ཉིན་གཅིག་གི་རྟོག་འཆར།

286

 

 

རྩོམ་པ་པོ།   སྙུག་བཅུད་ལེན། 

 

          ཁོས་རང་གི་ཨམ་ཅོག་ཏུ་ཡོད་པའི་ཁ་པར་རྣ་ཉན་དེ་ལག་པས་ག་ལེར་མར་བླངས་ཏེ་མིག་ཟུང་ཞིག་ཕྱེས་པ་ན།  ཁོ་རང་གཞི་ནས”དཔལ་འཛོམས་ཇ་གསོལ་ཁང”དུ་ཡོད་པ་ཤེས་བྱུང་ལ།  ཁོའི་ཁ་གཏད་ཀྱི་མགྲོན་བསུ་སྟེགས་བུ་རུ་སྦྱིན་བདག་མས་ཁོ་རང་གཉིད་ཡོར་ལས་སད་པ་དེ་མཐོང་བས་ཁོ་ལ་བལྟས་ནས་དགོད་ཙམ་བྱེད་ཀྱིན་འདུག  ཁོ་རང་ཅུང་ངོ་ཚ་བར་གྱུར་ཏེ་སྦྱིན་བདག་མའི་ཕྱོགས་སུ་ལྟ་བཞིན་དགོད་ཙམ་བྱས་ཏེ་གླལ་རྒྱངས་ཤིག་བྱེད་བཞིན་ན་རེ།

     “ ཨ་་་ཡོ་ཡོ།  (1)དཔྱིད་ངན་མའི་ནང་ལ་གཉིད་འབབ་ཀི་ཡ།  ”ཞེས་ཟེར་ཞོར་ཁོས་རང་གི་གཉིད་ཡོར་གྱི་ངོ་ཚ་དེ་ཕར་གཡོལ་ཐབས་ཙམ་བྱས་ཏེ་མདུན་གྱི་དཔེ་དེབ་ཀློག་འཕྲོ་དེ་ཕར་འདེད་ཙམ་ཞིག་བྱེད་བཞིན་ཇ་ཕོར་ལས་ཇ་ཧུབ་གང་འཐུང་ནས་བསྡད།

      ཅུང་ཙམ་འགོར་རྗེས་ཡང་ཁོས་རྣ་ཉན་ཨམ་ཅོག་ཏུ་བཅུགས་ཏེ་བདུད་བྷེའི་རྡུང་ལེན་རྙིང་པ་ཞིག་སྟེ་《སྤྲིན་པ་ཕར་འགྲོ་ཞིག་ལ་》 ཞེས་པ་དེར་ཉན་བཞིན་མགོ་བོ་རྒྱབ་བསྙེས་སུ་ཁེན་ཏེ་བསྡད།   མཚམས་ཤིག་ཁོའི་ཡིད་ལ་ལོ་ངོ་གཉིས་ཡར་སྔོན་གྱི་སློབ་ཆེན་སྐབས་ཀྱི་འཚོ་བ་ཞིག་འཁོར་འོང་།  ཐེངས་ཤིག་ཁོའི་སློབ་གྲོགས་དཔལ་ལྡན་དང་།  སྐལ་བྷེ།  རྣམ་རྒྱལ་བཅས་ཁོ་ཚོ་བཞི་པོ་གཟའ་མཇུག་གི་ངལ་གསོ་དང་བསྟུན་ནས་སློབ་གྲྭའི་ཉེ་འཁོར་གྱི་འཚིག་ཇ་ཁང་ཞིག་ཏུ་འཛོམས་ཏེ་སོ་སོའི་སློབ་སྦྱོང་གི་ལྟ་ཚུལ་སྟེང་ནས་ཁ་བརྡ་བྱས།

        “ང་ཚོ་སློབ་གྲྭ་གཅིག་ནས་དགའ་ཕྱོགས་གཅིག་པ་དག་འདི་ལྟར་མཉམ་འཛོམས་བྱུང་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན།  དེ་རིང་ངོ་མ་སྐྱིད་སྐྱིད་ཅིག་འདུག ”  ཅེས་སློབ་གྲོགས་སྐལ་བྷེས་གམ་གྱི་བག་ལེབ་འགྱིག་ཁུག་གི་ཁ་གཏེད་ཞོར་དུ་ལབ།

    “ འོ་ལེ།  སྤྱིར་བཏང་རང་གིས་ཡག་པོ་ཞིག་འབྲི་མི་ཤེས་ནའང་།  རྩོམ་རིག་ལས་ལྷག་པའི་ང་ལ་བསླུ་བྲིད་གཏོང་མཁན་ཞིག་མི་འདུག  ལྷག་ཏུ་ཁྱེད་ཚོ་ལྟ་བུའི་རྩོམ་གྲོགས་རེ་ངོ་ཤེས་པ་དེ་ངའི་མི་ཚེ་འདིའི་དོན་སྙིང་ཆེན་པོ་ཞིག་རེད། ” ཅེས་སློབ་གྲོགས་དཔལ་ལྡན་གྱིས་དེ་ལྟར་ལབ།

