ཤེས་རབ་དང་བརྩེ་དུང་ཀློང་གི་མཛེས་པ།

33396


      
         —ལྷུག་རྩོམ་དེབ‹‹ཕལ་པའི་རང་མདངས››བཀླགས་པའི་ཟིན་བྲིས།

              རྩོམ་པ་པོ། རྦབ་ཆུ།



 དེ་སྔོན་དབུས་ཀྱི་ལྷ་སའི་དཔེ་ཁང་མང་པོ་ཞིག་ལ་ཉུལ་དུས།  དེང་རབས་རང་བཞིན་བདོག་བའི་བོད་ཡིག་གི་རྩོམ་རིག་དཔེ་དེབ་ལེགས་གྲས་མང་པོ་མི་འདུག་སྙམ་པའི་སྐྱོ་སྣང་སྐྱེས་མྱོང་། ན་ནིང་རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱི་དེབ་གསར་གཉིས་ཀྱི་འགྲེམ་སྤེལ་བྱེད་སྒོར་ཞུགས་སྐལ་བྱུང་ལ།  ཁོང་གིས་ཀྱང་།  ད་ལྟ་ང་ཚོར་བོད་ཡིག་ཐོག་ནས་བརྩམས་ཤིང་། གནས་སྐབས་ཀྱི་འཚོ་བའི་ཕྱོགས་གང་ས་མཐོང་ཐུབ་མཁན་གྱི་མེ་ལོང་ལྟ་བུའི་དཔེ་དེབ་སྟེ།  ནང་དོན་རང་ཉིད་དང་ཁ་ཐག་ཉེ་ཞིང་། ཚིག་གི་སྦྱོར་བ་བབ་ཆགས་པ། དེ་བཞིན་ཕྱིའི་རྒྱབ་ཤོག་དང་མདུན་ཤོག  ནང་གི་ཇུས་འགོད་མིག་ལ་མཛེས་པ་སོགས། རང་ཉིད་གང་འགྲོ་ས་ལ་གྲིབ་མ་བཞིན་འཁྱེར་སྙིང་འདོད་པ་དེ་འདྲ་ཅུང་དཀོན་པོ་རེད་འདུག་ཅེས་གསུངས་སོང་། ཏག་ཏག་ཉེ་དུས་རྩོམ་པ་པོ་ར་ས་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་བརྩམས་པའི‹‹ཕལ་པའི་རང་མདངས››ཞེས་པའི་ལྷུག་རྩོམ་དེབ་ཅིག གསར་དུ་དཔར་བསྐྲུན་འགྲེམ་སྤེལ་བགྱིས་འདུག་ལ།   སྐོམ་པ་ཆུ་འདོད་ཀྱི་རེ་བས་ནི་དེབ་དེ་རག་ཐབས་བྱས།


