སྐྱབས་ཆེན་གྱི་སྙན་ངག སྙན་ངག་མེ་ལོང་དུ།

95914


 — 《དཔེ་རྒྱན་ཕྲེང་བ》དང་གཞན་དག

རྩོམ་པ་པོ། བྱམས་ཕྲུག

ཁོ་ལ་དགེ་རྒན་དང་ཉམས་ཞིབ་པ། དྲ་བདག སྙན་ངག་པ། ཇུས་སྟོན་པ་སོགས་ཀྱི་མིང་འགའ་སྦྱོར་མཁན་འདུག །ཁོས་བཤད་ན་ཡོད་ཚད་མགོ་བརྩམས་མ་ཐག་ཡིན། ད་རུང་བརྗོད་རི་བ་ཅི་ཡང་མེད་ཟེར། མ་འོངས་པའི་འཆར་གཞི་སྐོར་འདྲི་སྐབས། ཁོས་འཆར་གཞི་ཅི་ཡང་མེད། གལ་ཏེ་ད་རུང་ལོ་འགའ་རེར་འཚོ་རྒྱུ་བྱུང་ན། རྩོམ་རིག་དང་གློག་བརྙན་སྐོར་ནས་འབད་འདོད་ཡོད་ཟེར།

      སྙན་ངག་མེ་ལོང་གིས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཅི་ཞིག་བྱས་སམ། སྙན་ངག་མེ་ལོང་ཞེས་བརྗོད་པའི་ཚེ། ང་ཚོས་དོན་དུ་ཅི་ཞིག་བརྗོད་ཀྱིན་པ་རེད་དམ་སོགས་ནི་ངས་སྐབས་རེར་འདང་རྒྱག་གིན་པའི་དོན་ཞིག་ཡིན། དེང་རྩོམ་བོད་དུ་དར་བའི་དུས་མགོར་མེ་ལོང་མར་དོགས་པ་སློང་མཁན་དང་དགག་པ་རྒྱག་མཁན་ཡང་མང་ཙམ་བྱུང་མྱོང་། གསར་རྙིང་རྣམ་འགལ་གྱི་བསམ་བློའི་ཤན་ཐེབས་ཏེ། ཕྱིས་ཀྱི་རྩོམ་པ་པོ་མང་པོས་དེང་རྩོམ་ཟེར་བ་སྙན་མེའི་གྲིབ་འོག་ལས་བཀྱེད་ཡོད་མེད་ཀྱི་ཚད་ལྟར་ངོས་འཛིན་མཁན་ཡང་མི་ཉུང་། གང་ལྟར་ཀྱང་། སྙན་ངག་མེ་ལོང་འདི་ཉིད་ཉམས་ཞིབ་པའི་སྡེ་ནས་དཔྱོད་བྱེད་ཀྱི་ཐབས་དང་མཛེས་པའི་ཚད་ཅིག་ལྟར་དེང་རྩོམ་ཞིབ་འཇུག་གི་སྦྱོར་བ་དངོས་ཀྱི་ཁྲོད་ཆུ་ལ་ཆུ་བཞག་སྒོས་སྦྱོར་ཐུབ་མཁན་བྱུང་མེད་པས། མེ་ལོང་མ་ཡང“གྲོང་ཁྱེར་ལ་མི་ལོབས་པའི་ཕག་པ”ཞིག་ལྟར་གྱུར་ནས་འདུག འདི་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཆ་ཡོད།

