གཙང་ཞིང་གསལ་ཆ་དོད་པའི་ས་ཆ་ཞིག (ཧེ་མིང་ཝེའི་སྒྲུང་ཐུང)

283

 

ཨར་ནེ་སི་ཐྲི། ཧེ་མིང་ཝེས་བརྩམས
——གོ་ཙི་ཙིས་དབྱིན་ཡིག་ལས་བསྒྱུར།

 

             དུས་ཚོད་ཧ་ཅང་ཕྱི་པོ་ཆགས་སོང་། གློག་འོད་ལས་བྱུང་བའི་ལྗོན་གྲིབ་འོག་ན་བགྲེས་སོང་ཞིག་བསྡད་ཡོད་པ་ལས། མི་ཚང་མ་ཁོ་ཧྥེ་ཁང་བྲལ་ཏེ་ཕྱིན། ཉིན་མོར་སྲང་ལམ་ན་ཐལ་རྡུལ་འཚུབ་ན་ཡང་། མཚན་མོར་ཟིལ་པས་ཐལ་རྡུལ་བངས་ཏེ་མཆི། བགྲེས་སོང་དེ་འདི་ནས་ཕྱི་པོར་འདུག་རྒྱུ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན། ཁོ་རང་འོན་པ་ཞིག་ཡིན་ལ། ད་ལྟ་མཚན་མོའི་སྐབས་སུ་འདི་ན་ཁ་ཁུ་སིམ་ཞིང་། ཁོས་འདི་ནས་ཚོར་བ་མི་འདྲ་བ་ཞིག་ཀྱང་རྙེད་ཐུབ་ཀྱི་ཡོད། ཞབས་ཞུ་བ་རྣམ་གཉིས་ཁོ་ཧྥེ་ཁང་ནང་ན་འདུག་ཅིང་། བགྲེས་སོང་དེ་སྐུ་ར་ཅུང་བད་ཡོད་པ་ཧ་གོ་སོང་། ཁོ་རང་སྐུ་མགྲོན་ཡག་པོ་ཞིག་རེད། འོན་ཀྱང། གལ་ཏེ་ཁོ་རང་ར་རོར་གྱུར་ན་རྩིས་མི་རྒྱབ་པར་འགྲོ་སྲིད་པས། ཁོ་གཉིས་ཀྱིས་ཁོ་རང་མིག་གིས་འཚོས་ཏེ་འདུག །

“གཟའ་འཁོར་སྔོན་མར་ཁོ་རང་ལྕེབས་རྩིས་བྱས་སོང་།”

“ག་རེ་ཡིན་ནམ།”

“ཁོ་རང་རེ་ཐག་ཆད་འདུག”

“ཅིའི་ཕྱིར་རེ་ཐག་ཆད་པ་ཡིན་ནམ།”

“ཅི་ཡང་མ་རེད།”

“ཁྱེད་ཀྱིས་ཅི་ཡང་མིན་པ་ཇི་ལྟར་ཤེས་བྱུང་།”

“ཁོ་ལ་དངུལ་ལོར་མང་པོ་འདུག”

             ཁོ་གཉིས་མཉམ་དུ་ཁོ་ཧྥེ་ཁང་གི་སྒོ་འགྲམ་གྱི་གྱང་ལ་བསྙེས་པའི་ཅོག་ཙེ་ཞིག་གི་མདུན་དུ་ཙོག་སྟེ། རླུང་བུས་བསྐྱོད་ཀྱིན་པའི་ལྗོན་འདབ་ཀྱི་གྲིབ་མ་འོག་གི་བགྲེས་སོང་དེ་ལས། མི་ཚང་མ་ཕྱིན་ཚར་བའི་ཅོག་ཙེ་དག་གི་ཁྱམས་སུ་བལྟས་ཏེ་བསྡད། བུ་མོ་ཞིག་དང་དམག་མི་ཞིག་སྲང་ལམ་བརྒྱུད་དེ་ཕྱིན་སོང་། སྲང་ལམ་གྱི་གློག་འོད་ཁོའི་གོང་རྟགས་ཐོག་ཏུ་ཕོག །བུ་མོ་དེས་ཞྭ་མོ་གོན་མི་འདུག་ནའང་། ཁོའི་རྗེས་སུ་བྲེལ་སྟབས་ཀྱིས་སྙེག་གིན་འདུག

            “ཉེན་སྲུང་དམག་མིས་ཁོ་རང་འཇུ་བཟུང་བྱ་སྲིད།”ཞབས་ཞུ་བ་ཞིག་གིས་བཤད།

“ཁོ་ལ་མཁོ་བ་ཁོ་རང་ལ་རག་ན་ཅིས་མི་ཆོག་གམ།”

“ཁོ་རང་ད་ལྟ་སྲང་ལམ་ནས་བྲལ་ཏེ་སོང་ན་བཟང་། ཉེན་སྲུང་དམག་མིས་ཁོ་རྙེད་སྲིད། ཁོ་ཚོ་སྐར་མ་ལྔའི་སྔོན་ལ་འདི་ནས་ཕྱིན་སོང་།”

 བགྲེས་སོང་དེ་གྲིབ་མ་འོག་ན་བསྡད་དེ། ཤེལ་ཕོར་གྱིས་སྡེར་མ་ལ་དལ་བུས་རྔུང་བས། ཞབས་ཞུ་བ་གཞོན་ནུ་དེ་ཁོང་གི་ཕྱོགས་སུ་ཕྱིན་སོང་།

“ཁྱེད་རང་ལ་ག་རེ་དགོས་སམ།”

བགྲེས་སོང་དེས་ཁོའི་གདོང་ལ་བལྟས་ཏེ། “ད་རུང་རྒུན་ཆང་དམ་བི་གང་དགོས།” ཞེས་བཤད།

“ཁྱེད་རང་ར་བཟི་སྲིད།”ཞབས་ཞུ་བས་བཤད། བགྲེས་སོང་དེས་ཁོའི་གདོང་ལ་ཅིག་བལྟས་པས། ཞབས་ཞུ་བ་ཕར་ཕྱིན་སོང་།

    “ཁོ་རང་མཚན་གང་འདུག་རྩིས་ཡོད་པ་འདྲ།”ཁོས་རང་གི་ལས་རོགས་ལ་བཤད། “ང་རང་གཉིད་སྙིང་བྲོ་བྱུང་། ཆུ་ཚོད་གསུམ་པ་ནས་བཟུང་སྟེ་གཉིད་ལོང་གཏན་ནས་མ་བྱུང་།”

     ཞབས་ཞུ་བ་དེས་ཅོག་སྟེགས་སྟེང་ནས་རྒུན་ཆང་དམ་བི་གང་དང་སྡེར་མ་ཞིག་བླངས་ཏེ་བགྲེས་སོང་གི་ཅོག་ཙེའི་ཕྱོགས་སུ་སོང་། ཁོས་སྡེར་མ་ས་ལ་བཞག་སྟེ་རྒུན་ཆང་ཤེལ་ཕོར་གང་བླུགས།

     “ཁྱོད་ཀྱིས་གཟའ་འཁོར་སྔོན་མར་རང་སྲོག་ཆོད་ཡོད་ན་ཏག་ཏག་རེད།”ཁོས་བགྲེས་སོང་འོན་པ་དེར་བཤད། བགྲེས་སོང་དེས་མཛུབ་མོས་གཡོ་ཙམ་བྱས་ཏེ།“ད་རུང་ཅུད་ཟད་བླུགས་རོགས།”ཞེས་བཤད། ཞབས་ཞུ་བས་དམ་བི་ཤེལ་ཕོར་ནང་ལ་བཟུར་བས་རྒུན་ཆང་འཕྱུར་ཏེ་སྡེར་མ་ཞིག་གི་ཞབས་སུ་བཤར།“ཐུགས་རྗེ་ཆེ།”ཞེས་བགྲེས་སོང་དེས་བཤད། ཞབས་ཞུ་བས་ཤེལ་དམ་ཕྱིར་ཁོ་ཧྥེ་ཁང་དུ་ཁུར་སོང་། ཁོ་རང་ཡང་བསྐྱར་ལས་རོགས་དང་མཉམ་པོར་ཅོག་ཙེའི་མདུན་ནས་ཙོག་སྟེ་བསྡད།

“ད་ཁོ་ར་བཟི་འདུག”

“ཁོ་རང་ནུབ་ལྟར་དུ་བཟི་བཞིན་འདུག”

“ཁོས་ཅིའི་ཕྱིར་རང་སྲོག་གཅོད་རྩིས་བྱས་པ་ཡིན་ནམ།”

“ངས་ག་ལ་ཤེས་ཨང་།”

“ཁོས་ཇི་ལྟར་ལྕེབས་རྩིས་བྱས་པ་རེད་དམ།”

“ཁོས་རང་ཉིད་ཐག་པ་ཞིག་གིས་གནམ་ལ་དཔྱངས་པ་རེད།”

“སུས་ཐག་པ་བཅད་ནས་ཁ་རང་ཐང་ལ་ཕབ་པ་རེད་དམ།”

“ཁོའི་ཚ་མོ་རེད།”

“ཁོ་ཚོས་ཅིའི་ཕྱིར་དེ་ལྟར་བྱས་པ་ཡིན་ནམ།”

“ཁོང་གི་རྣམ་ཤེས་ལ་ཞེད་པས་རེད།”

“ཁོ་ལ་སྒོར་མོ་ག་ཚོད་ཡོད་དམ།”

“སྒོར་མོ་མང་པོ་ཞིག་འདུག”

“ཁོ་རང་ལོ་ན་བརྒྱད་ཅུར་ལོན་ཡོད་ངེས་རེད།”

མ་མཐར་བརྒྱད་ཅུ་ཡིན་ཐག་ཆོད་རེད།”

     “ཁོ་རང་ཕྱིར་ནང་ལ་ལོག་རོགས་བྱས་ན་བསམ་བྱུང་། ཆུ་ཚོད་གསུམ་པ་ནས་བཟུང་སྟེ་གཉིད་ལོང་གཏན་ནས་མ་བྱུང་། ཆུ་ཚོད་དུའི་ཐོག་ལ་ད་གཟོད་ཉལ་རྒྱུ་ཡོང་ངམ།”

“ཁོ་རང་འདི་ན་འདུག་དོན་ཁོ་རང་འདི་གར་དགའ་བས་རེད།”

“ཁོ་ཡུལ་པོ་1ཡོད་པས་རེད། ང་རང་ཡུལ་པོ་མི་འདུག ངའི་ཆུང་མས་མལ་སའི་ནང་ནས་ང་ལ་སྒུག་བཞིན་ཡོད།”

“ཁོ་ལའང་ཆུང་མ་ཞིག་ཡོད་མྱོང་ན་ཐང་།”

“ད་ལྟ་ཁོ་ལ་ཆུང་མ་ཞིག་མེད་ན་དགའ།”

“བཤད་ཚོད་མི་ཐིགས། ཁོ་ལ་ཆུང་མ་ཞིག་ཡོད་ན་དགའ་ཡང་སྲིད།”

    “ཁོའི་ཚ་མོས་ཁོ་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཁྱོད་ཀྱིས་ཟེར་ན། ཁོ་མོས་ཐག་པ་བཅད་ནས་ཁོ་རང་ཐང་ལ་ཕབ་རོགས་བྱས་པ་རེད་ཟེར།”

“རེད་རེད།”

“ང་རང་དེ་ལྟར་དུ་རྒས་ན་མི་འདོད། རྒས་འཁོགས་ནི་ཞེ་སུན་པ་ཞིག་རེད།”

