཡོད་པ་རེད།  རྡུང་ལེན་འདིར་ཞིབ་འཇུག་བྱེད་མཁན་ཁ་ཤས་ཀྱིས་ཨ་མདོའི་རྡུང་ལེན་དེ་ཨ་མདོའི་ཡུལ་སྐད་དང་གཉིས་སུ་མི་རུང་བ་ཞིག་ཏུ་བཤད་བཞིན་ཡོད་པ་དང་།  སྐད་ཀྱི་བཀག་རྒྱ་དེ་རྡུང་ལེན་དར་ཁྱབ་ཀྱི་བཀག་རྒྱ་མངོན་སུམ་ཞིག་ཏུ་སོང་ཡོད་ནའང་།  ལག་ལེན་གྱི་ཁྲོད་ནས་བཀག་རྒྱ་དེ་ད་ལྟ་བརྒལ་བཞིན་ཡོད་པ་རེད་སྙམ།  དཔེར་ན།  སྔ་རབས་རྡུང་ལེན་གྱི་གླུ་ཚིག་ཁྲོད་དུ་བྱུང་མང་བའི”ཟིག”གི་སྒྲ་ལྟ་བུར་མཚོན་ན།  ད་ལྟ”ཅིག་ཞིག་ཤིག”གསུམ་གྱི་སྒྲ་བརྡ་སྤྲོད་དང་མཐུན་པ་ཞིག་ལ་འགྱུར་ཐུབ་ཡོད་པ་དང་།  ཁམས་སྐད་ཀྱི་ཨ་མདོའི་རྡུང་ལེན་བརྩམས་ཆོས་ཀྱང་རེ་གཉིས་བྱུང་ཟིན་པ་ལྟ་བུ་རེད།

དབུས་ཀྱི་འདུ་ཤེས་མཚོན་པའི་རྟགས་གཞན་ཞིག་ནི།  མན་ཏོ་ལིང་དང་མངའ་རུས་སྒྲ་སྙན་གྱི་བཀོལ་སྤྱོད་འགྱུར་བ་དེ་རེད།  སྔ་མོའི་དུས་སུ།  ཨ་མདོའི་རྡུང་ལེན་གྱི་ཐུན་མོང་རོལ་མོའི་ཁྱད་ཆོས་དེ་ཡིས་མི་མང་པོ་ཞིག་རོལ་མོའི་འདི་ལ་མཉམ་ཞུགས་བསྐུལ་ཡོད་པ་རེད།  མི་དེ་དག་ནི་རོལ་མོའི་ཆེད་ལས་གཉེར་མཁན་མིན་ལ་མི་ཚང་ཕལ་བོའི་གཞོན་ནུ་གཞོན་ནུ་མ་མང་བ་རེད།  དེ་བས་རིན་ཆུང་གོང་བདེ་དང་ཉོ་སྟབས་བདེ་བའི་མན་ཏོ་ལིང་དེ་སྒྲ་སྙན་ལས་ཀྱང་དར་ཁྱབ་ཆེ་བ་རེད། སྒྲ་སྙན་དེ་སྐབས་དེར་འབོར་ཐོན་བྱེད་ཀྱིན་མེད་ལ་དེ་བཟོ་བའི་ལག་རྩལ་ཡང་ཨ་མདོར་དར་ཆེ་བ་མ་རེད། ཡིན་ནའང་།  དབུས་ཀྱི་འདུ་ཤེས་དེས་དེད་པ་ལྟར།  ད་ལྟ་མན་ཏོ་ལིང་དེ་རྡུང་ལེན་འཁྲབ་སྟོན་ནང་རིམ་གྱིས་མཐོང་དཀོན་པོར་ཆགས་ཀྱིན་ཡོད་པ་རེད།  འོན་ཀྱང་། རྒྱུ་མཚན་དེ་ལ་བརྟེན་ནས།  ཨ་མདོའི་རྡུང་ལེན་དང་བོད་ཀྱི་རྡུང་ལེན་གཞན་བར་གྱི་དབྱེ་མཚམས་ཀྱང་མག་མོག་ཏུ་འགྱུར་བཞིན་ཡོད་པ་རེད།  འདི་ལས་ལམ་ཕྱོགས་ཀྱི་འཁྱེར་སོ་གཉིས་ཐོན་ཡོད་དེ།  རང་གི་ཁྱད་ཆོས་ཐོན་ཆེད་འཕེལ་འགྱུར་ངོ་རྒོལ་གྱི་ལམ་ཕྱོགས་ཤིག་དང་།  རང་གི་ཁྱད་ཆོས་ཡོངས་སུ་མེད་པར་ཆགས་ནས་ཟ་ཟུར་གྱི་རྒྱན་ཆ་ཁྲ་ཁྲ་སིལ་སིལ་བརྒྱན་པའི་འཁྱེར་སོ་ཤིག་ཐོན་ཡོད་པ་རེད། 

