ཁྲུང་ཁྲུང་འཕུར་དུས།
ག་དུས་འཕུར་འོང་བསམ།
དྲན་སྟངས་རེ།
ཕ་རོལ་རེ།
གཤོག་ཟུང་རེ།
རྒྱང་མིག་རེ།
ཁྲུང་ཁྲུང་འཕུར་དུས།
ག་དུས་འཕུར་འོང་བསམ།
བར་ཆད་རེ།
གསོལ་འདེབས་རེ།
འཁང་ར་རེ།
ན་ཟུག་རེ།
ཁྲུང་ཁྲུང་འཕུར་དུས།
ག་དུས་འཕུར་འོང་བསམ།
དུས་ཚིགས་རེ།
གྲིབ་མ་རེ།
སྐྱེལ་མ་རེ།
དབུགས་རྔུབ་རེ།
2019/02/02–14
____ཀློག་འབྲེལ་འབྲི་མཁན། སྒྲེ་བོ།
སྙན་ངག་སོགས་སུ་རང་བྱུང་གི་ཉམས་སྣང་རགས་བྲི་ཞིབ་བྲི་གང་ཡང་ངེས་པར་དགོས་པ་འདྲ་ཆགས་འདུག ལར་ཤིན་ཏུ་ཐུང་བའི་སྙན་ངག་རེའི་ནང་དུ་ཡང་ཡུལ་ལུང་མང་པོ་དང་མི་སྣ་མང་པོ་འདུས་ཡོད་དེ། དཔེར་ན་གཡུ་ཐོག་ཟམ་པ་འདྲ་བོ། འཕྱོངས་རྒྱས་ཟླ་བ་སྒྲོ་མ་ལྟ་བུ། རྒྱལ་བ་ཚངས་དབྱངས་རྒྱ་མཚོས་མཚོན་པའི་མི་སྣ་སྐོར་ཞིག་འདྲེན་བཀོལ་བྱེད་པར་མཛེས་དཔྱོད་ལ་གོམས་ཡོད་འདུག
དེ་དག་ནི་གཏམ་རྒྱུད་རེ་དང་འབྲེལ་ཡོད་པ་བཞིན། སྙན་ངག་སོགས་སུ་དེ་དག་གི་སྟེང་ལ་མི་སྣ་གཞན་དག་གི་གནས་བབ་སྦྱར་ནས་མཚོན་པར་བྱས་པ་མང་པོ་འདུག་སྙམ། དེ་དག་གི་མཚོན་ཤུགས་ནི་བརྩེ་དུང་ཡིན་ཞིང་། དེ་དག་གི་སྟེང་ན་མི་སེམས་སྒུལ་བར་བྱེད་པའི་མཛེས་ཉམས་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་ཟ་སྣུམ་རས་ལ་ཐིམ་པ་བཞིན་ཡོད་པས་རེད་འདོད། དེ་འདྲའི་སྙན་ངག་ནི་གོ་བ་སླ་བ་དང་དམངས་ཁྲོད་ཀྱི་ཆ་ཡོད་པ་ཞིག་ཀྱང་རེད་ལགས།
དམངས་ཁྲོད་ཀྱི་ཁྱད་ཆོས་དང་བག་ཆགས་སོགས་ནི་མཛེས་ཉམས་སྒོས་སྙན་ངག་སོགས་སུ་ཡང་ཡང་ཡོང་ངེས་པ་དང་། སྙན་ངག་པ་སོགས་ཀྱིས་ཀྱང་དེའི་དྲའམ་རྙི་ལས་བརྒལ་དཀའ་བ་མ་ཟད། བརྒལ་མི་སྲིད་པ། བརྒལ་པའི་དབང་དུ་བྱས་ནའང་མཛེས་ཆོས་གཞན་ཞིག་ནི་ཤིན་ཏུ་བཟོ་གྲུབ་དཀའ་བ་ཞིག་རེད་སྙམ། སྙན་ངག་པ་ནི་མ་གཞི་ནས་མི་རིགས་ཀྱི་སྐད་བརྡ་ཙམ་མ་ཡིན་པར་རིག་གནས་སྙིང་ཁུ་ལ་བརྟེན་ནས། རང་གི་དགའ་སྐྱོ་ཆགས་སྡང་ངག་གི་དཔལ་དུ་བཞེངས་པ་པོ་ཞིག་ཡིན་པ་དང་། དེ་ཡང་རང་བྱུང་གི་རྣམ་འགྱུར་འབའ་ཞིག་རང་གི་སེམས་ཉིད་ཀྱི་དབང་དུ་བཀོལ་ཏེ་མཚོན་པར་བྱེད་དགོས་པ་ལས། ཐད་ཀར་སྡུག་གི་དང་སྐྱོ་བྱུང་། སྐྱིད་སོང་ལྟ་བུས་བརྡ་ཆད་དེ་དག་གིས་དེ་ཡོང་དཀའ་བ་རེད་དོ།། དེ་ལྟ་ན། སྐབས་རེར་རིག་གཞུང་གི་ཕྱེད་ཀ་རང་བྱུང་ཁམས་ཡིན་པ་རེད། གཤམ་ནས་ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ཁྲུང་ཁྲུང་འཕུར་དུས་ཞེས་པ་རགས་ཙམ་བཀླག་པར་བྱ་འདོད་ཀྱང་། བསྟུད་མར་ཞོར་འཕྲོས་ཙམ་གྱིས་ངོ་སྤྲོད་དགོས་པ་འགའ་ཡང་མཆིས།
ཁྲུང་ཁྲུང་དེ་གླིང་སྒྲུང་ནང་གི་སྨན་མཛེས་འབྲུག་མོའི་བླ་བྱ་གྱུར་བའི་ཁྲུང་ཁྲུང་དེ་མ་རེད། ཡང་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་གི་ཁྲུང་ཁྲུང་དེ་མ་རེད། དེ་བཞིན་གཅན་གཟིགས་ཁང་དང་མཐོ་སྒང་གི་སྐབས་ས་ལ་ལར་འཚོ་བའི་ཁྲུང་ཁྲུང་དེ་དག་མ་རེད། མ་རེད་ཀྱང་དེ་དག་དང་འབྲེལ་བ་ཏན་ཏན་ཡོད་པ་རེད། འབྲེལ་བ་ཇི་ལྟར་ཡོད་པ་རེད་ཟེར་ན། དེ་དག་གི་མཚོན་ཐབས་ཉིད་མཚོན་ཐབས་གཞན་ཞིག་ཏུ་གྱུར་བ་རེད། ལར་མཚོན་ཐབས་མཚོན་ཐབས་སུ་བཀོལ་འདྲེན་བྱེད་པ་ནི་རང་མོས་སྙན་ངག་གི་ཁྱད་ཆོས་ཟེར་ན་རེད། རིག་རྩལ་གཞན་ཞིག་རེད་པས་སྙན་ངག་གི་གོ་དཀའ་སླ་ཟེར་བ་དེ་ནས་ཁྱད་པར་ཡོང་གི་ཡོད་ས་རེད།