      “ ངོ་མ་བདེན་ཀི   ད་འུ་ཚོས་རང་གི་དགའ་ཕྱོགས་སྟེང་སློབ་གྲྭ་འདི་ནས་སྒེར་ཚུགས་ཡོད་པའི་ཚགས་པར་ཞིག་གཉེར་ན་འགྲིག་གི་འདོད།  ཁྱེད་ཚོས་བསམ་ན་ག་འདྲ་རེད། ” ཅེས་སློབ་གྲོགས་རྣམ་རྒྱལ་གྱི་གདོང་དུ་འཛུམ་ཞིག་ལངས་བཞིན་དེ་ལྟར་ལབ།

        དེའི་མོད་ལ་ཁོའི་སེམས་སུ་མི་རྣམས་སོ་སོ་གྲོགས་པོ་ཆགས་ཀྱིན་ཡོད་པའི་རྒྱུ་གཙོ་བོ་དེ་སོ་སོའི་གཤིས་ཀ་མཐུན་ཕྱོགས་དང་ཐུན་མོང་གི་དགའ་ཕྱོགས་ཤིག་ལ་འབྲེལ་འདུག་ཨང་སྙམ་བཞིན་གདོང་ལ་འཛུམ་ཞིག་ལངས།

དེ་ནས་ཁོས་ཀྱང་རང་གི་སེམས་ཚོར་ཇི་བཞིན་ལབ་སྟེ་བསྡད།

      དེའི་མོད་ལ་ཁོའི་རྣ་ཉན་དུ་གྲགས་བཞིན་པའི་བདུད་བྷེའི་གླུ་དེ་གློ་བུར་མཚམས་ཆད་སྟབས་ཁོ་རང་བསམ་གཞིགས་ཁྲོད་ནས་ཕྱིར་དངོས་ཡོད་ཀྱི”དཔལ་འཛོམས་ཇ་གསོལ་ཁང”དུ་སླེབས་བྱུང་།  ཁོའི་ཁ་པར་དུ་བལྟས་པ་ན་ཁ་པར་གློག་རྫས་ཚར་བཞིན་འདུག  དེ་ནས་ཁོས་སྦྱིན་བདག་མར་ཐེངས་གཉིས་བོས་ཏེ་ཁ་པར་གྱི་གློག་གསོག་སྐུད་པ་ཞིག་གཡར་ཏེ་ཁ་པར་ལ་གློག་བསོག་འགོ་བརྩམས།  ཁོས་ཁ་པར་གློག་གསོག་གི་སྐུད་པ་གློག་གི་བརྒལ་ཁུང་དུ་བཙུགས་ནས་སྐར་ཆ་༣༠ཙམ་འགོར་རྗེས།  གཞི་ནས་ཁོའི་ཁ་པར་ནང་དུ་གློག་རྫས་ཀྱི་བརྡ་རྟགས་དབྱིབས་གཟུགས་སུ་ཁ་དོག་དམར་པོ་འཆར་འོང་ཞིང་། གློག་རྫས་ཀྱི་གློག་ཚད་ཨང་གི་བརྒྱ་ཆའི་༡་ལ་སླེབས་འདུག  དེ་ནས་ཁོའི་སེམས་ཁམས་ཀྱི་འཕར་ལྡིང་ག་ལེར་ལྷོད་ལ་བབ་འོང་ཞིང་མགོ་བོ་ག་ལེར་ཡར་དགྱེས་ཏེ་ཇ་ཁང་ཕྱི་རོལ་ཏུ་མིག་ཉུལ་བྱེད་འགོ་ཚུགས།

     ཁང་བརྩེགས་གཉིས་ཅན་གྱི”དཔལ་འཛོམས་ཇ་གསོལ་ཁང”ནི་རྫོང་མཁར་གྱི་བཞི་མདོ་ཞིག་ཏུ་ཡོད་སྟབས།  ཇ་ཁང་ནང་ནས་ཕྱི་རོལ་གྱི་ཡར་འགྲོ་མར་འགྲོ་ཡི་རླངས་འཁོར་མང་པོ་དང་། འགྲོ་འདུག་སྤྱོད་གསུམ་གྱི་མི་ཚོགས་སོགས་གསལ་བོར་མཐོང་ཐུབ་པས།  ཁོས་དེ་དག་ལ་མིག་ཉུལ་བྱས་ནས་བསྡད།

      མཚམས་ཤིག་ཁོའི་གློག་བསོག་བཞིན་པའི་ཁ་པར་ལ་ཅིག་བལྟས་པ་ན།  ཁ་པར་གློག་རྫས་ཀྱི་གློག་ཚད་ཨང་གི་བརྒྱ་ཆའི་༣༩་ལ་སླེབས་འདུག  དེ་དུས་ཁོའི་སེམས་སུ་སྦྱིན་བདག་མའི་གློག་གསོག་སྐུད་པ་དེ་ངར་བ་ཞིག་རེད་ཨང་སྙམ་བཞིན་སླར་ཡང་གླུ་ལ་ཉན་འགོ་བརྩམས།