རྩོམ་པ་པོ་ར་ས་བསྟན་འཛིན་ཆོས་གྲགས་ལགས་ནི། གུས་པའི་སློབ་ཆེན་སྐབས་ཀྱི་དགེ་རྒན་ཡིན་ལ།  རང་ཉིད་ངོས་ནས་བཤད་ན།  དཔེ་དེབ་སྣ་མང་ལ་སྤྲོ་བ་འཕེལ་དུ་འཇུག་མཁན་དང་། མི་ཚེར་གཏན་དུ་ཕན་པའི་ཆོས་ཏེ། ཤེས་བྱའི་བདུད་རྩི་མང་པོ་གནང་མཁན་གྱི་བཀའ་དྲིན་ཅན་གང་དེ་ཡིན།  ད་ཐེངས་ཀྱང་ལྷུག་རྩོམ་ཀྱི་དཔེ་ཚོགས་དེ་ལས། ཆེད་དུ་ཁོང་གི་བརྩམས་ཆོས་ཐོག་མར་བཀླགས་དོན་ཡང་། ཁོང་ནི་རང་ཉིད་ལ་བཀའ་དྲིན་ཆེ་བས་ཡིན་སྲིད་མོད།  རྒྱུ་མཚན་གཙོ་བོ་ནི།  གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར།  ཁོང་གི་རྒྱུད་ལ་བདོག་པའི་ཕྱི་ནང་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་པའི་ཤེས་རྒྱུད་དེས། ལོ་དུ་མའི་གོང་ནས་བདག་གི་ཡིད་དབང་འཕྲོག་པས་ཡིན། ཡང་སྒོས་སུ། ཁོང་གིས་བརྩམས་པའི་གྲུབ་མཐའ་དང་དང་རྩོམ་རིག་སྐོར་གྱི་དཔྱད་རྩོམ།  ཡིད་ཀྱི་འགྱུར་བ་མཚོན་པའི་ལྷུག་རྩོམ།   མིག་སྔར་རང་རེར་ལག་མཛངས་གལ་གཏུགས་སུ་གྱུར་བའི་ཕྱི་རྒྱལ་རྩོམ་རིག་མཐའ་དཔྱོད་སྐོར་གྱི་བརྩམས་ཆོས། དེ་བཞིན་སློབ་ཚན་སྐབས་ཀྱི་དགོངས་པ།  སློབ་མ་ཀུན་ལ་རང་གི་བུ་བཞིན་དཔེ་ཁྱུད་ཅུང་ཟད་ཀྱང་མེད་ཅིང་ལྷག་བསམ་དཀར་བའི་བགྱི་བ་སོགས། ཡོན་ཏན་མང་པོ་ཞིག་ནི་སློབ་བུའི་གྲལ་མཐར་གྱུར་པ་བདག་ལྟ་བུས།  དུས་ནམ་ཞར་དུ་རྗེས་སུ་ཡི་རང་དང་བཀའ་དྲིན་བསྒོམ་དགོས་པའི་རྒྱུ་ཁོ་ནར་ཟད།


  ལྷུག་རྩོམ་དེབ‹‹ཕལ་པའི་རང་མདངས››ནི།  ཁྱོན་ལྷུག་རྩོམ་ཉེར་གཉིས་ཀྱིས་གྲུབ་འདུག དཔེ་དེབ་དེའི་ནང་གི་ཇུས་འགོད་དེ། ཡི་གེའི་གཟུགས་དང་ཆེ་ཆུང་། དཀར་ཆག་གི་སྒྲིག་སྟངས་སོགས་བློ་ལ་ཅུང་བབས་ཀྱང་། ཕྱིའི་རྒྱབ་ཤོག་དང་མདུན་ཤོག དེ་བཞིན་དཔེ་དེབ་ཀྱི་ཆེ་ཆུང་སོགས་འདི་འདྲའི་མིག་ལ་མཛེས་པ་ཞིག་མ་རེད། ཡིན་ནའང་།  དེ་ནི་རྒན་ལགས་ཁོང་ལ་ཁག་ཅི།  དེང་སྐབས་གཞུང་གི་དཔེ་བསྐྲུན་ཁང་མང་པོ་ཞིག་གིས། ཀློག་པ་པོ་ཕལ་ཆེ་བས་ཐོག་མར་ཐུགས་སྣང་འཇོག་སའི་དཔེ་དེབ་ཀྱི་ཕྱིའི་རྣམ་པའི་མཛེས་པར་འཆུགས་ཏེ། དང་འདོད་གནང་གི་མེད་པ་འདྲ། རྩོམ་རིག་ནི་མ་གཞི་ནས་མཛེས་པར་གཞོལ་བའི་རིག་པ་ཞིག་མ་ཡིན་ནམ། འོན་ཏེ། དཔེ་དེབ་ཅིག་གི་བླང་བྱ་གཙོ་བོའམ་ཡང་སྙིང་ནི་ནང་དོན་གྱི་ལྗིད་ཁོག་ལ་རག་ལས་ཚུལ། འོ་མ་མེད་པའི་བ་དག་ནི། །དྲིལ་བུ་བཏགས་ཀྱང་ཉོ་མི་འགྱུར། །ཞེས་གསུངས་གཤིས། ཕྱིའི་མཛེས་པ་ནི་རེ་ཞིག་སྣང་མེད་དུ་བསྐྱུར་ནའང་། སྐྱོན་ཆེར་མེད་གྲང་།


