ལྗང་བུའི་སྙན་ངག《Queens, རྒྱལ་མོའི་ལམ་ཀ》ཡི་བཀླགས་མཆན།

16165

རྩོམ་པ་པོ། རས་པ།



ལ་རྩེ་དྲ་བར་ Queens, རྒྱལ་མོའི་ལམ་ཀ་ཅེས་པའི་སྙན་ངག་གྱེར་འདོན་གྱི་ངོ་སྤྲོད་དུ།  “སྙན་ངག་འདི་ཐོག་མར་གླུ་གཞས་གཏོང་མཁན་ཞིག་ལ་ནེའུ་ཡོག་གྲོང་ཁྱེར་དང་འབྲེལ་བ་ཡོད་པའི་གཞས་ཚིག་གཅིག་ལ་དམིགས་ནས་བྲིས་ཡོད།”ཅེས་བཀོད་འདུག  ཉེ་བའི་ལོ་ཤས་གོང་ནས་རང་རེའི་གཞས་ཚིག་ལའང་དེང་རབས་སྙན་ངག་གི་ཤུགས་རྐྱེན་ཞུགས་ཡོད་དེ། དེ་དག་ལས་ཆེས་མངོན་གསལ་བཏོད་པ་ཞིག་ནི་གཡུ་འབྲུག་ཚན་སྡེབ་ཀྱི་གཞས་ཚིག་དག་རེད་བསམ། སྙན་ངག་མཁན་ལྗང་བུ་ལགས་ཀྱི་སྙན་ངག་འདི་ཡང་གཞས་ཚིག་ཏུ་བརྩམས་པའི་སྙན་ངག་ཅིག་ཡིན་འདུག

སྙན་ངག་གི་མཇུག་སྒོ་ནི་ “Queens, རྒྱལ་མོའི་ལམ་ཀ་”ཞེས་པ་འདི་རེད། སྙན་ངག་འདིའི་བྱུང་རིམ་གྱི་ནང་དུ་གསལ་བ་བཞིན་ཚེ་རིང་མཚོ་མོ་ཞེས་པའི་མཛེས་མ་ཞིག་གི་འགྲན་དུ་མེད་པའི་ཁྱད་ཆོས་བརྗོད་པ་བརྒྱུད་ནས་རྩོམ་མཁན་གྱི་“བྱ་སྤྱོད་དམ་འགུལ་བསྐྱོད་”དང་། “ནང་སེམས་ཀྱི་འགྱུ་བ།” དེ་བཞིན་“སྤྱི་ཚོགས་ཀྱི་གནས་བབ་”བཅས་མངོན་ཡུལ་དེ་“Queens ”ཞེས་པར་གཏན་འཁེལ་ཡོད་པར་བསམ།

ཨ་རིའི་Queens ནི་ནེའུ་ཡོག་གྲོང་ཁྱེར་གྱི་བོད་རིགས་དང་རྒྱ་རིགས་སོགས་མི་རིགས་ཧ་ཅང་མང་པོ་འཚོ་སྡོད་བྱེད་སའི་ས་ཁུལ་ཞིག་རེད། བཤད་ཚོད་དུ་མཚན་རེར་ས་ཁུལ་དེར་མི་ཁྲི་རེ་འདུ་འཛོམས་བྱེད་པ་དང་། མཚན་གཅིག་ལ་རྒྱལ་ཁབ་༨༥ ཙམ་གྱི་ཟས་རིགས་བཙོང་རྒྱུ་ཡོད་པའི་ཁྲོམ་འདུས་ཧ་ཅང་ཆེ་བའི་ས་ཁུལ་ཞིག་རེད།

སྙན་ངག་ཏུ།  “སྒོ་རྟགས་བརྒྱ་དང་བཅུ་གསུམ/ཚེ་རིང་མཚོ་མོ་བཞུགས་ས/ཨུ་དུམ་ཝ་ར་འཁྲུངས་ས/རྨི་ལམ་ཚོན་གྱི་རི་མོ”ཞེས་བྲིས་འདུག འདི་ལས་སྒོ་རྟགས་བརྒྱ་དང་བཅུ་གསུམ་ནི་རྩོམ་མཁན་རང་ལ་དབང་བའི་དམིགས་བསལ་གྱི་བརྡ་རྟགས་ཤིག་ཡིན་པར་གོ་བ་ལེན་རྒྱུ་ལས་གཞན་གྱི་བསམ་གཞིགས་ཁག་པོ་འདུག  ཆེས་གལ་ཆེའི་བའི་ཚིག་ནི་ “ཨུ་དུམ་ཝ་ར་འཁྲུངས་ས་”ཞེས་པ་འདི་ཡིན། མེ་ཏོག་འདི་ལ་རང་རེའི་ཚིག་མཛོད་དུ་ “འཆར་རྒྱུ་དཀའ་ལ་ཡལ་རྒྱུ་སླ་བས་ཧ་ཅང་དཀོན་པོ་དང༌། འཕྲལ་དུ་ཡལ་འགྲོ་བའི་དཔེར་འཇོག་སའི་མེ་ཏོག་ཅིག་”ཅེས་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་དུས་མ་གཏོགས་མི་འབྱུང་བ་རྟོགས་བརྗོད་བརྒྱ་པ་ལས་གསུངས་པ་ལུང་འདྲེན་དུ་གསལ། 