        འོན་ཀྱང་། ཚིག་རྒྱན་གྱི་ཐབས་འདི་དག་རྩོམ་ཆོས་ཀྱི་ཁྲོད་དུ་མེད་པ་མ་ཡིན་སྟེ། འདིར་སྐབས་སུ་བབ་པའི་སྐྱབས་ཆེན་གྱི《བར་སྐོར་གྱི་ཆང་ཁང》དུ་དེའི་སྐོར་གྱི་རྟགས་དང་ཤུལ་མང་པོ་རྒྱ་ཤུག་གི་ཚེར་མ་ནང་བཞིན་གྲ་གྲུ་ཀུན་ཏུ་ཐོན་འདུག དཀར་ཆག་གཅིག་པུར་བལྟས་པ་ཙམ་གྱིས། 《དཔེ་རྒྱན་ཕྲེང་བ》ལྟ་བུ་སྟེ་མེ་ལོང་མའི་ངག་དོན་དང་ཁ་ཐག་ཤིན་ཏུ་ཉེ་བའི་ཚིག་རིས་རེ་རྙེད་ཡོང་།  སྙན་ངག་འདིའི་ས་བོན“འབྲེལ་མཚུངས་དཔེ་འགའ་སྔ་ཕྱི་རུ། །དཔེ་ཅན་ལྟར་བརྗོད་ཕྲེང་བའི་དཔེ།།”ཞེས་དཔེ་རྒྱན་ཉེར་བརྒྱད་པ་ཕྲེང་བའི་དཔེ་ལས་བློ་སྐྱེད་བླངས་པ་ཤིན་ཏུ་གསལ། རེད་དེ། དཔེར་འགོད་ལུགས་ནས་ཡིད་བརྙན་གྱི་སྡེབ་སྦྱོར་ཚུན་ཆད་མེ་ལོང་མ་ལྟར་སོང་མེད་པར་རྩོམ་པ་པོ་རང་གི་འབྲི་སྟངས་ཤིག་ལྷུར་བླངས་འདུག དཔེར་ན། ཚིགས་བཅད་ཀྱི་འགྲོས་གཏོར་པ་དང་གཅིག  སྔ་མ་སྔ་མ་དཔེ་དང་ཕྱི་མ་ཕྱི་མ་དཔེ་ཅན་ཞེས་པའི་འགྲོ་སྟངས་བཤིགས་པ་དང་གཉིས། ཕྱིའི་གཟུགས་བརྩེགས་མས་རིམ་བཞིན་སེམས་ལྡན་གྱི་མི་མཚོན་པའི་སྒྲིག་གཞིར་འགྱུར་བ་བཏང་པ་དང་གསུམ། མཚུངས་སྒྲ་འདྲར་བསྒྱུར་པ་དང་བཞི། མཐའ་མར་ཐུན་མོང་གི་མཚུངས་ཆོས་མ་བསྟན་པ་ལྔ་བཅས་ཀྱི་ཐད་ནས་མངོན། འདི་ནི་སྤྱིར་བཏང་གི་བསྡུར་བ་ཙམ་ལས་ཅི་ཡང་མིན་ན་ཡང་། ཞིབ་ཏུ་འདང་བརྒྱབ་ཚེ་བསྡུར་བ་འདི་ལྟ་བུ་ལས་ཀྱང་ང་ཚོས་སྙན་ངག་གསར་རྙིང་དང་མཛེས་རྟོག་གསར་རྙིང་། སྲོལ་རྒྱུན་དང་དེང་རབས་ཀྱི་སྙན་ངག་སོགས་ཐད་ཀྱི་ཁྱད་པར་དང་འབྲེལ་བ་མང་པོ་རྙེད་ཐུབ། རེད་དེ། མེ་ལོང་མའི་ལུགས་ཀྱི་རྩོམ་ནི་སྲོལ་རྒྱུན་སྙན་ངག་གི་འཐུས་ཚབ་མ་ཡིན་ལ། 《དཔེ་རྒྱན་ཕྲེང་བ》ཞེས་པས་ཀྱང་དེང་རབས་སྙན་ངག་གི་ངག་དོན་ཐམས་ཅད་ཕུལ་ཆེན་པོས་མཚོན་ནི་མི་ཐུབ་པས་བསྡུར་བ་འདི་ལས་མང་པོ་ཞིག་རྙེད་ཐུབ་པས་ཀྱང་མི་ཁྱབ།

