ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག《དེ་རིང》དང་དེའི་ཕྲན་དཔྱད།

89785

              དེ་རིང་།

ངུས་མྱོང་བའི་མིག་ཟུང་།
གང་སར་ཕྱོགས་ཀྱང་།
སྐྱེལ་མའི་གཟུགས་ཤིག
ད་དུང་གཡོ།


སྨོན་ལམ་གྱི་སྐད་ཆ།
སུ་ལ་བཅོལ་ཡང་།
བདེ་མོའི་དུས་ཤིག
ད་དུང་ལྷག

སེམས་དང་སེམས།
ངས་རང་ལ་བཤམས་ཀྱང་།
དྲན་པའི་མི་ཚེ།
ད་དུང་འདར།

             2019/06/19—23

     ཕྲན་དཔྱད་འབྲི་མཁན། སྒྲེ་བོ།

མཚོ་ཐོག་གི་འགྲུལ་བཞུད་ཉིན་གཉིས་པའི་ཉིན་གུང་ལ་ཙོང་ཁ་ཚེ་བརྟན་རྒྱལ་གྱི་(དེ་རིང་།)ཞེས་པའི་སྙན་ཐུང་གི་གཙོས་པའི་དྲ་རྩོམ་སྐོར་ཞིག་ལ་ལྟ་ཀློག་ཙམ་པོ་བྱས། སྙན་ངག་ནི་མི་ཡིན་ནོ་འདིའི་ཚོར་བ་དང་སེམས་ཁམས་སོགས་ལ་ཐག་ཉེ་ཚུལ་འགྲེལ་མི་ཤེས་པ་ཞིག་རེད་པས། ངའི་སེམས་ཀྱི་གུད་ཅིག་ཏུ་སྙན་ངག་འདིའི་ཁ་བྱང་ངམ་མིང་འདི་འཚང་བ་འམ་ཐོགས་སོང་། དེ་དཔེ་རགས་པ་གཞན་ཞིག་གིས་བཤད་ན། སོ་ཚགས་ལ་བར་ཁྱད་ཡོད་པ་ཞིག་གིས་ཤ་བཟས་རྗེས་སོའི་གསེང་དུ་ཤ་སྙིགས་ཤོར་ནས་ཕྱིར་མི་ལོན་པར་བདེ་བ་མེད་པ་ཡང་ཡང་མྱོང་བ་ལྟ་བུ་རེད། ཡང་མིན་ན། མི་ཞིག་གི་སེམས་ལ་བཟོད་དཀའ་བའི་སྡུག་ཅིག་བྱུང་མྱོང་བ་དང་མི་དེས་སྡུག་དེ་འདྲ་ཞིག་གཞན་ཞིག་གི་མགོར་ལྷུང་བ་མཐོང་ཐོས་བྱུང་སྟེ། སྔར་མི་དེ་ལ་བྱུང་བའི་སྡུག་བསྔལ་གྱི་རོ་ལངས་བའམ་ཡང་ན་དྲན་པ་སོས་ཏེ་མི་གཉིས་པ་དེའི་སྡུག་བསྔལ་གྱི་ཚད་ཤེས་ཐུབ་པ་ལྟ་བུ་ཞིག་ཀྱང་ལགས།

འོ་ན། སྙན་ཐུང་འདིའི་མིང་ལ་དེ་རིང་ཞེས་བྲིས་འདུག་པ་ནི་སྙན་ཐུང་འདིའི་ཁམས་ཧྲིལ་བོ་ལ་འདྲེས་པའི་བརྡ་ཆད་ཅིག་རེད་སྙམ་སྟེ། འུ་ཅག་གི་ལུས་སེམས་གཉིས་ཀྱིས་དགའ་སྐྱོ་ཅི་ཞིག་བརྒྱུད་ན་ཡང་། དུས་ནི་དེ་རིང་དང་གཡོལ་ཐབས་གཟུར་ཐབས་མེད་པ་ཞིག་རེད། དེ་བཞིན་སྙན་ཐུང་འདིའི་ཚན་པ་དང་པོ་བཀླགས་དུས་ནས་སྙན་ཐུང་འདིའི་དབུར་བརྩམས་པའི་དེ་རིང་ནི། འདས་ཟིན་པའི་དེ་རིང་ཞིག་གི་ངོ་བོའམ་གཟུགས་བརྙན་ཡང་ཡིད་ལ་འཆར་ཐུབ། དེ་ནི་ངུས་མྱོང་བའི་མིག་ཟུང་གཉིས་ཀྱི་ཡིད་བརྙན་བརྒྱུད་དེ། མིག་ཟུང་དེ་གཉིས་ད་དུང་ཡང་རྩོམ་པ་པོའི་གདོང་ན་ཀྲིག་ཀྲིག་གཡོ་ཞིང་འགུལ་ལ། ཕྱོགས་གང་སར་གང་དང་ཅི་ཞིག་གི་ཕྱིར་བལྟས་ཡོད་པ་དེ་རེད། རེད། ཁྱོད་ཀྱིས་ང་ལ་གང་དང་ཅི་ཞེས་པ་དོན་དངོས་སུ་ཅི་ཞིག་རེད་ཅེས་ལྡོག་འདྲི་གནང་སྙམ། དེ་ལ་ངས་འདི་དང་དེ་ལགས་ཞེས་ཁ་ཚོན་གཅོད་མི་དགོས་ཏེ། རྩོམ་པ་པོའི་ངུ་མྱོང་ལ་མ་མྱོང་བའི་མིག་ཟུང་གཉིས་ཀའི་ནང་དུ་རྒྱབ་གཟུགས་ཤིག་གི་ཚུལ་དང་དོད་ཀྱིས་འཆར་ཞིང་གཡོ་བཞིན་ཡོད་པ། སྙན་ཐུང་འདིའི་ཚན་པ་ཕྱི་མ་གཉིས་ཀ་བཀླགས་ན་ཉི་མ་ནུབ་རྗེས་ཀྱི་ནུབ་མཐའི་ཉི་རྡུལ་སྐྱ་ཉིལ་བ་ལྟ་བུ་དང་ཡང་ན་སོ་སོའི་འཆར་སྒོ་དང་འཚམ་པའི་སྣང་བརྙན་རེ་ཡང་སྐྱེས་ཡོང་བ་དེ་རེད་དོ།།

