སྨན་བླ་སྐྱབས་ལགས་ཀྱི་སྙན་ཚོམ《ལྷ་སའི་སྙན་ངག》ལ་དཔྱད་པ།

75375

 

རྩོམ་པ་པོ།   ཕྱོགས་ཁྱུང་སྲས།

 

 

འཇིག་རྟེན་དཀར་ནག་གི་མཚམས་ནས་མཐོང་བའི་ལྷ་སའི་ཕྱི་ནང་།

— སྨན་བླ་སྐྱབས་ལགས་ཀྱི་སྙན་ཚོམ“ལྷ་སའི་སྙན་ངག”ལ་དཔྱད་པ།  

 

གླེང་གཞི།

        དེ་ཡང་ཁག་ལྔའི་བདག་ཉིད་ཅན་གྱི་སྙན་ཚོམ་འདི་ནི་སྙན་ངག་པས་ལྷ་སའི་མཐོང་སྣེ་བྱེ་བྲག་པ་རེ་རེ་གཞིར་བཟུང་ནས། འདས་སོང་གི་ལོ་རྒྱུས་ལ་ཕྱིར་དྲན་དང་ད་ལྟའི་ལྷ་སའི་གནས་སྟངས་དངོས་ལ་གདུང་ཟུག་ལྷོད་ཡོད་པའི་སྙན་ངག་ཅིག་སྟེ། སྙན་ཚོམ་གྱི་གླེང་སློང་ལས་སྙན་ངག་པས“ཉི་མ་ལྷ་ས་རུ། ཉི་མ་རེ་རེར་ཕོ་བྲང་པོ་ཏ་ལ་རེ་མཇལ་ཡོང་།”ཞེས་ཁོ་བོས་ནམ་རྒྱུན་ཉི་མ་ལྷ་ས་མིག་གིས་འཚོས་ཡོད་པའི་དངོས་ཡོད་ཀྱི་བདེན་པ་ཉིད་སྙན་ངག་གི་སྔོན་འགྲོའི་ས་བོན་དུ་བཏབ་པ་དང་། མཐོང་སྣེ་མི་གཅིག་པའི་ཟུར་ངོས་ནས་པོ་ཏ་ལར་གཟིགས་ཞིབ་མཛད་པའི་རང་རྒྱུད་ཀྱི་མྱོང་བ་དང་སྙན་ངག་པའི་རྟོག་འཁྲུལ་དེ་ཉིད་ཕོ་བྲང་པོ་ཏ་ལ་ཁོ་ན་ལས་འདས་ཏེ་ལྷ་སའི་མཐོང་རྣམ་གཞན་དག་ལ་གཅུད་ཅིང་། གཞན་སྙན་ཚོམ་གྱི་ཁག་རེ་གཉིས་ལ་དམངས་གཞས་ཀྱིས་སྔོན་བསུས་ཏེ་སྙན་ངག་གི་ཁམས་ཀྱི་ཟབ་ཚད་ཇེ་ཡངས་སུ་བཏང་ཡོད་པ་དང་། མཚོན་སྟོབས་ཆེ་བའི་དམངས་གཞས་དེ་ཉིད་སྙན་ངག་སྤྱིའི་ཀུན་རྟོག་གི་ཁུངས་སྣེ་ལྟ་བུ་ཞིག་ཏུའང་གྱུར་ཡོད་གཤིས། ཀློག་པ་པོས་མྱོང་ཀློག་བྱེད་པར་སྣེ་སྟོན་གྱི་ནུས་པ་དམིགས་བསལ་བ་ཐོན་པར་བྱེད་པར་སོགས་ནི་སྙན་ངག་པའི་གསར་རྩོམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་བགྲངས་ཆོག

         སྤྱིར་སྙན་ངག་གི་གླེང་སློང་ནི་སྙན་ངག་སྤྱིའི་བློས་བསླངས་བྱེད་སྟངས་ཤིག་ཏུ་འདོད་དེ། སྙན་ངག་པས་རང་རྒྱུད་ཀྱི་ཚོར་བའི་འདུ་འགོད་སྟེང་རྒྱུན་རིང་གི་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དང་བསམ་གཞིགས་གཉིས་ཟུང་དུ་སྦྲེལ་ནས་རྩོམ་པར་བྱ་བའི་སྙན་ངག་གི་སྒྲིག་གཞི་དེ་སྐྱ་ཐིག་གི་ཚུལ་དུ་གཏན་ལ་ཕབ་པ་ཞིག་གམ། ཡང་ན། རང་རྒྱུད་ཀྱི་བརྗོད་འདོད་པ་མཐའ་དག་གནད་བསྡུས་ཀྱིས་ཕྱིར་མངོན་ཚུལ་ཅིག་ཡིན་པར་སྙམ་པས། གླེང་བྱའི་སྙན་ཚོམ་འདིའི་ཚིག་ཉུང་དོན་འདུས་ཅན་གླེང་གཞི་ཡིས་སྙན་ཚོམ་ཧྲིལ་བོའི་བསྟན་བྱའི་དོན་མདོར་བསྡུས་སུ་བཀྲལ་ཡོད་པ་མ་ཟད། སྙན་ངག་པའི་ཡིད་ཀྱི་གཟུང་བྱ་དང་ནང་སྒོས་སུ་ཡུལ་དེ་གས་སྙན་ངག་པའི་རང་རྒྱུད་དུ་ཚོར་བ་དམིགས་བསལ་བ་ཞིག་བསྐྱེད་པར་བྱེད་པའི་རྣམ་པ་དེ་ཡང་སྤྱི་བམ་གྱི་ཚུལ་དུ་བསྟན་ཡོད་པར་འདོད།།

དང་པོ། སྙན་ངག་པ་དང་ཉི་མ་ལྷ་ས།

        སྙན་ངག་འབྲི་བ་ནི་ནང་སེམས་ལྷོད་གཡེང་བྱེད་སྟངས་ཁོ་ན་རང་མ་ཡིན་པར། ཕྱི་ཡུལ་གྱི་འཚོ་བ་ལས་བསྐྱེད་པའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བའི་སེམས་འགྱུ་མཐའ་དག་ཡིད་ཀྱི་གཟུགས་མཚོན་དུ་བཏབ་ནས་སླར་ཡང་སྐད་ཆའི་སྦྱོར་བའི་ཁྲོད་ཡི་གེའི་བསྡུས་གཟུགས་སུ་མངོན་པར་བྱས་པ་ཞིག་ཡིན་ལ། སྙན་ངག་པ་ནི་སྒྱུ་རྩལ་ལས་སྣོན་གྱི་བྱེད་པ་པོ་ཞིག་ཡིན་པའི་ཆ་ནས་སྒྱུ་རྩལ་གསར་རྩོམ་གྱི་དུས་སུ་དཀའ་ཚེགས་ལ་མ་འཛེམ་པར་གཟབ་ནན་གྱིས་བསམ་གཞིགས་བྱེད་དགོས་པ་མ་ཟད། ཐ་སྙད་ཀྱི་གདམ་གསེས་དང་སྐད་ཆའི་སྦྱོར་ལུགས། ནང་སེམས་ཀྱི་གདངས་དབྱངས་དང་བསྟུན་པའི་ཚིག་གི་གཅོད་མཚམས་སོགས་ལ་ནན་གྱིས་འཇུག་དགོས་ཏེ། སྙན་ངག་བརྩམས་ཆོས་ལེགས་པོ་ཞིག་འབྱུང་བའི་རྒྱུ་ནི་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་རྒྱུན་རིང་གི་དཔེ་ཀློག དེ་མིན་རང་རིག་གི་མྱོང་རྟོག་གསར་བ་དང་ཤུགས་དྲག་པའི་ནང་སེམས་ཀྱི་ཚོར་འདུ་ཟབ་མོ། གསར་རྩོམ་གྱི་བློ་སྦྱོང་གནད་དུ་སྨིན་པ་བཅས་གཞི་བྱེད་པའི་གསར་རྩོམ་གྱི་མིག་དབང་གསར་བ་ཞིག་ཅིས་ཀྱང་དགོས་གལ་ཆེ་བར་སྙམ་པ་སོགས་སྔོན་འགྲོའི་ཚུལ་དུ་གླེང་རྗེས། ད་ནི་གླེང་བྱའི་བརྩམས་ཆོས་ཁྲོད་ཀྱི་སྙན་ངག་པ་རང་སྟེང་དུ་དབབ་པར་བྱེད་ན་ནི། སྙན་ངག་པ་བདག་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་མི་རིགས་རང་མཚན་པའི་མཛེས་དཔྱོད་ལྟ་བ་གཙོར་བཟུང་ནས་སྙན་ངག་འདི་གསར་རྩོམ་བགྱིས་ཡོད་པ་དང་། སྙན་ངག་པ་ནི་མི་རིགས་ཤིག་གི་མགྲིན་ཚབ་པའམ། ཡང་ན་མིའི་རིིགས་ལ་གྱ་ནོམ་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་གསར་བསྐྲུན་བྱེད་མཁན་ཞིག་ཡིན་པའི་ངོས་ནས་འཇིག་རྟེན་དཀར་ནག་རྐྱ་འཐབ་པའི་སྤྱི་ཚོགས་ཀྱི་བདེ་སྡུག་ཡོད་ཚད་ཐོད་ལ་བླངས་པའི་དཔའ་ཉམས་ཤིག་ངང་གིས་མཆིས་ཡོད། གཞན་ཏུ་ན། སྙན་ངག་པས་ནམ་རྒྱུན་མི་རིགས་ཤིག་གི་འདས་སོང་དང་ད་ལྟའི་གནས་སྟངས་སྒྱུ་རྩལ་གྱི་ལམ་ནས་བརྗོད་པ་འདིས་ཟུར་ངོས་གཞན་ཞིག་ནས་བརྩམས་ཆོས་ཁྲོད་ཀྱི་སྙན་ངག་པ་བདག་ཉིད་ནི་མི་རིགས་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པ་བདེན་པར་གྲུབ་ཡོད་ལ། དེ་ཡང་སྨན་བླ་སྐྱབས་ཀྱི་བརྩམས་ཆོས་མང་ཤོས་ཤིག་ལ་རོལ་མྱོང་བྱེད་སྐབས། གུས་པར་སྙན་ངག་པ་དང་ཉི་མ་ལྷ་ས་གཉིས་ལྟེ་ཐག་གཅིག་གིས་སྦྲེལ་ཡོད་པའི་ཚོར་འདུ་དྲག་པོ་ཞིག་ནམ་རྒྱུན་བསླངས་ཡོང་བས། དུས་རྒྱུན་འཚོ་བའི་ཁྲོད་པོ་ཏ་ལ་སོགས་ལྷ་སའི་སྐོར་གླེང་ཡོང་དུས། ངས་མིང་ལ་འབར་རྡེའུ་དང་གངས་བུ་དགའ་སྐྱེད། ཡང་ན་སྨན་བླ་སྐྱབས་བཅས་སུ་འབོད་པའི་སྙན་ངག་པ་ཞིག་དྲན་འོང་སྟེ། དེ་ལྟ་ནའང་། འཚོ་བའི་ཁྲོད་ནས་ངས་ཁོང་ཉིད་འདི་ལྟར་དྲན་པ་ནི། ང་རང་ཁོང་ལ་དགའ་དྲག་པས་མ་ཡིན་པར་ཁོང་གི་བརྩམས་ཆོས་ལས་སྙན་ངག་པ་དང་ཉི་མ་ལྷ་སའི་བར་ན་གསང་བའི་གཏམ་རྒྱུད་ཅིག་ཡོད་པ་མཐོང་ཐུབ་པས་ཡིན་ནམ་སྙམ།

         སྤྱིར་ཉི་མ་ལྷ་ས་ནི་བོད་མི་ཀུན་གྱི་མཐའ་མཇུག་གི་ལོག་མལ་ཞིག་ཏུ་ངོས་འཛིན་པ་ནི་ཆོས་སྲིད་ཀྱི་དཔང་མཐོ་བ་ཁོ་ནས་མ་ཡིན་པར། ཉི་མ་ལྷ་ས་ནས་ང་ཚོར་འདས་དོན་མང་པོ་ཞིག་དྲན་དུ་འཇུག་སྲིད་ལ། ཉི་མ་ལྷ་ནས་ང་ཚོས་དངོས་ཡོད་ཅིག་ལ་རེ་སྙེག་བྱེད་ཆོག་པས་ཀྱང་ཡིན། གང་ལྟར་བོད་ཀྱི་རྩོམ་རིག་གི་གར་སྟེགས་ནས་ཉི་མ་ལྷ་ས་ནི་རྩོམ་པ་པོ་རྒན་དར་གཞོན་གསུམ་སུས་ཀྱང་རང་དབང་གི་སྨྱུག་ཁ་གློད་སའི་བརྗོད་གཞི་ཐུན་མོང་བ་ཞིག་ཏུ་གྱུར་ཡོད་པས། སྙན་ངག་པ་ཁོང་གིས་ཀྱང་ལྷ་ས་ནས་ལྷ་སའི་སྙན་ངག་བྲིས་པ་ནི་དངོས་ཡོད་ལ་གདོང་གཏོད་ཐུབ་པའི་སྙན་ངག་པའི་བླ་ན་མཐོ་བའི་གཤིས་རྒྱུད་ཅིག་ཏུ་མཐོང་ཡོང་།

       གཉིས་པ། ཕྱི་སྣོད་ཀྱི་འཇིག་རྟེན་ནས་ནང་བཅུད་ཀྱི་སེམས་ཅན་སྟེང་འཕོས་པར་བྱས་པའི་སྙན་ངག་གི་སྒྲིག་གཞི་སྟེ། མདོར་ན། རྩོམ་རིག་རྟེན་འབྲེལ་གྱི་རང་བཞིན།

         སྙན་ངག་གི་སྒྲིག་གཞི་ཞེས་པ་ནི་མཚོན་པར་བྱེད་པའི་སྣང་བརྙན་གང་ཇི་ལྟར་གསར་བསྐྲུན་བགྱི་བའི་ཚུལ་དེར་བརྗོད་ཀྱིན་ཡོད་པས། སྙན་ངག་པའི་སེམས་ཁོང་གི་བརྩེ་བ་ཉིད་རྐྱེན་གང་ལ་བརྟེན་ནས་སྙན་ངག་གི་ཚོར་བའི་ཁམས་སུ་བཏབ་པ་དང་། ཡང་ན། སྙན་ངག་པས་ཡུལ་དུས་ཀྱི་སྔ་ཕྱི་ཅི་ལྟ་བུ་ཞིག་གཞིར་བཟུང་ནས་སྙན་ངག་ཅིག་བརྩམས་གནང་མཛད་པ་སོགས་ནི་ཕྱིའི་སྒྲིག་གཞིའི་རྣམ་པ་ཙམ་དུ་ཟད་ནའང་། ཕྱིའི་སྒྲིག་གཞིའི་གྲུབ་གྲོལ་དང་ཐ་སྙད་ཀྱི་སྡེབ་ལུགས། ཚིག་གི་གཅོད་མཚམས་སོགས་ནི་དོན་ལ་ནང་གི་སྒྲིག་གཞི་ལེགས་པོ་ཞིག་ཆགས་ཐུབ་པའི་སྔོན་འགྲོ་ལྟ་བུ་ཞིག་ཏུ་མཐོང་རྐྱེན། ང་ཚོས་སྙན་ངག་ཅིག་གི་སྒྲིག་གཞིར་དཔྱད་པ་གཏོང་སྐབས་ཕྱི་ནང་གཉིས་ཀ་ནས་མགོ་རྩོམ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་། དེ་བས་གླེང་བྱའི་སྙན་ཚོམ་འདིར་སྙན་ངག་པས་ཐོག་མར་ཕྱི་ཡུལ་གྱི་ཆ་ནས་ཡུལ་ཁོངས་གཅིག་གི་ཞིབ་འབྲི་གཙིགས་སུ་བཟུང་ཡོད་པ་གཤམ་ལྟར།

༡ ལྷ་སའི་སྨག་ཆར།

༢ ལྷ་སའི་སྐྱིད་ཆུ།

༣ལྷ་ཀླུའི་འདམ་ར།

༤རྫོང་རྒྱབ་ཀླུ་ཁང་།

༥ལྷ་སའི་བར་སྐོར།

        བཅས་ཁག་ལྔའི་བདག་ཉིད་ཀྱི་ཅན་གྱི་སྙན་ཚོམ་འདིར་ཡུལ་ཁོངས་བྱེ་བྲག་པ་ལྷ་ས་གཅིག་པུའི་གནས་སྟངས་ངོས་ནས་བྲིས་ཡོད་ནའང་། སྙན་ངག་པས་བརྗོད་པར་འདོད་པའི་དོན་དེ་ཧྲིལ་བོའམ་སྤྱིའི་ཆ་ནས་མ་གླེང་བར་ལྷ་སའི་ནང་ཚན་གྱི་ཡུལ་བྱེ་བྲག་པ་རེ་རེའི་ངོས་ནས་བརྗོད་ཡོད་པས། སྙན་ཚོམ་འདིའི་སྙན་ངག་ཁག་སོ་སོ་སྤྱིའི་ཆ་ནས་ཁེར་ཚུགས་ཀྱི་རྣམ་པ་ལྟ་བུ་ཞིག་ཏུ་གནས་ཡོད་ནའང་། དོན་ལ་ཁག་སོ་སོའི་བར་ཕན་ཚུན་ནང་གནས་ཀྱི་འབྲེལ་བ་ངེས་ཅན་ཞིག་མཆིས་སྟེ། སྙན་ཚོམ་ཞེས་པ་ནི་ཡུལ་དུས་ཉེ་བའམ་བརྗོད་བྱའི་དོན་ཉེ་བའི་ཁེར་ཚུགས་ཀྱི་སྙན་ངག་ཁག་སོ་སོས་སྙན་ངག་ཧྲིལ་བོ་གཅིག་འགྲུབ་པར་བྱེད་པའི་གསར་རྩོམ་གྱི་རིགས་ཤིག་ཏུ་མཐོང་བ་ནང་བཞིན། སྙན་ངག་པས་ཀྱང་སྙན་ཚོམ་འདི་འབྲི་བར་ཁེར་ཚུགས་ཀྱི་སྙན་ངག་ཁག་སོ་སོ་མཉམ་གཅིག་ཏུ་གྲིལ་ནས་བརྗོད་པར་འདོད་པའི་མཐར་ཐུག་གི་བསྟན་བྱ་དེ་སྒྱུ་རྩལ་གྱི་ལམ་ནས་མངོན་པར་མཚོན་ཡོད། དེ་ཡང་སྙན་ངག་གི་ཁག་སོ་སོའི་སྤྱིའི་སྒྲིག་གཞིའི་ཆ་ཐད། ཐོག་མར་ཕྱི་སྣོད་ཀྱི་འཇིག་རྟེན་ནས་ནང་བཅུད་ཀྱི་སེམས་ཅན་འབྲི་བཞེངས་བྱས་པའི་སྒྲིག་གཞི་སྤྱད་པ་ཡིས་བོད་རྩོམ་སྤྱིའི་གསར་རྩོམ་བྱེད་སྟངས་དང་ཉེ་བར་བཅར་ཡོད་པར་སྙམ་སྟེ། སྤྱིར་བོད་ཀྱི་འདུ་ཤེས་ཁྲོད་འཇིག་རྟེན་དང་སེམས་ཅན་རྟེན་ཅིང་འབྲེལ་བ། མདོར་ན་འཇིག་རྟེན་གྱི་འདུ་བྱེད་ཡོད་ཚད་རྟེན་ཅིང་འབྲེལ་བའི་བསམ་བློའི་འདུ་ཤེས་རང་མཚན་པ་དེ་ཡིས་ང་ཚོའི་བོད་ཀྱི་རྩོམ་རིག་སྤྱི་ལའང་རྩོམ་རིག་རྟེན་འབྲེལ་གྱི་རང་བཞིན་ཤེད་ཆེ་བར་བྱས་ཡོད་པ་དང་། རྩོམ་རིག་རྟེན་འབྲེལ་གྱི་རང་བཞིན་དེ་ཡང་མདོར་དེད་ན། ཕྱི་སྣོད་ཀྱི་འཇིག་རྟེན་ནས་ནང་བཅུད་ཀྱི་སེམས་ཅན་རྟེན་ཅིང་འབྲེལ་བའི་གསར་རྩོམ་གྱི་སྒྲིག་གཞི་རང་མཚན་པ་ཞིག་ཏུ་ཆགས་ཡོད། གསར་རྩོམ་གྱི་སྒྲིག་གཞི་རང་མཚན་པ་འདི་ཡིས་ད་གཟོད་མི་རིགས་རང་མཚན་པའི་རྩོམ་གཤིས་ཀྱི་མཛེས་པ་སྔོགས་འདོན་བྱས་ཡོད་དེ། འཇིག་རྟེན་རྟེན་འབྲེལ་གྱི་རང་བཞིན་ངོས་ནས་ནང་བཅུད་ཀྱི་སེམས་ཅན་རྟེན་འབྲེལ་རང་བཞིན་དུ་གྲུབ་པ་དང་། སེམས་ཅན་རྟེན་འབྲེལ་གྱི་ངོས་ནས་རྩོམ་རིག་ཀྱང་རྟེན་འབྲེལ་རང་བཞིན་ཅན་དུ་འབྱུང་གིན་ཡོད་པ་ནི་ཆེས་བླ་ན་མཐོ་བའི་མིའི་གཉུག་གཤིས་ཀྱི་འདུ་ཤེས་ཟབ་མོ་དེ་ཡིན་པར་སྙམ། དེ་བས་སྙན་ངག་པས་སྙན་ཚོམ་འདི་འབྲི་བར་རྩོམ་རིག་རྟེན་འབྲེལ་གྱི་རང་བཞིན་ངོས་ནས་སྙན་ངག་ཁག་སོ་སོར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྟེན་ཅིང་འབྲེལ་བར་བྱས་ཡོད་པ་སྟེ།

