ཞིབ་འབྲི་དང་སྣང་བརྙན།

15083

 

རྩོམ་པ་པོ།  གཅན་ཆེད་འབར།

 

            རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་དུ་ཞིབ་འབྲི་ནི་གལ་ཆེ་ཞིང་།   ནང་སྒོས་དངོས་རྣམ་དང་ལྗོངས་རྣམ་ལ་མཚོན་ན་སྨོས་ཅི་དགོས།  དེ་བཞིན་འདི་དག་གི་རྣམ་པ་རྩིང་པོའི་ཆའམ་ཕྱི་ཚུལ་གྱི་ཞིབ་འབྲི་འདི་ཕལ་ཆེ་བའི་ཀུན་རྟོག་གི་པིར་གྱིས་མངོན་མཚོན་བྱེད་ཐུབ་ནའང་།  འགུལ་ལྡན་དང་འགུལ་མེད་ཀྱི་ཕྲ་ཞིང་ཕྲ་བ་རྣམས་ནི་ཞིབ་འབྲི་བྱེད་ཁག་པའི་གནས་སུ་གྱུར་ཡོད་མོད།  འོན་ཀྱང་རྩོམ་རིག་ཁྲོད་ཀྱི་རྒྱན་ནི་བརྗོད་འདོད་ཀྱི་དོན་དག་ཞིབ་འབྲི་བྱེད་པའི་ཉེར་བསྡོགས་ཏེ།   འདི་ལ་བརྟེན་ནས་དངོས་རྣམ་དང་ལྗོངས་རྣམས་ཀྱི་འགུལ་ལྡན་འགུལ་མེད་ཀྱི་ངོ་བོ་ཕྲ་ཞིང་ཕྲ་བ་དག་བྲིས་པ་རེད་ལ།  དེ་དག་འབྲི་བའི་ལག་ཆ་འགངས་ཆེན་ཡང་ཡིན་ཏེ་དཔེ་ཡིས་དོན་གྱི་ཆ་གསལ་བར་བྱེད་པ་ཡིན་ནོ།  དཔེར་ན་རྒྱ་གར་གྱི(གཞོན་ནུ་དྲུག་གི་རྟོགས་བརྗོད)དང(རཱ་མ་ནའི་གཏམ་རྒྱུད)(སྤྲིན་གྱི་ཕོ་ཉ)དེ་བཞིན(རཱ་མ་ནའི་རྟོགས་བརྗོད་ཞང་ཞུང་ཆོས་དབང་གྲགས་པའི་དགོངས་རྒྱན)(རྫ་ཙིག་གཏམ་རྒྱུད)ལྟ་བུ་སོགས་རེད་ལ།  དེ་དག་ལས་འགུལ་ལྡན་འགུལ་མེད་ཀྱི་རྩིང་པའི་རྣམ་པ་ཞིབ་འབྲི་བྱས་པའི་ཁར་སྐད་ཅིག་གི་འགུལ་སྐྱོད་དེ་ཡང་ཚུལ་ཇི་བཞིན་དུ་སློང་སྐྲུན་བྱས་ཡོད་པ་རེད།  དེ་ལྟར་ཡིན་པའི་དབང་གིས་སྙན་ངག་མཁན(སྒྲ་ཡངས་འཇུག)ཞེས་བླ་མེད་ཀྱི་ཆོ་ལོ་ཉེ་བར་བསྟབས་ཡོད་པ་རེད།