       དེ་ནས་ཁོས་ཁ་པར་གྱི་གླུ་མཛོད་ཁ་ཕྱེས་ཏེ་རྒྱ་ནག་གི་གཞས་པ་བང་ཧྥིང་གི་གཞས་《རྨི་ལམ་ལྟ་བུའི་རང་དབང་》ཞེས་པ་དེར་ཉན་ནས་བསྡད།  མཚམས་ཤིག་ཡང་ཁོའི་ཡིད་ལ་སློབ་ཆེན་སྐབས་ཀྱི་འཚོ་བ་ཞིག་འཁོར་འོང་ཞིང་།  ཁོ་རང་སླར་ཡང་དངོས་ཡོད་ཀྱི་༼དཔལ་འཛོམས་ཇ་གསོལ་ཁང་༽ནས་མཛེས་སྡུག་ལྡན་པའི་ཕྱིར་དྲན་གྱི་སྐྱེད་མོའི་ཚལ་དུ་སླེབས།  ཐེངས་ཤིག་《རྨི་ལམ་》ཚགས་པར་གྱི་རྩོམ་སྒྲིག་པ་དག་སྟེ།  དཔལ་ལྡན་དང་།  སྐལ་བྷེ།  རྣམ་རྒྱལ།  ཁོ་རང་དང་བཅས་མི་བཞི་བོས་《རྨི་ལམ་》ཚགས་པར་འདོན་ཐེངས་གསུམ་པ་སྒོར་བཀྲམ་སྟེ་སློབ་གླིང་གི་སློབ་གྲོགས་མང་པོས་ཀྱང་དགའ་བསུ་མི་ཉུང་པ་ཞིག་འཐོབ་ཀྱིན་ཡོད་ལ།  རྩོམ་སྒྲིག་ཚོགས་ཆུང་ཁོང་ཚོའང་དགའ་བ་དང་སྤྲོ་བས་ངང་སློབ་གྲྭའི་ཕྱིི་རོལ་གྱི་རི་སྒང་ཞིག་ལ་ཝུ་ཆང་སྒམ་གང་ཁྱེར་ཏེ་སྐྱིད་སྐྱིད་བྱེད་དུ་སོང་། དེ་དུས་ནམ་ཟླ་སྤྱི་ཟླ་དྲུག་པའི་ནང་སླེབས་འདུག་པས་གནམ་གཤིས་ཀྱང་ཧ་ཅང་འཚམས་པོ་འདུག

       དེ་དུས་ཁོང་ཚོ་སློབ་གྲྭ་ནས་སློབ་མཐར་ཀྱང་ཕྱིན་ལ་ཉེ་བས་སོ་སོས་རང་རང་གི་སྤྱི་ཚོགས་ཀྱི་ལྟ་གོན་དང་འཆར་གཞིའི་སྟེང་ནས་ལབ་གླེང་བྱས་ལ།  མཚམས་ཤིག་སློབ་གྲོགས་སྐལ་བྷེ་ཅུང་ར་བཟི་བའི་ངང་དུ་ན་རེ།  “  དྲང་མོར་བཤད་ན་འུ་ཚོ་རང་རང་གི་དགའ་ཕྱོགས་ཁྲོད་ནས་གྲོགས་པོར་གྱུར་པ་རེད། འུ་ཚོ་གྲོགས་པོར་གྱུར་ནས་དུས་ཚོད་འདི་འདྲ་ཞིག་འགོར་བའི་ནང་།  གང་ལ་གང་འཚམས་ཀྱི་ལས་ཀའང་མི་ཉུང་པ་ཞིག་འགྲུབ་སོང་བ་རེད།  ད་ནི་འུ་ཚོ་སྤྱི་ཚོགས་ཁྲོད་དུ་འགྲོ་རན་སོང་བ་རེད།  མང་པོས་བཤད་ན་སྤྱི་ཚོགས་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་རབས་ལབ་ཀྱང་།  འུ་ཚོར་སོ་སོའི་བརྩེ་བ་དང་ཕུགས་བསམ་ཡོད་པས།  སྤྱི་ཚོགས་ཟེར་བ་དེ་དེ་འདྲའི་སྐྲག་དགོས་ས་ཞིག་ག་ལ་ཡིན།  འུ་ཚོས་མུ་རུ་འབད་པ་བྱེད་དགོས།  སྤྱི་ཚོགས་སུ་ཞུགས་རྗེས་སོ་སོའི་སྒེར་ཚུགས་ཡོད་པའི་བྱ་བ་རེ་གཉེར་དགོས་པ་རེད།  འུ་ཚོ་ནམ་ཡིན་ནའང་གྲོགས་པོ་ཡིན་ནི་རེད།  དཀོན་ཅོག་གསུམ། ”

     དེ་ལྟར་ཁོས་ཆང་དམ་ཞིག་ལག་པས་འཆིང་བཞིན་བཟི་བཤད་དམ་སྙིང་གཏམ་མང་པོ་ཁ་བ་འབབ་འབབ་བྱས་ནས་ལབ།

     དེ་ནས་ཁོང་ཚོ་ཚང་མ་ར་བཟི་བར་གྱུར་པ་དང་ཚོར་བའི་ཟ་ཕྲུག་ཅིག་སོ་སོའི་སྙིང་གི་གཏིང་རུམ་ནས་ཡར་འཕྱུར་ཏེ་ལུང་ཡོངས་སྤྲིད་པར་བྱེད་བཞིན་མུ་རུ་སྙིང་གཏམ་བཤད་འགོ་ཚུགས་པ་ན་རེ།