དེ་བཞིན་ཚིག་དང་བརྡ་ཆད་རང་ནས་གོ་བ་ཤུགས་ཀྱིས་བླངས་ཚེ་”སྐྱེལ་མའི་གཟུགས་ཤིག”ཅེས་པ་འདིས། སྙན་ཐུང་འདི་མདུད་པ་རབ་ཏུ་འཛིང་བའི་ཐག་པ་ཞིག་ཡིན་དབང་བྱས་ན། མདུད་སྣེ་ཞིག་ནས་བསྒྲལ་ཚེ་མདུད་པ་ཡོངས་རང་ཤུགས་ཀྱིས་སླ་བོས་བསྒྲལ་ཐུབ་པ་ལྟ་བུ་བྱས་འདུག་སྙམ། ཚིག་རྐད་དེས་རྐྱེན་ལ་སྙན་ཐུང་འདིའི་ཚན་པ་ཕྱི་མ་གཉིས་ཀ་ཡང་བློས་བསླངས་དབང་མེད་དུ་ཤོར་ཡོད་པ་སྟེ། གལ་ཏེ་གོང་དུ་དྲངས་པའི་ཚིག་རྐང་གང་དེ་བློས་བསླངས་བྱས་མེད་ན། ཚན་པ་ཕྱི་མ་གཉིས་ཀ་ཡང་དེ་ག་རང་ཡོང་མི་ཤེས་པ་དང་ཡོང་ས་མི་འགྲོ་བ་ལྟ་བུའི་འབྲེལ་བ་ཞིག་བསྟུད་འདུག ང་ཚོ་མི་ནི་རེ་སྨོན་དང་གསོལ་འདེབས་སོགས་ལ་འབྲེལ་ཤིན་ཏུ་དམ་པོ་འདུག་སྙམ། དེ་ནི་སོ་སོའི་འཚོ་གནས་དང་ཁོར་ཡུག ཆེ་ས་ནས་བཤད་ན་རིག་གནས་ལོ་རྒྱུས་དང་རྒྱུན་འབྲེལ་ཡོད་པ་ཞིག་རེད་མོད། ཆུང་ས་ནས་མི་རེ་ལ་ཡང་རེ་སྨོན་དང་གསོལ་འདེབས་ཅི་ཡང་མཆིས། དེ་ནི་གཟུགས་ཅན་ལས་འདས་པའི་བསམ་བློ་ཞིག་དང་སྐད་ཆ་ཞིག་རེད་པས་ང་ཚོས་དེ་དག་བེད་སྤྱད་ནས་ལས་ཀ་མང་པོ་ལྐོག་དང་གསང་བ་བྱས་ནས་སྒྲུབ་བཞིན་ཡོད། ཡིན་ཡང་། དེའི་ལེགས་ཉེས་ནི་རང་རེ་ལ་མཚོན་ན་ཆོས་ལུགས་འབའ་ཞིག་གིས་དབྱེ་བ་འགར་བ་ལས་ཁྲིམས་ཐོག་ནས་བཀག་རྒྱ་གང་ཡང་ཡོད་པ་མ་ཚོར། ཡིན་ཙ་ན། རྩོམ་པ་པོས་དགོས་དབང་ཅི་ཞིག་གི་ཆེད་དུ་སྨོན་ལམ་གྱི་སྐད་ཆ་རིགས་ཤིག་ལྷག་བསམ་རྣམ་པར་དག་པས་སུ་ལ་བཤད་པ་དང་བཅོལ་བ་ཅི་བྱས་ཀྱང་། དབུགས་རིང་ཞིག་ཀྱང་ཤོར་བ་ཞིག་ནི་སོ་སོའི་མོས་པ་སྟེ། རེ་སྨོན་དེའི་སྔོན་དུ་བྱུང་ཟིན་པ་ནི་རེ་སྨོན་དེས་འཛིན་མི་ཐུབ་པའམ་བསྐངས་མ་ནུས་སོ།། དེ་བས་ཚན་པ་གཉིས་པའི་ཚིག་རྐང་ཐ་མ་”ད་དུང་ལྷག”ཅེས་པའི་བྱ་ཚིག”ལྷག”ནི་སྙན་ངག་པ་ཞིག་ལ་མཚོན་ན། ད་དུང་ཡང་སྙན་ངག་མང་པོ་རྩོམ་པའི་རྒྱུ་ལ་འགྲོ་བ་རེད། ངུ་མྱོང་བའི་མིག་ཟུང་གི་ནང་དུ་དོན་དག་ཅི་ཞིག་ནི་སོ་བར་གྱི་ཤ་སྙིགས་དང་སེམས་ཀྱི་སྡུག་བསྔལ་བཞིན་ཡོད་པ་ནི་བྱ་ཚིག་འདིའི་སྟེང་ནས་ཇེ་གསལ་དུ་བྱས་འདུག་སྙམ། དེ་ལྟར་ན། སྙན་ངག་པའི་སྐད་ཆ་ནི་ཤིན་ཏུ་བསྡུས་པ་ཞིག་རེད་ལ་སྣ་འཛོམས་ཞིག་ཀྱང་རེད།

ཚན་པ་ཕྱི་མ་ནི་ཚན་པ་གཉིས་པའི་སྤྲོས་བརྗོད་རང་དུ་སྣང་ལ་ཚན་པ་དང་བོར་ཁ་གསབ་རང་དུ་སེམས། འོན་ཏེ། ཅུང་ཟད་གོ་དཀའ་ཞིག་ཏུ་འགྱུར་འགྲོ་བ་ནི་”སེམས་དང་སེམས་”ཞེས་ཚོར་འདུ་གཉིས་གློ་བུར་དུ་དྲངས་བྱུང་བ་རེད། མ་ཟད་སྙན་ཐུང་འདིའི་ནང་གི་མི་སྣ་སླང་ལ་བུད་པ་ལྟ་སེམས་ཆོག སེམས་སྔ་མ་དེ་སེམས་ཕྱི་མ་ལ་རྒྱུས་ཡོད་ངེས་པས། དེ་གཉིས་རྩོམ་པ་པོའི་མདུན་དུ་བཤམས་པའམ་རྩོམ་པོ་དེ་གཉིས་ཀྱི་རྒྱབ་ཏུ་ལངས་ཚེ། བར་ཐག་རིང་རིང་དང་སེམས་ཁྲལ་ཆེ་ཆེ་ངང་རྩོམ་པ་པོས་ཅི་ཞིག་དྲན་བཞིན་ཡོད། ཅི་ཞིག་དྲན་བཞིན་པ་དེ་རྩོམ་པ་པོ་རང་ཉིད་དང་ཐག་ཉེ་བའམ་ཡང་ན། ཤིན་ཏུ་སྐྱེན་པའི་ཚོར་སྣང་རིགས་ཤིག་དང་འབྲེལ་བ་དམ་པོ་ཡོད་པ་དང་། དེ་ཡང་”འདར་”ཞེས་དངངས་སྐྲག་དང་ཁེར་ཆད་མཚོན་པའི་ཐ་སྙད་ཅིག་གིས་སྨྱུག་ཁ་བསྒགས་ཟིན་འདུག འདི་ནི་བསམ་གཞིགས་ཀྱི་སྟོང་ཆ་ལྟ་བུ་དང་ཡང་ན་ཚིག་ཚོགས་བསྡུས་པའང་སྙམ། དེ་བས་མཚམས་འདི་ལ་ངས་ཀྱང་ང་ཡི་ཚོར་སྣང་བྲི་མ་ཤེས།

