ཕ་ཡུལ་ཡང་དྲན་པའི་དུས་ཤིག་རེད།

37457

 

རྩོམ་པ་པོ།   ཐེའུ་རང་།

 

གཅན་མེ་སྟག་གི་སྙན་ངག་ཅིག་ལ་དཔྱད་པ།

 

      <ས་སྲོད་དུ་རྨ་སྟོད་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་སླེབས་པ།>

 

ཚོང་ཁང་གི་དར་བྱང་ལྗང་ཁུ་གཅིག་ལས་མི་འདུག

ནོར་གནག་རེ་འགའ་སྲང་བར་དུ་དམིགས་མེད་ཀྱིས་བགྲོད་ཀྱིན་འདུག

བདག་གིས་འབར་ཞུན་རྐང་གཅིག་མེ་ལ་སྒྲོན་དུས

རླུང་བུ་ཕྲན་ཙམ་ཡང་མེད་པའི་དབེན་སིམ་དེ

ཉེན་ཁ་གང་ཡང་མེད་པའི་ཁེར་རྐྱང་ཞིག་རེད

གྲོང་རྡལ་ཕ་རོལ་ཏུ རྟ་བོ་རྐྱང་དམར་འགའ

དཔུང་ངར་བཤིབས་ཏེ་ཆུ་ཕྲན་ཞིག་བརྒལ་གྱིན་གདའ

ཆུ་སྒྲ་དང་མཚེར་སྒྲ་གང་ཡང་མེད་པར

ཉི་ནུབ་སྐྱ་བོ་ཞིག་སྙེག་གིན་གདའ

ཉི་གློག་ཅིག་ཚག་སྒྲ་དང་བཅས་སྦར་མཚམས

ཚར་ཞྭ་གྱོན་པའི་མི་དེས

“མྱི་རྡང ཨེ་དཀའ་ཐལ”ཟེར

བདག་གིས་མ་དཀའ་ཐལ་ཟེར་ཞོར་མལ་ཁྲིའི་སྒང་དུ་འབུད་དུས

དེ་ནི ཁེར་རྐྱང་ཡང་རེད་ལ་ཕ་ཡུལ་ཡང་དྲན་པའི་དུས་ཤིག་རེད

                                                  (2012ལོའི<གངས་རྒྱན་མེ་ཏོག>དེབ་དང་པོ་ལས)

         ཕ་སྐད་ཀྱི་རྩོམ་སྟེགས་དང་ཁ་བྲལ་ནས་མི་ལོ་གསུམ་ཙམ་ཕྱིན་པའི་དུས་ཚོད་ནི་ཁེར་རྐྱང་དང་སྐོམ་གདུང་གི་བྱེ་གཞུང་སྐྱ་བོ་ཞིག་དང་མཚུངས་སོང་། སྐབས་སྐབས་སུ་ཐབས་ཤེས་སྣ་ཚོགས་པ་དྲན་ནས་བོད་ཡིག་གི་དཔེ་ཆ་རེ་གཉིས་ལག་ཏུ་སོན་ཐབས་བྱས་ནའང་། དེས་ནི་བོད་ཡིག་གི་དཔེ་ཆ་མ་མཇལ་བའི་ཞེན་པ་ཙམ་པོ་ལས། བོད་ཀྱི་རྩོམ་རིག་གི་ཚུགས་ཀ་དང་མདོག་ག་འཚོལ་བའི་སྐོམ་པ་སེལ་རེ་དཀའ། ཐེངས་འདིར། ཧ་ཅང་སྟབས་ལེགས་ནས་སྙན་ངག་དུས་དེབ<གངས་རྒྱན་མེ་ཏོག>ལག་སོན་བྱུང་བ་དང་། དེ་རུ་ཡིད་ཀྱི་བྱེ་ཐང་བརླན་པར་བྱེད་པའི་སྙན་ངག་རེ་འགའ་འདུག་ལ། གཅན་མེ་སྟག་ལགས་ཀྱི་སྙན་ངག་ཐུང་ངུ་འདི་ནི་ཆུ་མིག་དྭངས་མོ་ཞིག་གམ་རོལ་དབྱངས་ལྷོད་མོ་ཞིག ཡང་ན་རླུང་བུ་བསིལ་མོ་ཞིག་གི་ཚུལ་གྱིས་ང་ཡི་བྲང་ཁོག་ཏུ་འཁྱིལ་ལ་མཛེས་པའི་ཡི་ག་ཀུན་ནས་འཕེལ་བར་བྱས། སྙན་ངག་འདིར་རེ་རྐང་གླིང་ལགས་ཀྱིས་ཕྲན་དཔྱད་ཐུང་ངུ་ཞིག་བྱས་འདུག་ནའང་། ཁོ་བོའི་མྱོང་སྣང་དང་བར་ཐག་ངེས་ཅན་ཡོད་ན། ཁོ་བོས་རང་གི་བསམ་པའི་ཁ་དོག་མ་ལུས་སྙན་ངག་འདིའི་ཁམས་ལ་བསྲེས་ཤིང་གཏིང་ལ་བསྐྱིལ་ཏེ། ལྕགས་ནག་གི་བུ་ག་ལྟ་བུའི་སྡོད་མལ་འདི་ནས། མཐའ་ཡས་པ་ཤིན་ཏུ་གཙང་བའི་ཁ་བ་ཅན་གྱི་སྙིང་ཉེ་བའི་ཡི་གེ་བའི་སྡེ་ལ་སེམས་མོལ་དུ་མཆིད་འདོད་བསམ་པ་ཀུན་ནས་སྐྱེས་བཞག