     ཁག་དང་པོ“ལྷ་སའི་སྨག་ཆར།”ཞེས་པར་ཟམ་ཟིམ་འབབ་པའི་སྨག་ཆར་དེ་ཐོག་མར་ཉི་མའི་ལྷ་སའི་སྔས་མགོར་བབས་པ་དང་དེའི་རྗེས་སུ་མི་ཞིག་གི་རྨི་ལམ་བབས་པ།

    ཁག་གཉིས་པ“ལྷ་སའི་སྐྱིད་ཆུ།”ཞེས་པར་སྔོ་ཡུག་གེར་ལུས་པའི་གཙང་ཆུ་རྐྱེན་བྱས་སྙན་ངག་པའི་སེམས་ཁོང་གི་བརྗོད་འདོད་པའི་སྐད་ཆ་དེ་གཙང་ཆུའི་མཐོང་རྣམ་དང་དུས་གཅིག་ཏུ་ཡོད་པ།

     ཁག་གསུམ་པ“ལྷ་ཀླུའི་འདམ་ར།”ཞེས་པར་ཚན་པ་དང་བོ་ནས་ལྷ་ཀླུའི་འདམ་རའི་གནས་སྟངས་སྤྱི་བརྗོད་པ་ཡིས་སྙན་ངག་ཁག་འདིའི་མདུན་བསུས་ཤིང་ཚན་པ་གཉིས་པ་ནས་ལོ་རྒྱུས་ཀྱི་ཕྱིར་དྲན་ཁྲོད་སིམ་པར་བྱས་ཏེ་རྩོམ་རིག་རྟེན་འབྲེལ་གྱི་རང་བཞིན་མངོན་པར་དོད་པ།

      ཁག་བཞི་བ“རྫོང་རྒྱབ་ཀླུ་ཁང་།”ཞེས་པར་རྫོང་རྒྱབ་ཀླུ་ཁང་གི་གནས་ཡུལ་དང་དེའི་མཐོང་རྣམ་གྱི་འཕྱོར་འབྲི་ལ་བརྟེན་ནས་སྙན་ངག་པ་བདག་ཉིད་ཀྱི་ཚོར་འདུ་སྤེལ་མར་བརྒྱུན་པ།

    ཁག་ལྔ་བ“ལྷ་སའི་བར་སྐོར།”ཞེས་པར་ལྷ་སའི་བར་སྐོར་ནས་སེར་ལྷམ་མེར་ཡོད་པའི་ཇོ་བོའི་བར་སྒྱུ་རྩལ་གྱི་ཀུན་རྟོག་སྤྲོས་ཡོད་ནའང་བརྗོད་པར་བྱ་བའི་ཡུལ་གྱི་མཐོང་རྣམ་དང་སྙན་ངག་པའི་ཚོར་འདུ་དུས་ཐོག་གཅིག་ཏུ་ཡོད་པ།

     གོང་དུ་མདོར་བསྡུས་སྒོས་སྙན་ངག་གི་ཚན་པ་སོ་སོར་ཕྱི་སྣོད་ཀྱི་འཇིག་རྟེན་ནས་ནང་བཅུད་ཀྱི་སེམས་ཅན་སྟེང་འཕོས་པར་བྱས་པའི་སྙན་ངག་གི་སྒྲིག་བབས་བསྟུན་གྱིས་བཀྲལ་བ་འདི་མདོར་ན། རྩོམ་རིག་རྟེན་འབྲེལ་གྱི་རང་བཞིན་དུ་ཡོད་པའི་སྙན་ངག་པའི་འདུ་ཤེས་ཀྱི་བརྡ་རྟགས་དམིགས་བསལ་བ་ཞིག་ཏུ་བཟུང་ཡོད་པར་ཁོ་བོས་འདོད།