ལམ་ཕྱོགས་འཁྱེར་སོ་འདི་གཉིས་ཀྱི་རྩོད་གླེང་དང་མཚན་ཉིད་ཀྱི་རྩོད་གླེང་དེ་གཉིས་གདོང་ཁ་ཐུག་པ་ན།  གནད་དོན་དེ་རྙོག་འཛིང་དུ་བཏང་ཡོད་པ་དང་།  དེ་ནི་ད་ལྟའི་གནས་སྐབས་འདིའི།  ང་ཚོས་ཨ་མདོའི་རྡུང་ལེན་གླེང་སྟངས་ཡིན། གང་ལྟར།  གནས་སྐབས་འདི་ནས།  ང་ཚོས་ཨ་མདོའི་རྡུང་ལེན་གྱི་རང་ཚུགས་ཟིན་པའི་ངོ་བོ་ཞིག་ཕྱོགས་གང་མང་གིས་བསྟན་ཐུབ་པ་ཡིན་ནའང་།  རྩོད་གླེང་འདི་འདྲ་མང་པོ་ཞིག་ཡོད་པས་ན།  ང་རང་གིས་དེའི་ངོ་བོ་ལ་ངེས་ཚིག་ཅིག་འདྲེན་ན་འདོད་མ་སོང་།  རྒྱུ་མཚན་ནི།  ངེས་ཚིག་འདི་འདྲ་ཞིག་བྱུང་ན་རྩོད་རྙོག་དེ་རྙོག་ཏུ་བཏང་པ་ལས་ཕན་ཡོན་གཞན་འབྱུང་མི་ཐུབ་ལ།  དེ་ལས་གལ་ཆེ་བ་ནི།  ངེས་ཚིག་ཅིག་དྲངས་ན།  དེ་ཡིས་ཨ་མདོའི་རྡུང་ལེན་གྱི་མ་འོངས་འཕེལ་ཕྱོགས་སྣ་ཚོགས་ཡོད་པ་ལ་འཆིང་རྒྱ་བཟོ་སྲིད་པ་རེད།   ཨ་མདོའི་རྡུང་ལེན་ལ་དགའ་མཁན་ཞིག་ཡིན་ན།  ནག་ཉེས་དེ་འདྲ་ཞིག་བསགས་འདོད་ཀྱིན་མེད།

ཡང་དེ་བས་ན།  ང་ཚོས་ཨ་མདོའི་རྡུང་ལེན་གླེང་སྐབས།  ཅི་ཞིག་གླེང་དགོས་པ་ཡིན་ནམ།  ང་ཚོས་ཆེས་རྒྱ་ཆེ་སའི་ལོ་རྒྱུས་དང་སྒྱུ་རྩལ་གྱི་ལྗོངས་བཀོད་ཅིག་གླེང་དགོས་པ་དང་།  སྒྱུ་རྩལ་འདི་ཡི་སྙིང་སྟོབས་དང་རང་དབང་གླེང་དགོས་པ་རེད།  དེ་ཁོ་ན་ཨ་མདོའི་རྡུང་ལེན་རང་གི་ཁྱད་གཤིས་དང་མཐུན་པ་ཡིན་ལ།  བརྗོད་མི་འོས་ལ་རྩོད་ཀྱང་ཕན་པ་མེད་པའི་སྐད་ཆ་དེ་དག་བརྗོད་མེད་རྩོད་མེད་ཀྱི་གནས་སུ་བསྐྱུར་རྒྱུ་ནི།  གླེང་སྟངས་ཆེས་འགྲིག་པ་དེ་རེད་སྙམ། །