“འུ་ཚོ་ནམ་ཡིན་ནའང་གྲོགས་པོ་ཡིན་ནི་རེད། ”

“འོ་ལེ།  ང་ཚོ་ལས་ག་འདྲ་ཞིག་ལ་འཕྲད་ནའང་གྲོགས་པོའི་བར་ཐག་དེ་ནམ་ཡང་རིང་མི་སྲིད། ”

“འོ་ལེ།  གྲོགས་པོ་ཟེར་བ་དེ་གནད་འགག་གི་སྐབས་སུ་ཡོད་དགོས་པ་རེད།”

“འུ་ཚོ་མི་ཚེ་གང་བོར་གྲོགས་པོ་ཡིན་ནི་རེད།  ག་དུས་ཡིན་ནའང་འུ་ཚོར་གྲོགས་པོའི་གསོན་ཤུགས་ཡོད་དགོས།”

“གྲོགས་པོ་ཟེར་བ་དེ། རྨ་ཆེན་གངས་རི་ལྟ་བུ་ཞིག་དགོས་པ་རེད། ག་དུས་ཡིན་ནའང་དཀར་པོ་དཀར་རྐྱང་རེད།”

“གྲོགས་པོ་ཟེར་བ་དེ།  ག་དུས་ཡིན་ཡང་ཕན་ཚུན་ལ་ངོ་གནོང་མི་དགོས་ས་ཞིག་དང་། སོ་སོའི་བར་ལ་འཛེམས་དོགས་མེད་མཁན་ཞིག་ཡིན་དགོས་པ་རེད།”

      “འུ་ཚོ་གྲོགས་པོ་བརྟན་པོར་ཆགས་ཆེད།  འུ་ཚོ་ནམ་ཡང་རང་གི་ཕུགས་བསམ་གྱི་སྟེང་ནས་ནར་སོན་ཏེ། སླར་ཡང་ཕུགས་བསམ་གྱི་སྟེང་ནས་རྒས་པར་འཇུག་དགོས། ”

      དེ་ལྟར་ཁོ་ཚོས་གྲོགས་པོ་ཟེར་བ་དེ་འདི་འདྲ་ཞིག་ཡིན་དགོས་རབས་དང་།  དེ་འདྲ་ཞིག་ཡིན་དགོས། ཞེས་གྲོགས་པོ་ཞེས་པའི་ཐ་སྙད་དེ་ལ་འགྲེལ་མང་པོ་རྒྱབ།  དམ་བཅའ་རྗིད་པོ་བཞག  མཚན་ཉིད་མང་པོ་འཇོག་བཞིན།  སོ་སོའི་གཞུགས་ཕྱོགས་ཀྱི་ལམ་ཁའི་སྟེང་དུ་གྲོགས་པོའི་འབྲེལ་ཟམ་དམ་པོའི་ངང་མུ་རུ་བར་ཐག་མེད་པ་ཞིག་བྱེད་དགོས་རབས་ཀྱི་ལབ་གླེང་མང་པོ་བྱས་ནས་ཡོད།

        དེའི་མོད་ལ”དཔལ་འཛོམས་ཇ་ཁང”ནང་དུ་མི་ཚོགས་ཀྱི་སྐད་ཆ་ལྡབ་ལྡུབ་མང་པོ་ཞིག་གྲགས་འོང་བས།  ཁོའི་བསམ་གཞིགས་ཁྲོད་ཀྱི་དྲན་པ་དེ་སླར་ཡང་ཚུར”དཔལ་འཛོམས་ཇ་གསོལ་ཁང”དུ་སླེབས་བྱུང་། དེ་ནས་ཁོས་མིག་ཟུང་ཡར་ཕྱེ་ཙམ་ཞིག་བྱས་ཏེ་ཕར་ཕྱོགས་སུ་བལྟས་པ་ན།  ཇ་ཁང་ནང་དུ་ལས་བྱེད་པ་འགའ་སླེབས་འོང་ཞིང་དེའི་ཁྲོད་དུ་ཁོའི་སྔོན་ཆད་ཀྱི་སློབ་གྲོགས་སྐལ་བྷེས་ཀྱང་གྱོན་གོས་གཙང་མ་ཞིག་གྱོན་ཞིང་། ལག་ཏུ་ཀོ་ཁུག་ནག་པོ་ཞིག་ཁྱེར་ནས་ཐོན་བྱུང་།

         དེའི་མོད་ལ་ཁོས་སློབ་གྲོགས་སྐལ་བྷེ་མཐོང་མ་ཐག་ཏུ་སེམས་ལ་བརྗོད་ཀྱིས་མི་ལངས་པའི་ཚོར་བ་ཞིག་སྐྱེས་བཞིན་ཁོ་ལ་མཚམས་འདྲི་ཞིག་བྱེད་འདོད་སྐྱེས་ནའང་།  གློ་བུར་དུ་ཁོའི་སེམས་ཀྱི་གཏིང་རུམ་ཞིག་ནས་ཐེ་ཚོམས་དང་རེ་དོགས་ཀྱི་ཚོར་བ་ཞིག་གིས་མནན་འོང་སྟེ་ངག་ལས་སྐད་ཆ་ཅི་ཡང་ལབ་མ་ཐུབ་པར་ཁོ་ཚོར་བལྟས་ནས་འདུག