       བདག་གི་བསམ་པར་རེ་རྐང་གླིང་ལགས་ཀྱིས་བྲིས་པའི་ཕྲན་དཔྱད་ཐུང་ངུ་འདི་ནི། ཁོ་རང་སྙན་ངག་འདིའི་བདག་པོ་སྟེ་སྙན་ངག་པ་ཁོང་གི་སེམས་ཁམས་རང་གཤིས་ལ་ཆ་རྒྱུས་ཡོད་པའི་ཐོག་ནས་སྙན་ངག་འདིར”རྒྱུས་ལོན”བྱས་པ་ཞིག་ཏུ་སྣང་ན། ཁོ་བོ་ད་ཐེངས་སྙན་ངག་ཐུང་ངུ་འདི་ཁོ་ནའི་བབ་དང་རྒྱུད་ལ་འགྲོག་ཅིང་ཚིག་དང་དོན་ལ་མྱུལ་ཏེ། ཆ་མེད་རྒྱུས་མེད་ཀྱི་སྙན་ངག་པའི་ནང་སེམས་ཀྱི་ཟབ་སར་བཅར་བ་ཞིག་ཡིན། སྙན་ངག་འདི་ནི་སྙན་ངག་པ་ཟང་ཟིང་གི་གྲོང་དང་གྲོང་ཁྱེར་བརྒྱུད་ནས། རི་ལམ་ཆུ་ལམ་གྱི་འཕྲེང་བརྟོལ་ནས། འཕེལ་དང་འགྱུར་གྱི་ངོ་གདོང་བག་ཚ་བ་དག་མཐོང་ནས། བསྒྱུར་དང་བཅོས་ཀྱི་བཟོ་སྟ་ཞེ་མེར་བ་དག་རིག་ནས། མཐར་”སེམས་ཀྱི་འབབ་ཚིགས”ལྟ་བུའི་རྨ་སྟོད་ཀྱི་གྲོང་རྡལ་ཆུང་ངུ་ལྷིང་འཇགས་སེ་བ་ཞིག་ཏུ་འབྱོར་བའི་ཚོར་སྣང་དང་ཡུལ་རྣམ་བྲིས་པའི”འགྲུལ་བཞུད་ཉིན་ཐོ”ཞིག་ལ་གོ་བ་བླངས་ཆོག་སྙམ་ལ། སྤྱིར་བཏང་དུ”འགྲུལ་བཞུད་སྙན་ངག”མང་པོར་ཡུལ་གྱི་དུས་ཚོད་ཀྱི་རིམ་པ་དང་རྟོག་ངོའི་དུས་ཚོད་ཀྱི་རིམ་པ་འཁྲུག་པ་དང་འགལ་བ་དང་ལྡོག་པར་བྲིས་པ་མང་མོད། སྙན་ངག་འདིར་སྙན་ངག་པ་འགྲུལ་བཞུད་ཀྱི་ཡུལ་དུས་ཀྱི་རིམ་པ་དང་། དེས་བསྐྱེད་པའམ་དེ་ལས་རྙེད་པའི་མྱོང་རྟོག་ཚོར་འདུའི་རིམ་པ་གཉིས་ཀ་འདྲེས་འདྲེས་མཐུད་མཐུད་ལ་ཡོད་པ་ཞིག་རེད། འདིས་ཀློག་མཁན་གྱི་སེམས་ངོར་སྙན་ངག་པའི་ནང་གི་འགྱུར་བ་དང་ཡུལ་གྱི་སྣང་བ་གཉིས་ཀ་མ་བུ་ངོ་འཕྲོད་བྱུང་པའི་བདེན་པ་བསྩལ་ཡོད།