     “ངེས་པ་མེད། བགྲེས་སོང་འདི་གཙང་སྦྲ་ཆེ། ཁོ་རང་ར་བཟི་ནའང་། ཨ་རག་འཐུང་དུས་ཁ་ཆུ་འཐོར་མ་བྱུང་། ལྟོས་དང་། ”

        “ངས་ཁོ་ལ་བལྟ་འདོད་མི་འདུག ཁོ་རང་ནང་ལ་ལོག་རོགས་བྱེད་ན་བསམ་བྱུང་། ཁོས་ལས་བྲེལ་ཆེ་བའི་མི་དག་ལ་གཙི་བཀུར་བྱེད་ཀྱི་མི་འདུག”

བགྲེས་སོང་དེས་ཆང་དམ་ཞིག་གི་ངོས་ནས་ཐང་ཆེན་གྱི་ཕྱོགས་སུ་བལྟས་ཤིང་། དེ་ནས་ཞབས་ཞུ་བ་རྣམ་གཉིས་ཀྱི་ཕྱོགས་སུ་ཁ་འཁོར་ཏེ་བལྟས།

      “ད་དུང་རྒུན་ཆང་དམ་བི་གང་།”ཤེལ་དམ་ལ་མཛུབ་མོས་ཀེར་ཏེ་བཤད། བྲེལ་ཤ་ལངས་བའི་ཞབས་ཞུ་བ་དེ་ལངས་ནས་སླེབས་བྱུང་།

“ཚར་སོང་།”གླེན་པ་ཞིག་གིས་བཟི་པོའམ་ཕྱི་རྒྱལ་ཞིག་ལ་བཤད་པ་ལྟར། ཚིག་ཤེད་ཀྱིས་མ་ནོན་པར་སྨྲས་སོ། །

“དོ་ནུབ་དེ་ལས་མེད། ད་སྒོ་རྒྱབ་རན་སོང་།”

“ད་དུང་དམ་བི་གང་།”བགྲེས་སོང་དེས་བཤད།

       མེད། ཚར་སོང་།”ཞབས་ཞུ་བས་ཨ་ཅོར་ཞིག་གིས་ཅོག་ཟུར་འཕྱི་བཞིན་མགོ་བོ་གཡུག་གཡུག་བྱས། བགྲེས་སོང་དེ་ཡར་ལངས་ཏེ། ག་ལེར་སྡེར་མ་དག་གི་གྲངས་ཀ་བླངས་རྗེས། གློ་ཁུག་ནང་ནས་དངུལ་མདོག་གི་སྦ་ཁུག་ཅིག་བཏོན་ཏེ་ཆང་རིན་སྤྲད་ཅིང་། ཕེ་སེ་ཊ་ཕྱེད་ཀ་2ཞིག་བརྔན་པར་བཞག་བྱུང་།  ཞབས་ཞུ་བས་བགྲེས་སོང་དེ་སྲང་ལམ་དུ་འབབ་བཞིན་ཕྱིན་པ་ལ་བལྟས་ཏེ་བསྡད། ཁོང་གིས་གོམ་པ་འཁྱར་འཁྱོར་ལས་མ་ཕོག་ན་ཡང་། ཧ་ཅང་བརྗིད་ཉམས་དང་ལྡན་པའི་ངང་ནས་བགྲོད་ཀྱིན་འདུག །

      “ཁྱེད་ཀྱིས་ཅིའི་ཕྱིར་ཁོ་རང་ཆང་འཐུངས་ནས་འདུག་ཏུ་མ་བཅུག་པ་ཡིན་ནམ།”བྲེལ་འཚབ་ལངས་མེད་པའི་ཞབས་ཞུ་བ་དེས་དྲིས་ཤིང་། ཁོ་གཉིས་ཀྱིས་སྒེའུ་ཡོལ་འཐེན་བཞིན་འདུག །“ད་རུང་ཆུ་ཚོད་གཉིས་དང་ཕྱེད་ཀར་སླེབས་མི་འདུག”

“ང་རང་ནང་ལ་ལོག་སྟེ་གཉིད་ན་འདོད་བྱུང་།”

“ཆུ་ཚོད་གཅིག་ལ་སྐྱོན་ཨེ་ཡོང་།”

“ཁོ་ལ་མ་སྐྱོན་ནའང་ང་ལ་སྐྱོན་ནོ།”

“ཆུ་ཚོད་གཅིག་ལ་ཁྱད་པར་མེད།”

    “ཁྱོད་ཀྱིས་རང་ཉིད་བགྲེས་སོང་ཞིག་ཡིན་པ་ལྟར་དུ་སྐད་ཆ་བཤད་ཀྱིན་འདུག ཁོས་ཆང་དམ་ཞིག་ཉོས་ཏེ་ཁྱིམ་ནས་འཐུང་ན་ཆོག”

“གཅིག་པ་མ་རེད།”

“མ་རེད། གཅིག་པ་མ་རེད།” ཆུང་མ་ཡོད་པའི་ཞབས་ཞུ་བ་དེས་མོས་མཐུན་བྱས། ཁོ་རང་ལུགས་དང་འགལ་འདོད་མེད་དེ། བྲེལ་ཤ་ལངས་པ་ཙམ་རེད།

“དེས་ན་ཁྱེད་རང་ནམ་རྒྱུན་ནང་ལ་ལོག་ཚོད་ཀྱི་སྔོན་དུ་སོང་ན་ཞེད་པ་མི་འདུག་གམ།”

“ཁྱེད་ཀྱིས་ང་ལ་བསྙད་བརྐོ་རྩིས་བྱེད་ཀྱིན་ཡོད་དམ།”

“མེད། རོགས་པ། ཨ་མཚར་རྩེས་པ་ཙམ་ཡིན།”

“མི་འདུག”བྲེལ་འཚབ་ལངས་པའི་ཞབས་ཞུ་བ་དེས་བཤད་ཅིང་། ལྕགས་ཀྱི་སྒེའུ་ཡོལ་འཐེན་ནས་ཡར་ལངས།

“ངས་རང་ཚོད་3ཟིན། ང་རང་རང་ཚོད་ཀྱི་བརྟས་ཏེ་ཡོད།”

“ཁྱེད་ལ་ལང་ཚོ་དང་རང་ཚོད། ལས་ཀ་བཅས་ཡོད།”ཞབས་ཞུ་བ་རྒན་པ་དེས་བཤད།

“ཁྱེད་རང་ལ་ཅི་ཡང་ཡོད།”

“བྱས་ན་ཁྱེད་ལ་ཅི་ཞིག་གིས་མི་འདང་ངམ།”

“ལས་ཀ་ལས་གཞན་ཐམས་ཅད་ཀྱིས་མི་འདང་།”

“ང་ལ་ཡོད་པ་ཐམས་ཅད་ཁྱེད་ལའང་འདུག”

“མེད། ང་ལ་རང་ཚོད་གཏན་ནས་མེད་ཅིང་ན་སོ་གཞོན་པའམ་མིན།”

“འགྲིག་སོང་། གཏམ་ཆོ་མེད་བཤད་མཚམས་བཞག་སྟེ། སྒོ་རྒྱོབས་ཤོག”

“ང་ཡང་ཁོ་ཧྥེ་ཁང་ལ་ཕྱི་པོ་འདུག་རྒྱུར་དགའ་པོ་ཡོད་པའི་མི་དེ་རིགས་ཡིན།”ཞབས་ཞུ་རྒན་པ་དེས་བཤད།

“ང་ནི་ནུབ་མོར་གཉིད་ན་མི་འདོད་པའི་མི་དེ་དག་དང་ལྷན་དུ་གནས་ཤིང་།  མཚན་མོར་འོད་སྣང་མཁོ་བའི་མི་དེ་དག་དང་མཉམ་དུ་ཡོད།”

“ང་རང་ནང་ལ་ལོག་སྟེ་གཉིད་ན་འདོད་བྱུང་།”