སྙན་ངག་ཀློག་པ་པོ་རྣལ་མ་ཞིག་བཅའ་བསམ་ན་མཚོན་ཐབས་མཚོན་ཐབས་སུ་སྤོ་འགྱུར་གྱི་ཚུལ་དང་རིམ་པ་འདྲ་བོ་ངེས་དགོས་པ་ཞིག་རེད། དེ་མ་ངེས་པ་དང་དེ་ལ་དོ་སྣང་མ་བྱས་པའི་དབང་གིས། གོ་དཀའ་བའི་སྙན་ངག་ཟེར་བ་ཞིག་བྱུང་བ་དང་། དེ་ཡང་སྐྱོན་དུ་ངོས་འཛིན་དང་སྐྱོན་དེ་སྙན་ངག་པ་ལ་འདོགས་པ་རེད། ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུག་ཏུ་མིན་ནམ། ཧོར་འཇིགས་ལགས་ཀྱིས་རང་མོས་སྙན་ངག་ཅེས་པ་ནི་བྲིས་ནས་ཉིན་གསུམ་འགོར་རྗེས། བྲི་བ་བོའམ་སྙན་ངག་པ་རང་ཉིད་ལ་ལྐོག་འགྱུར་དུ་འགྱུར་འདུག་ཅེས་ཐལ་འདུག དེ་འདྲ་རྦད་དེ་མེད་པ་མ་རེད་ཀྱང་། གོང་འཕྲོས་ལྟ་བུའི་རྒྱུན་ཤེས་ཙམ་ལ་བྱང་བར་མ་གྱུར་ན་སྐྱོན་དེ་ཀློག་པ་པོས་ཚོར་སླ།
ཡང་གཞན་ཞིག་ནི་ཁ་བརྡའི་དབྱངས་འགྲོས་དང་དཔེ་འཇོག དེའི་སྐད་གཤིས་ལ་གཏིང་མ་ཚུགས་ན་མི་རབས་སྔ་ཕྱིའི་བར་གྱི་སྐད་ལ་ཁྱད་པར་ཡོང་ཞིང་། མི་རབས་རྒན་པ་དག་གི་ཁ་བརྡའི་འགྲོས་ནི་གཞོན་པ་ཚོས་གོ་མི་ཐུབ་ཀྱང་། གཞོན་པ་ཚོས་གང་སྤྱོད་པ་ལ་རྒན་པ་ཚོ་གོམས་དཀའ་བ་སོགས། དེ་འདྲའི་ཧེ་བག་ལ་བརྟན་ནས་སྐད་བརྡ་མི་འཕྲོད་པ་བྱུང་ལ་གཞིགས་ན། སྙན་ངག་ནི་དེ་བས་ཀྱང་དཀའ་དང་དཀའ། དཀའ་ཡང་སྐྱོན་དེ་སྙན་ངག་གི་ངོ་ན་མེད་པ་གོང་གི་དཔེ་དེ་ལས་ཤེས་པར་བྱ།
ཡང་སྙན་ངག་ནི་ཁམས་ཡོད་པ་དང་གཤིས་ཡོད་པ། གཙོ་བོ་སྒྱུ་རྩལ་གྱི་བདེན་པ་ལ་ཤས་ཆེ་བས་ན། དེའི་ནང་དུ་མི་སྒེར་རམ་སྙན་ངག་པ་སོ་སོའི་མཛེས་དཔྱོད་ཀྱི་ལམ་ལུགས་མང་བས་གོ་དཀའ་བ་ནི་རྟག་པར་ཡོང་ཆོག་པ་ཞིག་རེད་འདོད། ནུབ་ཀྱི་མཚན་ཉིད་རིག་པའི་སྐད་ཆ་ཞིག་ཏུ་མི་ཞིག་ཆེས་དགའ་དྲགས་པའི་མཐར་ཐུག་ནི་ངུ་བ་དང་ཆེས་སྐྱོ་དྲགས་པའི་མཐར་ཐུག་ནི་དགོད་པ་ཡིན་པས། སྙན་ངག་གི་ཚོར་ཤུགས་ལམ་ལུགས་དེ་རང་ལས་རྩོམ་པར་བྱས་ཚེ་ཤིན་ཏུ་གོ་དཀའ་བ་ཞིག་ཏུ་འགྱུར་ཆོག་གོ།