 དཔེ་དེབ་དེའི་ནང་དོན་ལ། རང་ཉིད་ཤེས་དམན་ཞིག་གི་ངོས་ནས་རྩོམ་རྣམས་རེ་རེ་བཞིན་ཚགས་དམ་པའི་གཞུང་ལུགས་ཀྱི་སྒྲོམ་དུ་བཅུག་སྟེ། ཞིབ་ཚགས་པའི་མཐའ་དཔྱོད་ལྟ་བུ་ལར་ནས་མི་ཡོང་བ་ནི། སེང་གེ་ཕྱི་བཞིན་རི་བོང་མཆོངས་རུང་གཡང་ལ་ལྷུང་ནས་འཆི་བར་ངེས། ཞེས་པའི་དཔེ་ལས་མ་འདས་ཀྱང་། བཀླགས་པའི་རྟགས་སུ་ཟིན་བྲིས་སམ་རྒྱ་ཆེའི་ཀློག་པ་པོར་མཚམས་སྦྱོར་ཕྱ་མ་ཕྱོ་ཞིག་གི་ཚུལ་དུ། ཚིག་ཉོག་འགའ་ཡི་གེའི་འཕྲེང་བར་བསྟར་རྒྱུ་ལགས་ན། ཁྱེད་རྣམས་པས་ཆེད་དུ་གསེར་ལྟ་བུའི་དུས་ཚོད་མ་བཀོལ་བར། ཇ་འཐུང་ཅིག་གི་ཞོར་དུ་བཀླག་རོགས་ཞུ།


ལྷུག་རྩོམ་ཉེར་གཉིས་དེ་རྣམས་ནི། རྒན་ལགས་ཁོང་གིས་བསླབ་པ་སློབ་གཉེར་བགྱིད་པའི་བརྒྱུད་རིམ་ནང་བྲིས་པ་ཤ་སྟག་དང་། ཕལ་ཆེ་བ་ལས་རྒན་ལགས་ཁོང་གི་དགོངས་པའི་མཐིལ་མངོན་འདུག་སྙམ།  ཐོག་མར།  རྩོམ་ཕལ་ཆེ་བ་ནི་མཚན་ཉིད་རིག་པའི་རྒྱན་གྱིས་མཛེས་པ་ཤ་སྟག་ཏུ་འདོད་དེ།  ལྷུག་རྩོམ་དུ་མའི་ཁྲོད་ན“མངོན་སུམ། རྗེས་དཔག ཀུན་རྫོབ། དོན་དམ། རྟེན་འབྲེལ། བདེན་འཛིན། འཁྲུལ་ཤེས། རྟོག་པ་དོན་མཐུན། མི་རྟག་པ། གཟུགས་སུ་མ་གྲུབ་པ”སོགས་པའི་ཚད་གྲུབ་ཀྱི་ཐ་སྙད་མང་པོའི་གྲིབ་གཟུགས་མཐོང་རྒྱུ་བདོག་པས་ཤེས་ནུས་ལ། “སེམས་པས་སེམས་པ་མ་རྟོགས་སྐབས། སེམས་པ་གཉིས་ཀར་ཆག་གྲུམ་ཤོར་བའང་གྲངས་མེད་ཡིན”དང་། “ཡུལ་དུས་གཉིས་ལས་འཕགས་པའི་ནུས་པ་ཞིག བསམ་པའི་རིག་གནས་ཀྱི་ཐོག་ཏུ་ཡོད་པས་ཡིན”དང་། “མཛེས་པ་ནི་ནམ་ཡང་ཐོབ་ཐབས་མེད་པ་དེ་ལ་རེ་སྙེགས་བྱེད་པའི་བསམ་པའི་འདུན་པ་ཞིག་ལས་བྱུང་བ་ཡིན”ལྟ་བུ་སོགས་ཀྱི་བརྗོད་དུམ་ཚིག་སྙན་ཞིང་དོན་ཟབ་པ་མང་པོ་ཞིག་ནི།  དོན་དེ་དག་ལས་བསྐྱེད་པའི་ཁོང་རང་ཉིད་ཀྱི་དགོངས་ཚུལ་རྣལ་མ་དེ་རེད་ཨང་། དེ་འདྲའི་བརྗོད་དུམ་དག་ནི། དཔེ་ཀློག་ཁོ་ན་འཁྱོངས་ན་འབྲི་ཐུབ་པ་ཞིག་མ་རེད་ལ། བསམ་གཞིག་རྐྱང་རྐྱང་བགྱིས་ནས་བློ་ལ་འཁོར་བ་ཞིག་ཀྱང་མ་ཡིན་ཏེ།   ཐོས་བསམ་ལས་འགོངས་པའི་པའི་ལྟོས་བཅས་ཀྱི་བསྒོམ་པ་ཞིག་ལ་རག་ལས་ངེས།


བརྩེ་དུང་ཡོད་ན། ད་གཟོད་མངོན་སུམ་གྱི་གྱུར་བག་སྣ་ཚོགས་དབང་པོའི་ལམ་དུ་འཚངས་བས། སེམས་ལ་ན་ཟུག་རྣམ་དག་ཅིག་ཀྱང་ཡོད་སྲིད། ཁོང་གི་ལྷུག་རྩོམ་ཁ་ཤས་ཀྱི་བག་ལ་ཞ་བའི་ཚིག་འབྲུའི་གསེང་ན། ཡིད་དུ་འོང་བའི་བརྩེ་དུང་གི་ས་བོན་རེམ་པོས་བཏབ་འདུག་སྟེ། དཔེར་ན། ‹‹ཁ་བར་ཉན་པ››ཡི་ནང་གི “ཁ་བ་ཆུ་རུ་འགྱུར་ཚུལ་ནི། སེམས་ནང་དགའ་བ་འབུམ་གྱིས་མྱོས་དྲགས་ཏེ་ད་གཟོད་དེ་དག་མཆི་མའི་རྡོག་པོར་གྱུར་བ་བཞིན”ལྟ་བུས་ཤེས་ནུས། ནམ་ཞིག་འབྲས་བུ་བཟང་པོ་ཞིག་སྨིན་པའི་ངེས་ཤེས་ནི། ‹‹ས་སྐྱའི་གཟི་དཔལ་དང་མཁར་རྒྱང››ནང་གི“མཁར་གྱང་གི་ཆེད་དུ་མིག་ཆུ་གཏོང་མི་དགོས་ལ། མཁར་གྱང་གི་ཆེད་དུ་ལོ་རྒྱུས་ལ་ཚིག་མཚོན་བཏབ་པས་ཅི་ཞིག་ཕན། འོན་ཏེ། ང་ཚོས་མཁར་གྱང་དེ་དག་གིས་ང་ཚོར་ཅི་ཞིག་བརྗོད་ཀྱིན་པ་ཉན་དགོས་ལ།  ཉིལ་ཟིན་པའི་ས་རྡོ་དེ་དག་ཐོག་ཇི་ལྟར་བྱས་ཏེ་འགྲེངས་ནས་རི་བོའི་ཕར་རྒྱབ་ཏུ་བལྟ་རྒྱུ་དེ་ཉིད་རེད། དེ་ནི་ང་ཚོས་མཁར་གྱང་ལ་བཙལ་བའི་ཚེ་སྲོག་རེད་ལ། མཁར་གྱང་གིས་ང་ཚོར་སྦྱིན་པའི་བློ་མིག་ཅིག་ཀྱང་ཡིན”ལྟ་བུས། ཅི་ནས་ཀྱང་། ངམ་ངམ་ཤུགས་ཀྱིས་འདྲོང་ནུས།


