ལྕམ་ཌ་ཡ་ན་ལགས་ཀྱིས《འབྲུག་སྒྲ》བོད་འགྱུར་པར་བསྐྲུན་ལ་ཕུལ་བའི་བསྒྲགས་གཏམ་ཞིག

24414


“འབྲུག་སྒྲ་”ཞེས་པའི་བོད་འགྱུར་པར་བསྐྲུན་ལས་བརྩམས་པའི་བསྒྲགས་གཏམ།



 “འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ།”ཞེས་པ་འདི་ཉིད་བོད་ཡིག་ཏུ་པར་སྐྲུན་བྱས་པའི་སྐབས་འདིར་ང་ལ་སྤྲོ་བ་དང་ཁེངས་སྐྱུང་ཅིག་ཅར་དུ་བྱུང་། “འགྱུར་བརྒྱ་རྩ་བརྒྱད་”ནི་ཅི་འདྲའི་ཡི་རངས་པའི་ལས་འཆར་ཞིག་རེད་ཨང་།   དེབ་འདི་དང་དེ་བཞིན་ནུབ་ཕྱོགས་ཀྱི་རྩོམ་རིག་བརྩམས་ཆོས་གཞན་རྣམས་བོད་མི་རྣམས་ལ་ཐོབ་པར་བྱས་པ་ནི་ཇི་འདྲའི་ངོ་མཚར་བ་ཞིག་རེད་ཨང་།

ཆོས་རྒྱམ་དྲུང་པ་མཆོག་ནི་གཟེངས་སུ་ཐོན་པའི་བླ་མ་ཞིག་རེད།  “འབྲུག་སྒྲ་”ཞེས་པའི་དེབ་འདིས་ནི་ནུབ་ཕྱོགས་སུ་བསྐྱངས་པའི་དྲུང་པ་རིན་པོ་ཆེའི་མཛད་པ་དང་སྐུ་ཚེའི་ཆ་ཤས་ཤིག་སྟོན་པར་བྱེད། ཁོང་གིས་བོད་ནས་གདན་དྲངས་པའི་རིན་ཐང་ཅན་གྱི་གསུང་ཆོས་དེ་དག་གིས་ནུབ་ཕྱོགས་པ་ཧ་ཅང་མང་པོའི་མི་ཚེ་ལ་འགྱུར་བ་ཐེབས་ཤིང་།  དུས་དེ་རིང་གི་བར་དུ་ཡང་མུ་མཐུད་བཞིན་ཡོད། ཁོང་གི་བརྩམས་ཆོས་དག་གིས་འབྱུང་འགྱུར་གྱི་མི་རབས་མང་པོ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་ལའང་ང་ལ་ཡིད་ཆེས་ཡོད།  ང་ཚོ་ནུབ་ཕྱོགས་སུ་ཡོད་པ་རྣམས་ལ་མཚོན་ན་རིན་པོ་ཆེ་དང་ལྷན་དུ་སྡོད་རྒྱུའི་སྐལ་བ་བཟང་པོ་བྱུང་བ་དང་ཆབས་གཅིག  ཟུར་མང་ཁུལ་གྱི་མི་དམངས་རྣམས་ལ་རིན་པོ་ཆེ་ནི་ཁོང་ཚོའི་ཁྲོད་དུ་བཞུགས་རྒྱུའི་སྐལ་བ་དེ་མ་བྱུང་བ་རེད། དེས་དཀའ་ངལ་ཅན་གྱི་དུས་སྐབས་ཤིག་ལ་ཁོང་ཚོའི་མི་ཚེའི་དཀའ་ངལ་དེ་ཇེ་ཆེར་བཏང་ཡོད།

སྐབས་ཤིག་ལ་རིན་པོ་ཆེས་ཟུར་མང་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་གནང་ཞིང་། ཁོང་ནི་རླངས་འཁོར་བརྡབ་སྐྱོན་ལ་བརྟེན་ནས་སྐུ་གཟུགས་བདེ་པོ་མེད་སྟབས།   ཁོང་གིས་ཐད་འཕུར་གནམ་གྲུ་བརྒྱུད་ནས་ཕེབས་ཐུབ་མིན་གྱི་སྐོར་ལ་དགོངས་བཞེས་གནང་བ་རེད།  རིན་པོ་ཆེ་སླར་ཡང་བོད་དུ་ཐེངས་གཅིག་ཕེབས་ཐུབ་ན་ཁོང་ཐུགས་མཉེས་པོ་ཡོང་རྒྱུ་ནི་ངས་ཤེས་ཀྱི་ཡོད།  ༢༠༠༢ ལོར་ང་རང་ཟུར་མང་དུ་འགྲོ་རྒྱུ་བྱུང་སྐབས་ངས་རྣམ་པ་ཆུང་ངུ་ཞིག་གི་ཐོག་ནས་རིན་པོ་ཆེའི་དགོངས་བཞེད་འདི་སྐོང་གི་ཡོད་པ་ཞིག་ཚོར་བྱུང་། 

ངའི་དེབ་འདི་ད་ཆ་བོད་མི་རྣམས་ལ་ཀློག་ཏུ་ཡོད་པ་ཞིག་བྱུང་བ་དེ་ལ་ངས་ཧ་ཅང་ཡི་རངས་བྱེད་ཀྱི་ཡོད།  ངས་ཁོང་གི་གཟེངས་སུ་ཐོན་པའི་སྐུ་ཚེ་དང་མཛད་པ་དག་མི་རྣམས་ལ་བཤད་ནས་སྐུལ་ལྕག་ཐེབས་ཐུབ་པའི་རེ་བ་དང་བཅས་དེབ་འདི་བྲིས་པ་ཡིན་ལ། བོད་མི་རྣམས་ལའང་དེ་མཚུངས་ཤིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

ལོ་མང་པོའི་སྔོན་ལ་སྐལ་བཟང་གྷེད་ཛ་བཀྲ་ཤིས་ལགས་ཀྱིས་བཅར་འདྲི་ཞིག་ཞུས་པའི་ནང་དུ་ཁོང་ལ་རྒྱ་གར་དུ་བཞུགས་པའི་བོད་མི་རྣམས་ལ་བསླབ་བྱ་འདྲ་གནང་རྒྱུ་ཡོད་དམ་ཞེས་དྲིས་པ་རེད། ངས་དྲུང་པ་རིན་པོ་ཆེས་བོད་རིགས་རྣམས་ལ་གནང་བའི་གསུང་འཕྲིན་དེ་འདིར་འགོད་ཀྱི་ཡིན། ཁོང་གིས་གསུངས་དོན།

ངའི་ལྟ་ཚུལ་ལ། བོད་མི་རྣམས་ལ་མཚོན་ན། གཙོ་བོ་ནི་བོད་མི་ཞིག་ཡིན་པའི་སྤོབས་པ་དང་ཡི་རངས་ཀྱི་འདུ་ཤེས་ཤིག་ཡོད་རྒྱུ་དེ་རེད། ང་ཚོ་བོད་མི་རྣམས་ནི་སྤོབས་པ་འདི་དང་ལྷན་དུ་འཚར་ལོངས་བྱུང་ཡོད། ནུབ་ཕྱོགས་པའི་སློབ་མ་ཚོས་རྨང་གཞིའི་རིམ་པ་ཞིག་ནས་བསྐྱེད་དགོས་པ་དེ་ལྟར་མ་ཡིན་པར་ང་ཚོ་་ཐོག་མ་ཉིད་ནས་སྤོབས་པ་དེ་ཡོད་རེད། རིག་གནས་སམ་ལེགས་བྱང་གི་སློབ་གསོ་ཞིག་ཡོད་ཡོད་ཡིན་པ་དེ་ནི་ང་ཚོ་བོད་མི་ཚོ་ལ་ཐུན་མོང་དུ་ཡོད་པ་ཞིག་ཡིན། བོད་མི་རྣམས་ཀྱིས་འདི་ལ་དོ་སྣང་ཆེ་ཙམ་བྱེད་ཐུབ་ན་བསམས་ནས་ངས་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཆོས་ཀྱི་ཉམས་ལེན་ཅུང་ཙམ་ཞིག་བྱེད་རྒྱུ་དེ་ནི་བཤད་མ་དགོས་པ་ཞིག་རེད། མཐའ་མ་དེར་ནུབ་ཕྱོགས་ཀྱི་འཇིག་རྟེན་ལ་དང་དོད་ཉུང་ཙམ་བྱེད་རྒྱུ་བྱུང་ན་དེས་ཕན་གྱི་རེད། ངའི་བསམ་ཚུལ་ལ། བོད་མི་ན་གཞོན་རྣམས་ཀྱིས་འབད་པ་ཆེ་ཙམ་དང་། བོད་མི་རྒན་རབས་རྣམས་ཀྱིས་ཀྱང་ཡལ་བར་མི་འདོར་བ་བྱེད་དགོས་པ་རེད། འདི་ནི་རང་བཞིན་ལྷན་སྐྱེས་ཤིག་ཏུ་སྣང་།

མཐའ་མ་དེར་ངས་༧རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་ ༢༠༡༥ ལོར་འགྱུར་བརྒྱ་རྩ་བརྒྱད་ཀྱི་ལས་འཆར་འདི་དབུ་འཛུགས་གནང་བ་དང་། ལ་རྩེའི་ངོས་ནས་གལ་ཆེ་བའི་བརྩམས་ཆོས་འདི་ལ་མཐུན་འགྱུར་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།  ལས་འཆར་འདི་ལ་བརྟེན་ནས་འཛམ་གླིང་སྟེང་གི་ཆོས་སྲིད་ཀྱི་གཏེར་ཆེན་དུ་གྱུར་པའི་བོད་ཀྱི་སྐད་ཡིག་འདི་རྒྱུན་འཛིན་དང་དེ་ལ་སྤྲོ་སྣང་སྤེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཌ་ཡ་ན་ ཇུ་ཌིད་སྨུག་པོས་ ཪོ་ཌེ་ ཨ་ཡེ་ལནད་མངའ་སྡེའི་ཕི་རོ་ཝི་ཌེན་སི་གྲོང་ཁྱེར་ནས་ ༢༠༢༠ ལོའི་ཟླ་ ༦ ཚེས་ ༡༢ ཉིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།