        སྙན་ངག་འདིས་ངའི་ཡིད་ལ་གཉན་གྱི་<བསྔོ་ཡིག>དྲན་དུ་བཅུགས་བཞག སྙན་ངག་དེ་གཉིས་ཀའི་གང་ཡིན་ཀྱང”ཕ་ཡུལ”ཅེས་པའི་བརྩེ་བ་བརྗིད་ཆགས་པ་དེ་ནང་གི་གཟུང་གཞུག་བྱས་པ་ཞིག་རེད། སྙན་ངག་གཉིས་ཀའི་ཡིད་བརྙན་ཚོགས་པ་མི་འདྲ་ནའང་། ཡིད་བརྙན་ཚོགས་པ་གྲུབ་ཚུལ་ཏེ། “མཐོང་ཆོས”ཀྱི་གསེང་དང་གསེང་ནས་བརྩེ་གདུང་གི་རོལ་མོ་འཁྲོལ་བ་དང་། ཡང་ན། “ནང་འགྱུར”གྱི་རླབས་དང་ལྟེམས་ལས་ཡིད་བརྙན་གྱི་ཚོན་རིས་བསྡེབས་པའི་སྒྱུ་རྩལ་ཐབས་རྩལ་ལ་འདྲ་ཆ་ཤིན་ཏུ་ཡོད། ཡུལ་དུས་འགྱུར་བའི་རླབས་རྒྱུན་ལས་ཕ་ཡུལ་གྱི”འགྱུར”་དང”བརྟན”བྲིས་པའི་སྙན་ངག་འདི་གཉིས་ལ་མཉམ་དུ་བལྟས་ཤིང་ཉན་ན་ལྟ་ས་ཉན་ས་ཐུ་མོ་ཡོད་སྙམ། <བསྔོ་ཡིག>ནི་ཡུལ་དུས་ཀྱི་འགྱུར་བ་ལས་ཕ་ཡུལ་གྱི”འགྱུར”བྲིས་པ་ཞིག་དང་། མེ་སྟག་གི་སྙན་ངག་འདི་ནི་ཡུལ་དུས་ཀྱི་འགྱུར་ལས”ཕ་ཡུལ”གྱི་”བརྟན”བྲིས་པ་ཞིག་རེད། <བསྔོ་ཡིག>ནང་གི་ཕ་ཡུལ”དུར་ཁྲོད”ཅིག་ལ་ངོས་བཟུང་བཞག་ན། མེ་སྟག་གི་སྙན་ངག་འདིར་ཕ་ཡུལ་ནི”བཙན་རྫོང”ཞིག་ལ་གོ་བ་བླངས་ཆོག དགོངས་དོན་སྤྱིའི་ངོས་ན་འགལ་ལྟག་ཏུ་གྲུབ་པའི་སྙན་ངག་གཉིས་ཀ་ཚོར་བ་དང་བརྩེ་བའི་གཏིང་ན་ཤིན་ཏུ་ཉེ་བོ་ཡོད་པ་ཞིག་རེད། དེ་ནི་སྙན་ངག་གཉིས་ཀའི་གང་ཡིན་ནའང་། བླའམ་སྲོག་གི་ཚབ་ཏུ”ཕ་ཡུལ”ཅེས་པའི་ཡིག་འབྲུ་ལྗིད་ཏིག་གེ་བ་ན་ཚ་སྟེར་ཤེས་པ་འདི་ཡོད་པས་དང་། ཡང་ན་སྙན་ངག་པ་གཉིས་ཀའི་གདུང་སེམས་དང་། འགན་འཁྲི། བརྩེ་བ། སྐྱིད་སྡུག་བཅས་ཀྱི་ཤིན་ཏུ་བདེན་པ་གཙང་པའི་ཤེད་ཤུགས་ལ་རག་ལས་པ་ཞིག་རེད་སྙམ། མདོར་ན། མེ་སྟག་གི་སྙན་ངག་འདིར”གབ་དོན”དང་”མངོན་དོན”གཉིས་ཀ་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་ཁ་ཁ་སོ་སོར་བཀར་ནས་གྱེས་ཏེ་ཡོད་པ་ཞིག་མ་ཡིན་པར། གཅིག་ལས་གཅིག་གབ་ཅིང་གཅིག་ལས་གཅིག་མངོན་པ་ཞིག་སྟེ། ཚིག་བར་རེ་རེ་དང་ཚན་པ་རེ་རེ་ན། མར་ལ་འོ་རུ་དང་འོ་མར་མར་རུ་ཐུལ་ནས་ཡོད་པ་ནི། སྙན་ངག་འདིིའི་སྒྱུ་རྩལ་མཛེས་པ་དང་བསམ་བློའི་བདེན་པ་གཉིས་ཀ་ངོ་བོ་གཅིག་ལ་སིམ་པའིི་མཛེས་པ་དཔེ་མེད་ཅིག་རེད་འདོད་བཞག