དེ་བས་སྙན་ངག་འདིའི་ནང་དུ་བྱུང་བའི་ཁྲུང་ཁྲུང་ནི་རྩོམ་པ་པོའི་ཡིད་ཀྱི་ཡུལ་ལྗོངས་དེ་ན་ཡོད་པའི་ཁྲུང་ཁྲུང་ཞིག་རེད། དེ་འབྲེལ་གྱི་བྱ་བྱེད་ཚང་མ་སྙན་ངག་པ་ཁོང་སྒེར་གྱི་ཁོར་ཡུག་ཅིག་ནས་ཡོང་བ་ཡིན་ཙང་། དེའི་ཁོར་ཡུག་གི་གྲུབ་རིམ་མ་ངེས་ཚེ། གོ་རྒྱུ་མེད་པ་དང་གོ་དཀའ་བ་རང་ལ་སྙམ་པ་ནི་ནོར་བ་མིན་ནམ། དཔེར་ན། རྨི་ལམ་དུ་འཇའ་ཚོན་གྱིས་ལྕགས་ཐག་གིས་རྩྭ་འཇག་ཅིག་བསྡམས་པ་ལྟ་བུ་དང་། རི་བོ་ཞིག་གི་ཀླད་དུ་ཁྱུང་ཆེན་བབ་སྟེ། རིས་འདེགས་མི་ནུས་པར་འགྱེལ་ནས་མཐར་གཡུ་མཚོ་སྔོན་མོ་ཞིག་ཏུ་གྱུར་བ་འདྲ་ལྟ་བུ་ནི། རྨི་ལམ་ཡིན་ཡང་ཕྱིར་རང་གི་ཚོར་བ་དང་སྡེབ་སྟེ་མཚོན་ཐབས་གསར་དུ་བཟོ་བ་ཡང་བྱུང་ཆོག་ཙང་། སྨྲ་བསམ་བརྗོད་འདས་ཀྱི་སྙན་ངག་ལ་སྨྲ་བསམ་བརྗོད་འདས་ཀྱི་བློས་གཞལ་རིགས་པ་ཡིན་ནོ།། དེ་བཞིན་གོ་སླ་སྟེ་སྙན་ངག་འདི་དང་དེ་ཡི་བསྟན་དོན་ནི་འདི་རེད་དང་དེ་རེད་ཅེས་ཁ་ཚོན་གཅོད་པ་ནི་ཡང་དཀའ་འོ།།
སྙན་ངག་འདི་ནི་དྲི་རྒྱ་ཞིག་དང་འདུན་མ་ཞིག་གི་ནང་དུ་བློས་བསླངས་ཡོད་པ་ཞིག་རེད་ལ་འབྲི་ཐབས་ནི་ཁོང་སྒེར་གྱིས་ནམ་རྒྱུན་ནས་ཆེས་ཆེར་སྤྱོད་པའི་དུམ་ཞིང་ཐུང་བ་དེ་རེད། དབྱངས་འགྲོས་ནི་ཁོ་རང་ལ་ཡོད་པའི་ཁྱད་ཆོས་ཅན་ཞིག འོན་ཏེ་འབྲི་ཐབས་དེ་ཁོ་ནར་སྤྲོས་རིན་ཡོད་པ་ཞིག་རེད་ཀྱང་འདིར་འཕྲོས་མཚམས་འཇོག་གོ། མུ་མཐུད་དུ་གླེང་ན་སྙན་ངག་པའི་ཡིད་དང་སྙིང་དུ་སྡུག་པའི་ཁྲུང་ཁྲུང་ཞིག་འཕུར་འགོ་བརྩམས་དུས། དྲི་བ་ནི་ཁྲུང་ཁྲུང་ག་དུས་ཕྱིར་འཕུར་འོང་མིན་རེད་ལ་འདུན་མ་ཡང་ཕྱིར་འཕུར་འོང་རྒྱུ་དེ་རེད། སྣེ་དེ་གཉིས་ལས་གྱེས་པའི་སེམས་བྱུང་དང་ཁོར་ཡུག