     དེའི་མོད་ལ།  སྐལ་བྷེའི་གདོང་ལ་འཛུམ་ཞིག་ལངས་བཞིན་ཁོ་ཚོའི་གྲས་ཀྱི་མགོ་ཁྲིད་ལས་བྱེད་པར་གྲལ་འགོ་ཡི་འདུག་སྟེགས་སུ་གྲ་སྒྲིག་བྱེད་བཞིན་ཡོད་ལ།  སྐལ་བྷེས་མགོ་ཁྲིད་ལ་ལམ་ཕྱེས་ཞོར་མགོ་ཁྲིད་ཀྱི་འདུག་སྟེགས་ཕྱི་ནུད་ཅུང་ཙམ་བྱེད་བཞིན་པའི་མོད་ལ་ཕར་ཕྱོགས་སུ་བསྡད་ཡོད་པའི་ཁོ་རང་མཐོང་བྱུང་།  དེ་ནས་སྐལ་བྷེས་ཁོ་ལ་རྒྱང་རིང་ནས་མཚམས་འདྲིའི་ལག་པ་ཞིག་བཀྱགས་ཏེ་འཛུམ་ཙམ་བྱེད་ཞོར་ངོ་གདོང་གམ་གྱི་འགོ་ཁྲིད་ལས་བྱེད་པའི་སྔུན་དུ་ཕྱོགས་སོང་སྟེ།  དེ་ལ་སྤྲོ་འཛུམ་གྱི་མདངས་ཤིག་དོད་བཞིན་ཁ་བརྡ་སྣ་ཚོགས་བྱས་ནས་འདུག

      དེ་དུས་ཁོས་ཀྱང་ཕར་སྐལ་བྷེ་ལ་ལག་བརྡ་ཡིས་མཚམས་འདྲི་ཞིག་བྱེད་བཞིན་ཁོ་ལ་ཅི་ཞིག་ལབ་འདོད་ཀྱི་ཚོར་བ་དྲག་པོ་ཞིག་གིས་ལུང་ཡོངས་སྤྲིད་པར་བྱས་ཏེ་རེ་ཞིག་ལྷག་ཅིང་མཐར་ཅི་ཡང་ལབ་རྒྱུ་མེད་པར་ལྷག

     དེ་ནས་ཁོས་མདུན་གྱི་དཔེ་དེབ་ཀློག་འཕྲོ་དེ་ཡར་བླངས་ཏེ་ཀློག་འགོ་བརྩམས་མོད། ཁོའི་མིག་ཟུང་མཚམས་མཚམས་སུ་ཕར་ཕྱོགས་ཀྱི་སྐལ་བྷེ་སོགས་ཀྱི་ཕྱོགས་སུ་ཤོར་འགྲོ་བས་དཔེ་དེབ་ནང་སེམས་པ་ཅུང་ཙམ་ཡང་འགྲོ་མི་བཏུབ་པར་འདུག  ཕར་ཕྱོགས་ཀྱི་སྐལ་བྷེ་སོགས་ཀྱིས་མུ་རུ་དུ་བ་སྔོ་སློག་སློག་རེ་འཐེན་བཞིན་ཕྱི་རྒྱལ་གྱི་ཆང་དམར་དམ་བེ་ཆེན་པོ་ཞིག་ཡོད་པ་དེ་ཡང་ཡང་འཐུང་བཞིན་བསྡད་ཡོད་ལ།  སྐལ་བྷེས་ཁོ་ཕྱོགས་སུ་མིག་ཟུར་ཙམ་ཡང་མི་འཕེན་པར་འདུག

      མཚམས་ཤིག་ཉི་འོད་ཀྱི་ཟེགས་མ་དག”དཔལ་འཛོམས་ཇ་གསོལ་ཁང”གི་སྒེའུ་ཁུང་ཁ་གཏད་ཀྱི་དམའ་ས་ཞིག་ནས་ཁོའི་ངོ་གདོང་དུ་གསལ་ལེར་འཆར་འོང་།  དེ་ནས་ཁོས་ཁ་པར་སྟེང་གི་ཆུ་ཚོད་ལ་ཅིག་བལྟས་པའི་ཚེ།  ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ལ་སླེབས་འདུག   དེའི་མོད་ལ་ཕར་ཕྱོགས་ཀྱི་སྐལ་བྷེ་སོགས་ཀྱང་འགྲོ་འགོ་བརྩམས་སོང་ལ།  ཁོ་ཚོ་འདུག་སྟེགས་ལས་ཡར་ལངས་ཏེ་འགྲོ་འགོ་རྩོམ་སྐབས།  སྐལ་བྷེ་མྱུར་དུ་སྔོན་ལ་འབུད་བཞིན”མགྲོན་བསུའི་སྟེགས་བུ”རུ་རྒྱུགས་ཡོང་སྟེ་ལག་གི་ཀོ་ཁུག་ནག་པོ་ལས་སྒོར་མོ་བརྒྱ་ཤོག་འགའ་བླངས་འོང་ནས་ཁོ་ཚོའི་ཟས་རིན་དང་ཆང་རིན་སོགས་སྤྲད་པར་བྱས།  དེ་དུས་ཁོའི་མིག་ཟུང་གཡོ་འགུལ་ཅི་ཡང་མེད་པར་མཐའ་གཅིག་ཏུ་སྐལ་བྷེའི་ཕྱོགས་ལ་གཏད་ནས་ཡོད།