“ཁེར་རྐྱང་ནི། ཡིད་ཀྱི་སྒོ་ཆུང་ཡུན་རིང་བརྡུངས་པའི་འབྲས་བུ་ལས། རང་ལ་ལྷོད་ཀྱིས་ཕྱེས་པའི་ཞིང་ཁམས་ཡངས་ཤིང་ཡས་པ་དེ་ཉིད་རེད་འདུག”ཅེས་པ་ནས། “ཁེར་རྐྱང་ནི། ཆོས་ཉིད་ཅིག་གི་འོད་སྣང་འདྲེན་པའི་སྐར་ཁུང་ཡིན་ངེས་ལ། བདེ་ལྷོད་ཡོད་ཚད་བློས་གཏོང་ནུས་པའི་སྙིང་སྟོབས་ཤིག་ཀྱང་ཡིན་ངེས།”ཞེས་པའི་བར་དུ་ནི། བསམ་གཞིག་གི་འགྲུལ་བཞུད་ཅི་འདྲའི་རིང་པོ་ཞིག  ཁོང་གིས་རང་ཉིད་གཅིག་པུས་འགྲུལ་བཞུད་དེའི་འགོ་མཇུག་བར་གྱི་ལམ་བུ་རྡོག་པས་མནན་འདུག དེའི་བརྒྱུད་རིམ་ལིང་སྟེ་ཆེས་ངལ་བའི་བགྱི་བ་ཞིག་ཡིན་ན་ཡང་། བསམ་བློའི་བཅུད་ཀྱི་ནོམ་པ་གྱ་ནོམ་པ་ཐོབ་སྲིད་པས། ཆེས་བདེ་བ་ཞིག་ཀྱང་ཡིན་ངེས། དོན་དུ་ང་ཚོ་མི་རེ་ངོ་རེར་ཡང་། ཁོང་ཇི་བཞིན་ཁེར་རྐྱང་བཟོད་ཐུབ་ཅིང་ཁེར་རྐྱང་ལ་མོས་པ་ཞིག་ཡིན་དགོས། ཁེར་རྐྱང་གི་སྐབས། ད་གཟོད་ང་ཚོས་བསམ་གཞིག་གི་སྒོ་གླེགས་ག་ལེར་བརྡུངས་ཏེ་རང་ཉིད་ཀྱི་བསམ་སྤྱོད་ཟུང་ལ་བྱི་དོར་གཙང་མ་བྱ་ཐུབ།