གནས་བབ་སྟེ། དྲན་སྟངས་རེ་དང་ཕ་རོལ་རེ། གཤོག་ཟུང་རེ་དང་རྒྱང་མིག་རེ་བཅས་ཁྲུང་ཁྲུང་འཕུར་བ་ནི་དྲན་གདུང་གིས་ཕ་རོལ་རྗེས་ལ་སྙེག་བྱེད་དགོས་པ་ཞིག་དང་། དེའི་རྣམ་འགྱུར་ནི་གཤོག་ཟུང་ལ་ཆགས་པའི་མིག་ཟུང་ཞིག་རེད། དེ་ན་འདི་ལྟར་ངེས་ཆོག་སྟེ། ཕ་རོལ་ཞེས་པ་ནི་ནམ་ཡང་ཚུར་རོལ་དང་འཕྲད་བྲལ་བ་རེད། ཡིན་ཡང་། མིའི་འདོད་འདུན་ནི་མི་སྲིད་པ་ཡིན་ཡང་སྲིད་པ་ལ་རྔམ་དུས་ཀྱང་ཡོད་པ་བཞིན་ནོ།།
ལར་སྙན་ངག་གི་རྒྱུ་ཆའམ་བྱུང་རིམ་ནི་ངོས་དང་ཟུར་མི་འདྲ་བ་ནས་བློས་བསླངས་བགྱི་ཆོག་པ་ཞིག་རེད་པས་སྙན་ངག་འདིའི་ནང་དུ་བྱུང་རིམ་དེ་ཉིད་ལ་བློས་མི་ཐོངས་པའི་རྣམ་འགྱུར་གང་ཞིང་ཟུར་ཁ་ཤས་ནས་མངོན་འདུག་སྙམ། དེ་ནས་བར་ཆད་རེ་དང་གསོལ་འདེབས་རེ། འཁང་ར་རེ་དང་ན་ཟུག་རེ་ཞེས་པ་ནི་བྱུང་རིམ་དེའི་ངོས་གཞན་ཞིག་ལ་ལོག་པའམ་སྤོ་འགྱུར་བགྱིས་པ་རེད། དེ་ན་ཁྲུང་ཁྲུང་འཕུར་འགྲོ་བ་ནི་བར་ཆད་ཅིག་ཡིན་སྲིད་ན་ཐོལ་ཐོལ་དུ་དྲན་གདུང་དང་བཅས། གསོལ་འདེབས་ཀྱང་ངང་གིས་ཡོང་པ་དང་དེ་ནས་ཕྱིར་དྲན་ངང་འཁར་ར་ཤོར་བ་དང་དེ་འབྲེལ་ན་ཟུག་ཀྱང་སྐྱེས་པ་ཨ་ཅང་ཅང་རེད་དོ།།
སྙན་ངག་འདི་ཉིན་གཅིག་ལ་ཆ་བཞག་ན་ད་ནི་ཕྱི་དྲོ་དང་ས་སྲོས་ལ་ཉེ་བ་ཞིག་རེད། དེ་དོན་སྙན་ཐུང་འདིའི་མཇུག་བསྒྲིལ་བ་ལ་ལབ་པ་མིན་གྱི། ཁྲུང་ཁྲུང་འཕུར་རྐྱེན་ལ་མགོ་བོ་འཐོམ་ཞིང་རྣམ་ཤེས་མག་མོག་ཏུ་གྱུར་བ་ལྟ་བུས། དུས་ཚིགས་རེ་དང་གྲིབ་མ་རེ། སྐྱེལ་མ་རེ་དང་དབུགས་རྔུབ་རེ་ཞེས་པ་ནི་ཅི་བྱ་གཏོལ་མེད་ངང་བློས་མི་ཐོངས་པ་དེའི་སྐོར་ལ་མནོ་བསམ་ནི་བརྩིས་ན་དུས་ཚིགས་ནས་དུས་ཚིགས་དང་སྣང་བ་གྲིབ་མ་ནས་གྲིབ་མ་ཡིན་པ་རེད་ལ། ཀློང་དེའི་བར་ན་སྐྱེལ་མ་ཡོད་ལ་དབུགས་རྔུབ་ཀྱང་ཡོད་པས་ཞིབ་ཏུ་མྱངས་ན། གློག་བརྙན་ཞིག་ལྟར་ཡིད་ལ་ཅི་ཞིག་ལྷང་ལྷང་འཆར་ཡོང་།