མདའ་ཚན་བླ་མ་སྐྱབས་ཀྱིས་སེང་རྡོར་གྱི་སྙན་ངག་གླེང་བ།

64236

ཕྲན་གྱིས་སེང་རྡོར་ལགས་ཀྱི་བརྩམས་ཆོས་ཐེངས་དང་པོར་བཀླགས་པ་ལོ་ངོ་བཅུ་ལྷག་གི་ཡར་སྔོན་ཡིན་བསམ། (སྟོན་པ་སངས་རྒྱས་ལ་ཕུལ་བའི་མེ་ཏོག)དང་། (བགྲེས་པོ་ཁ་དཀར་མགོ་དཀར་ཞིག་དྲན་པ།) (ང་དང་དོ་དགོང་བུ་མོ་གསུམ།)སོགས་ནི་ཆེས་ཐོག་མར་མྱོང་རོལ་བྱས་པའི་ཁོང་གི་སྙན་རྩོམ་དག་ཡིན་ལ།   དེ་དག་བཀླགས་མ་ཐག་ཐ་སྙད་བཙོ་སྦྱང་བྱས་པ་དང་།  གདངས་འགྲོས།  སྙན་ཆ།  གཟུགས་བརྙན་བཞེངས་སྟངས་ཀྱི་ཕྱོགས་ནས་སེམས་གཏིང་ལ་ཟུག་འགྲོ་བའི་ཁྱད་ཆོས་སྟོབས་ཆེན་འགའ་ཡོད་པའི་ཚོར་བ་སྐྱེས།  ད་དུང་ཀློག་མཁན་ལ་བརྗོད་བྱ་གང་ཞིག་གསལ་རྗེན་བསྟན་པ་དེའི་ཡུལ་དང་དུས་ལ་ཐད་གར་ཁྱེར་འགྲོ་བའི་ནུས་ཤུགས་ཡ་མཚན་ཞིག་ཀྱང་འདུག་སྙམ།  དེ་ནས་བཟུང་ཁོང་གི་བྲིས་རྩོམ་རིགས་གང་མང་བཀླགས་པ་ཡིན།བཅད་རྩོམ་འགའ་རང་གི་འབུམ་རམས་པའི་ཆེད་རྩོམ(ModernTibetanLiteratureandtheInescapableNationབོད་ཀྱི་དེང་རབས་རྩོམ་རིག་དང་།  གཡོལ་ཐབས་མེད་པའི་རང་ཡུལ།)དང་། གཏམ་བཤད།  དཔྱད་རྩོམ་སོགས་སུ་དབྱིན་བསྒྱུར་བྱས་ནས་འགྲེལ་ཞིང་དཔྱད་དེ་གདེང་འཇོག་ཀྱང་གོ་ཚོད་ཀྱིས་བྱས་ཡོད།

དབྱངས་ཀྱི་སྙན་འཇེབས་དང་།  དོན་གྱི་ཟབ་ཚད།  ཚིག་གི་ལྷོད་ཆ་དང་བཞུར་རྒྱུན།  འགུགས་ཤུགས་སོགས་ཕྱོགས་རེ་རེ་ནས་བརྟགས་ན། ཁོང་གི་སྙན་རྩོམ་རེའི་རེའི་སྐྱོན་ཡོན་མི་འདྲ་མོད།  སྤྱི་སྡོམ་གྱིས་བཤད་ན་ཁོང་གི་སྙན་ངག་གི་སྐོར་ལ་བྱུང་བའི་ཕྲན་གྱི་ཐོག་མའི་འཆར་སྣང་དེ་དག་ད་དུང་འགྱུར་མི་འདུག་ཅིང་། (དུས་དྲན་དང་རོལ་དབྱངས།)  (གྲྭ་བཙུན་དག་ལ་དཔའ་དར་འཐེན་པ།) (ཉག་ག་ཕ་གིར།) (རས་སེར་པོ)  (གདོན་གྱིས་བཟུང་བའི་སྙན་ངག་འདི།) (སྙན་ངག་པ་ཧེ་ཙི་དྲན་པ།) སོགས་བཅད་རྩོམ་མང་པོ་མང་པོ་ཞིག་གིས་ངའི་འཆར་སྣང་འདི་དག་ལ་བདེན་ཞད་ཡོད་པའི་ངེས་ཤེས་ཤིག་སྐྱེ་རུ་བཅུག་སོང་།