       “ང་ཚོ་ནི་རིགས་མི་འདྲ་བ་གཉིས་ཡིན།”ཞབས་ཞུ་བ་རྒན་པ་དེས་བཤད་ཅིང་། ད་ལྟ་ཁོ་རང་ནང་ལ་ལོག་རྩིས་བྱེད་བཞིན་འདུག“ལང་ཚོ་དང་རང་ཚོད་ཇི་ལྟར་ཡིད་དུ་འོང་ན་ཡང་། འདི་ནི་དེ་དག་གི་གནད་དོན་ཞིག་ཀྱང་མིན། ནུབ་ལྟར་ང་རང་སྒོ་རྒྱབ་པ་ལ་ཧ་ཅང་འཚེར་པོ་འདུག གང་ཡིན་ཟེར་ན། ངས་ད་རུང་མི་འགའ་རེ་ལ་ཁོ་ཧྥེ་ཁང་ཨེ་མཁོའམ་སྙམ་བྱུང་།”

“རོགས་པ། འདི་ན་ད་རུང་མཚན་གཉེར་ཨར་ཁང་ཡང་ཡོད།”

“ཁྱེད་ཀྱིས་ཤེས་པ་མིན། འདི་ནི་གཙང་ཞིང་གསལ་ཆ་དོད་པའི་ཁོ་ཧྥེ་ཁང་ཞིག་རེད། འདི་ན་གསལ་ཆ་ཤིན་ཏུ་ཆེ། འོད་སྣང་ཧ་ཅང་གསལ་བ་མ་ཟད། ད་ལྟ་ད་རུང་ལྗོན་པའི་གྲིབ་མའང་ཡོད།”