གསུམ་པ། དམངས་གཞས་དང་སྒྱུ་རྩལ་དང་སྒྱུ་རྩལ་ཀུན་རྟོག་གི་ཁུངས་སྣེ།

        སྤྱིར་དམངས་གཞས་ནི་སྤྱི་ཚོགས་འཚོ་བའི་གནས་སྟངས་དངོས་མཚོན་པར་བྱེད་པའི་མིའི་རིགས་ཀྱི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དེ་ཉིད་སྐད་བརྡ་དང་དབྱངས་འགྲོས་ཀྱི་ལམ་ནས་མངོན་ཚུལ་ཅིག་སྟེ། གདོད་མའི་དུས་སུ་མི་རྣམས་ཀྱིས་རང་བྱུང་དང་སྤྱི་ཚོགས་ཀྱི་སྣང་ཚུལ་འགྲེལ་བ་དང་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་ཕྱིར་མངོན་པ་ལ་ངག་ཏུ་གྱེར་བྱའི་གླུ་གཞས་རྩོམ་པར་བྱས་ཤིང་། སྙན་ངག་ཅེས་པའི་རིག་ཚན་རང་རྐྱ་ཐུབ་པ་འདི་མ་གྲུབ་པའི་ཡར་སྔོན་དུའང་མིའི་རིགས་ཀྱི་གླུ་གཞས་དང་སྙན་ངག་གཉིས་ནི་ཁྱབ་ཁོངས་དང་རྣམ་གཅིག་ཏུ་ཡོད་པ་དང་། ཕྱིས་སུ་ཤེས་རིག་གི་འཕེལ་རྒྱས་དང་བསྟུན་ནས་ད་གཟོད་དམངས་ཁྲོད་གླུ་གཞས་ལས་སྙན་ངག་ཅེས་པའི་རིག་ཚན་རང་རྐྱ་ཐུབ་པ་ཞིག་ལོགས་སུ་དགར་ནའང་། དམངས་ཁྲོད་གླུ་གཞས་ཀྱི་དབྱངས་འགྲོས་ཀྱི་ཆ་ཤས་དང་བརྩེ་དུང་གི་འགྱུར་ཁུགས། དེ་མིན་སྐད་ཆའི་སྒྱུ་རྩལ་གྱི་ཐབས་རྩལ་སོགས་སོར་འཇོག་གིས་སྒྱུ་རྩལ་རྩོམ་རིག་ལ་གཟི་འོད་འབར་བར་བྱེད་པའི་ཚོར་འདུ་དང་ཀུན་རྟོག་གི་མཐུ་ནུས་ཆེ་རུ་བཏང་བས། སྙན་ངག་ནི་དམངས་ཁྲོད་གླུ་གཞས་ལས་འགོངས་ཤིང་རང་རྐྱ་ཐུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྲུབ་ལ། སྙན་ངག་གིས་དུས་རྟག་ཏུ་དགའ་སྐྱོ་ཆགས་སྡང་གི་ཚོར་བའི་བརྩེ་གདུང་དང་ཀུན་རྟོག་གཙོར་འཛིན་པ་འདིས། སྙན་ངག་ཅེས་པའི་རིག་ཚན་ཐུན་མོང་བའི་ཁྱད་ཆོས་དམིགས་སུ་བཀར་བ་མ་ཟད། དམངས་ཁྲོད་གླུ་གཞས་དང་སྙན་ངག་གི་མཚམས་འབྱེད་རྡོ་རིང་ཡང་འདི་ཡིས་བསླངས་ཡོད་པར་འདོད། དེལྟ་ནའང་། ང་ཚོས་དུས་རྒྱུན་དུ་སྙན་ངག་གི་བརྩམས་ཆོས་ཁྲོད་ནས་གླུ་གཞས་ཀྱི་ཆ་ཤས་མཐོང་ཡོང་བ་དང་། གླུ་གཞས་ཀྱི་བརྩམས་ཆོས་ཁྲོད་ནས་སླར་ཡང་སྙན་ངག་གི་ཆ་ཤས་མཐོང་ཡོང་བ་ནི་སྙན་ངག་དང་དམངས་ཁྲོད་གླུ་གཞས་གཉིས་ཀྱི་ཐོག་མའི་ལྟེ་ཐག་གཅིག་ཏུ་ཡོད་པས་ཡིན་སྙམ། ཡིན་ནའང་རིག་ཚན་གྱི་མ་ལག་གསར་བ་བྱུང་དང་འབྱུང་བཞིན་པའི་དུས་སྐབས་འདིར། ང་ཚོས་གླུ་གཞས་དང་སྙན་ངག་གཉིས་ལའང་དབྱེ་འབྱེད་ཀྱི་ཚད་གཞི་དམིགས་བསལ་བ་ཞིག་གཏན་ལ་ཕབ་ཟིན་ནའང་། དེ་གཉིས་འབྲེལ་མེད་དོན་གཞན་ཞིག་ཏུ་གཞར་ཡང་གཞག་མི་རུང་བར་དམངས་ཁྲོད་གླུ་གཞས་དང་སྙན་ངག་གཉིས་ལ་ནང་གནས་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཞར་ལ་རྟོགས་དགོས་སོ།།

        དེ་ཡང་དང་ནང་གནས་ཀྱི་འབྲེལ་བའི་ངོས་ནས་བལྟས་ན། སྐབས་ལ་ཤས་སུ་སྙན་ངག་དང་གླུ་གཞས་གཉིས་ཕན་ཚུན་རིགས་གཅིག་གི་རྣམ་པར་ཡང་འདོད་དེ། དཔེར་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་སྙན་ངག་དང་གླུ་གཞས་གཉིས་ཀྱི་ཁོངས་སུ་གཏོགས་པའི་སྒྱུ་རྩལ་རྩོམ་རིག་གི་བདག་ཉིད་ཅིག་ཏུ་གྲུབ་ཡོད་ཕྱིར། དུས་རབས་དེ་གའི་ཁྱབ་ཁོངས་ངོས་ནས་བཤད་ན། གླུ་གཞས་ནི་སྙན་ངག་ཅིག་དང་སྙན་ངག་ནི་གླུ་གཞས་ཤིག་ཡིན་པའི་ངེས་པ་ཁྱོན་ནས་མེད་པའང་མ་ཡིན་པར། སོ་སོ་བདག་ཉིད་གཅིག་པའི་རྣམ་པ་ཞིག་སྔོན་ནས་གྲུབ་ཡོད་ཕྱིར། སྙན་ངག་དང་གླུ་གཞས་གཉིས་རིག་ཚན་གྱི་ཁོངས་སོ་སོར་དགར་བའི་དུས་ད་ལྟའང་གཅིག་གིས་གཅིག་ལ་འདེགས་ཤིང་སྐྱོར་བའི་ཆ་ཞིག་མཆིས་པ་ནི་ཀུན་གྱི་མཐུན་སྣང་ལ་གྲུབ་པ་ལྟར། གསར་རྩོམ་གྱི་དབུ་འབྱེད་དམ་སྔོན་འགྲོར་དམངས་གཞས་ཀྱིས་ཁུངས་སྣེ་བྱས་པ་འདི་ལའང་རྒྱུ་མཚན་དམིགས་བསལ་བ་རེ་འདྲེན་རྒྱུ་ཡོད་དེ། གཅིག་ཏུ་ན་དམངས་ཁྲོད་གླུ་གཞས་ཀྱིས་སྙན་ངག་གསར་རྩོམ་གྱི་དབུ་སྒོ་འབྱེད་པ་ཡིས་སྙན་ངག་གི་ཁམས་ཀྱི་ཟབ་ཚད་ཇེ་ཡངས་སུ་གཏོང་ཐུབ་པ་མ་ཟད། མཐའ་བཞིར་བསྐྱེད་པའི་སྒྱུ་རྩལ་ཀུན་རྟོག་གི་ཁུངས་སྣེ་འདིའོ་ཞེས་ཀློག་པ་པོར་གོ་བདེའི་ངང་ནས་བརྡ་ལན་སྤྲོད་ཐུབ་པ་སོགས། མདོར་ན། གླེང་བྱའི་སྙན་ཚོམ་གྱི་སྙན་ངག་ཁག་གཉིས་པ་ནས་ལྔ་བའི་སྔོན་འགྲོ་རུ་ལྷ་སའི་དམངས་ཁྲོད་གླུ་གཞས་ཀྱིས་དབུ་བརྒྱན་སྤྲས་པ་ནི། སྙན་ངག་པས་དམངས་ཕལ་བའི་བདེ་སྡུག་ལ་དོ་ཁུར་བྱེད་སྟངས་ཤིག་གམ་དམངས་ཁྲོད་རིག་གནས་ལ་བྱང་ཆ་ཡོད་པའི་རྟགས་སུ་འཁུམས་པ་ལས་གཞན། སྙན་ངག་པ་བདག་ཉིད་ཀྱིས་སྙན་ངག་གསར་རྩོམ་བགྱི་བ་ལ་མེད་དུ་མི་རུང་བའི་སྒྱུ་རྩལ་ཀུན་རྟོག་གི་ཁུངས་སྣེ་ལྟ་བ་གྲུབ་ཡོད་དེ། སྙན་ཚོམ་གྱི་ཁག་གཉིས་པར“ལྷ་སའི་སྐྱིད་ཆུ་བཏུང་དུས།། ཨ་ཕའི་ཞལ་རས་དྲན་བྱུང་།།”ཞེས་སྙན་ངག་པས་སྐྱིད་ཆུས་བཞག་པའི་སེམས་ཚོར་དངོས་བསྟར་བ་ལ་གཞས་ཚིག་ཚན་བཤུས་ཀྱིས་སྤྱི་བམ་གྱི་ཚུལ་དུ་བསྟན་ཞིང་། སྐྱིད་ཆུ་ནས་ཨ་ཕ་དྲན་པའི་སྣོད་བཅུད་རྟེན་འབྲེལ་རང་བཞིན་དུ་བྱས་ནས་ཀུན་རྟོག་གི་རྟ་ཁ་གློད་ཡོད། སྙན་ཚོམ་གྱི་ཁག་གསུམ་པར“ལྷ་ས་ལྷ་ས་སྐྱིད་པ།། ལྷ་ཀླུ་དེ་ལས་སྐྱིད་པ།། ལྷ་ས་ལྷ་ཀླུའི་བར་ལ།། རྫོང་རྒྱབ་ཀླུ་ཁང་སྐྱིད་པ།།”ཞེས་སྙན་ངག་པས་དངོས་ཡོད་ཀྱི་མཐོང་རྣམ་ལས་ཉི་མ་ལྷ་ས་དང་ལྷ་ཀླུའི་དགའ་ཚལ། རྫོང་རྒྱབ་ཀླུ་ཁང་བཅས་ཀྱི་འདས་སོང་ལོ་རྒྱུས་ལ་ཕྱིར་དྲན་དང་། ད་ལྟའི་གནས་སྟངས་དངོས་གཉིས་གོ་བསྡུར་ལམ་གྱི་ལམ་ལྷ་ཀླུའི་འདམ་ར་ལས་བསྐྱེད་པའི་ནང་སེམས་ཀྱི་ཚོར་བའི་འདུ་འགོད་དེ་ལྷ་སའི་དམངས་གཞས་ཤིག་གིས་མདུན་བསུས་ཤིང་།སྙན་ངག་པ་བདག་ཉིད་ཀྱི་སྒྱུ་རྩལ་རྟོག་འཕྲུལ་ཉིད་ལྷ་ཀླུའི་འདམ་རའི་ངོས་སུ་འཕོས་པར་བྱས་ཡོད། སྙན་ཚོམ་གྱི་ཁག་བཞི་བར“རྟ་ལམ་སྒོར་མོའི་སྒང་གི།། སྒེར་གཡོག་སྤུ་ཕྲུག་ལུང་སྦྱར།། སོག་ཞྭ་སྔས་ལ་བརྒྱབ་ནས།། གཉིད་ལམ་ག་རེ་བཏང་བྱུང་།།”ཞེས་བལྟས་ཚོད་དུ་དམངས་གཞས་འདི་ཉིད་རྫོང་རྒྱབ་ཀླུ་ཁང་དང་འབྲེལ་མེད་དོན་གཞན་ཞིག་ཏུ་སྣང་ནའང་། སྙན་ངག་ཁག་འདི་ཉིད་ཞིབ་ཀྱིས་བཀླགས་ཚེ་ད་གཟོད་འབྱམས་ཤིང་ཀླས་པའི་སྙན་ངག་གི་ཁམས་ཆེན་པོས་རྫོང་རྒྱབ་ཀླུ་ཁང་ཞེས་པའི་བརྗོད་བྱ་དམིགས་བསལ་བ་དེ་བཞེངས་བསྐྲུན་བགྱི་བར་ཕན་ནུས་བླ་ལྷག་ཐོན་ཡོད་པར་སྙམ། སྙན་ཚོམ་གྱི་ཁག་ལྔ་བར“དབུས་ཀྱི་རི་བརྒྱལ་ལྷུན་པོ།། མ་འགྱུར་བརྟན་པོ་བཞུགས་དང་།། ཉི་མ་ཟླ་བའི་འཁོར་ཕྱོགས།། ནོར་ཡོང་བསམ་པ་མི་འདུག”ཅེས་སྨོན་པ་ལྟ་བུའི་ཚངས་མགུར་གྱི་ཚན་བཤུས་ཤིག་གིས་མདུན་བསུས་ཡོད་ནའང་ལྷ་སའི་བར་སྐོར་ནས་སྙན་ངག་པའི་མཐའ་མཇུག་གི་རྨི་ལམ་བསྐྱུར་དུ་མེད་པར་གོང་གི་གཞས་ཚིག་དང་ལྡོག་ཕྱོགས་ནས་རང་རྒྱུད་ཀྱི་མྱོང་བ་སྤྲོས་བརྗོད་བྱས་ནས་ལྷ་སའི་བར་སྐོར་དེ་གཙང་མ་གཙང་རྐྱང་ཞིག་ཡོང་ཐབས་མེད་པའི་ཉེན་འཚབ་ལ་གདུང་ཟུག་ལྷོད་ཡོད་པའོ།།