     སྙན་ངག་འདིའི་བླ་གནས་བྱེད་ཀྱི་ཐ་སྙད་གཞན་ཅིག་ནི། ཐེངས་གཉིས་ལ་བསྐྱར་བའི”ཁེར་རྐྱང”རེད། བརྡ་དོན་འདི་སྙན་ངག་ཐུང་ངུ་འདིའི་མགོ་མཇུག་གི་ཚན་པ་གཉིས་ཀའི་ཚིག་རྐང་གཞུག་མར་ཐོན་པ་ནི། ལྷག་ཏུའང་སྙན་ངག་སྤྱིའི་མཛེས་པའི་རྒྱན་དང་། དགོངས་དོན་སྤྱི་སྡུད་པའི་གནད་དུ་གྱུར་ཡོད་སྙམ། “ཁེར་རྐྱང” དང་པོ་ནི་ཡུལ་གྱི་ཁེར་རྐྱང་མཚོན་པའི་བརྡ་དོན་འགག་རྩ་ཅན་ཞིག་སྟེ། ཡོངས་ཁྱབ་དུ་ཉེན་ཁ་དང་། སྡུག་བསྔལ་དང་། སྨྲེང་སྐྱོ་དང་། རྗེས་ལུས་ཀྱི་གོ་བ་སྦས་པའི”ཁེར་རྐྱང”དེ། སྙན་ངག་འདིའི་ནང་དུའམ། ཡང་ན་སྙན་ངག་ནང་གི་རྨ་སྟོད་ཀྱི་གྲོང་རྡལ་ན”ཉེན་ཁ་གང་ཡང་མེད་པའི་ཁེར་རྐྱང་ཞིག་རེད”འདུག་ལ། སྙན་ངག་པའི་འགྲུལ་བཞུད་ཀྱི་མཐོང་སྣེ་འདི་དང་། འདིས་བསྐྱེད་པའི་ཚོར་སྣང་གི་འཕྲོ་འདུ་ཡིས་སྙན་ངག་འདིའི་དབང་བོའི་བུ་ག་རེ་རེར་གསོན་སྲོག་བསྩལ་ཡོད། “ཁེར་རྐྱང”འདི་ནི་གོ་བ་ཟབ་སར་ཡོད་པ་ཞིག་རེད་ལ། “འབར་ཞུན་རྐང་གཅིག་མེ་ལ་སྒྲོན”ཅེས་པའི་ཚིག་འདིས། སྙན་ངག་པའི་བསམ་གཞིག་དང་། གཟབ་ནན། ཕུགས་བསམ། ཁེར་རྐྱང་། བརྩེ་གདུང་སོགས་ཀྱང་གབ་པའི་ཚུལ་གྱིས་མངོན་པར་བསྟན་ཡོད། “ཁེར་རྐྱང”གཉིས་པ་སྟེ། ཚན་པ་གཞུག་མའི་ཚིག་རྐང་གཞུག་མར་བཟླས་པའི”ཁེར་རྐྱང”ནི། སྙན་ངག་པ་རྨ་སྟོད་ཀྱི་གྲོང་རྡལ་དུ་ཐོན་ཚར་ཞིང་། ལམ་གྱི་མཐོང་རིས་དག་ཀྱང་རིམ་པར་མཇལ་རྗེས་ཀྱི་ཉིན་གཅིག་གི་ངལ་གསོའི་ཚབ་བྱེད་ཉན་པའི”ཁེར་རྐྱང”ཞིག་རེད། འདི་ནི་ཡུལ་གྱི”ཁེར་རྐྱང”སྟོན་བྱེད་མ་ཡིན་པར། སྙན་ངག་པའི་ནང་སེམས་ཀྱི”ཁེར་རྐྱང”སྟོན་བྱེད་ཅིག་རེད། ཡིན་ནའང་། “ཁེར་རྐྱང”འདིའི་མངོན་དང་གབ་པའི་བརྡ་འཕྲིན་དུ་ཡུལ་གྱི་ཁེར་རྐྱང་དང་། དུས་ཀྱི་ཁེར་རྐྱང་། ནང་སེམས་ཀྱི་ཁེར་རྐྱང་བཅས་དུས་གཅིག་ཏུ་རོ་གཅིག་ལ་བསྡེབས་ནས་བསྟན་ཡོད། སྐབས་འདིར”ཁེར་རྐྱང”ལ་ཤུགས་སྣོན་བྱེད་དམ། “ཁེར་རྐྱང”གི་དགོངས་པ་མཐོ་རུ་གཏོད་བྱེད་ཐ་སྙད་གཞན་ཞིག་ཡོད་པ་ནི”ཕ་ཡུལ”རེད། སྙན་ངག་པས་དྲན་གྱིན་པའི་ཕ་ཡུལ་ནི་བཙན་པོའི་རྒྱལ་རབས་དང་ཡར་ཀླུང་ཁོག་པ་ཅི་རིགས་ཡིན་ཆོག་ལ། སྙན་ངག་པ་རང་གི་ལྟེ་ཁྲག་འཕོ་སའི་ལུང་པ་ག་གེ་མོ་ཞིག་ཡིན་ཀྱང་ཆོག ཡང་ན་ཕ་ཡུལ་ལྟར་བརྩེ་དུང་གི་གནས་མལ་ཉན་པའི་སྙིང་ཐག་ཉེ་བའི་མི་སུ་ཞིག་ཡིན་ཡང་ལོས་ཆོག་སྟེ། ཚོར་བ་དང་འཆར་སྣང་མཐའ་ཡས་པའི་སྙན་ངག་པ་ཞིག་ལ་མཚོན་ན། རང་ཉིད་ཀྱི་སེམས་ཚོར་བླུགས་སའི་ཐ་སྙད་ནི་འདབ་མ་ཕྱོགས་སུ་རྒྱས་ཤིང་སྙེ་མ་སྡུག་གུར་བཀྲ་བ་ཞིག་ཡིན་པ་ལས། མདོག་དང་བཟོ་ལྟ་སྣ་གཅིག་ཁོ་ན་ལས་མེད་པ་ཞིག་གཞར་ཡང་མ་ཡིན། སྙན་ངག་པས”ཕ་ཡུལ་ཡང་དྲན་པའི་དུས་ཤིག་རེད”ཅེས་པ་འདི་ལས་སྙན་ངག་པས་དྲན་གྱིན་པ་དེ། སྙན་ངག་པ་ལམ་ཞག་བཅའ་སའི་རྨ་སྟོད་ཀྱི་གྲོང་རྡལ་དེ་མིན་པ་ཤིན་ཏུ་གསལ་ལ། ལྡོག་སྟེ། རྨ་སྟོད་ཀྱི་གྲོང་རྡལ་འདི་ནས་སྙན་ངག་པའི་ཚོར་རྟོག་བརྒྱུད་འཕྲོས་ཀྱིས་ཡུལ་གེ་གེ་མོ་ཕ་ཡུལ་གྱི་ཚབ་བྱེད་བཏུབ་པ་ཞིག་དྲན་གྱིན་ཡོད་པ་རྟོགས་སླ།