ཡིག་འབྲི་༣༤༥༨་ཡོད།


ཟུར་བཀོད།

ལྷ་ལུང་པ་བློ་བཟང་ཕུན་ཚོགས་ནི་མིང་དུ་གྲགས་པའི་ལོ་ཙྭ་བ་དང་དམངས་སྲོལ་ཞིབ་འཇུག་པ་ཞིག་ཡིན། ཁོང་གི་དབྱིན་ཡིག་ནང་བྲིས་པའི་དཔྱད་རྩོམ་བོད་ཀྱི་རོལ་མོའི་མཆོག་དང་ཐུན་མོང་གི་ཁྱད་པར་ཞེས་པ་དེ་བོད་ཀྱི་རོལ་མོ་ཞིབ་འཇུག་བྱེད་པའི་ཁུངས་རྟེན་གལ་ཆེན་ཞིག་ཡིན།  མ་རྩོམ་དེ་འདི་ནས་ཀློག་ཐུབ་པ་པ་དང་ཁོང་གི་རྣམ་ཐར་རྒྱས་པ་དབྱིན་ཡིག་སྟེང་བྲིས་ཡོད་པ་འདི་ནས་གཟིགས་ཆོག


དབྱངས་ཅན་ལྷ་མོ་ནི་འཛམ་གླིང་སྟེང་སྐད་གྲགས་ཡོད་པའི་བོད་ཀྱི་གླུ་མ་ཞིག་ཡིན་ལ།  མོ་རང་གི་རོལ་མོའི་སྟེང་གི་མཛད་རྗེས་གཙོ་བོ་ནི་བོད་ཀྱི་ཐུན་མོང་གླུ་གཞས་མང་པོ་ཞིག་ཆོས་ལུགས་རྟོགས་པ་ལྡན་པའི་བརྩམས་ཆོས་སུ་ལེགས་བཅོས་བྱས་ཏེ་སྤེལ་བ་ལ་འཛམ་གླིང་སྟེང་ནས་དགའ་བསུ་ཐོབ་པ་དང་།  དུས་རབས་ཤིག་གི་འཛམ་གླིང་གར་སྟེགས་སྟེང་གི་བོད་ཀྱི་རོལ་མོའི་ཚབ་མཚོན་མི་སྣར་ཆགས་ཡོད་པ་རེད།


ངག་དབང་མཁས་མཆོག་ནི་སྐད་གྲགས་ཅན་གྱི་གླིང་བུ་འབུད་དཀྲོལ་མཁན་ཞིག་ཡིན་ལ།  ཁོང་གི་རོལ་མོའི་མཛད་རྗེས་གཙོ་བོ་ནི་བོད་ཀྱི་རྐྱེན་གཞན་རོལ་དབྱངས་དེ་འཛམ་གླིང་གི་གར་སྟེགས་སྟེང་ཕུད་ཐུབ་ཡོད་པ་དང་།  གླིང་བུའི་ངོ་བོ་བསྒྱུར་ཏེ་མཆོག་གི་རོལ་མོའི་ཁྱད་ཆོས་དང་ཡོངས་སུ་མཐུན་པར་མཛད་པ་སོགས་ཡིན།


ཨ་མདོའི་རྡུང་ལེན་གྱི་མཁན་པོར་འབོད་པའི་དཔལ་མགོན་ནི་ཨ་མདོའི་རྡུང་ལེན་སྲོལ་འབྱེད་པར་མཛད་རྗེས་ཆེས་ཆེར་འཇོག་མཁན་དེ་ཡིན་ལ།  ཁོང་ལས་སྔ་བས་འཇིགས་མེད་སོགས་ཀྱིས་རྡུང་ལེན་དེ་དགོན་པ་ལས་ཕྱིར་ཁྲིད་དེ་རང་རྐྱའི་སྒྱུ་རྩལ་ཐུན་མོང་བ་ཞིག་ཏུ་ལག་ལེན་བྱས་ཡོད་ནའང་།  དཔལ་མགོན་དང་ཁོང་གི་སློབ་མ་མི་རབས་དང་པོ་དག་གི་འབད་བརྩོན་འོག  ད་གཟོད་ད་ལྟའི་ཨ་མདོའི་རྡུང་ལེན་གྱི་རྣམ་པ་འདི་བཟོ་བཀོད་ཐུབ་ཡོད་པ་རེད།  ཁོང་གི་སློབ་མ་ལ་བདུད་བྷེ་དང་རྡོ་རེད་སོགས་བྱུང་ཡོད། །


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།