             དེ་ལྟར། ངོ་བོ་ཚུལ་བཞིན་དུ་མཚོན་པའི་སྐབས་སུ་རགས་པ་ཙམ་གྱི་ཞིབ་འབྲི་ནི་སླ་ཡང་ཕྲ་ཞིང་ཕྲ་བ་དག་ནི་བྱེད་ཁག་ལ། དེ་བས་ཀྱང་འགུལ་སྐྱོད་ཀྱི་སྐད་གཅིག་དེ་ཉིད་ཀྱི་རྣམ་པ་མཆིས་སོ་ཅོག་མ་འཛོལ་བར་གནད་དུ་ཐིངས་པོར་ཞིབ་འབྲི་བྱེད་ཁག་མོད།   འོན་ཏེ་དེ་དག་ལ་ཐོགས་རྡུགས་མེད་པས་སྙན་ངག་མཁན་ཞེས་མིང་གིས་མཚན་པ་ཡིན་ཞིང་།  ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་ཀྱང་དེ་ཉིད་ཇི་བཞིན་དུ་རྩོམ་གྱི་ལམ་ནས་མཚོན་པར་བྱས་ཡོད་པས་རྩོམ་པ་པོའམ་སྙན་ངག་གི་ཆོ་ལོ་རང་བཞིན་དུ་འབྱོར་སོང་བ་རེད།

            དཔེར་ན(ཕྱི་གསལ་ནང་གསལ་གྱི་ལ་ཕུག་དམར་པོ)དང(ནོ་ཝེར་གྱི་ནགས་ཚལ)(ཁ་བའི་རྒྱལ་ཁམས)(བགྲེས་པོ་དང་རྒྱ་མཚོ)སོགས་སུ་མི་སྣ་དང་དེ་དག་གི་བྱ་བྱེད།  ཐ་ན་སྐབས་བབ་ཀྱི་ཕྱི་ཚུལ་གྱི་འགུལ་སྐྱོད་དང་ནང་སེམས་ཀྱི་འགུལ་སྐྱོད་དེ་ཉིད་ཀློག་པ་པོའི་མིག་ལམ་དུ་གསོན་ཉམས་ཀྱི་བསྟར་ཡོད་པས། དེའི་མིང་ལ་ད་གཟོད་སྣང་བརྙན་ཟེར་བ་རེད།  དེ་ནི་ཀློག་པ་པོས་འགུལ་མེད་ཀྱི་ཡི་གེ་ཀློག་བཞིན་པའི་དུས་སུ་སྣང་ངོར་ཡི་གེ་དེས་ཇི་ལྟར་བསྟན་པ་བཞིན་དུ་མི་སྣ་དག་གི་འགུལ་སྐྱོད་ཀུན་གསལ་རྗེན་དུ་མཐོང་ལ།  ཐ་ན་མིག་མདུན་དུ་འཁྲབ་ཀྱིན་པ་ལྟར་རམ་ཡི་གེ་དག་བརྗོད་དོན་གྱི་ཚབ་མཚོན་དུ་གྱུར་ནས་འགུལ་སྐྱོན་བྱེད་ཀྱིན་པའམ།  ཡང་ན།  བརྩམས་ཆོས་དེ་ནི་འདས་པའི་སྔ་མོར་བྲིས་ཀྱང་ཀློག་བཞིན་པའི་དུས་སུ་བརྩམས་ཆོས་ཀྱི་ནང་དོན་དག་ད་སོ་མ་འགོ་རྩོམ་གྱིན་པའི་དུས་ད་ལྟ་བ་ཞིག་ཏུ་གྱུར་བ་དེ་ལ་ད་གཟོད་སྣང་བརྙན་ཟེར། 