སྙན་ངག་འདི་ལས་སྒོ་རྟགས་བརྒྱ་དང་བཅུ་གསུམ་ལ་བཞུགས་པའི་ཚེ་རིང་མཚོ་མོ་ཧ་ཅང་མཛེས་པ་ལ་ཞལ་རས་དཀར་གསལ་ཟླ་བ། སྐྱེས་གཟུགས་ཚིགས་དྲུག་སྨྱུག་མ་ལྟ་བུས་མཚོན་པར་མ་བྱས་པར། སྒོ་རྟགས་བརྒྱ་དང་བཅུ་གསུམ་དེ་ཚེ་རིང་མཚོ་མོ་བཞུགས་ས་ཡིན་པ་དང་། བཞུགས་ས་དེ་ཨུ་དུམ་ཝ་ར་འཁྲུངས་ས་རེད་ཅེས་ཚེ་རིང་མཚོ་མོ་ཨུ་དུམ་ཝ་ར་ཡིས་མཚོན་པར་བྱས་ཡོད། འདི་ནི་ཚོར་བ་རྐྱེན་ལ་ཕུན་སུམ་ཚོགས་པའི་སྙན་ངག་གི་ལག་ཐབས་ཤིག་རེད།

ནུབ་གླིང་བའི་སྒྲུང་ཞིག་གི་ནང་དུ་བུད་མེད་མཛེས་མ་ཞིག་གི་ཆེད་དུ་ཡུལ་ལུང་མང་པོས་དམག་འཐབ་བྱས་ནས་མི་ཤི་ཁྱིམ་སྟོང་གི་གནས་ཚུལ་ཐོན་ཞིང་། མཐར་མཛེས་མ་དེ་མཁར་ཁ་རུ་བུད་པས་འདས་པོའི་ནང་མི་ཚོས་མོ་ལྟ་བུའི་མཛེས་མ་ཞིག་གི་ཆེད་དུ་དམག་འཁྲུག་རྒྱབ་ནས་ཤི་ཡང་འགྱོད་པ་མི་འདུག་ཅེས་བཤད་ཡོད། འགྱོད་པ་མེད་པར་བཤད་པ་དེ་ཁོ་ནས་བུད་མེད་དེ་མཛེས་མ་ཞིག་ཡིན་པ་ཀློག་མཁན་གྱི་སེམས་སུ་ཧ་ཅང་གཏིང་ཟབ་མོར་འཇོག་ཐུབ་ཡོད། སྐུ་ཞབས་ལྗང་བུ་ལགས་ཀྱི་སྙན་ངག་ཏུའང་། “ཨུ་དུམ་ཝ་ར་འཁྲུངས་ས་”ཞེས་པའི་ཚིག་འདི་ཡིས་ “རྨི་ལམ་ཚོན་གྱི་རི་མོ”ལ་བརྟེན་པའི་ཤོར་ཤོར། འཕར་འཕར། ཆེ་ཆེ། འཚམ་འཚམ། སྐྱིད་སྐྱིད་བཅས་ཀྱི་རྒྱུ་མཚན་བཀོད་ཡོད་པར་བསམ།

སྙན་ངག་གི་བྱུང་རིམ་གྱི་ཆ་ནས། Queens ས་ཁུལ་གྱི་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་ཚེ་རིང་མཚོ་མོ་དང་ཕན་ཚུན་ངོ་མི་ཤེས་པའི་ཐོག་ནས་སེམས་པ་ཤོར་བ་དང་། འགྲོ་ཞོར་ལམ་བུའི་སྙིང་ཐུབ་བྱས་པ། ཁོ་རོ་ནའི་ནད་ཡམས་ཀྱིས་མི་ཚང་མ་ནང་བཀག་སྐབས་ཀྱི་སེམས་འགྱུ། མཐའ་མའི་ཚེ་རིང་མཚོ་མོ་རང་དང་འཚམ་པའི་སྐྱེས་པ་ཞིག་དང་འགྲོགས་པ་ལ་སྨོན་ལམ་སྐྱོན་པ་བཅས་རེད།

སྙན་ངག་འདིས་ཟུར་ངོས་གཅིག་ནི་བརྩེ་སེམས་ཀྱིས་བྱུགས་པ་དང་། ཟུར་ངོས་གཅིག་ནི་ཁོ་རོ་ནའི་འཛམ་གླིང་ཟིན་ཐོར་བཀོད་པ། ད་དུང་ཟུར་ངོས་གཅིག་ནི་འཇིག་རྟེན་གྱི་འདོད་པ་ཐམས་ཅད་རང་ལ་དབང་མི་དགོས་པར་གུ་ཡངས་ཀྱི་བདེ་སྐྱིད་ཅིག་གསལ་སྟོན་བྱས་འདུག  སྙན་ངག་འདིའི་དབྱངས་འགྲོས་ནི་ཁྱད་དུ་འཕགས་ཤིང་། བཀླགས་ཤིང་གྱེར་ན་སེམས་ཀྱི་གདངས་དང་ཧ་ཅང་ཉེ་བ་ཞིག་རེད་འདུག འདི་ནི་གུས་པའི་བཀླགས་བྱང་ཡིན།

༢༠༢༠།༥།༢ཉིན། རང་གི་མྱོང་ཚོར་སྣ་ཟིན་རེ་སྙན་ངག་ཚོམས་ཤིག་གི་གྲོགས་པོ་ཚོར་ཧོབ་བྲིས་བགྱིས་པ་རྩོམ་མཁན་གཙོས་ཀུན་གྱིས་ནོར་འཁྲུལ་བཅོས་རོགས་ཞུ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།