བཞི་བ། འཇིག་རྟེན་དཀར་ནག་མཚམས་ཀྱི་ལྷ་སའི་ཕྱི་ནང་།

         ཀློག་པ་པོའི་སྒྱུ་རྩལ་མྱོང་རོལ་གྱི་ཆུ་ཚད་མཐོ་དམན་ལས་སྙན་ངག་གིས་ཀློག་མཁན་བདག་ཉིད་ལ་བསྩལ་བའི་བསམ་བློ་དང་བརྩེ་དུང་གི་རིན་ཐང་ཡང་མི་འདྲ་སྟེ། སྙན་ངག་གིས་ཀློག་པ་པོར་གོ་བསྐོན་བློ་འགུག་གི་ནུས་པ་ཐོན་མིན་དེ་བཀླག་བྱའི་བརྩམས་ཆོས་ཀྱི་ཡོན་ཏན་ཁོ་ན་ལས་འདས་པའི་ཀློག་པ་པོ་རང་རྒྱུད་ཀྱི་རྟོག་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཕྱིར། བདེན་དགེ་མཛེས་གསུམ་གྱི་ཡོན་ཏན་ཀུན་ནས་འཛོམས་པའི་སྙན་ངག་ལེགས་ཤོས་ཤིག་དང་འཕྲད་སྐབས། ཀློག་པ་པོའི་ཤེས་ཡོན་དང་བློ་སྦྱོང་། གོ་རྟོག་གི་དཔངས་ཇི་ལྟར་མཐོ་ན་བརྩམས་ཆོས་རང་ངོས་ལས་འགོངས་པའི་སྒྱུ་རྩལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་ལོངས་སུ་སྤྱོད་ནུས་ཤིང་། ཀློག་མཁན་བདག་ཉིད་ཀྱང་བློ་ཡུལ་ལས་འདས་པའི་ཕུགས་བསམ་གྱི་ཞིང་ཁམས་གསར་བ་ཞིག་ཏུ་བསྐྱལ་ངེས་པས། ང་ཚོས་སྙན་ངག་ཅིག་ཀློག་པར་བྱ་བ་ལ་བླང་དོར་གྱི་རྣམ་གཞག་གཙིགས་སུ་བཟུང་ནས་བཀླག་བྱའི་བརྩམས་ཆོས་དེར་གདམ་གསེས་བྱེད་དགོས་པ་དང་། ཀློག་པའི་བརྒྱུད་རིམ་ཁྲོད་ནས་ཀྱང་སྒྱུ་རྩལ་མྱོང་རོལ་གྱི་བློ་སྦྱོང་སྔོན་དུ་སོང་ནས་མིག་དབང་གསར་པས་བཀླག་དགོས་པ་སོགས་པ་ནི་སྒྱུ་རྩལ་བརྩམས་ཆོས་བདེ་ལེགས་ངང་རང་རྒྱུད་དུ་མྱོང་གོམས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་མཐོང་།

         དེ་ཡང་གླེང་བྱའི་སྙན་ཚོམ“ལྷ་སའི་སྙན་ངག”ཅེས་པ་ནི་ཇི་ལྟར་གསར་རྩོམ་བགྱིས་པ་དང་ཅི་ཞིག་གསར་བསྐྲུན་བྱས་པའི་གསར་རྩོམ་གྱི་རྣམ་གཞག་གཉིས་པོའི་ཕྱོགས་གང་ནས་བལྟས་ནའང་། ཡོན་ཏན་ཀུན་རྫོགས་ཀྱི་སྙན་ངག་ཅིག་ཏུ་མཐོང་ཡོང་སྟེ། ཐ་སྙད་ཀྱི་གདམ་གསེས་བྱེད་སྟངས་དང་སྐད་ཀྱི་སྦྱོར་ལུགས། ཁམས་ཀྱི་བཞེངས་བསྐྲུན། དེ་མིན་ཕྱི་ནང་གི་སྒྲིག་གཞིའི་བཀོད་སྒྲིག་དང་ཚོར་འདུའི་འཕྲོས་སྦྱོར། ཀུན་རྟོག་གི་རྒྱ་བསྐྱེད་སྟངས་སོགས་ཀློག་མཁན་གྱི་སྣང་ངོར་ཇི་བཞིན་འཇགས་ཐུབ་པའི་སྒྱུ་རྩལ་རང་བཞིན་གྱིས་ཡོངས་ཕྱུག་པས། སྙན་ངག་སྤྱིའི་མཐར་ཐུག་གི་བརྗོད་བྱའམ་འབབ་སྟེགས་གསལ་བར་བཀྲལ་ཡོད་པ་སྟེ། ཁག་ལྔའི་བདག་ཉིད་ཅན་གྱི་སྙན་ཚོམ་འདིས་ལྷ་སའི་ཡུལ་བྱེ་བྲག་པ་འགའི་མཐོང་སྣེ་གཡར་ཏེ་ཕུགས་བསམ་གྱི་ལོག་མལ་ལྟ་བུའི་ལྷ་སའི་བཞིན་མདངས་ཉིད་དུས་ཀྱི་སོ་ཁ་ནས་ཆ་མེད་ནས་ཆ་མེད་དུ་འགྱུར་བཞིན་པའི་དུས་རབས་འདིའི་ཉེན་འཚབ་ཞིག་སྙན་ངག་གི་རྟོག་འགྱུའི་ཁམས་སུ་བཏབ་པ་ནི། མི་རིགས་རིང་ལུགས་པའི་ཤ་ཞེན་གྱིས་སྒུལ་བའི་བརྩེ་གདུང་གི་མིག་ཆུ་ཤམ་ཤམ་བྱེད་ཀྱིན་ཉམས་སྣང་ཞིག་རང་ཡིད་དུ་ཝ་ལེར་དྲན་པར་བྱས་ཤིང་། སྙན་ངག་པས་ཀྱང་དགེ་སྡིག་གི་ངོ་བོ་སོ་སོར་གྱེས་པའི་འཇིག་རྟེན་དཀར་ནག་གི་མཚམས་སུ། དུས་དང་རྣམ་པ་ཀུན་ཏུ་མི་རིགས་རང་མཚན་པའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་སུ་གྱུར་པའི་ཉི་མ་ལྷ་ས་མིག་གིས་འཚོས་ཤིང་སེམས་སུ་ཉར་ཡོད་པའི་དངོས་ཡོད་ཀྱི་བདེན་པ་དེ་ཚོར་བའི་ལྷ་མོའི་ངག་སྒོ་ནས་ཡི་གེའི་བསྡུས་གཟུགས་སུ་བཏབ་ཡོད་ལ། འཇིག་རྟེན་ནི་དཀར་ནག་ལས་ཀྱི་དགེ་སྡིག་རྐྱ་འཐབ་པའི་ཕྱིར་མི་འོང་གི་ལམ་ཕྲན་དེ་ཡིན་པ་ཇི་བཞིན། ཉི་མ་ལྷ་སའི་ད་ཡོད་ཀྱི་གནས་སྟངས་ངོས་ནས་འདས་སོང་གི་མེས་པོའི་ལོ་རྒྱུས་དྲན་པར་བྱེད་ཅིང་། སྨོན་ལམ་དང་རྟོག་འགྱུའི་སེམས་འདུན་ཁྲོད་ནས་ཉི་མ་ལྷ་སའི་མ་འོངས་པར་ཞུ་སྨོན་གསོལ་ཡོད་པར་འདོད།