      དེའི་མོད་ལ་སྐལ་བྷེ་སོགས་ལས་བྱེད་པ་དག་སྒོའི་ཕྱི་རུ་བྱིན་སོང་ལ།  སྐལ་བྷེས་ལས་བྱེད་རོགས་པ་ཚོར་དགོད་ཞོར་ལབ་ཞོར་གྱི་ཁ་བརྡ་རེ་བྱེད་ཞོར་ཁོ་ལ་མིག་ཟུར་ཙམ་ཡང་མ་འཕངས་པར་སྒོའི་ཕྱི་རུ་བུད་སོང་།

    དེ་ནས་ཁོའི་གཞི་ནས་དྲན་པ་དག་ཚུར་བསྡུས་ཏེ་དབུགས་རིང་ཞིག་འཐེན་བཞིན་མགོ་བོ་རང་གི་མདུན་ཅོག་སྟེང་འཁོར།

        དེ་ནས་ཅུང་ཙམ་འགོར་རྗེས་ཁོའི་སེམས་ལ་ཇ་ཁང་དུ་འདུག་རོགས་ཤིག་ལ་བརྡ་རྒྱག་འདོད་ཅིག་སྐྱེས་ཏེ་ཁ་པར་གྱི་ཨང་མཛོད་ནང་དུ་ཉུལ་འགོ་བརྩམས།  མཚམས་ཤིག་ཁོའི་སྔོན་ཆད་ཀྱི་སློབ་གྲོགས་དཔལ་ལྡན་གྱི་ཁ་པར་ཨང་གྲངས་སྟེང་གི་མིང་ཐོ་དེར་འཕྲད་བྱུང་།  ཁོས་དཔལ་ལྡན་ལ་ཁ་པར་ཞིག་གཏོང་རྩིས་བྱེད་སྐབས།  གློ་བུར་དུ་ཟླ་སྔོན་མའི་ནང་ཞིག་ལ་ཁོས་དཔལ་ལྡན་ལ་ཁ་པར་ཞིག་བཏང་སྟེ་མཉམ་འཛོམས་ཤིག་བྱེད་པར་སྐུལ་སྐབས།  ཐེངས་གཉིས་ལ་ཁོ་རང་མི་ཁོམ་རབས་དང་།  ཆུང་མ་དང་མཉམ་དུ་ཆུང་མ་ཚང་གི་མགྲོན་ཁང་ཕྱི་ནང་དག་ཏུ་གཙང་སྦྲ་བྱེད་དགོས་རབས་དང་། ཁོའི་ཁ་པར་བཏང་བ་ལའང་དེ་འདྲར་དོ་སྣང་མ་བྱས་པར་མྱུར་དུ་ཁ་བརྡ་བཤད་མཚམས་གཅོད་ཐབས་བྱས་སོང་བ་དག་ཡིད་ལ་འཁོར་འོང་བས།  དེ་ནས་ཁོས་དཔལ་ལྡན་ལ་ཁ་པར་གཏོང་ཐག་མ་ཆོད་པར་ག་ལེར་ཨང་གྲངས་དག་གི་གྲལ་རྗེས་མ་དག་ལ་བསྣོལ་འགོ་བརྩམས།

       མཚམས་ཤིག་ཉི་འོད་ཀྱི་ཟེགས་མ་དག”དཔལ་འཛོམས་ཇ་གསོལ་ཁང”གི་སྒེའུ་ཁུང་ཁྲོད་ནས་ག་ལེར་ནུབ་རིར་བཞུད་སོང་ཞིང་།  སྤྱིན་བདག་མས་ཇ་ཁང་ནང་གི་གློག་སྒྲོན་དག་དཀར་གསལ་ལེར་བསྒྲོན་སོང་།  དེའི་མོད་ལ་ཁོའི་འཕུང་མགོའི་གསེང་ཞིག་ནས་གཟེར་ཤད་ཅུང་ཙམ་རེའང་ལངས་འོང་བས།  ཁོ་རང་ཇ་ཁང་ཕྱི་རོལ་དུ་འབུད་འགོ་བརྩམས།  ཁོ་འདུག་སྟེགས་ལས་ཡར་ལངས་ཏེ་གློག་གསོག་སྐུད་པ་དེ་སྦྱིན་བདག་མར་སྤྲད་ཞོར་དུ།  ཁོའི་ལྡུམ་ཇ་ཞིག་དང་འཐེན་ཐུག་ཅིག་འཐུང་བའི་རིན་སྒོར་མོ་༡༨སྤྲད་དེ་ཇ་ཁང་ཕྱི་རུ་བུད་བཞག