       དེ་ལྟར། ང་ཚོས”ཕ་ཡུལ” འདི་རིགས་ཀྱི་ཆ་ནས་དང་སྒེར་གྱི་ཆ་ནས་གོ་བ་མི་འདྲ་བ་གཉིས་སུ་བླངས་ཏེ། “ཕ་ཡུལ” ཆེ་ཆུང་གཉིས་ལ་གོ་བ་བླངས་བཞག་ན། གོང་གི”ཁེར་རྐྱང”དེའང་ཡུལ་གྱི་ཁེར་རྐྱང(རྨ་སྟོད་ཀྱི་གྲོང་རྡལ)དང་། དུས(ལོ་རྒྱུས)ཀྱི་ཁེར་རྐྱང་། ནང་སེམས་ཀྱི་ཁེར་རྐྱང་བཅས་ལ་གོ་བ་ལེན་རྒྱུར་སྟབས་བདེ་སོང་ལ། གོ་བ་ལེན་པའི་དགོས་པའང་རྙེད་འོང་། དེ་བཞིན་དུ”ཕ་ཡུལ་ཡང་དྲན”ཅེས་པའི་སྐབས་ཀྱི”དྲན”ལའང་ཡུལ་དུས་གཉིས་ཆ་ནས་གོ་བ་བླངས་ཆོག ལྷག་པར་དུས་ཀྱི་ཆ་ནས”འདས་མ་ད”གསུམ་ལ་གོ་བ་བླངས་ན། ནམ་ཀུན་འུ་ཚོས”རྫོགས་པའི་ཕ་ཡུལ”གྱི་ལོ་རྒྱུས་ཡིག་ཚང་མཇལ་དུས། “རྒུད་པའི་ཕ་ཡུལ”དྲན་པ་དང་། “རྒུད་པའི་ཕ་ཡུལ”གྱི་དངོས་ཡོད་གནས་བབ་མཐོང་དུས། “རྫོགས་པའི་ཕ་ཡུལ”གྱི་འདས་སོང་མཚར་སྡུག་དྲན་འོང་པ་ནང་བཞིན། རྨ་སྟོད་ཀྱི་གྲོང་རྡལ་ན་ལམ་ཞག་བྱས་ནས་ཡོད་པའི་སྙན་ངག་པའང་། ཡུལ་དུས་གནས་བབ་དེ་འདྲ་བ་ཞིག་གི་བར་རམ་མཚམས་སུ་འགྲེང་ནས་གནས་ལུགས་དེ་འདྲ་ཞིག་ལ་བསམ་གཞིག་གནང་གིན་ཡོད་པའི་རྟོག་བཟོ་མི་བྱེད་རང་བྱེད་རེད།