“གཟིམ་ས་བདེ།” ཞབས་ཞུ་བ་གཞོན་པ་དེས་བཤད།

      “གཟིམ་ས་བདེ།” ཞབས་ཞུ་བ་གཞན་དེས་སོ། །གློག་བསད་རྗེས། ཁོས་མུ་མཐུད་དུ་རང་ཉིད་ལ་ཁ་བརྡ་བྱས། གློག་འོད་ལ་གསལ་ཆ་ཆེ་བ་དོན་དུ་སྣང་ན་ཡང་། ངེས་པར་གཙང་ཞིང་སྤྲོ་བས་བརྟས་པའི་ས་ཆ་ཞིག་ཀྱང་ཡིན་དགོས་ཨང་། ཁྱེད་རང་ལ་རོལ་དབྱངས་དགོས་འདོད་མེད། ཁྱེད་རང་ལ་རོལ་དབྱངས་གཏན་ནས་དགོས་འདོད་མེད།  གལ་ཏེ། དེའི་ཚེ་4ཨར་ཁང་ཞིག་ལ་ཅི་ཡང་འཛོམས་ཏེ་ཚང་ན་ཡང་། ཁྱེད་རང་དེའི་མདུན་ནས་བརྗིད་ཉམས་དང་ལྡན་པར་འགྲེང་ཐུབ་རེ་མེད། ཁོ་རང་ཅི་ཞིག་ལ་ཞེད་སོང་ངམ་སྙམ་ན། དེ་ནི་ཞེད་སྣང་ངམ་སྔངས་འཚབ་ཅིག་ཀྱང་མིན་ཏེ། དེ་ནི་ཅི་ཡང་མིན་པ་ཁོ་རང་གིས་གསལ་པོར་ཤེས། དེ་ནི་ཅི་ཡང་མིན་ཞིང་མིའང་ཅི་ཡང་མིན་ནོ། །དེ་ནི་དེ་ག་ཙམ་སྟེ། དེ་ལ་མཁོ་བ་ནི་འོད་སྣང་དང་གོ་རིམ་འགྲིག་པ་ཞིག་གོ །མི་ཁ་ཅིག་དེ་ན་འཚོ་ཞིང་གཞེས་ཏེ་བསྡད་ན་ཡང་། ཁོ་ཚོར་ངེས་ཤེས་གཏན་ནས་མེད། ཡིན་ན་ཡང་། ཁོ་རང་གིས་འདི་དག་ཐམས་ཅད་ཅང་མེད་དོན་སྟོང་5ཡིན་པ་མཁྱེན་ཏེ། ཅང་མེད་དོན་སྟོང་སྟེ་ཅང་མེད་དོན་སྟོང་ངོ་། །ཅང་མེད་དོན་སྟོང་སྟེ་ཅང་མེད་དོན་སྟོང་ངོ་། །ང་ཚོའི་ཅང་མེད་དོན་སྟོང་ནི་ཅང་མེད་དོན་སྟོང་གི་ནང་ན་གནས་ཏེ། ཅང་མེད་དོན་སྟོང་ནི་ཁྱེད་ཀྱི་མིང་དང་ཁྱེད་ཀྱི་རྒྱལ་པོའང་ངོ་། །ཁྱེད་ནི་ཅང་མེད་དོན་སྟོང་དུ་གདོད་ནས་ལྷུན་གྱིས་གྲུབ་པ་བཞིན། ཁྱེད་ཀྱང་ཅང་མེད་དོན་སྟོང་ནང་གི་ཅང་མེད་དོན་སྟོང་དུ་འགྱུར་ཏ་རེ། ང་ཚོ་ལ་ཅང་མེད་སྟོང་ཞིག་བྱིན་ཞིག །ང་ཚོའི་ཉིན་རྒྱུན་གྱི་ཅང་མེད་དོན་སྟོང་སྟེ། ཅང་མེད་དོན་སྟོང་ནི་ང་ཚོ་ཡིན། ང་ཚོའི་ཅང་མེད་དོན་སྟོང་ངོ་། །ང་ཚོ་ནི་ཅང་མེད་དོན་སྟོང་ཡིན་པ་བཞིན། ང་ཚོའི་ཅང་མེད་དོན་སྟོང་ངོ་། །ང་ཚོ་ཅང་མེད་དོན་སྟོང་ཡིན་དོན། ང་ཚོ་ཅང་མེད་དོན་སྟོང་ན་གནས་ཕྱིར་མིན་ཏེ། ཅང་མེད་དོན་སྟོང་གི་ཕྱིར་དུ། ཅང་མེད་དོན་སྟོང་ལས་སྐྱོབ་ཕྱིར་ཡིན། དགའ་འབོད་ཀྱང་ཅང་མེད་དོན་སྟོང་སྟེ་ཅང་མེད་དོན་སྟོང་འབའ་ཞིག་ཡིན། ཅང་མེད་དོན་སྟོང་ནི་ཁྱེད་དང་མཉམ་དུ་གནས་སོ། །ཞེས་དང་། ཁོ་རང་འཛུམ་བཞིན་ཨར་ཁང་ཞིག་གི་སྒོ་རྩ་ནས་ཀེར་རེར་ལངས། དེ་ན་འོད་ཆེམ་ཆེམ་བྱེད་པའི་རླངས་ནོན་ཁོ་ཧྥེ་བཟོ་ཆས་ཞིག་འདུག །

“ཁྱེད་ལ་ཅི་ཞིག་དགོས་སམ།”ཨར་ཁང་གི་སྣེ་ལེན་པས་དྲིས།

“ཅང་མེད་དོན་སྟོང་།”

“ཡང་སྨྱོན་པ་ཞིག་སླེབས་བྱུང་།”ཨར་ཁང་གི་སྣེ་ལེན་པས་བཤད་ཅིང་ཁ་ཕྱིར་འཁོར་ནས་ཕྱིན་སོང་།

“ཕོར་ཆུང་གང་།”ཞབས་ཞུ་བ་དེས་བཤད།    ཨར་ཁང་གི་སྣེ་ལེན་པས་ཁོ་ལ་ཕོར་ཆུང་གང་བླུགས་ཏེ་སྟེར།