       རྫོང་བར་གྱི་ལམ་གྱི་ཕར་ཚུར་ཚང་མ་གློག་སྒྲོན་དག་དཀར་གསལ་ལེར་བསྒྲོན་ནས་ཡོད་ལ།  རྫོང་བར་གྱི་རྐང་ཐང་ལམ་འགྲོ་པ་ཚོ་ཅུང་ཇེ་ཉུང་ལ་སོང་འདུག  དེའི་མོད་ལ་ཁོ་རང་གནས་གང་ཞིག་ལ་འགྲོ་བར་དམིགས་འབེན་གཏན་ཁེལ་ཞིག་མེད་པར་རྫོང་བར་ནས་ཡར་ཕྱོགས་སུ་ག་ལེར་འོང་བ་ན།  མཚམས་ཤིག་ཟ་ཁང་ཡག་པོ་ཞིག་གི་སྒོ་ནང་ནས་ཤ་རྒྱག་པ་ཅན་གྱི་མི་འགའ་ཕྱི་རུ་སླེབས་འོང་ཞིང་།  ཁོ་ཚོས་གཙང་ཤོག་རེས་ཁ་སྣ་དག་ཕྱེ་ཙམ་བྱེད་ཞོར་ན་རེ།

“ ད་ཐེངས་འུ་ཚོས་ཚོང་གི་ཁ་ཕྱོགས་ཅུང་ཡག་པོ་བྱུང་སོང་། ”

    “འོ་ལེ།  ད་ཉིན་ཤས་རྗེས་ནས་དབྱར་རྩྭ་དགུན་འབུ་ཡང་བརྐོ་རན་ལ་ཉེ་འདུག་པས།  འུ་ཚོས་སྔ་མོ་ནས་དབྱར་རྩྭ་དགུན་འབུ་ཉོ་བྱེད་ཀྱི་ལག་ཆ་སོགས་གྲ་སྒྲིག་ཡག་པོ་བྱས་ན་རེད།”

     དེ་ལྟར་ཁོ་ཚོས་ཁ་བརྡ་བྱེད་བཞིན་སྒོའི་ཕྱི་རུ་བུད་དེ་ཟ་ཁང་སྒོ་འགྲམ་དུ་བཞག་འདུག་པའི་༼གཡག་མགོ༽རྟགས་ཅན་གྱི་རླངས་འཁོར་དག་གི་ནང་དུ་བུད་དེ་རྒྱུགས་སོང་།  དེ་ཚོའི་གྲས་སུ་ཁོའི་སློབ་གྲོགས་རྣམ་རྒྱལ་ཡང་ཡོད་ལ།  ཕར་བལྟས་ཚོད་ཀྱིས་ཚོང་གི་ལག་འབབ་ཅུང་ལེགས་པོ་ཞིག་བྱུང་བའི་ཟོལ་ཞིག་མངོན་འདུག ཁོ་ཚོས་དེ་ལྟར་ཁ་བརྡ་བྱེད་བཞིན་པའི་མོད་ལ།  ཁོས་རང་གི་སློབ་གྲོགས་རྣམ་རྒྱལ་ཡིན་པ་ཤེས་ཏེ་སེམས་ཚོར་དྲག་པོ་ཞིག་བྱུང་ནའང་།  ཉིན་འགའི་ཡར་སྔོན་དུ་ཁོ་རང་༼རྫོང་ཁྲོམ་ར་གསར་པ༽འི་སྒོ་འབྱེད་ཀྱི་བྱ་འགུལ་སྤེལ་སྐབས་ཤིག་ལ་ཁོས་དེ་རུ་ལྟད་མོར་བལྟས་འདུག་པའི་མོད་ལ།  རྣམ་རྒྱལ་དང་ཁོའི་ཚོང་གྲོགས་འགའ་དེ་རུ་རླངས་འཁོར་ཡག་པོ་རེའི་ནང་དུ་བསྡད་འདུག་པ་དང་འཕྲད་ནའང་།  རྣམ་རྒྱལ་གྱིས་ཁོ་ལ་རླངས་འཁོར་སྒེའུ་ཁུང་ཁྲོད་ནས་མཚམས་འདྲིའི་ཚུལ་དུ་རླངས་འཁོར་གྱི་འབོད་བརྡ་ཆུང་ཆུང་ཞིག་བཏང་བ་ཙམ་ལས་ཁ་ཡ་གང་ཡང་མ་བྱས་པ་དེ་ཡིད་ལ་འཁོར་འོང་བས།  ཁོས་ཀྱང་རྣམ་རྒྱལ་ལ་ཁ་ཞིག་གྲགས་པར་ཐེ་ཚོམས་དང་བཅས་ཅི་ཡང་མ་ལབ་པར་ཁོ་ཚོའི་འགྲམ་ནས་མི་མཐོང་ཁུལ་བྱས་ཏེ་བུད་སོང་།