       སྙན་ངག་པ་ཕྱིའི་རིག་གནས་ཀྱིས་ཟོས་ཤིང་བསྒྱུར་ཏེ་འགྱུར་གྱིན་པའི” ཕ་ཡུལ”གྱི་ཟང་ཟིང་ལས་བུད་དེ། འགྲུལ་བཞུད་ཐེངས་གཅིག་གི་ལམ་ཁ་ནས”གདོད་མའི”དྲི་མ་མ་བོར་བའི་རྨ་སྟོད་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་འབྱོར་ཞིང་། ཡིད་ཀྱི”ངལ་གསོ”ལྟ་བུའི་རྙེད་པ་དེས། སྙན་ངག་པར”ཉེན་ཁ་གང་ཡང་མེད་པའི་ཁེར་རྐྱང”གི་སྣང་བ་སྐྱེས་པའམ། ཡང་ན། སྙན་ངག་པས་རྨ་སྟོད་ཀྱི་གྲོང་རྡལ་དེ་ནི”ཉེན་ཁ་གང་ཡང་མེད་པའི་ཁེར་རྐྱང”ཞིག་ཏུ་མཐོང་ཡོད། ཡང་ཕྱོགས་གཞན་ཞིག་ནས་བསམ་ན། ལྐོག་ཉན་དང་ལྐོག་ཞུ་ཁ་དར་ཞིང་། མངོན་ལྐོག་གཉིས་ཀར”སོ་བ”དང”སྲུང་མ”མང་པོ་འདུར་བའི་འུ་ཚོའི་ཁོར་ཡུག་ཏུ་སྐྱེས་བུའི་སྲོག་ལ་འཚེ་བ་དང་། རང་དབང་འཕྲོག་པ། སྨྲ་བརྗོད་འགོག་པ་སོགས་ཀྱི་ལས་ནི་རྒྱུན་ལྡན་དང་རྒྱུན་ལྡན་དུ་སྣང་ན། སྙན་ངག་པའང་རང་ཉིད་སྡོད་སའི་གནས་དེ་གར་ལས་དེ་དག་དང་འཕྲད་ཀྱིན་མེད་དམ་ཀྱི་སེམས་ཁྲལ་ཀྱང་བྱེད་དགོས་བྱུང་ལ། སྙན་ངག་པ་”ཉེན་ཁ”རྫོང་མཐུག་པའི་རང་གི་ཁོར་ཡུག་ནས་བུད་དེ་རྨ་སྟོད་ཀྱི་གྲོང་རྡལ་དུ་སླེབས་དུས། དེ་ནི”ཉེན་ཁ་གང་ཡང་མེད་པ”ཞིག་ཏུ་གོ་བ་རྙེད་པའི་ཚོད་དཔག་ཀྱང་བྱེད་ཆོག་གི་རེད་ཨང་།

      ཡང་སྙན་ངག་པ་གྲོང་རྡལ་གྱི་རྒྱ་སྲང་བརྒལ་ཏེ་འབྲོག་པའི་དུད་ཁྱིམ་དུ་འབྱོར་ནས་ངལ་གསོ་ཁ་མར”ཁེར་རྐྱང་ཡང་རེད་ལ་ཕ་ཡུལ་ཡང་དྲན་པའི་དུས་ཤིག”ཏུ་སླེབས་པ་འདིས། སྙན་ངག་པའི་བསམ་བློའི་ཟབ་ཚད་དང་། བདེན་པའི་བློ་སྟོབས། བརྩེ་གདུང་གི་རྣོ་ངར་སོགས་མཐོ་ས་ཟབ་སར་ཡོད་པ་རྟོགས་ལ། སྒྱུ་རྩལ་པ་དང་སྙན་ངག་པའི་བས་མཐའི་བསམ་གཞིག་གི་ཁེར་རྐྱང་ཀྱང་རྟོགས་སླ་སྟེ། སྙན་ངག་པ་དུས་ཀྱི་སྔུན་སོར་བུད་པའི་མ་འོངས་སྔོན་མཐོང་གི་ཁེར་རྐྱང་དང་། དུས་ཀྱི་ད་ལྟར་འགྲེང་པའི་དངོས་ཡོད་མྱོང་རྟོག་གི་ཁེར་རྐྱང་། དུས་ཀྱི་འདས་པར་བྱིང་ཏེ་ལོ་རྒྱུས་ཕྱིར་རྟོག་གི་ཁེར་རྐྱང་སོགས་མི་བུ་ཕལ་བས་འཁུར་དུ་མེད་པའི་དཀའ་ཐུབ་ཀྱི་ཐེག་པ་ཆེན་པོ་བཞེས་པའི་བསམ་བློ་བའི”ནང་སྡུག”མཚོན་ཡོད། དེ་བཞིན་དུ་སྙན་ངག་ཐུང་ངུ་འདིའི་ཚིག་གི་གསེང་རུ་གསེང་དང་། དོན་གྱི་གཏིང་རུ་གཏིང་། བརྩེ་གདུང་གི་མཐོངས་རུ་མཐོངས་སུ”གབ་དོན”དང”མངོན་དོན”གཉིས་ཀ་སྐུད་པ་སྐྱ་བ་བཞིན་སོ་སོར་བཀར་ཏུ་མེད་པར་ཚགས་དམ་པོར་བསྒྲེས་ཡོད། ཡིན་ནའང་། “གབ་དོན”དེ་རིགས་ནི་སྙན་ངག་ཧྲིལ་པོའི་ཁམས་སམ། ཚན་པ་རེ་རེ། ཚིག་རྐང་རེ་རེ། ཡིད་བརྙན་གྱི་ཀློང་ཆ་ཚང་དང་། བརྩེ་དུངས་ཀྱི་རྒྱུན་ཧྲིལ་པོ་ལས་མྱོང་རྟོག་བྱེད་རྒྱུ་ལས། སྙན་ངག་རེ་གཉིས་ཤིག་ལྟར། གོ་དཀའ་བའི་ཐ་སྙད་རེ་གཉིས་ཀྱི་ལྟག་རྒྱབ་ན་དོན་གཞན་ཞིག་གོ་རྒྱུ་ཡོད་པའམ། གོ་དགོས་པའི་ཐབས་ཀྱག་ཀྱོག་དེ་འདྲ་བརྒྱུད་པ་མ་ཡིན་ནོ།།