      《དཔེ་རྒྱན་ཕྲེང་བ》ཞེས་པར་མི་ཞེས་པའི་ཡིད་བརྙན་རགས་མོ་འདི་ཀུན་རྟོག་གི་ས་བོན་དུ་བྱས་ཏེ།  ང་ཡི་བརྩེ་དུང་ཞེས་པའི་བར་དུ་ཡིད་བརྙན་དགུ་བསྐྱར་མར་བཀོད། ཚིག་བསྐོར་བའི་ཐབས་ཀྱིས་སྤྱིའི་ཆ་ནས་མི་རྟག་པའི་དོན་འདི་བསྐོར་གྱིན་པས་སྐབས་འདིར་བསྐོར་རྒྱན་གྱི་བརྗོད་པའི་ཐབས་ཤིག་བེད་སྤྱད་པར་ཀྱང་འདོད་ཆོག་ཀྱང་། སྙན་ངག་འདིའི་བརྗོད་ཐབས་གཙོ་བོ་དེར་ནི་མེད་དེ། སྙན་ངག་མེ་ལོང་གི་རྩ་བར་འོད་ཀྱིས་ཉི་བཞིན་ཉི་མ་ཡིས། ། ཉིན་བཞིན་ཉིན་གྱིས་མཁའ་ལ་བཞིན། ། རྣམ་པར་གནོན་པས་ཁྱོད་ལ་དཔལ། ། འཛིན་ཞེས་དེ་ནི་ཕྲེང་བའི་དཔེ། ། ཞེས་པའི་བརྗོད་ཐབས་ཀྱི་སྟེང་དུ་ཡོད། འོན་ཀྱང་། སྙན་ངག་འདི་གོང་བསྟན་ཚིགས་བཅད་ལྟར་ཐད་ཀར་གོ་བ་ལེན་སྟབས་མི་བདེ་བ་ཞིག་མིན། དེའི་གནད་འགག་གང་དུ་མཆིས་ཞེ་ན། མཚུངས་ཆོས་གསལ་རྗེན་དུ་བསྟན་མེད་པའི་སྟེང་དུ་ཡོད། དེ་ལས་ཀྱང་སྙན་ངག་ནང་གི་སྤྱང་ཀི་འཁྱམ་པོ་ནི་ཆུ་ཐིགས་དང་འདྲ། སྒྱུ་མའི་རི་དྭགས་ནི་གླིང་བུའི་སྒྲ་དབྱངས་དང་འདྲ་ལྟ་བུའི་ཚིག་གི་རྒྱབ་ལོགས་ཀྱི་བདེན་མཛེས་ཀྱི་ཆ་ཀློག་པ་པོས་ངོ་བོ་དང་རྣམ་པ་གང་ཐད་ནས་ངོ་གདོང་གི་གོ་བས་རྟོགས་དཀའ་བར་ཡོད་པས། རྒྱུ་མ་ཕུ་འདེད་སྒོས་གོ་བ་ལེན་རྒྱུར་དཀའ་ཁག་བཟོས་ཡོད། སྤྱིའི་ཆ་ནས་བལྟས་ཚེ། འགྱུར་སྐྱེན་པ་དང་འཇིག་སླ་བ། མི་རྟག་པའི་ངོ་བོ་ཞིག་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་གྱི་གཟུགས་འགའ་ཞིག་ལ་སྤྲོས་བརྗོད་བྱེད་དུ་བཅུག་ཡོད། དེ་ལ་སྒྱུ་མའི་དཔེ་བྱད་དུ་གྱུར་པའི་སྒྲ་སྙན་དང་སྒྱུ་མ་སོགས་བེད་སྤྱད་པས་དོན་སྟོན་རྒྱུར་སྟབས་བདེ་བཟོས་འདུག་ན་ཡང་། སྒྱུ་མའི་དཔེ་བྱད་དུ་གྱུར་པའི་ཚིག་ཁོ་ན་གུང་བསྒྲིག་ཚེ། སྙན་པའི་ཡོན་ཏན་སྐབས་ཀྱི་གྲོང་ཚིག་རྐྱང་པར་གྱུར་མི་འགྲོ་བའི་ངེས་པ་མེད་པས་མཛེས་པ་དང་དགེ་བའི་ཡོན་ཏན་ཀྱང་སྤེལ་མི་ཐུབ། བྱས་ཙང་། སྙན་པའི་ཡོན་ཏན་སྤེལ་བ་ལ་སྔར་བཞིན་འདོད་ཡོན་མི་འདྲ་བའི་ཡིད་བརྙན་དག་ཆ་མཉམ་ངང་སྙན་ངག་གཅིག་གི་ནང་འགལ་འབྲེལ་ཅི་རིགས་ཀྱི་རྣམ་པས་ཕོག་རྡེབ་འབྱུང་གིན་པ་དེའི་སྟེང་ན་ཡོད་པས་ན། དེ་ལ་ངེས་པར་དུ་སྙན་ངག་པའི་ཀུན་རྟོག་གི་ཆུ་འཛིན་དཀྲུགས་ཏེ་གྲ་དང་གྲུ་མི་འདྲ་བའི་དངོས་པོ་དག་རྐྱོང་སྐུམ་གྱི་ཁྱད་ཡོན་ཆེེར་ལྡན་པའི་ངོས་ནས་སྙན་ངག་གཅིག་ནང་འགལ་འབྲེལ་གྱི་རྣམ་པས་གནས་དགོས་པ་དེ་རེད་སྙམ་ལ། འདིའི་ངོས་ནས་བལྟས་ཚེ《དཔེ་རྒྱན་ཕྲེང་བ》རུ་ཡང་རྒྱན་དུ་མ་སོང་བར་ཁུར་དུ་སོང་བའི་ཚིག་ནི་ཁ་ཤས་འདུག དེ་ལས་གཅིག་ནི།  ཚིག་རྐང་དགུ་པ་“དེས་ན་མི་ནི    ང་ཡི་བརྩེ་དུངས་དང་འདྲའོ”ཞེས་པ་དེ་རེད། ཚིག་འདི་གོང་གི་ཚིག་རྐང་དག་དང་སྤེལ་མར་བཀླགས་པས། “གང་ཞིག་དངོས་འགའ་རབ་བཀོད་ནས། །དེ་ཡི་སྒྲུབ་བྱེད་ནུས་པ་ཅན། ། དངོས་པོ་གཞན་དག་འགོད་པ་དེ། ། དོན་གཞན་བཀོད་པར་ཤེས་པར་བྱ། །” ཞེས་པའི་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པའི་རྒྱན་གྱི་ཉམས་ཤིག་སྟོན་གྱིན་པ་ལྟར་མཆིས་ན་ཡང་། ཚིག་རྐང་འདིས་སྙན་ངག་སྤྱིའི་དབྱངས་འགྲོས་ལ་གནོད་འདུག་པ་མ་ཟད།  དོན་འཁྱོག་པོར་བརྗོད་སྟངས་ལ་ཡང་གནོད་འདུག་པས་ན། འཕྲི་འོས་འདོད། 

       སྙན་ངག་འདི་ཕྲེང་དཔེའི་ཁོར་ཡུག་ནས་ཕྱིར་བཏོན་ཏེ། དཔེ་རྒྱན་སོ་གཉིས་ཀྱི་ཁྱམས་རར་འཇོག་པའི་ཚེ། དཔེ་རྒྱན་གྱི་ཆོས་བཞིའི་བར་གྱི་འབྲེལ་བ་སྣ་མང་གིས་དཔེ་རྒྱན་གཞན་གྱི་ངོས་འགའ་རེ་ཡང་གྲུབ་ཡོང་བ། དཔེར་ན།  མི་ནི་སྤྱང་ཀི་འཁྱམ་པོ་དང་འདྲ་ཞེས་པ་དངོས་དཔེ་དང་། རྩྭ་མགོའི་ཟིལ་བ་ནི་ཁྱོད་ཀྱི་ལང་ཚོ་དང་འདྲ་ཞེས་པ་བཟློག་དཔེ། གཞན་སྤྱང་ཀི་འཁྱམ་པོ་དང་ཆུ་ཐིགས། སེམས་དང་སྒྱུ་མའི་རི་དྭགས། གླིང་བུའི་སྒྲ་དབྱངས་དང་རྩྭ་མགོའི་ཟིལ་བ། ཁྱོད་ཀྱི་ལང་ཚོ་དང་ང་ཡི་བརྩེ་དུང་། མི་སོགས་ངག་དོན་གྱི་རྒྱ་གཅིག་ཏུ་དཔེ་དང་དཔེ་ཅན་ཕན་ཚུན་འཇལ་རེས་བྱས་པས་ཕན་ཚུན་དཔེ་ཡི་ངོས་ཤིག་ཀྱང་མཐོང་ཐུབ་པས། ཚན་པ་དང་པོ་འདི་སྤྱིའི་ཆ་ནས་དཔེ་རྒྱན་མང་པོ་ཕན་ཚུན་སྤེལ་ཏེ་རྗོད་པའི་སྒྲིག་གཞི་གྲུབ་འདུག་པར་བལྟས་ཆོག །གཞན“བརྩེ་དུངས་ཀྱི་ཁྲོམ་པ”ལྟ་བུའི་མ་བསྡུས་པའི་གཟུགས་ཅན་ཀྱང་སྤྲོས་བརྗོད་ལ་རམ་འདེགས་སྒོས་རྩོམ་མཇུག་ཏུ་བཀོད་འདུག ། 