       དེ་ནས་ཁོ་རང་རྫོང་བར་ནས་ཡར་ཡར་འོང་སྟེ”ཤེས་རབ་དཔེ་ཚོང་ཁང”དུ་སླེབས།  ཁོས་དཔེ་ཆ་གསར་པ་རེ་ཐོན་ཡོད་མེད་ལ་བལྟས་ཏེ་དཔེ་སྒྲོམ་དག་ག་ལེར་ཉུལ་བ་ན་ཁོ་ཚོའི་སྔོན་ཆད་ཀྱི་《རྨི་ལམ》ཚགས་པར་གྱི་འདོན་ཐེངས་གཉིས་པ་དེ་དང་འཕྲད་བྱུང་ལ།  ཁོས་ཚགས་པར་དེ་ཡར་བླངས་ནས་སྔོན་མར་ཁོ་ཚོ་《རྨི་ལམ་》ཚགས་པར་གྱི་རྩོམ་སྒྲིག་པ་དག་གི་པར་རིས་ཤིག་ཚགས་པར་གྱི་སྣེ་མོ་ཞིག་ཏུ་སྦྱར་འདུག་པར་བལྟས་ནས་ཅུང་ཙམ་ལྷག་པའི་མོད་ལ། དཔེ་ཁང་སྦྱིན་བདག་གིས་ཁོ་རང་ཡིན་པ་ངོ་ཤེས་ཏེ་ན་རེ།

    “ ཨོ་ཁྱོད་ཐོན་པ་འགྲིག་སོང་།  ངས་ཁྱོད་ལ་ཉིན་ཁ་ཤས་ཀྱི་ཡར་སྔོན་ནས་འབྲེལ་བ་ཞིག་བྱེད་འདོད་མོད།  ཁྱེད་ཀྱི་འབྲེལ་ལམ་ཞིག་མ་རྙེད་པར་བསྡད་ཡོད།   ཁྱེད་ཀྱིས་ཟླ་འགའི་ཡར་སྔོན་དུ་བཞག་པའི་ཁྱེད་ཀྱི་སྒེར་དེབ་དག་ཚང་མ་བཙོང་ཚར་སོང་བས།  ངས་ཁྱེད་ལ་དེ་རིང་དཔེ་རིན་དག་རྩིས་རྒྱག  ”ཅེས་ཁོ་ལ་སྒོར་མོ་སུམ་སྟོང་ལྷག་ཅིག་སྤྲད་སོང་།  དེ་ནས་ཁོའི་སེེམས་ཁམས་ལ་དགའ་ཚོར་ཞིག་བྱུང་སྟེ་དཔེ་རིན་ཁྲོད་ནས་གསར་དུ་ཐོན་པའི་དཔེ་དེབ་འགའ་ཉོས་ཏེ་དཔེ་ཁང་ཕྱི་རུ་བྱིན་སོང་།

       དེ་དུས་རྫོང་བར་དུ་མི་ཚོགས་ཀྱི་འགྲོ་འདུག་རབ་ཏུ་ཉུང་ཞིང་། ལྟོས་བཅས་ཀྱིས་ལྷིང་འཇགས་ཡིན་པའི་ཁྲོད་དུ་རླངས་འཁོར་རེ་འགའ་ཡར་འགྲོ་མར་འགྲོ་བྱེད་ཀྱིན་ཡོད་ལ།  ཁོ་རང་དཔེ་ཁང་སྒོ་རུ་བུད་མ་ཐག་དཔེ་ཚོང་ཁང་ཚང་གིས་ཀྱང་སྒོ་རྒྱག་འགོ་བརྩམས་སོང་། དེའི་མོད་ལ་ཁོས་རང་གི་ཁ་པར་ལས་ཆུ་ཚོད་ལ་ཅིག་བལྟས་པའི་ཚེ།  དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀྱི་སྟེང་ནས་སྐར་མདའི་སྣེ་མོ་དེ་བཟུར་གྱིན་ཡོད།  དེ་ནས་ཁོས་ད་སོ་མར་ཉོས་པའི་དཔེ་དེབ་དག་རྒྱབ་ཁུག་ཏུ་ཁྱེར་ཏེ་གམ་གྱི་གློག་སྒྲོན་དག་གི་ཟེགས་མ་དག་ལ་ལྟ་ཞོར།བརྩམས་སྒྲུང་ཞིག་གི་སྐྱ་ཐིགས་ལ་བློས་བླངས་བྱེད་བཞིན་ཁོ་རང་ནམ་རྒྱུན་གོམས་ལོབ་ཏུ་གྱུར་པའི་མགྲོན་ཁང་སྟབས་བདེ་ཞིག་ཡོད་པ་དེའི་ཕྱོགས་སུ་ཆས་སོང།

༢༠༡༧ལོའི་ཟླ༥པའི་ཚེས༨ཉིན་རྔ་བ་ནས་བྲིས།

 

(1) དཔྱིད་ངན་མ།   ནམ་ཟླ་དཔྱིད་ཀའི་དུས་ཚིགས་ཏེ། དཔྱིད་ཀའི་དུས་སུ་རི་ལུང་ཀུན་ཏུ་རྩྭ་སོགས་ཚར་ནས་ཟོག་ལུག་དག་གི་ཁར་ཟ་རྒྱུ་མི་རེག་སྟབས།  ས་གནས་རེ་འགས་དུས་ཚིགས་འདི་ལ་དཔྱིད་ངན་མ་ཞེས་འབོད་སྲོལ་ཡོད་པ་ཞིག

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།