“གློག་འོད་ཤིན་ཏུ་གསལ་ཞིང་སྤྲོ་སྣང་དང་ལྡན་ན་ཡང་། ཨར་ཁང་ལ་གད་ཕྱིས་གཙང་མ་རྒྱབ་མི་འདུག”ཞབས་ཞུ་བ་དེས་བཤད། ཨར་ཁང་གི་སྣེ་ལེན་པས་ཁོ་ལ་ཅིག་བལྟས་པ་ལས། ཨ་ལན་ཅི་ཡང་སྤྲད་མ་སོང་། དེ་ནི་ཁ་བརྡ་བྱེད་པ་ལ་ཤིན་ཏུ་ཕྱི་དྲགས་པ་རེད།

“ཁྱེད་རང་ལ་ད་རུང་ཕོར་ཆུང་གང་དགོས་སམ།”ཞེས་ཨར་ཁང་གི་སྣེ་ལེན་པས་བཤད།

      “མི་དགོས། ཐུགས་རྗེ་ཆེ།”ཞབས་ཞུ་བས་བཤད་ཅིང་ཕྱི་ལ་ཕྱིན་སོང་། ཁོ་རང་ཆང་ཁང་ངམ་ཨར་ཁང་དེར་དགའ་པོ་བྱུང་མ་སོང་། གཙང་ཞིང་གསལ་ཆ་དོད་པའི་ཁོ་ཧྥེ་ཁང་དེ་ནི་མི་འདྲ་བ་ཞིག་རེད་ཨང་། ད་ནི་བསམ་བློ་གཏོང་མཚམས་བཞག་སྟེ། ཁོ་རང་གི་ཁང་པའི་ཕྱོགས་སུ་འཁོར་ཞིང་ནང་ལ་ལོག་སོང་། ཁོ་རང་མལ་སར་ཉལ་དུས་ནམ་ཡང་ལངས་བྱུང་། དེ་ལྟ་ནའང་ཁོ་རང་ད་རུང་གཉིད་ལ་ཡུར་སྲིད། མཇུག་མཐར། ཁོས་རང་ཉིད་ལ་ལབ་པར། འདི་ནི་ཧ་ལམ་གཉིད་མི་ཁུག་པའི་ནད་ཅིག་ཡིན་པ་འདྲ་སྟེ། མི་མང་པོར་ནད་འདི་ཡོད་ངེས་རེད། །   ། །

མཆན།
1ཡུལ་པོ། འདི་ནི་ལྷ་སའི་ཁ་སྐད་ཅིག་སྟེ། ཁེར་རྐྱང་དུ་གྱུར་པའི་དོན་དང་ཧ་ལམ་མཚུངས། དབྱིན་ཡིག་གི་lonelyཞེས་པའི་འགྱུར་ཡིན།
2ཕེ་སེ་ཊ། ༡༨༦༩ནས་༢༠༠༢ལོའི་བར་གྱི་སི་ཕན་ནེའི་སྒོར་མོ།
3རང་ཚོད། འདི་ནི་དབྱིན་ཡིག་གི་confidenceཞེས་པའི་འགྱུར་ཡིན།
4དེའི་ཚེ། འདིའི་སྐབས་ཀྱི་དེའི་ཚེ་ཞེས་པ་ནི་མཚན་མོའི་དུས་སུ་གོ་བ་ཡིན།
5ཅང་མེད་དོན་སྟོང་། ཚིག་འདིའི་མ་ཡིག་ནི་སི་ཕན་ནེའི་ཡི་གེ་ཡིན་ཞིང་། དབྱིན་ཡིག་གི་nothingཟེར་བའི་ནང་དོན་ཡིན་ཞེས་མ་ཡིག་གི་མཆན་དུ་གསལ་བ་ལྟར་བསྒྱུར་རོ། །

རྩོམ་ཁུངས།Selected Readings of English Short Stories, PEKING UNIVERSITY PRESS 2012

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།