          དེ་ནི་རྒྱའི་དྲག་རྩལ་བརྩམས་སྒྲུང་དུ་གསལ་གསལ་ཐིང་ཐིང་དུ་བཀོད་ཡོད་ལ་གློག་བརྙན་འཕྲིན་དུའང་དེ་བཞིན་ནོ།།  དེ་མ་གཏོགས་སྤྱིར་བཏང་བ་ནི་ངེས་དོན་གྱི་སྣང་བརྙན་དུ་མི་འགྲོ།  དེ་བས། སྙན་ངག་བྱ་ཟེར་བ་དང་སྙན་ངག་ཆུང་ངུ་ལའང་ངལ་བ་བསྟེན་པ་དག་ནི་མཁས་པའི་མདུན་ས་དབང་ཞེས་པ་དེའང་།  མཚར་མཚར་གྱི་སྐད་ཆ་འབྲི་ཤེས་པ་དང་། ཐ་སྙད་དག་གུང་བསྒྲིགས་ཤེས་པ་དེ་མ་ཡིན་པར་གནས་ཕྲ་ཞིང་ཕྲ་བ་དག་འབྲི་བའི་སྤོབས་པ་མངའ་བརྙེས་པ་དང་དབང་འབྱོར་བ་དག་ད་གཟོད་མཁས་པའི་མདུན་ས་དབང་བ་རེད་ལ།  དེ་ལྟ་བུའི་སྨྲ་མི་བཏུབ་པ་དང་བརྗོད་ཡུལ་ལས་འདས་པ་དག་ཚིག་གི་སྦྱོར་བ་དང་རྒྱན་སོགས་ཀྱིས་མངོན་པར་མཚོན་པའི་ངག་གི་དཔལ་དེ་ནི་ད་གཟོད་རིན་པོ་ཆེའི་ཡ་གྱལ་དུ་བགྲངས་པ་ལས།  སྣང་བརྙན་སད་སུད་ཙམ་དང་ཉི་ཚེ་ཙམ་མཚོན་པའི་བརྩམས་ཆོས་ནི་དེ་ལས་ལྡོག་པ་ཡིན་ནོ།།       

        དཔེར་ན། སྡུག་བསྔལ་ཞེས་པ་འབྲི་ཤེས་ནའང་། སྡུག་བསྔལ་གྱི་རྣམ་པ་དང་ཚད་ལ་སོགས་པ་ཇི་བཞིན་འབྲི་དཀའ་བ་རེད། ལག་པ་ཞེ་ན་འབྲི་ཤེས་ཀྱང་ལག་པ་ཡར་འགྱོག་པའི་རྣམ་པ་གསལ་དག་གིས་འབྲི་དཀའ་བ་རེད།   འོན་ཀྱང་དེ་ལྟར་ནང་སེམས་དང་ཕྱི་ཚུལ་སོགས་ཀྱི་ཕྲ་ཞིང་ཕྲ་བ་དག་བྲིས་ཡོད་པ་དེ་ལ་འཛམ་གླིང་གི་རྩོམ་རིག་གི་ཁྲོད་གདན་ཐོབ་ཁྱད་པར་ཐོབ་འདུག་ལ་ནོ་པེར་རྩོམ་རིག་བྱ་དགའ་ཡང་ཐོབ་འདུག་པ་ལྟ་བུ་རེད།

        དེ་བས་སྤྱིར་རང་རིགས་ཀྱི་གནའ་རྩོམ་གྲགས་ཆེན་དང་ཕྱི་གླིང་གི་བརྩམས་ཆོས་དག་ཀློག་པའི་སྐབས་སུ་ཅིག་ལྟོས་དང་།  ཕྲ་ཞིང་ཕྲ་བ་དག་གི་རྣམ་པ་དང་འགུལ་སྐྱོད་དེ་ཇི་ལྟར་མཚོན་འདུག་པ་ལྟོས་ཏེ་སློབ་སྦྱོང་བྱེད་དགོས་པར་འདུག་མོད།   དེ་ཙམ་གྱིས་ཀྱང་མི་ཡོང་བར་འདུག་སྟེ། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་དག་བསྟུན་ནས་ནང་སེམས་ཀྱི་བསམ་བློ་ལའང་འགྱུར་བ་སྣ་མང་ཐེབས་ལ།  དེ་ལ་བརྟེན་ནས་ལུས་ངག་གི་སྦྱོར་བ་དེ་དག་སྔ་མའི་ཚུལ་ལས་འགོངས་ཡོད་པས།  དེ་མཚོན་པ་ལ་སྔ་མའི་རྒྱན་དེ་དག་གིས་མི་ཡོང་ཕྱིར་སྐད་ཆ་གསར་གཏོད་བྱེད་དགོས་ཞེས་པའི་གནད་ཀྱང་དེ་ལ་ཐུག་ཡོད་ཅིང་།  དེ་བས་འབྱུང་འགྱུར་རིང་ལུགས་ཀྱི་རྩོམ་རིག་གི་གྲུབ་མཐའི་དེད་དཔོན་མ་རེ་ནེ་ཐེ་ཡིས། (འཕྲུལ་འཁོར་དང་འཚོ་བའི་ཡོ་ཆས་སོགས་གསར་གཏོད་བྱེད་ཀྱིན་པ་ནང་བཞིན་རྩོམ་རིག་གི་སྐད་ཆ་གསར་སྐྲུན་བྱོས།  )ཞེས་འབོད་སྐུལ་བཏང་བ་ཡིན་འདུག་ལ།   དེ་བཞིན་པེ་ཧྥུ་ཡིས་ཀྱིས་ཀྱང(རླབས་ཆེན་གྱི་རྩོམ་པ་པོའི་རླབས་ཆེན་བསམ་བློ་ནི་ཕྲ་ཞིང་ཞིབ་པ་དག་ལས་མངོན་པ་ལས་རྩིང་པ་ལས་མངོན་པ་མ་ཡིན་ནོ)ཞེས་པ་འདི་ལས་རྩོམ་པ་པོ་དང་བརྩམས་ཆོས་གཉིས་ཀའི་ཚད་གཞི་བསྟན་ཡོད་ཅིང་།  ཚད་གཞི་དེའང་ཕྲ་ཞིང་ཕྲ་བ་དེ་ལ་རག་ལས་ཡོད་དོ།།  འོན་ཀྱང་རང་མོས་སྙན་ངག་ལ་ཕྲ་བའི་ཞིབ་འབྲི་དགོས་མིན་གྱི་སྐོར་ལ་རྗེས་ནས་ཞུའོ།།

     ཞར་བྱུང་། 

          སྙན་ངག་ཁྲོད་ནས་དུས་རྒྱུན་སྨྲ་བསམ་བརྗོད་འདས་ཞེས་ཕྲན་དཔྱད་ཀྱི་དུས་སུ་བཀོལ་གྱིན་པ་དེ་དང་སྣང་བརྙན་དང་གཟུགས་བརྙན་གྱི་ཁྱད་པར་ནོར་ནས་བཀོལ་གྱིན་པ་དེ་དེང་སང་ཡང་མ་དག་པ་འགའ་རེ་བྱུང་འདུག་ལ།  དེ་བཞིན་རྩོམ་རིག་གི་བརྡ་ཆད་སྐོར་ཞིག་གི་འགྲེལ་བ་དེ་ཡང་ཅུང་ཟད་མ་དག་པའི་སྣང་བ་བཅོས་མིན་དུ་བྲན་འོངས།  དེ་བས་ལོང་བས་ལོང་ཁྲིད་ནི་མི་འོས་པས་རྗེས་ཕྱོགས་ལོང་བྱུང་དུས་འདིའི་སྐོར་ནས་དྲ་གྲོགས་དང་གྲོགས་པོ་རྣམས་ལ་བགྲོ་གླེང་གི་ཚུལ་དུ་དབུལ་འདོད་ཅེས་ཀྱང་ཞུའོ།།

           ཤབ་མར་བྲིས་པས་ནོངས་པའི་ཚོགས་ཅི་མཆིས་བཟོད་དུ་གསོལ་ཏེ་ཟིན་བྲིས་ཐུང་ངུ་ཞིག་ཡིན་པའི་ཕྱིར།   རྗེས་མར་ལྷོད་ལ་བབས་ཏེ་འདིའི་སྐོར་གྱི་ཟིན་བྲིས་དག་ལ་ཞིབ་ཆ་དང་སྒྲིག་གཞི་སོགས་བཏོད་དེ་ཚགས་དམ་དུ་བཏང་ནས་དཔྱད་བརྗོད་འོས་མོ་ཞིག་ཡོང་བར་འཆར་གཞི་ཡོད་པ་དེ་ཙམ་ཡིན་ཞེས་རེ་ཞིག་མཇུག་བསྡུས་སོ།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།