ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གཉིས།

271

 

 

དཔོན་ཕྲུག་ཉི་མ་རང་ཤར།

1

            ཉི་འོད་ཤིན་ཏུ་འཇམ། བསིལ་རླུང་འཇམ་པོ་ཞིག་ལྷོད་ཀྱིས་ལྡང་འོང་ནས་དཔོན་རྒན་ཟླ་བའི་ལས་གུར་གྱི་འདབ་ཁ་དལ་གྱིས་བསