མེ་ཏོག་རྐང་གཅིག་གི་འདས་དོན།

507

རྩོམ་པ་པོ།   སྙུག་བཅུད་ལེན།

 

     མིན།  མིན་་་་་།  ཁྱེད་ཀྱིས་ང་ལ་མེ་ཏོག་གི་གཏམ་རྒྱུད་མི་གླེང་རོགས།   ཁྱེད་ཀྱིས་ང་ལ་མེ་ཏོག་གི་གྲིབ་གཟུགས་མི་གཡོལ་རོགས།  མིན།  མིན་་་་་།   

 

         སྔས་མགོའི་ཆུ་ཚོད་འཁོར་ལོའི་བྱ་ཕོ་ཡི་དུས་བརྡ་དེ་སང་སིང་རྣ་བར་གཟན་འོང་དུས།  ཁོ་རང་གློ་བུར་དུ་གཉིད་ལས་སད་པར་གྱུར་ཅིང་།  མྱུར་དུ་མགོ་བོ་བཀྱགས་ཏེ་ལག་པ་གཉིས་ཀྱིས་མིག་ཟུང་ཕུར་ཕུར་ཞིག་བྱེད་ཞོར་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན།  སྒེའུ་ཁུང་གི་མཐོ་ས་ཞིག་ནས་འོད་མདངས་རབ་ཏུ་གསལ་བའི་ཉི་ཐིག་རྣོན་པོ་ཞིག་ཁོའི་མདུན་ཅོག་སྟེང་གི་རྒྱབ་ཤ་དཀར་པོ་ཅན་གྱི་དཔེ་དེབ་སྟེང་དུ་རྣོ་དབལ་གྱིས་བབ་འདུག་ཅིང་།  དཔེ་དེབ་སྟེང་གི་ཉི་འོད་ཀྱི་སྣེ་མོ་དག་མདང་དགོང་ཁོས་རྩིས་འཕྲུལ་ཁ་རྒྱག་རྒྱུ་ལྷག་སྟེ་ཁ་འབྱེད་ནས་ཡོད་པའི་འཆར་ངོས་ཀྱི་ཤེལ་ཡོལ་ངོས་སུ་ཁྲ་ལམ་ལམ་གྱིས་འཕྲོས་འདུག   དེ་དུས་གཞི་ནས་ཁོ་རང་ལྷོད་ལ་འབབ་འགོ་ཚུགས་ཤིང་།  ད་ཅི་ཡི་དེ་རྨི་ལམ་ཞིག་ཡིན་པ་དང་རང་གིས་གཉིད་བཤད་རྒྱག་གིན་ཡོད་པའི་བསྡུས་གཟུགས་དེའང་གསལ་པོར་ཚོར།  དེ་ནི་ཡང་སྔར་བཞིན་མེ་ཏོག་རྐང་གཅིག་གི་འདས་དོན་རྨི་བཞིན་པ་སྟེ།  དཔེར་ན་ཁོ་རེ་ཡའི་བརྩེ་དུངས་ཀྱི་བརྙན་འཕྲིན་ཟློས་གར་རིང་ཤོས་ཤིག་དང་འདྲ་བར་ལེའུ་གྲངས་མང་པོ་ཞིག་གི་མཚམས་སུ་ཐོན་ནས་ཡོད་ཅིང་།  དེང་གི་བུ་མོ་སློབ་གྲྭ་པ་ཚོས་རྟག་པར་རྩིས་འཕྲུལ་དང་ཁ་པར་སོགས་ཉིན་མཚན་བར་མེད་དུ་ལག་པར་འཆང་སྟེ་མིག་ཆུ་རིང་ཐུང་རེས་དུས་འདའ་བར་བྱེད་ཀྱིན་ཡོད་པའི་སྐབས་ཀྱི་གནད་འགག་གི་དུས་མཚམས་ཤིག་ཡིན་པས།  དེ་རིང་གི་རྨི་ལམ་དེས་ཁོ་རང་སྔར་ལས་ལྷག་པའི་དྲན་ཤིང་གི་སྣེ་མོ་ཛ་དྲག་གི་ཕྱོགས་སུ་ཁྲིད་འགོ་བརྩམས་པར་གྱུར་ཅིང་།   ལོ་ངོ་བཅུ་ཡི་ཡར་སྔོན་གྱི་མཚན་མོ་དེའི་ནམ་གུང་གི་ཁ་བའི་ལྭ་བ་དང་དེའི་ཁྲོད་ཀྱི་མེ་ཏོག་རྐང་གཅིག་གི་འདས་དོན་གྱི་ཟབ་ས་ཞིག་དྲན་དུ་བཅུག  

 

མེ་ཏོག་རྐང་གཅིག   མེ་ཏོག་རྐང་གཅིག  ཅི་འདྲའི་ཡིད་དུ་འོང་བའི་ཐ་སྙད་གསོན་པོ་ཞིག་ཨང་།   མེ་ཏོག་རྐང་གཅིག  མེ་ཏོག་རྐང་་་་་།   ཅི་འདྲའི་དྲན་གདུང་གི་མནར་གཅོད་ཐེབས་པའི་ཐ་སྙད་སྐྱོ་བོ་ཞིག་ཨང་།   མིན།  མིན།   ཁྱེད་ཀྱིས་ང་ལ་མེ་ཏོག་གི་གཏམ་རྒྱུད་མི་གླེང་རོགས།   ཁྱེད་ཀྱིས་ང་ལ་མེ་ཏོག་གི་ཆག་འཇིག་མི་གླེང་རོགས།  ཁོའི་མདུན་ཅོག་སྟེང་གི་རྒྱབ་ཤ་དཀར་པོ་ཅན་གྱི་དཔེ་དེབ་སྟེང་གི་ཉི་འོད་ཀྱི་ལྡོག་འཕྲོས་དེ་ག་ལེར་མདུན་ཅོག་གི་ཟུར་ངོས་ནས་མར་མར་འབབ་ཀྱིན་འདུག་ཅིང་།  རྩིས་འཕྲུལ་འཆར་ངོས་ཀྱི་ལྡོག་འཕྲོས་དག་ཀྱང་སྔ་ས་ནས་ག་ཤེད་ཅིག་ལ་བཞུད་ཚར་པའི་རྗེས་སུ་ནག་སྟོང་ངེའི་ནང་དུ་ཁོའི་གྲིབ་གཟུགས་ཕྱེད་ཀ་ཞིག་གཡོ་འགུལ་ཅི་ཡང་མེད་པར་ལྷག་འདུག  དེ་དུས་ཁོ་རང་སྔ་ས་ནས་ཆང་དམ་ཞིག་གི་སྐེ་རྩར་འཇུས་ཚར་ཞིང་མེ་ཏོག་རྐང་གཅིག་གི་འདས་དོན་གྱི་སྣེ་མོ་ནས་ཁེར་ལབ་རྒྱག་གིན་འདུག

 

སྤྱིར་ན་མེ་ཏོག་རྐང་གཅིག་གི་གཏམ་རྒྱུད་གླེང་རྒྱུ་ནི་ཧ་ཅང་སླ་མོ་ཞིག་ཀྱང་ལོས་ཡིན་མོད།   འོན་ཀྱང་ཁྱོད་ཚོས་ཁོའི་མངར་ལ་སྐྱུར་པའི་མེ་ཏོག་རྐང་གཅིག་གི་སྐྱོ་གདུང་དེ་གཏན་ནས་ཚོར་མི་སྲིད།   དེ་ལྟར་མིན་ན་ཁོ་རང་གཅིག་པུ་འདི་ལྟར་ལོ་ངོ་གང་མང་ཞིག་ལ་ཕུགས་བསམ་གྱི་གཡུལ་ས་ལས་ཀྱང་མེ་ཏོག་རྐང་གཅིག་གི་དྲན་ཤིང་གི་མནར་གཅོད་ཁྲོད་དུ་ལྷུང་མི་སྲིད།

རེད།  མཚན་མོ་དེར་ཁོ་རང་ཏག་ཏག་ཐོག་དང་པོར་ཁོ་མོར་འཕྲད་པ་རེད་ལ།   མཚན་མོ་དེར་ཁོ་རང་ཏག་ཏག་ཐོག་དང་པོར་ཁོ་མོ་དང་བྲལ་ཞིང་ཁོ་མོ་དང་གཏན་དུ་གྱེས་པའང་རེད།  དེ་ནི་ལོ་ངོ་བཅུའི་ཡར་སྔོན་གྱི་མཚན་མོ་ཞིག་སྟེ།   མཚན་མོ་དེར་སྨག་རབ་ཏུ་མཐུག་ནའང་རྫོང་མཁར་གྱི་གློག་སྒྲོན་དག་ཧ་ཅང་གསལ་བས། ལོ་ན་རབ་ཏུ་གཞོན་པའི་ཁོ་རང་གར་འགྲོ་འདིར་འདུག་གི་ཁ་ཕྱོགས་ཡེ་ནས་མེད་པར་སྣང་བ་རང་ཡན་པའི་གསར་ཚུགས་ཀྱི་སྣང་བ་དེས་འཕྲུལ་རྟ་ཞིག་གི་སྐེ་ཚིགས་ནས་ཕར་དཀྱུ་ཚུར་དཀྱུ་བྱེད་བཞིན་ཨ་ལོང་ཟམ་ཁ་རུ་འགྲོ་བཞིན་ཡོད།  ཨ་ལོང་ཟམ་པ་ནི་སྟག་ཤ་ར་བརྒྱ་གཤར་སྟོང་གཤར་དང་།  སྨན་བུ་མོ་བརྒྱ་འགྲོ་སྟོང་འགྲོ་བྱེད་སའི་ལམ་གྱི་འདྲེས་མདོ་ཞིག་སྟེ།  ཞོགས་པའི་སྐྱ་རེངས་ཀྱི་ཉི་འོད་རབ་ཏུ་གསལ་བའི་ཉི་ཐིག་རྣོན་པོ་དག་གི་བསྣོལ་མཚམས་སུ།  བུ་མོ་གཞོན་ནུ་མ་ཚོས་འདོག་ཆ་སྣ་ཚོགས་ཀྱིས་ཤོམ་རྒྱབ་ཅིང་ལུས་ཀྱི་སྟངས་སྟབས་མཉེན་འཁྱུགས་ལྡན་པས་ངང་མར་མར་རྫོང་མཁར་ཕྱོགས་སུ་གཤར་འོང་ཞིང་།  གསར་བུ་དར་མ་ཚོས་འཕྲུལ་རྟའི་ཁ་ལོ་ཕར་དཀྱུ་ཚུར་དཀྱུ་རེ་བྱེད་བཞིན་འཕྲུལ་རྟའི་དུང་སྒྲས་བུ་མོ་ལམ་འགྲོ་པ་ཚོར་དུང་བརྡ་གཞན་རེ་སྤྲད་ཞོར་རྫོང་མཁར་གྱི་ཕྱོགས་སུ་རྒྱུགས་འགྲོ   དེ་དུས་བུ་མོ་གཞོན་ནུ་མ་ཚོས་ཀྱང་མིག་ཟུར་གྱི་མདའ་མོས་གསར་བུ་ཚོར་བལྟ་ཙམ་རེ་བྱེད་བཞིན་ཅུང་མ་རང་པའི་ཚུལ་གྱིས་མང་པོ་མི་བལྟ་མོད།  འོན་ཀྱང་།  ཁོ་མོ་ཚོའི་གདོང་པར་འཛུམ་རེ་འཕྲོས་བཞིན་གསར་བུ་ཚོ་སོང་ཕྱིན་དེའི་རྗེས་སུ་ལྐོག་ལབ་ཅི་ཞིག་རེ་བྱེད་བཞིན་ཧབ་ཆ་དུར་སེ་བུད་འགྲོ

 

བྱིས་པ་དང་རྒན་རྒོན་ཚོ་ནི་ད་གཟོད་གཡོ་འགུལ་དམིགས་བསལ་བ་ཅི་ཡང་མེད་པར་ལམ་གྱི་མཐའ་ཁར་ནས་ག་ལེར་འགྲོ་མཁན་དེ་ཡིན་ལ།  ཁོ་ཚོར་རང་ཉིད་ཀྱི་མདུན་གྱི་ལམ་དང་ལྟག་རྒྱབ་ཀྱི་འགྲིམ་འགྲུལ་སོགས་མ་མཏོགས་ཉམས་འཇོག་དགོས་ས་གཞན་ཅི་ཡང་མེད་ཅིང་།  ཁོང་ཚོས་ཟམ་པ་དེ་ཅི་འདྲའི་མང་པོ་བརྒྱུད་ནའང་དོ་སྣང་བྱེད་མཁན་སུ་གཅིག་ཀྱང་མེད།

ཉི་མ་ནུབ་རུར་ཡལ་སྐབས་སུ་བུ་མོ་ཚོ་ཅུང་བྲེལ་འཚུབ་ངང་རྫོང་མཁར་ནས་ཡར་ཡར་འོང་གིན་འདུག་ཅིང་།  ཨ་ལོང་ཟམ་པ་བརྒྱུད་ནས་ཐོན་དུས་ཏག་ཏག་ད་ནིང་ཞོགས་པར་མར་འགྲོ་སྐབས་ཀྱི་མོ་ཚུགས་དེ་འདྲ་མི་འདུག་མོད།  འོན་ཀྱང་།  ཁོ་མོ་ཚོའི་ལུས་དང་སེམས་ཀྱི་གསང་རྒྱ་གང་མང་ཞིག་ལྷོད་ལ་བབ་འདུག་པའི་བཟོ་ལྟ་དེ་དག་ནི་ཏག་ཏག་གསར་བུ་ཚོར་ཆགས་པ་སློང་བྱེད་ཅིག་གམ།  མདོར་ན་སེམས་ལ་རབ་ཏུ་འབབ་པའི་ཚིགས་ཀ་ཞིག་ཡིན།  སྐབས་དེ་དག་ཏུ་གསར་བུ་ལོ་གཞོན་ཚོ་སྔ་ས་ནས་ཨ་ལོང་ཟམ་པ་རུ་འདུས་ཤིང་ཟམ་པའི་གཡས་གཡོན་དུ་སྐོར་ཚོགས་བྱས་ནས་སོས་དལ་བག་གཡེང་གིས་བསྡད་འདུག  དེ་ནི་ཁོ་ཚོར་བྱ་ལས་ཅི་ཡང་མེད་པར་ཁོམ་དྲག་པས་ཡིན་ནམ།  ཡང་ན་ཕྱི་དྲོའི་དུས་ལ་བུ་མོ་ཚོ་རྫོང་བར་ནས་ཡར་འོང་བར་ཆེད་དུ་སྒུག་འདུག་པ་ཡིན་མིན་བརྗོད་ཁག་མོད།  གང་ལྟར་ཁོ་ཚོས་བརླ་ཁུག་ཏུ་བཅུག་པའི་འཕྲུལ་རྟ་སྒ་རློན་འདྲ་མ་དག་གི་སྐེ་ཚིགས་དཀྱུ་ཙམ་རེ་བྱས་ཏེ་དུ་བ་སྔོ་སློག་སློག་རེ་འཐེན་བཞིན་བསྡད་ཡོད་པའི་རྣམ་པ་དེ་ནི།   ཕྱི་གླིང་གི་སྣུམ་མཚོན་རི་མོ་ཞིག་གི་ངོས་སུ་གསོན་ཉམས་དོད་པོར་ཡོད་པ་ཞིག་དང་འདྲ་བོ་འདུག   གལ་སྲིད་བུ་མོ་ཁེར་འགྲོ་མ་ཞིག་ཡིན་ཚེ་གསར་བུ་ཚོས་ང་རྒྱུགས་ཁྱོད་རྒྱུགས་ཀྱིས་སུ་སྔོན་ལ་བུད་ཐུབ་ན་དེ་བུ་མོ་དེའི་རྗེས་སུ་སྙེགས་ཤིང་ཆགས་གཏམ་དུང་གཏམ་གང་ཡིན་སྣ་ཚོགས་ཀྱིས་ག་ཤེད་ཅིག་ལ་སྐྱེལ་བར་བྱེད་དོ།།

 

མཚན་མོ་དེར་སྨག་རབ་ཏུ་མཐུག་ཅིང་།   རྫོང་མཁར་གྱི་གློག་སྒྲོན་དག་ཧ་ཅང་གསལ་བའི་སྲང་བར་དུ་ཕར་འགྲོ་ཚུར་འགྲོ་ཡི་མི་ཚོགས་ག་ལེར་ཇེ་ཉུང་དུ་གྱུར་ཅིང་།  ཚོང་ཁང་ཟ་ཁང་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་སྒོ་རྒྱབ།  ཤུལ་དུ་ལྷག་པ་ནི་ད་གཟོད་གློག་འོད་དམར་མདངས་ཅན་གྱི་ཆང་ཁང་དག་ལས་གཞན་མཐོང་རྒྱུ་ཧ་ལམ་མེད་པར་གྱུར།  དེ་ནི་མཐོ་སྒང་གི་གྲང་ངར་རབ་ཏུ་ཆེ་བའི་དགུན་གཞུང་ཞིག་གི་མཚན་མོའི་ཆུ་ཚོད་བརྒྱད་དང་དགུའི་བར་མཚམས་ཤིག་སྟེ།  ཚང་མས་ནུབ་ཚ་བཏུང་བའི་དུས་ལ་ཁེལ་ཞིང་ཚང་མ་ཁྱིམ་དུ་འཛུལ་ཚར་པས།  རྫོང་མཁར་གྱི་བར་ཀླག་ཚང་མ་འཇམ་ཅག་གེར་གྱུར།   སྐབས་དེར་ཏག་ཏག་ཁོ་རང་གར་འགྲོ་འདིར་འདུག་གི་ཁ་ཕྱོགས་ཡེ་ནས་མེད་ཅིང་དགོང་མོ་དེར་ཕ་ཡུལ་དུའང་འགྲོ་མི་འདོད་པའི་གཞོན་པའི་སྣང་བ་དེས་སྲང་བར་དེ་རུ་ལྷག་ནས་ཡོད་ལ།   དེས་མོད་ལ་ཁོ་རང་ག་ལེར་འཕྲུལ་རྟའི་ཁ་ལོ་ཨ་ལོང་ཟམ་པའི་ཕྱོགས་སུ་དཀྱུས་ཏེ་དམིགས་འབེན་གང་ཡང་མེད་པར་སོས་དལ་བག་གཡེང་གིས་འགྲོ་བཞིན་ཡོད།

 

ཨ་ལོང་ཟམ་པ་ནི་ཏག་ཏག་དགོང་མོ་དེའི་ཁོའི་གདོང་གྲོགས་ཡིན་ནམ།   ཡང་ན་གཤེད་མ་ཡིན་པ་ཅི་འཚལ།  ཁོ་རང་ཅི་བསམ་འདི་བསམ་རང་མེད་པར་ཟམ་ཁར་ཐོན་དུས་བུ་མོ་གཞོན་ནུ་མ་ཞིག་ཨ་ལོང་ཟམ་པ་བརྒྱུད་ནས་འགྲོ་བཞིན་འདུག  དེ་དུས་ཁོ་རང་ཞི་ལས་ཙི་གུ་མཐོང་བ་བཞིན་རྣམ་རིག་ཐིང་ཐིང་དུ་གྱུར་པར་བྱས་ཤིང་།  ལོ་ན་གཞོན་པའི་གསར་བུའི་སྣང་བ་དེས་ཁོའི་སྙིང་ཁར་ཟ་ཕྲུག་ཅིག་ཤུགས་ཀྱིས་རྒྱས་འོང་སྟེ་ཁོས་ཁ་ལ་ཅི་ཡོང་གིས་ན་རེ།  སྒྲོལ་མ།  སྒྲོལ་མ།   ཞེས་མིང་སྟོང་ཞིག་བཏགས་ཏེ་ཐེངས་གཉིས་བོས་པ་ན།  ཕར་ཕྱོགས་སུ་འགྲོ་བཞིན་པའི་བུ་མོ་དེའང་གློ་བུར་དུ་ཐེ་ཚོམ་མེད་པར་ཕྱིར་བལྟས་ཤིག་བྱེད་བཞིན་བསྡད་བྱུང་།  སྐབས་དེར་ཁོ་རང་སྔར་ལས་རྣམ་རིག་གྲིམ་པོར་གྱུར་ཅིང་མོའི་ཕྱོགས་སུ་ག་ལེར་བཅར་འགོ་བརྩམས།  མོས་ཀྱང་རེ་དོགས་ཤིག་དང་བཅས་ཁོ་ལ་ཕྱིར་བལྟས་བྱེད་བཞིན་མི་དེ་སྒུག་ནས་འདུག   མ་གཞི་ཁོ་ནི་ལོ་ན་གཞོན་པའི་གསར་བུ་སྣང་བ་རང་ཡན་པ་ཞིག་གི་སེམས་ཀྱིས་བཀྱགས་ཏེ་ཁ་ལ་ཅི་ཡོང་གི་མིང་སྟོང་ཞིག་གིས་འབོད་ཁུལ་ཙམ་བྱས་པ་ཡིན་མོད།  ཁྱད་འཚར་བ་ཞིག་ལ་ཁོ་མོའི་མིང་དང་གཅིག་ཏུ་ཁེལ་སོང་།  སྤྱིར་མོའི་མིང་ཆ་ཚང་ལ་རིག་འཛིན་སྒྲོལ་མ་ཟེར་མོད།  མང་མང་གིས་མོ་ལ་རྟག་པར།  སྒྲོལ་མ།  སྒྲོལ་མ།  ཞེས་སྟབས་བདེས་ངང་འབོད་ཀྱིན་འདུག་པས།  ཏག་ཏག་མོས་ཀྱང་ངོ་ཤེས་ཤིག་ཡིན་པར་སྙམ་སྟེ་ཁོ་ལ་སྒུག་ནས་བསྡད་པ་ཡིན་འདུག

 

ལོ་ན་རབ་ཏུ་གཞོན་པའི་ཁོ་ནི་གསར་བུའི་སྣང་བ་སྣ་རྩེར་ཡོད་ཅིང་འདས་མ་ད་གསུམ་གྱི་ཕྱོགས་གང་མང་ཞིག་ལ་འདང་དེ་འདྲ་མི་ཕོགས་མཁན་ཞིག་སྟེ།  ཡང་ན་ཕྱོགས་མང་པོ་ཞིག་ལ་བསམ་བློ་གཏོང་རྒྱུའང་མི་དགའ་མཁན་གྱི་གཞོན་པའི་སེམས་ཁམས་དེས་ཐད་ཀར་ངོ་གདོང་གི་གནས་ཚུལ་གང་ཡིན་ལ་ཤེད་ཀྱིས་འབྱར་འགྲོ་བ་ཡིན་ཕྱིར།  ཁོའི་སེམས་སུ་ཕར་ཕྱོགས་ནས་ཁོ་ཕྱོགས་སུ་ཕྱིར་བལྟས་བྱས་ཏེ་སྒུག་ནས་འདུག་མཁན་གྱི་བུ་མོ་དེ་ནི་མགོ་ཡངས་(1)་ཞིག་ཡིན་པར་སྙམ་བཞིན།   སེམས་ཀྱི་རླབས་ཕྲེང་རྣམ་པར་གཡོས་ཏེ་ཕྱི་ནང་ལུས་ཀྱི་སྟངས་སྟབས་དག་སྒྲ་མེད་ཀྱི་དགོད་སྒྲས་རབ་ཏུ་ཁེངས་བཞིན་མོའི་ཕྱོགས་སུ་ཉེ་བར་བཅར།  དེ་དུས་མོ་ནི་ཐེ་ཚོམ་དང་རེ་དོགས་ཀྱིས་ཁེངས་བཞིན་ལམ་འགྲམ་གྱི་གློག་སྒྲོན་ལྡོག་འཕྲོས་ཀྱི་འོག་ཏུ་ཁ་ངོ་མི་གསལ་པའི་གསར་བུ་ཞིག་མོའི་ཉེ་སར་བཅར་འོང་བར་བལྟས་ནས་འདུག  མ་གཞི་གསར་བུ་ཆ་མེད་ཅིག་གིས་བུ་མོ་ཞིག་ལ་གང་འདོད་དུ་འབོད་པ་གཏོང་རྒྱུ་ནི་མཐོ་སྒང་དུ་གཞིས་ཆགས་པའི་བོད་རིགས་སྐྱེས་པ་ཚོའི་ཆེས་རྒྱུན་ལྡན་གྱི་འགྲོ་ལུགས་ཤིག་ཡིན་མོད།  འོན་ཀྱང་།  གསར་བུ་ཆ་མེད་ཅིག་ལ་དེ་མ་ཐག་ཨ་ལན་སྟེར་མཁན་གྱི་བུ་མོ་ཞིག་ནི་ཧ་ཅང་དཀོན་ཞིང་དེ་འདྲ་ཞིག་ཡོད་ཚེ།  མང་མང་གི་གོམས་གཤིས་ལྟར་ཧ་ལམ་རང་ཚུགས་མེད་པའམ་བུ་མོ་མགོ་སྟོང་ཞིག་གི་རིན་གོང་རྒྱག་པ་ནི་མཐོ་སྒང་དུ་གཞིས་ཆགས་པའི་བོད་མི་རིགས་ཀྱི་སྤྱིའི་སྲོལ་ལུགས་ཤིག་ཀྱང་ཡིན་པ་འདྲ།

 

འོན་ཀྱང་།  མཚན་མོ་དེར་སྨག་རབ་ཏུ་མཐུག་ཅིང་ཨ་ལོང་ཟམ་པའི་ཁ་རུ་གློག་སྒྲོན་གྱི་འོད་རླབས་གསལ་པོ་ཞིག་ཡོད་པ་ལས་འགྲོ་འདུག་གི་མི་ཧ་ཅང་ཉུང་རྐྱེན།  ཁོ་མོའང་ཅི་བསམ་འདི་བསམ་རང་མེད་པར་ལྷིང་འཇགས་པའི་གནས་དེ་ནས་མོའི་མིང་ནས་འབོད་མཁན་ཞིག་མཐོང་བྱུང་སྟབས་འཚེར་སྣང་དང་བཅས་སྒུག་ནས་བསྡད།  ཁོའི་རྒྱབ་ཕྱོགས་ཀྱི་གློག་འོད་དེ་ནི་རབ་ཏུ་གསལ་ཞིང་ཁོའི་མགོ་བོ་དང་ཕྲག་པ་སོགས་ཕར་གཡོ་ཚུར་གཡོ་ཡི་བསྣོལ་མཚམས་དག་ནས་རབ་ཏུ་རྣོ་བའི་གློག་སྒྲོན་གྱི་འོད་ཐིག་དག་ཁོ་མོའི་ངོ་གདོང་དུ་འཕྲོས་པར་བྱེད་ལ།  དེ་དུས་མོས་ལག་པས་ཡ་ཐོད་ནས་འགེབས་བཞིན་གཟབ་ནན་གྱིས་མདུན་ཕྱོགས་ཀྱི་མི་དེའི་གདོང་དུ་ལྟ་བཞིན།  ཨ་རོ་ཁྱོད་སུ་ཡིན།  སུ་ཡིན།  ཞེས་འདྲི་བར་བྱེད།  མོའི་ངོ་གདོང་ནས་མིག་ཟུང་གི་མཐའ་འཁོར་ཅུང་ཙམ་ལས་ཡར་མར་གྱི་སྐྲ་ཚུགས་དང་འགྲམ་པའི་ངོས་ཀྱི་དཀར་མར་སོགས་ཅི་འདྲ་ཡིན་པ་མཐོང་མི་ཐུབ་སྟེ།  མོའི་ཡ་ཐོད་དུ་སྐེ་དཀྲིས་དམར་པོ་ཞིག་གིས་ཡོངས་སུ་བཏུམ་ཞིང་གདོང་སྨད་དུ་མཆུ་ཁེབས་དཀར་པོ་ཞིག་གྱོན་འདུག་པས།  ངོ་གདོང་ཆ་ཚང་མི་མཐོང་ནའང་བོད་ལུགས་ཀྱི་ཚེས་པ་དགུ་ཡི་དགོང་མོའི་ཟླ་གམ་གྱི་དབྱིབས་བཞིན་མདངས་རབ་ཏུ་མཛེས་པའི་མིག་ཟུང་ལྷོད་མོ་དེས་ཁོའི་སེམས་པའི་རླབས་ཕྲེང་སྔར་ལས་གཡོ་བར་གྱུར།  དེ་དུས་གཞི་ནས་ཁོས་བསླུ་ཚིག་གི་རྒྱན་དཀྲིས་འགོ་བརྩམས་ཏེ།  ངས་ཁྱེད་རང་བཙལ་ནས་ཉིན་ཁ་ཤས་འགོར།  ད་ལྟ་ཉིད་དུ་ཁྱེད་ལ་འཕྲད་པར་གྱུར།  ཁྱེད་ནི་ང་ཡི་ཡ་ཆུང་སེམས་ཁོངས་ན་བརྟན་པོར་བབ་སྟེ་ཡུན་རིང་འགོར།  ད་ནི་ངས་ཁྱེད་ལ་སྐད་ཆ་མང་པོ་ཞིག་ལབ་རྒྱུ་ཡོད།   ཅེས་ཁོས་ཁ་ལ་ཅི་ཡོང་གི་ཚིག་ཕྲེང་མང་པོ་སྤེལ།  དེ་དུས་གཞི་ནས་ཁོ་མོའང་རེ་དོགས་ནས་སད་པར་གྱུར་ཏེ།   གློ་ལྡེག་ཏུ་ཁོ་རང་སྣང་མེད་དུ་འཇོག་བཞིན།  འོ་་་ ངས་ཁྱེད་རང་ང་ཡི་ངོ་ཤེས་ཤིག་ཡིན་ནམ་སྙམ་ནས་བསྡད་པ་ཡིན།   མ་གཞི་ཁྱེད་ཀྱིས་ཀྱང་ང་རང་མི་ནོར་འབྱུང་གིན་འདུག  ངས་ཀྱང་ཁྱེད་རང་ངོ་མི་ཤེས་ལ།   ཁྱེད་ཀྱིས་འཚོལ་བཞིན་པ་དེ་ང་མིན།  ཞེས་མོའི་མགོ་བོས་འཕུད་རྒྱག་ཅིག་བྱེད་བཞིན་ཁ་མདུན་ཕྱོགས་སུ་འཁོར་ཏེ་འགྲོ་འགོ་བརྩམས་སོང་།  དེ་དུས་ཁོས་ཀྱང་མྱུར་དུ་འཕྲུལ་རྟའི་ཁ་ལོ་མོའི་གོམ་འདྲོས་དང་མཉམ་པོར་བྱས་ཏེ་མོའི་རྗེས་སུ་སྙེགས་བཞིན་མུ་རུ་ཁ་ལ་ཅི་ཡོང་གི་བསླུ་ཚིག་མང་པོས་ཕྲེང་སྒྲིག་པར་བྱས།

 

“ ངས་ཉིན་ཁ་ཤས་སྔོན་རྫོང་མཁར་ནས་ཁྱེད་རང་མཐོང་བྱུང་། ”

 

འོ་་་  དེར་ང་ལ་འབྲེལ་བ་མེད།

 

“ དུས་དེ་ནས་བཟུང་ཁྱེད་རང་ངའི་བློར་བབ་བྱུང་བ་ཡིན། ”

 

འོ་་་ འེ་རེད།

 

“ དུས་དེ་ནས་བཟུང་ངས་ཁྱེད་རང་ད་བར་དུ་བཙལ་བ་ཡིན། ”

 

དྲང་མོར་ཞུས་ན། ཁྱེད་ཀྱིས་ང་རང་མི་ནོར་འབྱུང་གིན་འདུག  ང་ཁྱེད་ཀྱིས་བཙལ་བཞིན་པའི་མི་དེ་མིན།

 

“ དེ་ཁྱེད་ཀྱིས་ག་ལ་ཤེས།  ངས་ཁྱེད་རང་མཐོང་མྱོང་ཡོད་པ་ལས།  སྔོན་ཆད་འུ་གཉིས་ངོ་ཤེས་སོགས་གང་ཡང་མིན་པས། ”

 

དྲིན་ཆེན་པོ།  ད་ཁྱེད་ཀྱིས་ང་ཡི་རྗེས་མི་འདེད་རོགས།

 

“ ཁྱོད།  ཁྱོད།  ཁྱོད་ཅུང་དལ་མོར་བྱོས་དང་།  ”

 

དྲིན་ཆེན་པོ།  ཁྱེད་ཀྱིས་ང་ཡི་རྗེས་མི་འདེད་རོགས།  ང་རང་ངོ་ཚ་ཡི་འདུག

 

“ ཁྱེད་རང་སྡེ་བ་གང་ནས་ཡིན།  ད་ལྟ་གང་ལ་འགྲོ་རྒྱུ། ”

 

ང་རང་ཕུ་བོ་ཚང་དུ་ལོ་སར་ལ་འགྲོ་དགོས་པས།  ཁྱེད་ཀྱིས་ང་ལ་ལམ་འགོག་མི་གནང་རོགས།

 

“ འོ་ན་ཁྱེད་ཀྱིས་ང་ལ་ངོ་གདོང་གསལ་པོ་ཞིག་སྟོན་རོགས།  ”

 

སྤྱིར་ཁྱེད་ཀྱིས་མི་ནོར་འབྱུང་གིན་ཡོད་ངེས་མོད།  འོ་ན།  ངས་ཁྱེད་ལ་བདེན་དཔང་ཞིག་བྱེད།

 

ཁོའི་ཨུ་ཚུགས་མཐའ་སྐྱེལ་དེས་ཁོ་མོས་ངོ་གདོང་གི་མཆུ་ཁེབས་ཕུད་དེ།  ཁྱེད་རང་མི་རློམ་ན་ངས་ཁྱེད་ལ་བདེན་དཔང་ཞིག་བྱེད།  ཅེས་མོའི་ངོ་གདོང་ཚང་མ་ཁོ་ལ་བསྟན་ཙམ་ཞིག་བྱས་པ་ན།  བཞིན་མདངས་རབ་ཏུ་མཛེས་ཤིང་ལྷོད་འཇམ་གྱི་མིག་ཟུང་དེས་ཁོའི་སྙིང་གི་དཀྱིལ་མཚམས་ནས་ལུས་ཀྱི་རྩ་ལམ་ཐ་དག་ནས་ཚ་དྲོད་ཅིག་རྒྱས་པར་གྱུར།

 

 འོ་ཁྱེད་རང་རེད།  ངས་འཚོལ་བཞིན་པ་དེ་ཁྱེད་རང་རེད།  དཀོན་མཆོག་གསུམ་“

 

ཁྱེད་ཀྱིས་དངོས་གནས་མི་ནོར་འབྱུང་གིན་ཡོད་ངེས།

 

” ངས་གཏན་ནས་འཁྱུག་མེད།  ཁྱེད་རང་རེད།  ཁྱེད་རང་རེད། “

 

་་་་་་་་  ་་་་་་

མ་གཞི་ལོ་ན་རབ་ཏུ་གཞོན་པའི་ཁོ་ནི་སྣང་བ་རང་ཡན་པའི་སེམས་ཀྱི་སྣེ་མོ་དེས་ཀུན་ནས་བཀྱགས་ཏེ་སྟོང་བསམ་ཁྲོད་དུ་ཡོད་པས།  བུ་མོ་དེ་སྔོན་ཆད་ཐེངས་གཅིག་ཀྱང་མཐོང་མྱོང་མེད་མོད།  འོན་ཀྱང་།  མོའི་ངོ་མདངས་སྟོན་པའི་གོ་རིམ་སྐད་ཅིག་མ་དེས་ཁོའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་སྐྱེན་པོ་ཞིག་བྱུང་བ་དང་སྦྲགས།   ཁོ་རང་ལོ་ན་རབ་ཏུ་གཞོན་པའི་གསར་བུ་སྣང་བ་རང་ཡན་པ་ཞིག་ཡིན་པའི་སེམས་ཀྱི་མཐོ་རླབས་དེས།  གནས་སྐབས་ཀྱི་བདེ་བ་ཉི་ཚེ་བ་ཞིག་གི་དོན་དུ་རྫུན་གྱི་སྣེ་མོས་ཕྲེང་སྒྲིག་པས།  ད་ནི་ཁོ་མོའང་ཅུང་ཟད་འཁྲུལ་སྣང་གི་གནས་སུ་འཁྲིད་ཅིང་སེམས་འགུལ་ཅུང་ཙམ་ཡང་ཐེབས་ཀྱིན་ཡོད་པ་འདྲ།

 

མི་ལོ་བཅུ།  ཏག་ཏག་མི་ལོ་བཅུ་ཡི་འདས་དོན་ཏེ།  མི་ལོ་བཅུ་ཡི་ཡར་སྔོན་གྱི་མཚན་མོ་དེ་ནི་སྨག་རབ་ཏུ་མཐུག་ཅིང་།  ཨ་ལོང་ཟམ་པ་ནི་མཚན་མོ་དེའི་ཁོའི་གདོང་གྲོགས་ཡིན་ནམ།  ཡང་ན་གཤེད་མ་ཡིན་པར་བརྗོད་ཁག་པའི་དྲན་ཤིང་གི་ལམ་མདོ་ཞིག་སྟེ།  ཏག་ཏག་མཚན་མོ་དེར་ཨ་ལོང་ཟམ་པ་ནས་ཁོ་རང་ཐོག་དང་པོར་ཁོ་མོར་འཕྲད་པ་རེད།

     ༜

མི་ལོ་བཅུ། མེ་ཏོག་རྐང་གཅིག  ང་ཚོ་ཚང་མ་ནར་སོང་བྱུང་།  ནར་སོན་པའི་མི་ལོ་བཅུ་ཡི་རྐང་རྗེས་རབ་རིབ་ཀྱི་གྲིབ་མའི་འོག་ནས་ངས་ཁྱེད་རང་ད་ལྟ་ད་དུང་ཡང་གནས་གང་ཞིག་ན་ལས་ཅི་ཞིག་བགྱི་བཞིན་ཡོད་པར་ཚོད་བགམ་བྱེད་ཀྱིན་ཡོད།   བློས་བླངས་བྱེད་ཀྱིན་ཡོད།  དྲན་པ་བརྩིགས་བཞིན་ཡོད།  ཁྱེད་རང་ནར་སོན་ཡོད་པའི་རྣམ་པ་དེ་ག་འདྲ་ཞིག་ཡིན་ནམ་ཨང་།

 

ཁོས་དེ་ལྟར་མིག་ཟུང་སྒེའུ་ཁུང་ཁྲོད་ཀྱི་ཉི་ཐིག་ལྡོམ་པོ་དེ་ཁོའི་མདུན་ཅོག་སྟེང་གི་རྩིས་འཕྲུལ་ངོས་སུ་ལྡོག་འཕྲོས་བྱས་ནས་ཡོད་པའི་ཟེགས་མ་རྣོན་པོ་དེར་གཏད་དེ་མགོ་བོ་རྒྱབ་བསྙེས་སུ་ཁེན་བཞིན་ཁེར་ལབ་རྒྱག་གིན་འདུག

 

མེ་ཏོག་རྐང་གཅིག   མེ་ཏོག་རྐང་གཅིག  ཅི་འདྲའི་ཡིད་དུ་འོང་བའི་ཐ་སྙད་གསོན་པོ་ཞིག་ཨང་།   མེ་ཏོག་རྐང་གཅིག  མེ་ཏོག་རྐང་་་་་།   ཅི་འདྲའི་དྲན་གདུང་གི་མནར་གཅོད་ཐེབས་པའི་ཐ་སྙད་སྐྱོ་བོ་ཞིག་ཨང་།   མིན།  མིན།   ཁྱེད་ཀྱིས་ང་ལ་མེ་ཏོག་གི་གཏམ་རྒྱུད་མི་གླེང་རོགས།   ཁྱེད་ཀྱིས་ང་ལ་མེ་ཏོག་གི་ཆག་འཇིག་མི་གླེང་རོགས།

 

རེད།  མཚན་མོ་དེའི་ཨ་ལོང་ཟམ་པ་ནི་ཅི་འདྲའི་བརྗིད་ཅིང་རྔམ་མཐུག་ལ།  ཧ་ཅང་ལྷིང་འཇགས་ཡིན་པའི་མཐའ་འཁོབ་ཀྱི་མུན་པ་རབ་རིབ་ཀྱི་རྣམ་པར་བལྟས་ཚེ།  ཁོ་རང་གཉིས་ཡོད་སའི་ཨ་ལོང་ཟམ་པ་ནི་ཡོངས་གྲགས་སུ་འཛམ་གླིང་གི་ཆེས་མཐོའི་རི་བོ་ཇོ་མོ་གླིང་མའི་རི་རྩེར་ཡོད་པའི་སྣང་བ་ཞིག་གིས་ཁོ་རང་ཡོངས་སུ་བཟི་ཞིང་།  ཁོའི་ལུས་སེམས་ཀྱི་འདོད་པ་དང་། ཆགས་པ།  ད་དུང་འགྲེལ་རྒྱག་དཀའ་བའི་ཁོའི་སེམས་ཀྱི་གཏིང་རུམ་ཞིག་ན་རུལ་མ་བཞིན་འགུལ་སྐྱོད་བྱེད་བཞིན་པའི་ཚོར་བའི་ཕུང་པོ་དེས་ཁོ་རང་རེ་ཞིག་བསམ་གཞིགས་ཁྲོད་དུ་ཧད་པར་གྱུར་བྱུང་།  རེ་ཞིག་ཁོའི་སེམས་ཀྱི་སྒེའུ་ཁུང་ཕྱི་རུ་ཕྱེས་ཏེ་བལྟས་པ་ན།  བུ་མོ་དེ་ཁོའི་མདུན་ཕྱོགས་ཀྱི་བར་ཐག་གོམ་པ་ལྔ་བཅུ་ཙམ་ཞིག་གི་མཚམས་སུ་གོམ་ཁ་མཐའ་གཅིག་ཏུ་སྔུན་ལ་ཕྱོགས་ཏེ་བགྲོད་ཀྱིན་འདུག་པས།  ཁོ་རང་མྱུར་དུ་འཕྲུལ་རྟའི་མཆན་ཁུག་ཏུ་ཡོབ་སྡེབ་ཅིག་བྱེད་བཞིན་མགྱོགས་ཚད་དཀྱུ་ཆས་ཀྱི་སྐེ་རྩ་ནས་ཤེད་ཙམ་གྱིས་དཀྱུས་ཏེ་མོའི་རྗེས་སུ་སྙེག་སོང་།

 

“ཁྱེད་རང་ཅུང་ཙམ་སྡོད་དང་།”

 

ད་ཁྱེད་ཀྱིས་ངའི་རྗེས་མི་འདེད་རོགས།  དྲིན་ཆེན་པོ།

 

“ཁྱེད་རང་ཅུང་ཙམ་སྡོད་དང་།  ངས་ཁྱེད་ལ་སྐད་ཆ་ཞིག་ལབ་རྒྱུ་འདུག’’

 

ད་ཁྱེད་རང་ངའི་རྗེས་མི་འདེད་རོགས།  ང་འདི་ནས་ཕུ་བོ་ཚང་དུ་ལོ་སར་ལ་འགྲོ་དགོས།

 

ཏག་ཏག་མཚན་མོ་འདི་ནི་གནམ་ལོ་གསར་པའི་ཚེས་པ་ལྔ་ཡི་དགོང་མོ་ཞིག་སྟེ།  མི་ཚང་མ་རང་རང་གི་གཉེན་ཉེ་དག་གི་ཁྱིམ་དུ་ལོ་སར་ལ་འགྲོ་སྐྱོད་བྱེད་བཞིན་པའི་དུས་ཚིགས་ཤིག་ལ་ཁེལ་ཡོད་སྟབས།   བུ་མོ་དེ་ཡང་ཕུ་བོ་ཚང་དུ་ལོ་སར་ལ་འགྲོ་བཞིན་ཡོད་ནའང་།      ལྟས་འཚར་པོ་ཞིག་ལ་དགོང་མོ་དེར་མོ་རང་གཅིག་པུ་ཡིན་ཅིང་རོགས་པ་སུ་གཅིག་ཀྱང་མེད་སྟབས་ལོ་ན་གཞོན་པའི་གསར་བུའི་སྣང་བ་སྣ་རྩེར་ཡོད་པའི་ཁོ་ལ་ལས་བསོད་ཡགས་སོང་ཟེར་ན།  དེ་ནི་ཡང་བརྗོད་ཀྱིས་མི་ལངས་པ་ཞིག་སྟེ།  མཚན་མོ་དེས་ཁོའི་ཡ་ཆུང་གངས་དཀར་སེམས་ཀྱི་ཟབ་ས་ཞིག་ཏུ་བརྗེད་དུ་མེད་པའི་དྲན་ཤིང་སྲ་མཐས་ཤིག་བཞག་པ་མ་ཡིན་ནམ།  རེད།  ཁོས་དེ་ལྟར་མོ་རང་གི་རྗེས་སྙེག་བཞིན་སྙིང་གཏམ་ཡིན་ནོ་ལོ་ཞིག་ལབ་ཁུལ་གྱིས་སོང་བ་ན།  མཚམས་ཤིག་མོ་རང་གཞུང་ལམ་འགྲམ་ནས་རྐང་ལམ་ཕྲ་མོ་ཞིག་མར་ཕྱོགས་ཀྱི་གྲོང་སྡེའི་ནང་དུ་འཐེན་འདུག་པའི་ནང་དུ་ཞུགས་འགོ་བརྩམས་བཞིན་ན་རེ།

 

ངས་ཁྱོད་ལ་ཞུ་བ་ཞིག་བྱེད།  ཁྱེད་རང་ངའི་རྗེས་མི་འདེད་རོགས།

 

“ང་ལ་ངོ་མ་ཁྱོད་ལ་སྐད་ཆ་ཞིག་ལབ་རྒྱུ་འདུག་པས།”

 

ང་འདི་ནས་ཕུ་བོ་ཚང་གི་དེར་འགྲོ་དགོས།  གལ་སྲིད་ཕུ་བོས་གནས་ཚུལ་འདི་འདྲ་མཐུང་ཚེ་རང་གཞན་ཚང་མ་ཡག་པ་ཞིག་ཡོང་མི་སྲིད།  ཁྱེད་རང་ངའི་རྗེས་མི་འདེད་རོགས།

 

“ང་ངོ་མ་ཁྱོད་ལ་དགའ་སོང་།  ཁྱོད་ཅུང་ཙམ་སྡོད་དང་།”

 

ཁོ་ལ་ཞུ་བ་ཅི་ཙམ་བྱས་ཀྱང་གོ་བརྡ་མི་འཕྲོད་པས་མོ་རང་གྲོང་སྡེའི་ཕྱོགས་སུ་འཐེན་འདུག་པའི་རྐང་ལམ་དེ་བརྒྱུད་ནས་བུད་སོང་།   དེ་ནས་ཁོས་ཀྱང་སྟག་གཟུག་གིས་ཡུ་མོ་བདས་པ་བཞིན་མོའི་རྗེས་ཇི་བཞིན་སྙེག་ནས་འགྲོ      མཚན་མོ་དེར་སྨག་རབ་ཏུ་མཐུག་ཅིང་གྲོང་སྡེའི་ཁྲོད་ཀྱི་ལམ་མདོ་དག་གི་བསྣོལ་མཚམས་སོགས་གསལ་པོར་མི་མཐོང་ཞིང་།   དཀར་འོད་ཕྲ་མོ་རེ་དང་མི་སྐད་ཕྲན་ཙམ་རེ་མཐོང་ཐོས་སུ་ཡོད་པ་ནི།  ཁྱིམ་ཚང་དག་གི་སྒེའུ་ཁུང་ཁྲོད་ཀྱི་གློག་འོད་དཀར་གསལ་དག་དང་དེའི་ནང་རོལ་ནས་གྲགས་བཞིན་པའི་བཟའ་མི་དང་བྱིས་པ་ཚོས་ཁ་བརྡ་བྱེད་བཞིན་པའི་སྒྲ་སྐད་ལྡབ་ལྡིབ་དག་རེད།  ཡིན་ནའང་།  སྒེའུ་ཁུང་དེ་དག་གི་ཁྲོད་ཀྱི་དཀར་འོད་ཕྲ་མོ་དེས་ཁོ་གཉིས་ཀྱི་རྐང་སྣེ་རུ་ཡོད་པའི་ལམ་གྱི་བསྣོལ་མཚམས་དག་གི་ཁ་ཕྱོགས་དག་གཏན་ནས་ངོས་མི་ཟིན་སྟབས།  ཁོ་མོས་ལན་རེར་ཁོ་ལ་རྗེས་མི་འདེད་པའི་ཞུ་བ་བྱེད་པ་དང་།  དེའི་ཞོར་དུ་ཕུ་བོ་ཚང་གི་ལམ་གྱི་སྣེ་མོ་འཚོལ་བཞིན་འགྲོ  དེ་ལྟར་དུས་ཡུན་ཅུང་ཙམ་འགོར་རྗེས་མོས་གཞི་ནས་ཕུ་བོ་ཚང་གི་ལམ་གྱི་ཁ་ཕྱོགས་བོར་ཞིང་སེམས་ལ་སྔངས་འཚབ་ལངས་འགོ་ཚུགས།  ཡིན་ནའང་།  གསར་བུའི་སྣང་བ་སྣ་མགོར་ཡོད་པའི་ཁོ་རང་གོ་བརྡ་ཐད་ཟུར་གང་ནས་ཀྱང་མི་འཕྲོད་པའི་རྡོ་ཕ་བོང་ཞིག་དང་འདྲ་བར་མོའི་རྗེས་ནས་མི་འགྲོ་བར་ཆགས་གཏམ་སྙིང་གཏམ་སྣ་ཚོགས་ལབ་བཞིན་འདུག

 

མཚམས་ཤིག་བུ་མོ་དེའང་འགྲོ་འདུག་གང་ཡང་མེད་པའི་མཚན་ལྗོངས་དེ་ནས་ཅུང་སྐྲག་སྣང་ཞིག་སྐྱེས་བཞིན་པ་འདྲ་ལ། ཁོ་ལ་རྗེས་མི་འདེད་པའི་ཞུ་བ་བྱེད་ཚུལ་དེའང་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་མུ་རུ་ཕུ་བོ་ཚང་གི་ལམ་གྱི་སྣེ་མོ་འཚོལ་ནས་འགྲོ  ཁོ་རང་གསར་བུའི་སྣང་བ་ཨ་སྔོན་དགུང་དང་མཉམ་ནའང་ཁོའི་ལུས་སེམས་གང་ཞིག་ནས་མོ་ལ་ལག་པས་རེག་ཙམ་ཞིག་བྱེད་པའང་སྙིང་ཆུང་སྟིག་སྟིག་ལྡིང་འོང་སྟབས་མུ་རུ་མོ་ལ་སྐད་ཆ་སྣ་ཚོགས་ལབ་བཞིན་རྗེས་འདེད་ནས་འགྲོ  མཚན་ལྗོངས་དེ་ནི་སྨག་རབ་ཏུ་མཐུག་རྐྱེན་ཁོ་གཉིས་ཀྱི་རྐང་པའི་རྡོག་སྒྲ་དེའང་ཕར་ཚུར་གྱི་གྱང་ངོས་དག་ཏུ་ཧ་ཅང་གསལ་པོར་གྲགས་ལ།  ཕལ་ཆེར་བར་ཐག་གོམ་པ་གསུམ་ཙམ་གྱི་ཕར་བརྒལ་ཚེ་ཕན་ཚུན་གྱི་ལུས་ཀྱི་གྲིབ་མ་ཙམ་ཡང་མཐོང་དཀའ་བས།  མོ་རང་ཡང་ཁོ་དང་བར་ཐག་རིང་དུ་བཀྱེད་མི་ཕོད་པར་མུ་རུ་ཕུ་བོ་ཚང་གི་ལམ་གྱི་སྣེ་མོ་འཚོལ་ནས་འགྲོ  ཁོས་ཀྱང་མོའི་རྐང་རྗེས་ནས་གོམ་པ་གསུམ་ཙམ་གྱི་ཕར་སྐད་ཅིག་ཙམ་བརྒལ་དུ་མི་འཇུག་པར་མུ་རུ་མོའི་རྗེས་འདེད་བཞིན་འགྲོ

 

མཚམས་ཤིག་ཏག་ཏག་མོའི་ངག་ལས་སྤྲོ་སྣང་གི་དབུགས་རིང་ཕྲ་མོ་ཞིག་འབྱིན་ཙམ་བྱེད་བཞིན་ཁང་པ་ཞིག་གི་སྒོ་ངོས་སུ་ལག་པས་རེག་འགོ་ཚུགས་སོང་།  དེ་དུས་ཁོ་ཡང་ཅུང་འཚབ་སྣང་དང་བཅས་མོའི་ལག་མགོ་ནས་འཇུས་སྟེ་ན་རེ།

 

“ཁྱེད་རང་ཅུང་ཙམ་ནང་དུ་མ་འགྲོ་རོགས།  ངས་ཁྱེད་ལ་སྐད་ཆ་འགའ་ལབ་རྒྱུ་འདུག”

 

དྲིན་ཆེན་པོ། ད་ཁྱེད་ཀྱིས་དེ་ལྟར་མི་བྱེད་རོགས།  ད་ངས་ཕུ་བོ་ཚང་གི་ཁང་པ་རྙེད་སོང་།  ཁྱེད་རང་ཕྱིར་འགྲོ་རོགས།

 

“ང་ལ་ངོ་མ་སྐད་ཆ་གལ་ཆེན་ཞིག་ལབ་རྒྱུ་ཡོད།  ཁྱེད་ཅུང་ཙམ་འདུག་རོགས།”

 

ཁྱེད་ལ་བཤད་རྒྱུ་གཞན་ཟིག་མི་འདུག་མོད།  ་་་་་

 

“ང་ལ་ཡོད།  ང་ལ་་་་་་་    ཁྱེད་ཚུར་ཅུང་ཙམ་ཤོག་དང་།   འདི་ཕྱོགས་སུ་་་་་་་”

 

དེ་འདྲ་མ་བྱེད།   ངས་ཕུ་བོར་འབོད་རྒྱུ་ཡིན་་་་་་   ཨ་ཡོ་ཡོ་་་་་་

 

དེ་དུས་ཁོ་ནི་ལུས་སེམས་གཉིས་ཀ་ཚོར་བ་ལྕི་མོ་ཞིག་གིས་གང་ཞིག་ནས་སྤྲིད་པར་བྱས་ཤིང་བསམ་བློ་རང་ཡན་དུ་མི་འཁོར་བར་འདུག་ལ།  ཁོ་མོས་ཕུ་བོ་ཚང་གི་སྒོ་འགྲམ་རྙེད་མ་ཐག་ཏུ་ཁོ་རང་གློ་བུར་དུ་སྔངས་འཚབ་ཅིག་དང་ལྷན་དུ་མོའི་ལག་མགོ་ནས་འཇུས་ཏེ་ཚུར་ཚུར་ཁྲིད་ནས་འོང་ལ།  ཁོས་དེ་ལྟར་ཁ་ནས་ཅི་ཡོང་གི་སྐད་ཆ་སྣ་ཚོགས་ལབ་ཞོར་ཁོ་མོའི་ལག་མགོ་ནས་ཁྲིད་ནས་གཡས་འཐེན་གཡོན་འཐེན་བྱེད་བཞིན་གློ་བུར་དུ་གནས་གཞན་ཞིག་ཏུ་སླེབས་འདུག  དེ་དུས་མོས་ཀྱང་ཕལ་ཆེར་ད་ལྟའི་ཕུ་བོ་ཚང་གི་སྒོ་འགྲམ་དེ་ཤར་ལྷོ་ནུབ་ཕྱོགས་གང་ཞིག་ཏུ་ཡོད་པ་ངོས་ཟིན་གཏན་ནས་འབྱུང་གིན་མེད་པ་འདྲ་མོད།  ད་དུང་མོ་རང་ཕུ་བོ་ཚང་གི་དེར་འགྲོ་དགོས་རབས་ཀྱི་འཐེན་རྩོད་དང་རེ་ཞུ་མང་པོ་ཁོ་ལ་ལབ་བཞིན་འདུག

 

ད་ཁྱེད་ལ་སྐད་ཆ་ཅི་ཞིག་ལབ་རྒྱུ་ཡོད།  མྱུར་དུ་ལོབ་ཤོགས་དང་།  དེ་ནས་ང་རང་ཕུ་བོ་ཚང་གི་དེར་སྐྱེལ་རོགས།

 

“ང་་་  ང་་་  ཁྱེད་ངའི་བློར་ཤིན་ཏུ་བབ་སོང་། ”

 

ད་ཁྱེད་ཀྱིས་རྫུན་མ་བཤད།  འུ་གཉིས་དེ་རིང་གཏོགས་ངོ་མི་ཤེས། ཁྱེད་ཀྱི་བློར་ང་ཇི་ལྟར་འབབ་སྲིད་ཨང་།

 

“ངས་ངོ་མ་ཡིན།  ང་་་  ངས་་་་ ”

 

ད་ཁྱེད་ཀྱིས་མྱུར་དུ་ང་ཕུ་བོ་ཚང་དུ་སྐྱེལ་རོགས།  ཁ་དྲོ།  དྲིན་ཆེན་པོ།

 

“ཁྱེད་ཀྱིས་དེ་ལྟར་མི་ལབ་རོགས།  དོ་དགོང་འུ་གཉིས་འདི་རུ་འདུག་འཇོག”

 

ཧུན་་། ཁྱོའི་སྟོང་བསམ་མ་འཆིང་།  ང་འདི་རུ་འདུག་མི་སྲིད།

 

“ངོ་མ་བཤད་ན་་་་་   ང་་   ངས་་་་  ངས་མ་རབ་ཅིག་དྲན་གྱིན་མེད།”

 

གང་ལྟར་ང་དོ་དགོང་འདི་རུ་འདུག་མི་སྲིད།  ཁྱེད་ཀྱིས་ང་མྱུར་དུ་ཐོངས།  ང་འགྲོ་དགོས།

 

སྨག་རབ་ཏུ་མཐུག་པའི་མཚན་ལྗོངས་དེ་ནི་ཕལ་ཆེར་ཁྱེད་ཀྱིས་ཚོད་དཔག་བྱེད་དཀའ་བའི་མཚན་མོ་ཞིག་ཡིན་ངེས་མོད།  གཏམ་རྒྱུད་འདིའི་མཇུག་ནས་ཁྱེད་ཀྱིས་ཕལ་ཆེར་མཚན་ལྗོངས་འདིའི་སྨག་རིམ་ཇི་འདྲ་ཞིག་མཐུག་པར་ཡིད་འཇོག་བྱེད་ཐུབ་པར་ངེས།   རེད།  ཁོ་རང་གཉིས་ད་ལྟ་སླེབས་འདུག་པའི་གནས་དེ་ནི་ཕལ་ཆེར་གྲོང་སྡེ་དང་བར་ཐག་ཅུང་ཙམ་ཆད་པའི་གནས་ཤིག་ཡིན་པ་འདྲ་ལ།  ཁང་ཁྱིམ་ནང་གི་སྐད་ཆ་ལྡབ་ལྡིབ་དང་སྒེའུ་ཁུང་ཁྲོད་ཀྱི་གློག་འོད་ཕྲ་མོ་དག་གཅིག་ཀྱང་མཐོང་རྒྱུ་མི་འདུག

 

དེ་ནས་མོ་རང་གནས་གང་ཞིག་ལ་འགྲོ་རྩིས་ཀྱི་ཞུ་དྲག་གཉིས་སྤྱོད་ཀྱིས་འགྲོ་རྩིས་བྱས་ནའང་།  ཁོས་ཁོ་མོའི་ལག་པ་ནས་གཏན་ནས་མི་གཏོང་བར་འདུག   མཚམས་ཤིག་མོ་རང་ཅི་བྱ་གཏོལ་མེད་ངང་མིག་ནས་མཆིལ་མ་འཐོར་འོང་ཞིང་།  སྐད་གསེང་དམའ་མོས་ངུ་ཟིག་བྱས་བྱུང་ལ།  མིག་ཆུའི་ཐིགས་པ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཁོའི་ལག་པའི་སྟེང་དུ་འཐོར་འོང་།  རྣམ་པ་དེས་ཁོའི་སེམས་ཀྱི་ཟབ་ས་ཡི་ག་ཤེད་ཅིག་ནས་བརྗོད་ཀྱིས་མི་ལངས་པའི་ཚོར་བ་རྐྱེན་པོ་ཞིག་འཕྱུར་འོང་ཞིང་།  ཁོའི་ལག་ཟུང་གི་པར་ཁ་ག་ལེར་ལྷོད་ཙམ་ལྷོད་ཙམ་བྱེད་བཞིན་ན་རེ།“ངས་ཁྱེད་ལ་དྲང་མོར་བཤད།  སྤྱིར་ཡིན་ན་ངས་ཁྱེད་རང་དེ་རིང་མ་གཏོགས་མཐོང་མྱོང་མེད།  དེང་ཐོག་ངའི་སེམས་ལ་མ་རབ་ཅིག་དྲན་ནས་ཁྱེད་ཀྱི་རྗེས་སུ་དེད་ནས་འོང་བ་ཡིན་མོད།  འོན་ཀྱང་། ད་ལྟ་ངའི་སེམས་སུ་དེ་འདྲ་ཞིག་གཏན་ནས་མ་རེད།  གང་ལྟར་ངའི་ད་ལྟའི་སེམས་ཁམས་ཀྱི་ཚོར་བ་དེ་ཁྱེད་ལ་བརྗོད་ཐབས་མི་འདུག  ཁྱེད་རང་འདི་ལྟར་ངུས་ཡོང་ཚེ་ངའི་སེམས་ལ་བཟོད་མི་ཐུབ་པའི་ཟུག་གཟེར་ཞིག་ལངས་འོང་།    ད་ངས་ཁྱེད་རང་གི་བསམ་འདུན་དུ་འཇོག་ཆོག  ཡར་ལོངས་དང་ངས་ཁྱེད་རང་ཕུ་བོ་ཚང་དུ་སྐྱེལ་ཆོག” ཅེས་ཁོའི་ཡིད་སེམས་བློང་བློང་དང་ངག་ལྷོད་ལྷོད་ཀྱིས་མོ་རང་གི་ལག་པ་ཡོངས་སུ་ལྷོད་པ་ན།  མོ་རང་ཡང་འགུལ་སྐྱོད་ཅི་ཡང་མི་བྱེད་པར་འདུག་ཅིང་།  ངུ་ཟུག་ཡང་ཡང་བྱེད་བཞིན་ག་ལེར་མགོ་བོ་ཁོའི་པང་ནང་དུ་བསྙེས་བྱུང་།  དེ་དུས་ཁོའི་ལུས་སེམས་ཀྱི་རྩ་ལམ་རེ་རེ་ནས་ཚ་དྲོད་ཆེན་པོ་ཞིག་གིས་ཡོངས་སུ་སྤྲིད་པར་བྱེད་འོང་བཞིན་མོའི་མགོ་བོ་ནས་བསྐྱོར་ཏེ་མིག་ཟུང་གིས་མུན་ཁྲོད་དུ་སྣེ་གཅིག་ཏུ་ལྟ་ནས་འདུག

  མེ་ཏོག་རྐང་གཅིག  མེ་ཏོག་རྐང་་་་   ཅི་འདྲའི་ཡིད་ལ་བརྣག་པའི་ཐ་སྙད་གསོན་པོ་ཞིག  ཅི་འདྲའི་བརྗེད་དུ་མི་བཏུབ་པའི་དྲན་ཤིང་སྣུམ་པོ་ཞིག་ཨང་།

 

མཚན་མོ་དེར་སྨག་རབ་ཏུ་མཐུག་པའི་རྒྱུ་མཚན་མང་པོ་ཞིག་ད་བར་དུ་ལབ་པ་ཡིན་མོད།  ཕལ་ཆེར་ཁྱེད་ཀྱིས་གཏམ་རྒྱུད་འདིའི་ལྗོངས་རྣམ་ཚང་མ་སྨག་རབ་ཏུ་མཐུག་པའི་མཚན་མོ་ཁོ་ན་ཞིག་ཏུ་སྒོམ་ནས་བསྡད་ཡོད་ངེས་མོད།  འོན་ཀྱང་།  ཁོ་གཉིས་སྨྲ་བ་ཅི་ཡང་མེད་པར་ཁུ་སིམ་མེར་ཕན་ཚུན་ལ་འཁྱུད་རེས་ཀྱིས་བསྡད་འདུག་པའི་མོད་ལ།  གློ་བུར་དུ་ཨ་སྔོན་དགུང་གི་སྤྲིན་པ་མཐུག་པོ་དག་ཕར་འགྲོ་ཚུར་འགྲོ་ཡིས་ག་ཤེད་ཅིག་ལ་སླེབས་སོང་ཞིང་།  དཀར་གསལ་ཟླ་བའི་འོད་མདངས་རབ་ཏུ་གསལ་པ་ཞིག་ཁོ་གཉིས་ཀྱི་མགོ་ཐོག་ཏུ་གསལ་ལེར་འཆར་བྱུང་།  དེ་དུས་གསར་བུའི་སྣང་བ་སྣ་རྩེར་ཡོད་པའི་ཁོ་རང་ཡང་རབ་ཏུ་གཉོམ་པར་གྱུར་ཅིང་སུ་ཞིག་གིས་འཕྲོག་འགོ་རྩོམ་བཞིན་པ་ལྟ་བུའི་བུ་མོ་དེ་དམ་པོར་འཁྱུད་ནས་མིག་ཟུང་བཙུམ་ནས་བསྡད་ཡོད་ལ།  ཁོ་མོའང་ལུས་སེམས་ཅི་ཞིག་གིས་སྤྲིད་པའི་མགོ་བོ་དེ་ཁོའི་བྲང་ཁར་ལྷེམ་མེར་བཞག་སྟེ་ཉལ་འདུག  མོ་རང་ཧ་ཅང་སོས་དལ་བག་ཕེབས་ཀྱིས་མགོ་བོ་ཁོའི་བྲང་གཞུང་དུ་བཞག་འདུག་པར་བལྟས་ན།  ཕལ་ཆེར་ཁོའི་ཡ་ཆུང་ཁོག་གི་བྲང་གཞུང་གི་སྙིང་ཆུང་དེ་སྟིག་སྟིག་ལྡིང་བཞིན་པ་དེ་ཚོར་གྱིན་ཡོད་པ་འདྲ།

 

མཚམས་ཤིག་ཁོའི་ལུས་སེམས་ཀྱི་ཚོར་བའི་སྣེ་མོ་རེ་རེ་ནས་གཟུགས་མེད་ཀྱི་འག་སྐད་རིགས་ཤིག་གྲགས་འོང་ཞིང་། གཟུགས་མེད་ཀྱི་ཚོར་སྤྲིན་ཆེན་པོ་དེ་ག་ལེར་ཁོའི་ཕྱི་ལུས་ཀྱི་རྩ་ཁམས་ཡོངས་སུ་སིམ་པར་གྱུར་བྱུང་བས།  མཚམས་ཤིག་ཁོའི་ལུས་སེམས་ལ་རང་དབང་གང་ཡང་མེད་པར་གྱུར་པའི་ཟུག་གཟེར་གྱི་རྔུལ་ཆུ་ཕྲ་རུལ་དག་ཁོའི་ལག་པ་ཟུང་གི་རྩ་ལམ་བརྒྱུད་ནས་ཐོན་འོང་བཞིན་རེ་ཞིག་ཁོ་རང་གི་ཀླ་སྒྲོམ་གྱི་རིག་པ་ཚུར་གསལ་ཙམ་ཞིག་བྱས་པའི་ཚེ།  ཁོ་རང་ཅི་བྱ་འདི་བྱེད་མེད་པར་ལག་པ་གཉིས་ཀྱི་མཆན་འོག་ཏུ་ཁོ་མོ་བསྣན་ནས་ཡོད་ཅིང་།  ཁོ་མོས་ཀྱང་ལུས་སེམས་ཡོངས་རྐྱེན་ཅི་ཞིག་གིས་ག་ཤེད་ཅིག་ལ་བཟི་སོང་ཡོད་པ་འདྲ་ལ་འགུལ་སྐྱོད་ཅི་ཡང་མེད་པར་ཁོའི་མཆན་འོག་ཏུ་བསྙེས་ནས་འདུག  དེའི་མོད་ལ་ཁོས་ལག་པ་ཟུང་གིས་ཁོ་མོའི་མགོ་བོ་ནས་ག་ལེར་ཡར་འཐེན་འོང་སྟེ་ཁོ་མོའི་ངོ་གདོང་དུ་བལྟས་པ་ན།  ཧ་ཅང་ལྷིང་འཇགས་པའི་མཚན་ལྗོངས་དེ་ཡི་ཨ་སྔོན་དགུང་དུ་རབ་ཏུ་གཞོན་ཤ་དོད་པའི་ཟླ་འོད་ཀྱི་ཟེགས་མ་དག་མོའི་ངོ་གདོང་དུ་འཕྲོས་ནས་ཡོད།  མཚན་ལྗོངས་འདིའི་ཁྲོད་ཀྱི་གཞོན་ཤ་དོད་པའི་ཟླ་གམ་དང་རབ་ཏུ་མཚུངས་པའི་ཁོ་མོའི་མིག་ཟུང་གཉིས་ཀྱིས་ཁྲ་ལམ་མེར་ཁོ་ལ་ཡར་བལྟས་ནས་འདུག་ཅིང་།  ངོ་སྟོད་ཅུང་ཟླུམ་པོ་དང་ངོ་སྨད་ནས་རིམ་བཞིན་ཅུང་ཇེ་ཕྲ་རུ་གྱུར་པའི་ངོ་གདོང་ཁྲོད་དུ།  གསར་སྐྱེས་ཀྱི་ཀུ་ཤུ་ཆུ་རིས་ཅན་ལྟ་བུའི་འཁུར་ཚོས་ཟུང་དང་། གསེར་མིག་ཉ་མོའི་པྲུག་སྒང་ལྟ་བའི་སྣ་གདོང་།  བལྟས་པ་ཙམ་གྱིས་ཡིད་ཀྱི་ག་ཤེད་ཅིག་ལ་སྐོམ་གདུང་ཀྱི་རྔུལ་ཆུ་དྲོས་ཡོང་བའི་མཆུ་སྒྲོས་ཅུང་འབུར་གཟུགས་སུ་ཡོད་པ་དེ་དག་གིས་ཁོའི་ཡིད་ཀྱི་ཁམས་མཐའ་དག་སྐོམ་གདུང་གིས་ཁེངས་པར་གྱུར་ཅིང་། ལུས་ཀྱི་ཆ་ཤས་རེ་རེ་ནས་ཟ་ཕྲུག་རྒྱས་འོངས་།

 

དེ་ནས་ཁོས་ལག་པ་ཟུང་གིས་ག་ལེར་མོའི་ལུས་ཀྱི་གྱོན་གོས་དག་འཕུད་འགོ་བརྩམས་ཤིང་།  དོར་མའི་ཁ་ལ་ཐུག་སྐབས་མོས་གློ་བུར་དུ་ལག་པ་གཡོན་མས་དོར་མའི་ཁ་ལ་འཐམ་སྟེ་དམ་པོར་བསྡམ་འདུག  དེ་ནས་ཁོའི་ལག་པའང་ཤེད་ཤུགས་མ་ཕུད་པར་གནས་གཅིག་ཏུ་ཁ་བསྒག་ནས་འདུག་བཞིན་དུ།  མགོ་བོ་ག་ལེར་མར་མར་སོང་སྟེ་མོའི་མཆུ་སྒྲོས་ཅུང་འབུར་གཟུགས་སུ་དོད་པ་དེའི་སྟེང་ཁོའི་མཆུ་སྒྲོས་ལྷོད་ཀྱིས་ཐུག་བྱུང་།  ཁོས་མཆུ་སྒྲོས་ཀྱིས་ཁོ་མོའི་མཆུ་སྒྲོས་ཀྱི་ཟུར་དང་ལེབ། ཐད་དང་ནང་སོགས་ལ་ག་ལེར་འོ་བྱས་ཏེ་ཅུང་འགོར་བ་ན།  མོའི་མཆུ་སྒྲོས་ཀྱང་ག་ལེར་ཁ་ཕྱེས་འོང་སྟེ་ཁོའི་ལྕེ་ཡི་སྣེ་མོ་དེ་ནང་དུ་འཇུབ་སོང་།  དེའི་མོད་ལ་ཁོའི་ལུས་ཀྱི་རྩ་ལམ་རེ་རེ་ནས་ཚ་དྲོད་ཀྱི་མེ་ལྕེ་མཆེད་འོང་ཞིང་ཁོ་མོའི་དོར་མའི་ཁ་རུ་ཡོད་པའི་ལག་པ་དེ་ཅུང་འགུལ་ཙམ་ཞིག་བྱས་པའི་ཚེ།  ཁོ་མོའི་མིག་ཟུང་ག་ལེར་བཙུམ་སོང་ཞིང་།  དེ་ནས་རིམ་གྱིས་མོའི་དོར་མའི་ཁ་ཡི་ལག་པའི་པར་ཁའང་ག་ལེར་ལྷོད་པར་གྱུར་།

 

དེ་ནས་ཁོ་གཉིས་ཀྱི་གྱོན་གོས་ཡོད་ཚད་ཕུད་དེ་གམ་དུ་གཡུག་རྗེས།  ཁོའི་ལུས་ཀྱི་ཆ་ཤས་རེ་རེ་ནས་མོའི་གཅེར་ལྗེན་གྱི་ལུས་སྟེང་ལ་ག་ལེར་རེག་འགོ་བརྩམས།

 

རེད་ཡ།  མཚན་ལྗོངས་འདི་ནི་དགུན་གཞུང་ཞིག་སྟེ།  ཙག་རབ་ཏུ་ཆེ་ཞིང་།  ཁོ་གཉིས་ཡོད་སའི་ཕྱི་རོལ་གྱི་ས་སྟོང་དེ་ནི་ལྷག་ཏུ་ཙག་རླུང་རྒོད་ནའང་།  ཁོ་མོའི་ལུས་དྲོད་ནི་ཅི་འདྲའི་བརྗོད་ཀྱིས་མི་ལངས་པ་ཞིག་རེད་ཨང་།  འོན་ཀྱང་།  ཁོ་མོའི་ལུས་ཡོངས་འདར་ཟུག་རྒྱག་གིན་འདུག  ཁོ་མོའི་ལུས་ཕུང་འདར་ཟུག་རྒྱག་གིན་པ་དེ་འཁྱག་པ་ཙག་གིས་ཁོག་འདར་རྒྱག་བཞིན་པ་ཞིག་མ་ཡིན་པར།  མོ་རང་ཕལ་ཆེར་སྔངས་འཚབས་ཆེན་པོ་ཞིག་སྐྱེས་བཞིན་པ་འདྲ་ཨང་།  དེ་ལྟ་ཡིན་ནའང་ཁོ་མོའི་ངོ་གདོང་གི་བློས་གཏོང་གི་མཛུམ་ཆུང་ལྷོད་མོ་དེས་ཁོའི་སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་སླེབས་འོངས་།  དེ་ནས་ཁོ་རང་ག་ལེར་མོ་ལ་འོ་བྱེད་བཞིན་ལག་པ་ཟུང་གི་སྟེང་ཤེད་ཤིག་ཆེ་ཙམ་ཞིག་ཕུད་དེ་ཁོ་མོའི་ལུས་སྟེང་དུ་འབུད་འགོ་རྩོམ་བྱུང་།

 

མཚན་མོ་དེར་ཙག་རླུང་ཅི་འདྲའི་རྒོད་ནའང་དཀར་གསལ་གྱི་ཟླ་བས་ཁོ་གཉིས་ལ་ཁད་ཀྱིས་འདུག་རོགས་བྱས་ནས་ཡོད་ཅིང་།  འཁྱག་སྣང་ཕྲན་ཙམ་མེད་པའི་ངང་ཟླ་འོད་འོག་ཏུ་ཁོ་མོའི་ངོ་གདོང་ནི་ཅི་འདྲའི་སྙིང་དུ་སྡུག་པ་ལ་ཨང་། ཁོ་མོའི་ལུས་ཀྱི་འཇམ་ཤ་དག་ནི་ཅི་འདྲའི་ལྷམ་མེར་བེ་ཞིག་ཨང་།  ད་དུང་ཁོ་མོའི་སྨུན་མ་ཐག་པའི་སྨྱོས་བུམ་ཟུང་ག་ལེར་ཁོའི་བྲང་གཞུང་དུ་ཐུག་བྱུང་བའི་མོད་ལ་ཁོ་རང་སྲབ་སྒྲོག་ལས་ཤོར་བའི་རྟ་ཕོ་ཞིག་དང་འདྲ་བར་ཁོ་མོའི་རྐང་པ་ཟུང་གི་བར་དུ་ལུས་སྨད་ཀྱི་ཆ་ཤས་མཐའ་དག་མར་བབ་པ་ན།  ཁོ་མོས་ལུས་ཡོངས་ནས་སྔངས་འདར་གྱི་སིག་འདུར་དེ་ཆེ་ནས་ཆེ་རུ་འཕྱོ་ཞིང་།  ཁོ་གཉིས་ཀྱི་ལུས་ཀྱི་བ་སྤུ་ཐམས་ཅད་ཡར་གཟེངས་འོངས་།  དེའི་མོད་ལ་ཁོའི་ལུས་སྨད་ཀྱི་ཆ་ཤས་ཤིག་གི་སྣེ་མོ་དེ་ཚ་དྲོད་རབ་ཏུ་ཆེ་བའི་གནས་ཤིག་ཏུ་སླེབས་པ་ན།  ཁོ་མོ་རང་དབང་མེད་པར་འགུལ་ཙམ་ཞིག་བྱེད་བཞིན་ན་རེ།

 

་་་་་ ཁྱེད་ཀྱིས་ག་ལེར་བྱེད་རོགས།

“ཅི་རེད།  ”

 

ང་སྐྲག་གི

 

“ཁྱེད་ཅི་ལ་སྐྲག  སྐྲག་དགོས་མ་རེད།”

 

་་་་་ དལ་མོ་ཞིག་བྱེད་རོགས།  ང་ངོ་མ་སྐྲག་ཀི

 

“ཁྱེད་རང་སྔོན་མར་འདི་འདྲ་བྱེད་མྱོང་ཨེ་ཡོད།”

 

ང་ཐོག་དང་པོ་ཡིན།  ང་སྐྲག་ཀི

 

་་་་་་་་་་་ ་་་་

ཁོ་རང་རེ་ཞིག་ལྟབ་ལྟབ་པོར་གྱུར་ཅིང་སྨྲ་བ་ཅི་ཡང་མེད་པར་ལྷག་ནས་འདུག  ཡིན་ནའང་།  ཁོའི་ལུས་ཁམས་ཀྱི་རྩ་གནད་ཡོད་ཚད་ཟང་ཟིང་དུ་གྱུར་ནས་ཡོད་པའི་གནད་དོན་འདི་ལ་ཁ་ལོ་བསྒྱུར་ཐབས་ཡེ་ནས་མེད་པས།  ཁོའི་མིག་ཟུང་ཤེད་ཀྱིས་བཙུམ་སྟེ་ཁོག་སྨད་ཀྱི་འཕོང་མགོའི་ཐད་ནས་ག་ལེར་ཁོ་མོའི་ལུས་སྟེང་དུ་ལྗིད་ཤུགས་འཁེལ་འགོ་ཚུགས་སོང་།  དེའི་མོད་ལ་ཁོ་མོའི་མགྲིན་པའི་གཏིང་རུམ་ཞིག་ནས་འཁུན་སྒྲ་རིང་མོ་ཞིག་ག་ལེར་ཡར་འཐེན་འོང་སྟེ་ངག་སྒོ་རུ་སླེབས་ཙམ་གྱི་མོད་ལ།  ཁོ་མོའི་ལུས་ཡོངས་སུ་སྔ་ན་མེད་པའི་ཤེད་ཤུགས་ཆེན་པོ་ཞིག་གིས་བཟུང་སྟེ་བསྡད་ཡོད།  ཡ་སོ་ཡོད་ཚད་མ་ཁའི་སྟེང་དུ་མཐམས་བཞིན་ངག་སྒོ་ལས་འག་སྐད་ཕྲ་མོ་ཞིག་རླུང་བུ་སྦོམ་ཕྲ་ཞིག་ལ་བརྒྱུས་ནས་ཡོང་གིན་འདུག་ཅིང་།  མོའི་ལུས་ཡོངས་ལ་ཧ་ཅང་སྲ་ཚུགས་སུ་བསྡུས་ནས་ཡོད་པའི་ལག་པ་ཟུང་གིས་ཁོའི་ལུས་ཡོངས་ནས་དམ་པོར་བསྡམ་ནས་ཡོད།    དེའི་མོད་ལ་ཁོའི་ཀླད་པའི་སྤྱི་གཙུགས་ནས་མགོ་བོའི་སྟེང་འོག་ཚང་མ་རབ་ཏུ་སྲ་མཁྲེགས་ཆེ་བའི་ཚོར་སྤྲིན་ཞིག་གིས་ཡོངས་སུ་གཡོག་ཅིང་།  མིག་དབང་གི་ཕྱོགས་བཞི་མཚམས་བརྒྱད་ནས་དཀར་སེར་དམར་ལྗང་གི་ཁ་དོག་སྣ་ཚོགས་ཀྱི་བསྣོལ་རེས་བྱས་ནས་སླེབས་འོང་།

 

མེ་ཏོག་རྐང་གཅིག  མེ་ཏོག་རྐང་་་་་་   ཅི་འདྲའི་བླ་ན་མེད་པའི་ཐ་སྙད་བརྗིད་པོ་ཞིག་ཨང་།  ཅི་འདྲའི་འཇིགས་ཤིང་སྔངས་པའི་བརྗོད་བྱ་ཟབ་མོ་ཞིག་ཨང་།  མིན་་་  མིན་་་  ཁྱེད་ཀྱིས་ང་ལ་མེ་ཏོག་གི་གཏམ་རྒྱུད་མི་གླེང་རོགས།

 

དེའི་མོད་ལ་ཁོ་གཉིས་ཀྱི་ལུས་ཡོངས་རྔུལ་ཆུས་སྦྲེལ་ཞིང་ཡོད་ཚད་བརླན་པར་གྱུར་ནས་འདུག  དེ་དུས་ཁོ་མོའི་ལུས་ཀྱི་འདར་ཟུག་དེའང་ཅུང་ལྷོད་ལ་བབ་འདུག་ཅིང་།  ཅི་ཞིག་ལབ་འདོད་ཀྱི་སྙིང་ཆུང་སྟིག་སྟིག་ལྡིང་བཞིན་མགོ་བོ་ག་ལེར་ཁོའི་བྲང་ཁུག་བཞག་ནས་འདུག   དེ་ལྟར་ཁོ་གཉིས་ཕན་ཚུན་ལ་འཁྱུད་རེས་བྱས་ཏེ་ལྷག་ནས་ཡོད་པའི་མོད་ལ།  ཨ་སྔོན་གྱི་ཟླ་བ་གཞོན་ནུ་དེ་ཁོ་གཉིས་ཀྱི་མགོ་ཐོག་ནས་ཧ་ཅང་དམའ་སའི་རྒྱང་རིང་རི་བོ་དག་གི་གྲང་ཐད་ནས་ག་ལེར་ནུབ་རིར་བཞུད་ཀྱིན་འདུག  དེའི་མོད་ལ་ཁོ་རང་གཉིས་རེ་ཞིག་རྨི་ལམ་གྱི་ཞིང་དུ་སླེབས་ཙམ་བྱས་པའི་མོད་ལ།  ཕར་ཕྱོགས་ཤིག་ནས་ལྡབ་ལྡུབ་ཀྱི་ཁ་དོན་ཞིག་གྲགས་འོང་ཞིང་།  ཨ་ཡེ་རྒན་མོ་ཞིག་གི་ངག་སྒྲོས་ལས་མཆེད་འོང་བའི་ཕྱག་མཚལ་པ་དང་ཉི་ཤུ་རྩ་གཅིག་ཅེས་པའི་ཟུར་སྐད་དེ་ཐད་གར་ཁོའི་རྣ་བའི་བུ་གར་སླེབས་འོངས་སྟབས།  ཁོ་རང་གཉིད་ལས་སད་བྱུང་ལ།  ཁོས་མྱུར་དུ་མགོ་བོ་བཀྱགས་ཏེ་ཕར་ལྟ་ཚུར་ལྟ་ཞིག་བྱས་པའི་ཚེ།  ཕར་ཕྱོགས་སུ་རྒན་རྒོན་དག་ཞོགས་པ་སྔ་མོར་དགོན་པར་བསྐོར་བ་བྱེད་དུ་འགྲོ་བཞིན་འདུག  དེ་ནས་ཁོའི་ལུས་ཡོངས་རབ་ཏུ་འཁྱག་པའི་ཙག་སེར་ཞིག་གིས་སྤྲིད་པར་བྱས་འོངས་ཞིང་།  ཁོས་ཁོ་ར་ཁོར་ཡུག་ཏུ་ཞིབ་ཀྱིས་བལྟས་པ་ན།  ས་གཞི་ཐམས་ཅད་ཁ་བས་གཡོག་ཅིང་ཁོ་རང་གཉིས་ཀྱི་ལུས་སྟེང་དུ་ཡོད་པའི་ཁོའི་བོད་ལྭ་ཐལ་རྐྱང་དེའང་ཙག་གིས་འཁང་སྟེ་མཉེན་འཁྱུག་མེད་པའི་རྡོ་ལེབ་མོ་ཞིག་དང་འདྲ་བར་གྱུར་འདུག  དེ་ནས་ཁོས་ག་ལེར་ཁོ་མོའི་འགྲམ་པ་རུ་རེག་སྟེ་ཁོ་མོ་གཉིད་ལས་བསླངས་ཤིང་ཁོ་གཉིས་མལ་ལས་ཡར་ལངས་འགོ་བརྩམས།

 

རེད།  ཁོ་གཉིས་ཀྱི་ལུས་ཕུང་ཚང་མ་རབ་ཏུ་འཁྱག་ཅིང་འདར་སིག་ཁྲོད་ནས་ཡར་ལངས་ཏེ་གྱོན་གོས་སོགས་གྱོན་པ་ན། ལག་ཟུང་འཁྱག་པས་འཁུམ་བཞིན་པའི་ཁོ་མོས་ཤེད་ཤུགས་ཡོད་དགུ་བཏོན་ཏེ་ཁོ་ལ་སྐེ་རགས་བཅིངས་བཞིན་ན་རེ།

 

ད་ང་ཕུ་བོ་ཚང་དུ་འགྲོ་ཡོང་།

 

“ཡ་ཆོག་གི  འོན་ཀྱང་། འུ་གཉིས་ཀྱིས་ད་དུང་ཕན་ཚུན་ངོ་ཡང་གསལ་པོར་མི་ཤེས་རྐྱེན།  འུ་གཉིས་ཇི་ལྟར་འཕྲད།”

 

ངའི་མིང་དངོས་ལ་རིག་འཛིན་སྒྲོལ་མ་ཟེར་བ་ཡིན།  མང་མང་གིས་རྒྱུན་དུ་སྒྲོལ་མ་ཞེས་འབོད།  ཁྱེད་ཀྱིས་མདང་དགོང་ཨ་ལོང་ཟམ་ཁ་ནས་སྒྲོལ་མ་ཞེས་བོས་པའི་ཚེ་ན།  ངའི་སེམས་སུ་ངོ་ཤེས་ཤིག་ཡིན་ནམ་སྙམ་སྟེ་བསྡད་པ་ཡིན།

 

ཧུ་ཧུ།  ངས་ཁ་ལ་ཅི་ཡོང་གི་མིང་ཞིག་གིས་གང་འདོད་དུ་བོས་པ་ཡིན།

 

“འདི་ལ་སྔོན་བསགས་ཀྱི་ལས་དབང་ཟེར་དགོས་པ་ཡིན་འདྲ།”

 

འོ་རེད།  འུ་གཉིས་ཇི་ལྟར་ཐུག

དེ་རིང་ཕྱི་དྲོ་ཆུ་ཚོད་༣གསུམ་སྟེང་ལམ་ཆེན་བཞི་མདོ་ནས་ཐུག  ངས་ཁྱེད་རང་དུས་ཐོག་ཏུ་སྒུག་འདུག”

 

“ཡ་ཡ་རེད།  དེས་ན་ང་ཆུ་ཚོད་གསུམ་སྟེང་ངེས་པར་དུ་དེར་ཐོན་དུ་འཇུག”

 

དེ་ལྟར་འགྲོ་ཁར་ཁོས་ཁོ་མོས་འགྲམ་པ་གཉིས་ལག་པས་བསྐྱོར་ཏེ་འོ་ཞིག་བྱས་པའི་མོད་ལ།  ཁོ་མོས་ཁོ་རང་ལ་དམ་དུ་འཁྱུད་དེ་རེ་ཞིག་ལྷག་ཅིང་།  མཚམས་ཤིག་ཁོ་གཉིས་ཀྱིས་དུས་ཆད་དེ་དྲན་སྐུལ་ཞིག་བྱེད་བཞིན་རང་རང་སར་བུད་སོང་།

 ༜

       ཁོ་རང་རབ་ཏུ་འཁྱག་བཞིན་ཚུར་གཞུང་ལམ་འགྲམ་དུ་སླེབས་པ་ན།  ཤར་མཐའི་སྐྱ་རེངས་ཀྱི་འདབས་ནས་ཉི་འོད་ཀྱི་ཟེགས་མ་དག་ག་ལེར་ཡར་ཡར་འཕགས་ཡོང་གིན་འདུག  དེ་ནས་ཁོ་རང་ག་ལེར་མར་མར་རྫོང་གི་ཕྱོགས་སུ་ཡོང་བ་ན།  ལམ་གྱི་གཡས་གཡོན་གྱི་གྲོང་སྡེ་ཡི་ཁང་པ་དག་གི་ཁང་ཐོག་དང་གྱང་རྩ་སོགས་སུ་སྐྱེས་མ་ཚོས་ཁ་བ་ཕྱགས་ཀྱིན་འདུག  དེ་ནས་ཁོ་རང་ཨ་ལོང་ཟམ་པ་བརྒྱུད་ནས་རྫོང་བར་དུ་སླེབས་པ་ན།  ཟ་ཁང་ཞིག་གི་དུད་ཁུང་ཁྲོད་ནས་ད་གཟོད་མེ་ཁ་གསར་དུ་བཟུང་བའི་དུ་བ་སྔོ་སློག་སློག་ཅིག་འཕྱོ་བཞིན་ཡོད་སྟབས།  ཁོ་རང་མྱུར་དུ་དེ་བ་ཚང་གི་ནང་དུ་འཛུལ་སོང་།   ཟ་ཁང་ནང་དུ་མི་གཅིག་ཀྱང་མེད་ལ་ཐབ་ཐོག་ཏུ་ཇ་འབྱམ་འབྱུམ་ཞིག་ཡོད་པ་དེ་ལས་ཇ་རྫ་མ་གང་བླངས་ནས་བསྡད།   དེ་ནས་ཅུང་ཙམ་འགོར་རྗེས་ཁོ་རང་གཉིད་དུ་ཡུལ་སོང་ལ་ཁོའི་རྨི་ལམ་གྱི་འཇིག་རྟེན་གཞན་པ་དེ་ཡི་བསླུ་བྲིད་འོག་ནས་ཁོ་རང་རྨི་ལམ་གྱི་གཏིང་ཟབ་ས་ཞིག་ཏུ་དྲུད་ནས་བུད་སོང་།

 

མཚམས་ཤིག་ཁོ་རང་གཉིད་ལས་ག་ལེར་སད་བྱུང་ཞིང་།  ཁོའི་ཉེ་འགྲམ་དུ་མི་ཚོགས་ཀྱི་སྐད་ཆ་ལྡབ་ལྡུབ་ཅིག་ཟང་ཟིང་དུ་གྲགས་ནས་ཡོད།  ཁོས་མིག་ཟུང་ཤེད་ཀྱིས་ཕྱེས་ཏེ་ཕར་ཚུར་ལ་བལྟས་པ་ན།  ཁོ་རང་ཡོད་སའི་ཟ་ཁང་ནང་དུ་མི་ཚོགས་ཤིག་སླེབས་འདུག་ཅིང་།  ཚང་མས་མིག་ཟུང་ཡར་ཕྱོགས་ཀྱི་བོད་སྐད་བརྙན་འཕྲིན་ཟློས་གར་ཐང་སིན་བླ་མའི་རྣམ་ཐར་ལ་ཧད་ནས་འདུག་པ་དེ་ལས་རེབ་གཅིག་ཏུ་ཁོའི་ངོ་གདོང་ལ་ཅེར་ནས་ཡོད།  དེའི་མོད་ལ་ཁོ་རང་ཅུང་ངོ་ཚ་བར་གྱུར་ཏེ་ཟ་ཁང་ནང་གི་གྱང་ངོས་སུ་སྦྱར་འདུག་པའི་ཆུ་ཚོད་འཁོར་ལོར་ཅིག་བལྟས་པའི་ཚེ།  ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་བདུན་གྱི་སྟེང་ནས་སྐར་མའི་མདའ་འགོ་དེ་ཕར་བཟུར་གྱིན་ཡོད།  དེ་དུས་ཁོའི་ཡིད་ལ་གློ་བུར་དུ་ཁོ་གཉིས་ཀྱིས་དུས་ཆད་བགོས་པའི་ཆུ་ཚོད་གསུམ་སྟེང་གི་དུས་ཆད་དེ་དྲན་འོང་ཞིང་།  མགྱོགས་པོར་སྒོ་རུ་རྒྱུགས་ཏེ་འཕྲུལ་རྟའི་རྐེ་ཚུགས་ནས་ཤེད་ཀྱིས་དཀྱུ་བཞིན་ལམ་ཆེན་བཞི་མདོའི་ཕྱོགས་སུ་རྒྱུགས་སོང་།

 

ཁོ་རང་ལམ་ཆེན་བཞི་མདོ་རུ་སླེབས་པ་ན།  མི་ཚོགས་བརྒྱ་གཤར་སྟོང་གཤར་བྱེད་ཀྱིན་ཡོད་ལ།  ཁོ་རང་སྒུག་འདུག་པ་འདྲ་བའི་བུ་མོ་རིག་འཛིན་སྒྲོལ་མའི་ཟོལ་ཞིག་གི་གྲིབ་མ་ཙམ་ཡང་མཐོང་དུ་མེད་པས།  ཁོའི་བློ་ཁ་ལྷག་ཏུ་འཚུབ་ཆ་ལངས་འགོ་ཚུགས།  དེ་ནས་ཁོ་རང་ལམ་ཆེན་བཞི་མདོ་ནས་ཕར་རྒྱུགས་ཚུར་རྒྱུགས་བྱས་ཏེ་ཅི་ཙམ་རྒྱུགས་ནའང་ཁོ་ལ་བརྡ་ལན་སྟེར་ཡོང་མཁན་ཞིག་གཅིག་ཀྱང་མི་འདུག་སྟབས།  ཁོ་རང་ཐབས་ཟད་འུ་ཐུག་སྟེ་བུ་མོ་ཆ་མེད་རེ་ཡི་གམ་དུ་ཐོན་པ་ན་ངག་ལས་གང་འདོད་ཀྱིས་རིག་འཛིན་སྒྲོལ་མ།  རིག་འཛིན་སྒྲོལ་མ།  ཞེས་མིང་ནས་བོས་ཏེ་ཨ་ལན་ཞིག་ལ་རེ་བས་སྒུག་བཞིན་རྒྱུགས་ནའང་།  ཁོ་ལ་ཨ་ལན་སྟེར་ཡོང་མཁན་ཞིག་གཅིག་ཀྱང་མེད་པར།  འགའ་རེས་འདི་སྨྱོན་པ་ཞིག་རེད་ཅེས་འཕྱ་སྨོད་བྱེད་ཅིང་།  བུ་མོ་ལ་ལས་གསར་བུ་འདིས་བརྙེས་བཅོས་བྱེད་ཀྱིན་འདུག་ཟེར་བཞིན་སྐད་རྒྱགས་འགོ་རྩོམ།  དེ་ལྟར་ཁོ་རང་ཕར་རྒྱུགས་ཚུར་རྒྱུགས་ཀྱིས།  རིག་འཛིན་སྒྲོལ་མ་ཟེར་བཞིན་རྒྱུགས་རྒྱུགས་པའི་མོད་ལ།  མཚམས་ཤིག་རྫོང་བར་གྱི་གློག་སྒྲོན་དག་ཀྱང་ག་ལེར་བཀར་འོང་ཞིང་།  རྫོང་བར་གྱི་མི་ཚོགས་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར།  མཚམས་ཤིག་ལམ་ཆེན་བཞི་མདོ་རུ་འགྲོ་འདུག་གི་མི་གཅིག་ཀྱང་མེད་པར་གྱུར་ཅིང་།  བཞི་མདོ་དེ་ཡི་གློག་སྒྲོན་འོག་ཏུ་ཁོ་རང་གཅིག་པུ་ཅི་བྱ་གཏོལ་མེད་ཀྱིས་རང་གི་བྲང་ཁར་ཁུ་ཚུར་གྱིས་རེ་རེ་གཞུས་བཞིན་ལྷག་ནས་འདུག

 

མེ་ཏོག་རྐང་གཅིག   མེ་ཏོག་རྐང་གཅིག  ཅི་འདྲའི་ཡིད་དུ་འོང་བའི་ཐ་སྙད་གསོན་པོ་ཞིག་ཨང་།   མེ་ཏོག་རྐང་གཅིག  མེ་ཏོག་རྐང་་་་་།   ཅི་འདྲའི་དྲན་གདུང་གི་མནར་གཅོད་ཐེབས་པའི་ཐ་སྙད་སྐྱོ་བོ་ཞིག་ཨང་།   མིན།  མིན།   ཁྱེད་ཀྱིས་ང་ལ་མེ་ཏོག་གི་གཏམ་རྒྱུད་མི་གླེང་རོགས།   ཁྱེད་ཀྱིས་ང་ལ་མེ་ཏོག་གི་ཆག་འཇིག་མི་གླེང་རོགས།

 

 2017-5-14ཉིན་རྔ་བ་ནས་རུ་གྲུབ།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།