       གོང་གི་དོན་རྒྱན་ལས་གཞན་སྒྲ་རྒྱན་གྱི་ཁྱབ་ཁོངས་སུ་བཞག་ནས་ལྟ་བར་རྩོམ་པའི་ཚེ། ཚན་པ་དང་པོར་ཡིད་བརྙན་དགུ་བསྐྱར་མར་བཀོད་པས་ཟུང་ལྡན་གྱི་ཉམས་ཤིག་ཀྱང་སླེབས་པའི་བཟོ་འདུག་ན་ཡང་། འདེགས་འཇོག་ལ་ཐད་ཀར་རམ་འདེགས་བྱ་མཁན་གཙོ་བོ་ཚིག་རྐང་རེ་རེ་“×××ནི་×××དང་×××”ཞེས་པའི་ཚིག་འགྲོས་ཤིག་ལྟར་ཡིད་བརྙན་དག་ཕྲེང་རྡོག་ནང་བཞིན་བརྒྱུས་ཡོད་པ་དེའོ། །དེ་ལས་གལ་ཆེ་བའི་ཟུང་ལྡན་གྱི་ཁྱད་ཆོས་གཙོ་བོ་གཅིག་ནི་ཚིག་རྐང་རེ་རེའི་མཇུག་གི“དང་འདྲ་སྟེ”དང“དང་འདྲའོ”ཞེས་པའི་ཚིག་གི་སྟེང་དུ་ཡོད་པ་སྟེ། ང་ཚོས་ཚན་པ་འདི་སྤྱིའི་ཆ་ནས་རྐང་བ་བཞི་ཀའི་མཐའ་རུ་ཡོད་པའི་ཆོད་པའི་ཟུང་ལྡན་གྱི་རྒྱན་ལྟར་བརྩམས་ཡོད་པར་ངོས་བཟུང་ཀྱང་ཆོག མ་ཟད་དེ་དག་ཚིགས་བཅད་རིགས་བཞི་ལས་གྲོལ་བའི་ཁྱད་ཆོས་ལྟར་གཅོད་མཚམས་ཀྱང་མེད་པའི་ངོས་ནས་སྦྱར་འདུག་པས། གོང་བཀོད་ཚིག་འགྲོས་འདི་དག་གིས་ཚན་པ་དང་པོར་འདེགས་འཇོག་ཀྱང་དམིགས་བསལ་བ་ཞིག་བྱིན་ལ། ཡི་གེའི་འཇམ་རྩུབ་ཀྱི་སྡེབ་སྦྱོར་ཚུན་ཆད་ལ་ལྷོ་བའི་སྦྱར་བའི་ཡོན་ཏན་ཞིག་ཀྱང་སྟེང་དུ་ཡོད་སྙམ་བྱེད།

      གོང་གི་སྙན་ངག་འདིའི་ཁོག་པ་ཐད་ཀར་མེ་ལོང་མའི་ཚིག་རྒྱན་གྱིས་བཟུང་འདུག་པ་ལས་གཞན《བར་སྐོར་གྱི་ཆང་ཁང》ནང་གི་སྙན་ངག་ཕལ་མོ་ཆེ་ལས་ཀྱང་མེ་ལོང་མའི་ཚིག་རྒྱན་སྐོར་གྱི་རྗེས་ཤུལ་རྙེད་དུ་ཡོད། (ཁོ་བོས་དེབ་འདིའི་སྙན་ངག་ཕལ་མོ་ཆེར་མེ་ལོང་མའི་མཐོང་སྣེ་གཞིར་བྱས་ཏེ་རྒྱན་ངོས་འཛིན་བྱས་ཡོད་པས། འདིར་རེ་རེ་བརྗོད་པའི་ངལ་བ་སྤངས།)སྐབས་རེར་མེ་ལོང་མའི་ཡིད་བརྙན་རེ་འགའ་ཐད་ཀར་ཁོའི་སྙན་ངག་ནང་རྩོམ་ཆོས་བར་གྱི་འབྲེལ་བའི་རང་བཞིན(Intertextuality 互文性)ལྟར་ཐོན་པ་ཡང་ཡོད་དེ། དཔེར་ན་པད་མ་དང་ཨུཏྤལ། ཕུག་རོན་རྩེད་འདོད་སོགས་རྙེད་དུ་ཡོད། དེས་བག་ཆགས་ཤིག་དང་སྣང་ལ་མ་ངེས་པའི་མིའི་སེམས་བྱུང་ཞིག སྔ་ལོགས་ཀྱི་དྲན་པའི་རྒྱུན་ཞིག་སྐབས་དང་འཕྲལ་དུ་ཀུན་རྟོག་གི་མཚོ་ངོས་སུ་གཡེང་ནས་ཡོང་གིན་པ་མཚོན་པས། ཡིད་བརྙན་རང་ཉིད་ལ་ལོ་རྒྱུས་ཀྱི་ཆ་ཞིག་དང་བྱུང་བའི་རྒྱུན་ཞིག་བསྣན་ཡོད། བདག་གིས་སྐབས་འདིར་སྙན་ངག་འདི་དག་མེ་ལོང་མའི་ཚིག་རྒྱན་གྱི་བསྐྱེད་འབྲས་ཁོ་ན་རེད་ཅེས་བརྗོད་པ་ནི་གཏན་ནས་མིན་ཏེ།  དཔེར་འགོད་པ་དང་འུད་ཀྱིས་བརྗོད་པ། རབ་ཏུ་རྟོག་པ་སོགས་ཚིག་རྒྱན་འདི་དག་ལ་མི་རིགས་རང་བཞིན་དང་ས་ཁོངས་རང་བཞིན་ཟེར་བ་ཞིག་གཏན་ནས་འཇོག་ཐབས་མེད་པ་ཡང་ཞར་ལ་ཤེས་རྒྱུ་གལ་ཆེ།

         དངོས་པོ་ཕན་ཚུན་སྦྲེལ་བ་ལ་མེ་ལོང་མའི་ཚིག་རྒྱན་ནང་གི་དཔེ་འཇོག་ལུགས་དང་སྤྲོས་ལུགས་ལས་གཞན། དཔེ་འཇོག་མཚར་པོའི་(奇喻)སྐོར་ཡང་ཁོའི་སྙན་ངག་ཏུ་སླེབས་པ་མང་། མ་ཟད་མེ་ལོང་ལུགས་ནས་བརྗོད་པའི་“ངེས་པར་དཔེ་ཡི་སྐྱོན་དག་ནི། །ཐ་དད་རྟགས་དང་ཚིག་ལ་མེད། །དམན་དང་ལྷག་པ་ཉིད་ལའང་མེད། །”ཅེས་དཔེ་དོན་བར་གྱི་སྐྱོན་གསུམ་ཀྱང་མང་དུ་ལྷགས་ཡོད། འདི་དག་མེ་ལོང་མའི་གཟབ་ནན་གྱི་བཤད་སྟངས་ལྟར་ན་སྐྱོན་དུ་འགྱུར་ཀྱང་ཀློག་པོ་དགྱེས་པར་བྱེད་ཚེ་སྐྱོན་དུ་མི་འགྱུར་བའི་དམིགས་བསལ་ཀྱང་ཡོད་དེ། ལྷག་ཏུ་དེང་རབས་སྙན་ངག་ནི་སྒྲིག་ལམ་སྣ་ཚོགས་ཀྱི་འཆིང་ལས་འགྲོལ་གྱིན་པ་ཞིག་དང་གསར་པ་ནས་གསར་པར་སྙེག་གིན་པ་ཞིག་ངེས་པར་ཡིན་དགོས་པས། སྐབས་འདིར་མེ་ལོང་མ་ཁོ་ནའི་རྒྱས་མི་འགེབས་རྒྱུ་ཧ་ཅང་གལ་ཆེའོ། །

        ཁོ་བོར་ལྟ་བུ་ཡིན་ན།  《དཔེ་རྒྱན་ཕྲེང་བ》ཞེས་པའི་སྙན་ངག་འདི་དང་བཅས་པའི་དེང་གི་བོད་མིས་བརྩམས་པའི་སྙན་ངག་བདེ་མོ་མང་པོ་སྙན་ངག་མེ་ལོང་གི་སློབ་ཁྲིད་སྐབས་རྒྱུན་པར་ཟུར་ལྟའི་ཚུལ་དུ་སློབ་མ་ཚོར་སྟོན་བཞིན་ཡོད། དེའི་དམིགས་དགོས་ཀྱང་ཡུལ་དུས་ཀྱི་མཚམས་གཏོར་ན་བསམ་གྱིན་པ་སྟེ། དེང་རབས་སྙན་ངག་ནང་ད་རུང་མེ་ལོང་མའི་རྗོད་པ་སྤེལ་སྟངས་ཤིག་སླེབས་ཀྱིན་པ་འདིས་རིག་གནས་དང་དྲན་པའི་རྒྱུན་ཞིག་དེང་གི་བོད་ཀྱི་རྩོམ་པ་པོ་དག་གིས་ལྷུར་ལེན་བཞིན་པ་ཤེས་ལ། སྙན་ངག་འདི་དག་གིས་ཚད་ངེས་ཅན་ནས་པིན་ཅཱ་མེན(Benjamin 本加明)གྱིས་གསུངས་པའི་གནའ་མིའི་རྣམ་དཔྱོད་ཀྱི་གནས་འདི་དང་དུས་འདིའི་སྐབས་ཀྱི་ཚོར་བ་(此时此地感 )ཞིག་ཀྱང་མྱོང་ཐུབ་ཡོང་བས།  གསར་རྙིང་རྣམ་འགལ་དུ་ལྟ་བ། མེ་ལོང་མ་ཤི་རོར་ལྟ་བ། ཕྱིའི་ཤེས་རིག་ཚད་གཞི་ཁོ་ནར་འཛིན་པ། གནའ་རྩོམ་ལས་སྐད་ཆ་དང་བཅས་པའི་ཤེས་རབ་གསར་པ་དང་གཏེར་ཁ་གསར་པ་ལེན་མི་ཤེས་པའི་མིའི་གཟུགས་ཅན་ལུག་གི་ཀླད་པ་ཅན་དག་ལ་སྙན་ངག་འདི་མེ་ལོང་མའི་མཐོངས་སུ་བཞག་སྟེ་གན་གན་དང་འདི་འདི་ཞེས་བརྗོད་པས་ཀྱང་། བློ་སྐྱེད་གསར་པ་གསར་པ་རེ་ཡོང་བའི་རེ་བ་དང་བཅས་བྲིས།