ཁོང་གི་སྙན་ངག་ལ་རང་ག་བ་མིན་པའི་ཁྱད་ཆོས་མང་པོ་མཆིས་ནའང་།  འདིར་མདོར་དྲིལ་ནས་གསུམ་བཤད་ན།  གཅིག་གདངས་འགྲོས་མང་པོས་ཕྱུག་པའི་དབྱངས་ཀྱི་འགྱུར་ཁུགས་ཞིག་སྟེ།  འགྱུར་ཁུགས་འདིར་དང་བ་ཅིག་ཅར་འདྲེན་པའི་ནུས་པ་ལྡན་པ་ཙམ་མ་ཡིན་པར།  སྔར་སྲོལ་གྱི་དབྱངས་འགྲོས་དག་གི་དྲན་པ་སློང་བར་བྱེད་ལ།  སྙིང་གི་འཕར་རྩ་ལྟ་བུའི་སྒྲ་ཡི་འཕར་ལྡིང་(rhythm)དང་སྦྲགས་ནས་དབྱངས་ཀྱི་འདེགས་འཇོག་གསར་རྙིང་གཞན་དག་ཀྱང་བློར་བསླངས་པར་བྱེད།  དཔེར་ན(གདོན་གྱིས་བཟུང་བའི་སྙན་ངག་འདི།)  (དུས་དྲན་དང་རོལ་དབྱངས།)  (བགྲེས་པོ་ཁ་དཀར་མགོ་དཀར་ཞིག་དྲན་པ།)སོགས་སུ་ཀློག་མཁན་སྡོད་མི་ཚུགས་པར་བྱེད་པའི་དབྱངས་ཀྱི་འགྱུར་ཁུགས་ཀྱི་འདྲེན་ཤུགས་ཧང་སངས་པ་ཐོན་ཡོད།

ཡོན་ཏན་གཉིས་པ་ནི་སྒྲ་འབྱིན་སྟངས་དང་དོན་སྟོན་པའི་ནུས་པ་གཉིས་ཀྱི་ཕྱོགས་ནས་བརྟགས་ཏེ་ཡང་དང་བསྐྱར་དུ་བཙགས་ཡོང་བའི་ཐ་སྙད་དང་ཐ་སྙད་དེ་དག་གི་སྒྲིག་སྦྱོར་(poeticdiction)ཁྱད་དུ་འཕགས་པ་དེ་རེད་འདུག་སྙམ།   བཙོ་སྦྱང་བྱས་ཡོང་བའི་ཐ་སྙད་དང་ཚིག་སྦྱོར་དག་མཁས་པའི་ཡིག་སྐད་དང་གྲོང་བའི་ཁ་སྐད་གཉིས་ཀའི་ཁྱད་མཐར་མ་ལྷུང་བར་བོད་སྐད་ཀྱི་སྤྱི་འགྲོས་ཞིག་ལ་བསྟུན་ཡོད་པས་སེང་རྡོར་ལགས་ཀྱི་སྙན་ངག་གི་ཁྱབ་རྒྱ་ཆེ་བ་དང་།  ཐ་སྙད་གདམས་གསེས་ནི“བོད་སྐད་ཀྱི་གཏིང་”ནས་བྱས་ཡོད་པས་སྲིད་དབང་གིས་བཙན་གྱིས་མགོར་བཞག་ནས་ཡུན་གྱིས་གོམས་སུ་བཅུག་ལ་ང་ཚོའི་སྐད་བརྡའི་བླ་རུ་སིམ་བཅུག་པའི་ཐ་སྙད་མང་པོའི་སྒྲོག་ལས་ཐར་ཡོད།  གཞན་ཡུལ་མི་ཕལ་བའི་ནམ་རྒྱུན་བེད་སྤྱོད་བྱེད་ཀྱིན་པའི་སྐད་ལ་བཅར་ཡོད་པ་ལས་བཀྱེད་མེད་པས།  ཁོང་གི་སྙན་ངག་མང་པོ་ཞིག་བོད་མིས་ད་ལྟ་དབུགས་ལྷེམ་ལྷེམ་ལེན་ཀྱིན་སྐྱོང་གིན་པའི་མི་ཚེར་ཉེ་ལ་གསོན་ཉམས་ཀྱིས་བལྟམས་ཡོད།  དཔེར་ན(ཆུང་འདྲིས་བུ་མོ།)  (ངའི་ཕ་ཡུལ་མེ་ཡི་གྲོང་ཁྱེར་ཡིན།) (སྐུ་འབུམ་གྱི་མཚན་མོ་དང་ང་ཡི་ཚོར་བ།)  (དགེ་མ་ལགས།  དོ་ཞག་ག་འདྲ་རེད།)སོགས་སྙན་ངག་གང་མང་ཞིག་ཏུ་རྒྱུན་སྐད་ལས་རིང་དུ་ཕྱོགས་མེད་པའི་ཐ་སྙད་སྡེབ་སྦྱོར་ཞིག་གིས་དང་བོད་མིའི་དེང་སང་གི་འཁོར་པའི་དབྱངས་རྟ་སྣ་ཚོགས་ལ་བསྐྱོན་ནས་བྲིས་ཡོད།