མཚན་མོ་རེ་རེའི་ཀློང་ལས་རེག་ཐུབ་པ་ནི་མུན་པ་ཧྲིལ་པོ་ག་ལ་ཡིན། ལྷུག་རྩོམ་མང་པོ་ཞིག་ལས་ཀྱང་། ཁོང་ནི་མཚན་མོ་ལོངས་སུ་སྤྱོད་ཐུབ་མཁན་ཞིག་སྟེ། རྩོམ་ཡིག་གསུམ་གྱི་ཁ་བྱང་ཐད་དཀར་མཚན་མོ་དང་འབྲེལ་འདུག་ལ། གཞན་གྱི་རྩོམ་ཡིག་དུ་མ་ལས་ཀྱང་མཚན་མོ་ཞེས་པའི་མིང་ཚིག་དེ་ཡང་ནས་ཡང་དུ་ཐོན་འདུག ཁོང་གིས། མཚན་མོའི་དུས་ཚོད་དེ་མ་ཅང་རྩེ་བའི་ཧྲོག་སྒྲ་དང་སྐྱུར་རྩིའི་དྲི་ངད་ཀྱི་དབྱིངས་སུ་མ་བསྐྱལ་བར། མཚན་མོའི་ལྷིང་འཇགས་དང་མུན་པའི་མཛེས་པར་བརྔམས་ཤིང་། སླར་ཡང་བསམ་གཞིག་གི་རྟ་ཕོར་བཞོན་ནས་ཤེས་བྱའི་ཐང་ཆེན་ཞབས་ཀྱིས་བཅགས་འདུག ཏག་ཏག་དེ་ནི། ཁོང་གིས་མེས་པ་ཚོའི་གླེགས་བམ་གྱི་གསེང་ལས་རྙེད་པའི་ལེགས་བཤད་མཆོག་གྱུར་ཞིག་སྟེ། ཤེས་རབ་འགྲོགས་སུ་བསྟེན་ནས་མི་ཚེའི་རིན་ཐང་འཚོལ་རྒྱུ་དེའོ། །གཞན་ཡང་། མི་ཚེའི་རིན་ཐང་དེ་འཚོལ་བར། གླེགས་བམ་ཕར་སློག་ཚུར་སློག་ཁོ་ནས་མི་ཡོང་སྟེ། བསམ་ཡས་གཙུག་ལག་ཁང་དང་ས་སྐྱ་དགོན། དེ་བཞིན་དགའ་ལྡན་དགོན་པ་སོགས་དུས་རབས་སོ་སོའི་ཤེས་རིག་གི་བ་དན་ལྟ་བུར་འགྱིང་བའི་བོད་ཀྱི་རིག་གནས་ཀྱི་ལྟེ་བ་དེ་དག  ཤེས་བཞིན་གྱི་དད་པའི་གཤོག་ཟུང་ལ་བརྟེན་ནས་མཇལ་རྒྱུ་ཡང་འགངས་ཆེ། ཁོང་གིས་ནི། བསམ་ཡས་ཆོས་རྩོད་ཆེན་མོ་ལས་བསྐྱེད་པའི་དྲན་པ་བློ་ལ་བཅངས། དགའ་ལྡན་གསེར་ཁྲིའི་ཤེས་རབ་ཀྱི་བྱིན་རླབས་རྒྱུད་ལ་བསྒོས། ས་སྐྱའི་གྱང་རོའི་ཁྲོད་ཀྱི་བསམ་གཞིག་གི་ཞུན་མ་ལམ་དུ་བཏིང་པ་བཅས་བགྱིས་ནས། “གཞན་གྱི་བསམ་བློས་བཀངས་བའི་དཔེ་དེབ་རྒྱང་དུ་བསྐྱུར་ཏེ། རང་གི་བསམ་བློ་འཚོལ་དུ་འགྲོ”ཞེས། ང་ཚོའི་ལག་ཏུ་བདོག་པའི་ཁྱད་ནོར་དེའི་རིན་ཐང་ལེགས་པར་རྟོགས་ནས་འུ་ཚོར་འབོད་སྐུལ་ཤ་ཚ་བ་ཞིག་གནང་འདུག


‹‹ངའི་ཕ་ཡུལ་གྱི་གསང་བ››དང ‹‹ལྷ་སའི་ཞོགས་པ››ནི། རྣམ་པ་དང་ངོ་བོའི་འགལ་འདུ་ལས་བྱུང་བའི་སྙིང་ཆུང་གི་འཕར་སྒྲ་ཞིག་ཡིན་ན། འཕར་སྒྲ་དེས་ང་ཚོར་བསྒོས་པའི་གདམས་ངག་ནི། མངོན་གྱུར་གྱི་སྣང་ཚུལ་ཏེ། མཐོང་ཐོས་དང་རིག་གོ་ཅོག་ལས་འགོངས་ཏེ། ལྐོག་གྱུར་གྱི་ཆོས་མང་པོའི་གསང་བ་རྗེས་དཔག་གིས་རྟོགས་རྒྱུ་དེ་རེད་སྙམ།  ‹‹མེ་སྟག་བཞིན་འཕྲོ་བའི་མི་ལོ་སུམ་ཅུ›› དེ་ནི་ཁོང་གིས་རང་ཉིད་ཀྱི་མི་ཚེའི་དུས་མཚམས་ཤིག་ནས། འདས་སོང་ལ་དྲན་པའི་ཕྱིར་མིག་འཕངས་པ་འདྲ་ལ། བཟས་ཟིན་པའི་དུས་ཚོད་ཀྱི་ཕུང་པོ་རྣམས་ལ་གྱོད་ཤག་འབུལ་གྱིན་དུ་ཉམས་མྱོང་གི་ནོམ་པ་ལག་ཏུ་བླངས་པའང་འདྲ། གང་ལྟར།  དུས་དེ་ནས་བཟུང་། མི་རྟག་པས་བསླེས་པའི་མ་འོངས་པའི་ཀློང་དུ་བློ་ཁོག་ཆེན་པོས་ཆས་ཏེ།  ཕལ་པའི་ཤེས་རབ་ཀྱི་ས་ལམ་བསྙེག་རྒྱུར། སྟ་གོན་ཨང་གསར་གནང་འདུག་ཨང་།