གང་ལྟར། སྙན་ཐུང་འདི་དང་པོ་ཀློག་སྐབས་ཤིན་ཏུ་སྤྱིར་བཏང་བ་ཞིག་རེད། ཡིན་ཡང་། ཐེངས་ཤས་ལ་བལྟས་རྗེས་སྙན་ཐུང་འདིའི་བློས་བསླངས་དང་ཁམས་ནི། འགྲོས་ཡོད་པ་དང་ཚོར་བ་ཡོད་པ། ཆ་ཚང་བ་ཞིག་རེད་སྙམ། ལར་སྙན་ཐུང་འདིའི་མིང་ལ་”དེ་རིང་”ཞེས་བྲིས་འདུག དེ་ནི་སྙན་ཐུང་འདིའི་བསྟན་དོན་ལབ་ན་རེད། ནང་དོན་ཟེར་ན་རེད། གང་ལྟར། རྩོམ་པ་པོའི་བློ་ངོར་ཡང་ཡང་ཐོགས་པའི་དྲན་པ་ཅི་ཞིག་ནི་རྩོམ་པ་པོ་གསོན་ངོགས་སུ་གནས་པའི་བར་ནམ་ཡང་དེ་རིང་གི་ངོ་བོར་གནས་པས་མིན་ནམ་སྙམ། གཞན་དག་ནི་གོང་དུ་རགས་ཙམ་གླེང་བ་བཞིན་དང་། མ་གཞི་ནས་སྙན་ངག་བྲི་བ་ནི་རོགས་པ་ཞིག་དང་ཁ་བརྡ་གློག་པ། ཁ་པར་བཏང་བ། ཡང་ན། ཆང་བཏུང་བ་དང་ཉལ་ཐ་སྤྱོད་པ། གང་ལྟར། མི་སྤྱིར་བཏང་བ་ལས་ཚོར་བ་ཇེ་རྣོར་ཤེས་རབ་ཇེ་གསལ། བསམ་བྱ་བློས་བསླངས་ཀྱང་ཇེ་མཁས་སུ་རང་ཤུགས་ཀྱིས་བུད་འགྲོ་བའི་རྒྱུ་ཁྱད་པར་བ་ཞིག་རེད་གྲང་། ངས་ཆང་དང་ཉལ་ཐ་ལ་དེའི་ནུས་པ་ཡོད་ཅེས་གླེང་གིན་མེད་དེ། སྙན་ངག་ངོ་བོར་སྦྱར་ན་དེ་འདྲ་ཤོད་ཆོག་པ་འདྲ། སྤྱིར་མི་ཞིག་ལ་མཚོན་ན་ཐོག་མར་སྐད་ཆ་ཡག་པོ་ཤོད་དགོས་པ་ནི་རྩ་བའི་རྩ་བ་ཞིག་སྟེ། སྐད་ཆ་ནི་མི་སོ་སོའི་བློས་བཞེངས་སྐྲུན་བགྱིས་པ་ཡིན་པས་སྐད་ཆས་མིའི་བློ་གྲོས་སམ་ཤེས་རབ། ཡང་ན་རིག་པ་འདྲ་བོ་མཚོན་རབས་མང་པོ་གླེང་ཟིན་འདུག་མོད། དེ་བས་སྙན་ངག་པས་ནི་སྐད་ཆ་རིགས་ཤིག་ཐབས་རྩལ་ལ་བརྟེན་ནས་ཤོད་ཀྱིན་ཡོད་པ་ལས། རྩ་བའི་ཆ་ནས་རྫུན་གཏམ་བསམ་པའི་སྙན་ངག་མཁན་ཞིག་ཡོད་རེད་ཟེར་ན་ང་ཡིད་མི་ཆེས་སོ།།

གོང་དུ་སྙན་ངག་པ་ཙོང་ཁ་ཚེ་བརྟན་རྒྱལ་སྙན་ཐུང་”དེ་རིང་”ཞེས་པ་དྲ་ལམ་ནས་བྱུང་རྒྱལ་ལམ་གང་འདོད་དུ་བཀླགས་ཙ་ན། དེ་བཀླགས་ཐོ་ཙམ་དུ་འདི་འདྲ་ཡང་བྲི་ཤོར།ཡིན་ཡང་། ངས་ནི་དེའི་ངོས་དང་ཟུར། ཕྱི་དང་ནང་། ཁ་དང་གཏིང་སོགས་ལ་བསམ་གཞིགས་དང་བརྡར་ཤ་ཞིབ་ཚགས་བཅད་པ་གང་ཡང་བྱས་མེད། མདོར་ན་སྙན་ཐུང་དེས་ཀློག་པ་པོ་ཞིག་ལ་ཚོར་བ་གནང་བའམ་ཚོར་བ་བསྐྱེད་དེ། མཐར་ང་རང་གྲུའི་འདུག་སྟེགས་སྟེང་ནས་ཁ་མལ་བཙོག་ཐབས་བྲལ་ཏེ། སེམས་ངལ་དེ་ཡང་གཅོག་བྱེད་རགས་ཙམ་བྲིས་པ་མཚམས་སོ།།

མཐར་རྩོམ་འཆལ་འདི་རྩོམ་པ་པོའི་སྤྱན་སྔར་བྱུང་བའི་དབང་དུ་བཏང་ཚེ། ནོར་འཛོལ་ཅི་རིགས་དགོངས་ཡངས་གནང་ཀྱེ། 
23/06/19。

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།