སེང་རྡོར་ལགས་ཀྱི་སྙན་རྩོམ་གྱི་ཁྱད་ཆོས་གཙོ་བོ་གསུམ་པ་ནི་གཟུགས་བརྙན་ཕུན་(imageandimagery)སུམ་ཚོགས་པས་བརླམས་ཡོད་པ་དེ་རེད་འདུག་སྙམ།  སྙན་ངག་ཞིག་གི་བརྗོད་བྱ་གཟུགས་བརྙན་གཅིག་གམ་གཟུགས་བརྙན་གྱི་ཆུན་པོར་(imageclusters)འཐིམས་བཅུག་ནས།  དངོས་ཤུགས་ཀྱི་བསམ་བློ་དང་ཚོར་བ།ཕྱིའི་སྣང་སྲིད་བཅས་གཟུགས་བརྙན་གྱི་ཐབས་ལམ་བརྒྱུད་ནས་སྐད་ཅིག་ཉིད་ལ་ཀློག་པ་པོའི་བློ་ངོར་འཆར་དུ་འཇུག་ཐུབ་པའི་ནུས་པ་ཤུགས་ཆེན་ཞིག་འདུག    ཡིན་ཙང་གཟུགས་བརྙན་ནི་ཁོང་གི་སྙན་ངག་གི་བརྗོད་བྱ།   རྗོད་བྱེད།  བྱེད་ནུས་ཚང་མར་དབྱེར་མེད་འདྲེས་ཡོད་པ་འདྲ་པོ་ཞིག་འདུག  གཟུགས་བརྙན་ལ་སྨྲ་བསམ་བརྗོད་འདས་ཀྱི་རིགས་སྟོན་ཐུབ་པ་དང་།  ཚོར་སྣང་སྣ་ཚོགས་བསྐྲུན་ནུས་པ།  མཛེས་ཆོས་དང་སེམས་ཀྱི་འཕྲོ་འདུ་སོགས་ལ་རམ་འདེགས་བྱེད་ཐུབ་པའི་ཁྱད་ཆོས་ཡོད་པ་དག་སྟེ་ཁོང་གི་སྙན་ངག་གིས་བཀོལ་སྤྱོད་འདྲ་མིན་བྱས་འདུག   དཔེར་ན(གོ་རེ་ཐལ་བསྲེགས་མ།) (བོན་ཀློག་པ་ནི་བོད་ཀློག་པའང་ཡིན།)  (དཔའ་རྒོད་ཚོས་འདི་ལྟར་དགོངས་ཡོད་ངེས།)  (ལམ་ཆང་གཙང་བཞེས།) (དུས་དྲན་དང་རོལ་དབྱངས།) སོགས་གང་མང་ཞིག་གིས་ཡིད་ལ་པར་རྒྱབ་པ་ལྟ་བུའི་གཟུགས་བརྙན་བཟོས་ནས་བརྗོད་མི་ཐུབ་པ་དང་བརྗོད་མི་ཆོག་པ་མང་པོ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད།

ཁྱད་ཆོས་འདི་གསུམ་རྒྱུ་རྐྱེན་མང་པོ་ཞིག་ལ་ལྟོས་ནས་བྱུང་བ་ཡིན་ལ།  ཡང་སྒོས་རྒྱུན་རིང་ལ་གཏིང་ཟབ་ཅིང་། སྣ་འཛོམས་པའི་བོད་ཀྱི་ཡིག་ངག་གི་རྩོམ་རིག་ལ་སྙན་ངག་པས་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་རྣམ་དཔྱོད་རྣོན་པོ་དང་ཚོར་འདུ་སྐྱེན་པོ་དེ་དག་བསྡེབས་ཐུབ་པ་ལས་གྲུབ་པ་ཞིག་རེད་འདོད།   དེ་ཡང་འགྱུར་འགྲོས་རྡབ་གསིག་ཆེ་བའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་བབས་དམིགས་བསལ་བ་ཞིག་གི་འོག་ནས་སྙན་ངག་པ་སྒེར་དང་བོད་སྤྱིའི་ངལ་རྩོལ་གྱི་ལས་འབྲས་མཉམ་བསྡེབས་བྱས་པ་ཞིག་ལས་བྱུང་སྙམ།  མཐར་བཤད་རྒྱུ་ཞིག་ལ་ངའི་ཚིག་ཉོག་འདི་དག་གམ་འདིའི་རིགས་ཀྱི་རྩོམ་དཔྱད་དང་རྩོམ་བཤད་རིགས་དེ་ཙམ་མི་གཙོ་སྟེ།  བརྩམས་ཆོས་ཞིབ་ཏུ་བཀླག་རྒྱུ་གཙོ། དེ་བས་སེང་རྡོར་ལགས་ཀྱི་བརྩམས་ཆོས་ལོངས་སུ་སྤྱོད་འདོད་ཚེ།   སོ་སོའི་ངོས་ནས་ཁོང་གི་སྙན་ངག་གི་དབྱངས་འགྲོས་དང་། ཚིག་རྩལ། གཟུགས་བརྙན་གྱིས་ཕྱུག་པའི་ཆ་ལ་དངོས་སུ་འཇུག་དགོས་སོ།།

དབྱིན་ཡུལ་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་(University of Oxford)ཤར་ཕྱོགས་རིག་པའི་སྡེ་ཁག་གི་དགེ་རྒན་ཆེན་མོ་དང་། ཝོབསིན་སློབ་གླིང་(Wolfson College)གི་རྩོམ་རིག་ཉམས་ཞིབ་པ་མདའ་ཚན་བླ་མ་སྐྱབས་ནས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།