     སྙན་ངག་འདིའི་མཛེས་པའི་ཆ་གཞན་ཞིག་ནི། ཚིག་དོན་གཉིས་ཀའི”ཞིབ”དང”བསྡུས”ཀྱིས་ཚད་རན་པ་དེ་རེད། སྙན་ངག་ཅིག་ལ་ཞིབ་བསྡུས་ཚད་རན་པོ་མ་ཡོང་ཚེ། སྙན་ངག་ཉིད”ཉོག”འགྲོ་ཡི་རེད། སྙན་ངག”ཉོག”སོང་ཚེ་སྙན་ངག་ཏུ་མ་གྲུབ་ཅེས་ཀྱང་མི་འགལ་སྙམ། སྙན་ངག་གི་ཞིབ་བསྡུས་ལ། དོན་གྱི་གནས་ལུགས་ལ”ཞིབ་ཆ”དང་། རྗོད་བྱེད་སྐད་ཆ་ལ”བསྡུས་ཆ”ཐོན་དགོས་འདོད། མེ་སྟག་གི་སྙན་ངག་འདི་ལ་མཚོན་ན། ཞིབ་བསྡུས་རན་པ་མཛེས་པའི་རྒྱན་དུ་གྱུར་ཡོད། འགྲུལ་བཞུད་ཀྱི་ཡུལ(རྨ་སྟོད་གྲོང་རྡལ)གྱི་མཐོང་རིས་ལ”ཞིབ་ཆ”ཐོན་ཡོད་པ་དང་། ཡུལ་གྱི་ཞིབ་ཆ་དང་དུས་ཀྱི་ཞིབ་ཆ་གཉིས་ཀ་དབྱེར་མེད་གཅིག་ཏུ་འདྲེས་ཡོད། སྙན་ངག་པ་རྨ་སྟོད་ཀྱི་གྲོང་རྡལ་དུ་སླེབས་པ་དང་། དར་བྱང་ལྗང་ཁུ་མཐོང་བ། ནོར་གནག་རེ་འགའ་དམིགས་མེད་ཀྱིས་བགྲོད་པ། རྟ་ཕོ་རྐྱང་སྨུག་འགའ་དཔུང་ངར་བཤིབ་ནས་གྲོང་རྡལ་ཕ་རོལ་དུ་འགྲོ་བ། དེ་ནས་འབྲོག་པའི་དུད་ཁྱིམ་དུ་ཕྱིན་པ་སོགས་ཡུལ་དུས་ཀྱི་གོ་རིམ་ནི”རང་བྱུང་ལུགས་འབྱུང”གི་ཡུལ་དུས་གོ་རིམ་ལྟར་བྲིས་ཡོད་ལ། “རང་བྱུང་ལུགས་འབྱུང”གི་ཡུལ་དུས་གོ་རིམ་དེ་ལས། སྙན་ངག་པའི་བསམ་གཞིག་གི་གོ་རིམ་དེ”རང་བྱུང་ལུགས་ལྡོག”གི་གོ་རིམ་དུ་འཕོས་ཤིང་འཕྲོས་ཡོད་པ་གོང་དུ་བཤད་ཟིན་པ་དེ་བཞིན་རེད། ཡིན་ནའང་། སྙན་ངག་པའི་ནང་འགྱུར་གྱི་རི་མོའམ་ལྡིང་ལྡེམ་མཚོན་པའི་ཚིག་དང་ཐ་སྙད་དག་སྙན་ངག་ཏུ་སྡུད་ཅི་ཐུབ་དང་གབ་གང་ཐུབ་ཀྱིས་བཙལ་ན་རྙེད་རྒྱུ་མེད་པ་མྱོང་ན་མྱངས་རྒྱུ་ཡོད་པ་ཞིག་ཏུ་བཞེངས་ཡོད་ལ། འདི་ནི་སྙན་ངག་ཧྲིལ་པོ་མཛེས་པའི་རྒྱན་དུ་གྱུར་ཡོད་སྙམ།

      མདོར་ན། སྙན་ངག་པ་རྨ་སྟོད་ཀྱི་གྲོང་རྡལ་དེ་ནས་འབྲོག་པའི་དུད་ཚང་ཞིག་ཏུ་ཞག་སྡོད་བྱས་ཤིང་། མལ་ཁྲིའི་སྒང་ལ་འབུད་དུས”ཁེར་རྐྱང་ཡང་རེད་ལ་ཕ་ཡུལ་ཡང་དྲན་པའི་དུས་ཤིག”ཡིན་པ་ལྟར། ཁོ་བོ་བཙོན་གྱི་མལ་ཁྲིའི་སྒང་དུ་བསྡད་དེ་མེ་སྟག་གི་སྙན་ངག་འདི་ཀློག་དུས། དངོས་གནས། ཁེར་རྐྱང་ཡང་རེད་ལ་ཕ་ཡུལ་ཡང་དྲན་པའི་དུས་ཤིག་རེད་སོང་།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།