 ལྷུག་རྩོམ་ཉེར་གཉིས་དེ་རྣམས་བཀླགས་རྗེས། ཁོ་བོའི་སེམས་པའི་གྱང་ངོས་སུ་སྐད་ཅིག་ཉིད་དུ་ཤར་འོངས་བ་ནི། མེས་པོ་བློ་གྲོས་ཅན་ཚོས་དཀའ་ངལ་ཁྱད་བསད་ཀྱིས། དོན་དམ་པའི་བདེན་པ་འཚོལ་བའི་མི་ཚེའི་འགྲུལ་བཞུད་ཀྱི་རི་མོ་བྱིན་ཅན་དེ་རེད་ལ།  བརྩེ་བ་དང་ཤེས་རབ་ཀྱིས་གཏམས་པའི་ཕལ་པའི་འཇིག་རྟེན་གྱི་རང་མདངས་དེའང་ངོ་།།


    རང་ཉིད་ཀྱི་ངོས་ནས། ནམ་རྒྱུན་ཕྱི་རྒྱལ་སོགས་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་ཅི་རིགས་ལ་མཇལ་དོན། གཏན་ཚགས་ངེས་ཅན་བདོག་པའི་མཚན་ཉིད་རིག་པའི་མདོ་དོན་མང་པོ་ཞིག  འཚོ་བ་དང་ཁ་ཐག་ཤིན་ཏུ་ཉེ་པོའི་སྒོ་ནས་བཀྲལ་བའམ། འཚོ་བའི་མཛེས་པ་ཉིད་བསམ་པའི་ཡུལ་ལས་འདས་ཤིང་མྱངས་ན་བྲོ་བ་ལྡན་པའི་ཚིག་སྦྱོར་གྱི་ལམ་ནས་བྲིས་པས་ཡིན། ད་རེས། རྒན་ལགས་ཉིད་ནས་དེ་འདྲའི་ཁྱད་ཆོས་མངའ་བའི་ལྷུག་རྩོམ་མང་པོ། མ་ཡིག་རྣལ་མའི་ལམ་ནས་རྒྱ་ཆེའི་ཀློག་པ་པོར་བསམ་པའི་བཟས་སུ་གནང་འདུག་པས། སྙིང་ནས་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ་བ་ཡིན་ལ། མ་འོངས་པའི་དུས་སུ། སྔས་མགོའི་སྒྲོག་རྩེའི་སྟེང་ནས་སམ། ལམ་དུ་ཁུག་མའི་སྦུབས་ནས་སམ། ཡང་ན། ས་གང་རུང་ཞིག་ནས་དཔེ་དེབ་འདི་ལག་ཏུ་འཕྲད་དེ། ཡུན་རིང་འཇིག་རྟེན་ཁོལ་པོའི་ལས་བྲེལ་གྱིས་གདུངས་པའི་ཁོ་བོའི་ཡིད་ཀྱི་ལོངས་སྤྱོད་ཉིད་དུ་གྱུར་སྐབས། སླར་ཡང་རྒན་ལགས་ཉིད་ཀྱི་བཀའ་དྲིན་དྲན་ཆོག་པ་ཞུ།


མཐར་ཁྱེད་ཀྱི་ཐོས་བསམ་དང་གསར་རྩོམ་གྱི་ལམ་བུ་དཀར་པོ། ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བ་ཤོག ། ཅེས་རྦབ་ཆུས་སྤོ་བོ་ཡིད་འོང་དུ་བྲིས། ༢༠༡༩  ༡༠  ༢༡

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།