ཟུར་བཀོད། དཔེ་རྒྱན་ཕྲེང་བ།

མི་ནི་སྤྱང་ཀི་འཁྱམ་པོ་དང་འདྲ་སྟེ
སྤྱང་ཀི་འཁྱམ་པོ་ནི་ཆུ་ཐིགས་དང་འདྲའོ  
ཆུ་ཐིགས་ནི་སེམས་དང་འདྲ་སྟེ 
སེམས་ནི་སྒྱུ་མའི་རི་དྭགས་དང་འདྲའོ 
སྒྱུ་མའི་རི་དྭགས་ནི་གླིང་བུའི་སྒྲ་དབྱངས་དང་འདྲ་སྟེ 
གླིང་བུའི་སྒྲ་དབྱངས་ནི་རྩྭ་མགོའི་ཟིལ་བ་དང་འདྲའོ 
རྩྭ་མགོའི་ཟིལ་བ་ནི་ཁྱོད་ཀྱི་ལང་ཚོ་དང་འདྲ་སྟེ
ཁྱོད་ཀྱི་ལང་ཚོ་ནི་ང་ཡི་བརྩེ་དུངས་དང་འདྲའོ

དེས་ན་མི་ནི    ང་ཡི་བརྩེ་དུངས་དང་འདྲའོ
མི་ཡི་གཟུགས་བརྙན་ཟླ་བ་ཕྱེད་ཀ་མ་ལྟ་བུ་དེ
ང་ཡི་བརྩེ་དུངས་ཀྱི་ཁྲོན་པའི་ནང་དུ་ཤར་འདུག

__དམིགས་བསལ་ཟུར་ཞུ། རྩོམ་ཡིག་འདི་ཆེད་དུ་རྩོམ་པ་པོ་ལ་བསྐུལ་མ་བྱས་ཤིང་དེ་བཞིན་རྩོམ་ཡོན་ཡང་ཕུལ་ཡོད། རྩོམ་འདིའི་བདག་དབང་ནས་སོན་ཚང་དང་ངེད་དྲ་བ་གཉིས་ལ་དབང་བས་གཞན་གྱིས་རྐུ་འཁྱེར་སོགས་བྱེད་མི་རིགས།

0

One Response to སྐྱབས་ཆེན་གྱི་སྙན་ངག སྙན་ངག་མེ་ལོང་དུ།

  1. སྲབ་མདའ། ལགས་ཀྱིས:

    མི་ཞིག་གིས་གཞུང་ལུགས་རེ་འགའི་ཐབས་རྩལ་༼དཔེར་ན་དཔེ་རྒྱན་གང་རུང་ཞིག་གི་འབྲི་ཐབས་ལ་བལྟས་ནས་དེ་བཀོལ་སྤྱོད་བྱས་པ།༽བཀོལ་སྤྱོད་བྱས་པ་མ་ཡིན་ཡང་། དེ་དང་འདྲ་བའི་ཆ་ནས་དེར་དཔེ་བླངས་ཞེས་བརྗོད་ན་རིགས་སམ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།