        སྤྱིར་ལྷ་ས་ནི་སུས་ཀྱང་ཚབ་བྱེད་དུ་མེད་པའི་མི་ཞིག་གི་གློ་སྙིང་མཆིན་གསུམ་ནང་བཞིན། ལྷ་སའི་འགྱུར་ལྡོག་ནི་མི་རིགས་རང་མཚན་པ་ཞིག་འགྱུར་སོང་བ་དང་འདྲ་བས། ལྷ་ས་ཡོད་པ་ནས་ལྷ་ས་དྲན་ཆོག་ལ། ལྷ་སའི་འགྱུར་བ་ནས་ཡང་བསྐྱར་ལྷ་ས་དྲན་པའི་འདུ་ཤེས་ཀྱིས་ཕུགས་བསམ་གྱི་ཞིང་བཀོད་གཞན་ནས་བླུས་པའི་རང་སེམས་ཀྱི་གདུང་ཟུག་ཡོད་ཚད་མཚར་ཞིང་ལྟ་ན་སྡུག་པའི་ཞིང་ཁམས་འདིའི་མཐའ་མཇུག་ལ་བསྔོ་སྨོན་ཞུ་བ་དང་ཇི་འདྲའི་མཚུངས་ཨང་།འདི་ལྟར་སྙན་ངག་འདིའི་སྐད་ཆའི་སྒྱུ་རྩལ་གྱི་བར་གསེང་རེ་རེ་ཉུལ་འོང་ན། སྙན་ངག་པའི་སེམས་ཁོང་དུ་སྐྱོ་ལྷང་ལྷང་གིས་བཞུར་བའི་ཚེ་སྲོག་གི་གདུང་དབྱངས་ཁད་ཀྱིས་འཕྱུར་གྱིན་པ་མཐོང་ཡོང་སྟེ། ལྷ་ཀླུའི་འདམ་ར་དང་ལྷ་སའི་སྐྱིད་ཆུ་ལྟ་བུའི་རང་བྱུང་དང་སེམས་ཅན་མཉམ་འདུས་ཀྱི་ཕུང་བོ་འདི་དག་ལ་ལོ་རྒྱུས་ཀྱི་དཀྱོགས་མཚམས་བརྒལ་མ་ཐུབ་པའི་ཕངས་སེམས་ཇི་འདྲ་ཆེ་ནའང་། བཟོད་གསོལ་དང་ཞུ་སྨོན་ཁོ་ནས་སེམས་ཁོང་གི་གདུང་བ་སེལ་ཐབས་བྲལ་བའི་རང་བཞིན་གྱི་དཔའ་སྤོབས་ཤིག་ཉི་མའི་ལྷ་སའི་དངོས་ཡོད་ཁྲོད་བསྐྱིལ་བ་ནི་ལོ་རྒྱུས་ལ་རྩེད་མཚར་དང་ཀུ་རེ་བསྒྲོན་པས་མ་ཡིན་པར། དུངས་ཞེན་གྱི་བདེན་པ་ཉིད་འདས་སོང་དང་ད་ལྟའི་འགྱུར་ལྡོག་གི་དུས་མཚམས་སུ་རྟག་བརྟན་གྱི་རྡོ་རིང་ཞིག་གི་ཚུལ་དུ་བཏབ་པས། མཐར་གཏུགས་ན་སྙན་ཚོམ་འདིར་སྙན་ངག་པས་ཉི་མ་ལྷ་སའི་གནས་སྟངས་དངོས་ལས་ཚོར་བ་དང་ཀུན་རྟོག་གི་འདུ་འགོད་འཁྱུག་ཅིང་། ལྷ་ས་ནི་འཇིག་རྟེན་དཀར་ནག་གི་མཚམས་སུ་ལུས་ཤིང་ང་ཚོའི་དྲན་སྣང་དུ་ཡོད་ཆོག་ཆོག་ཡིན་པའི་རྟག་བརྟན་གྱི་རི་མོ་ཞིག་ཏུ་བཞེངས་བསྐྲུན་བགྱིས་ཡོད་པར་སྙམ་མོ།།

                   ༢༠༡༦/༨/༣༠ཉིན་ཤར་བོད་གཙོད་གྲོང་ནས་གྲུབ་པ་དགེ་གྱུར་ཅིག་གུ།

 

 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།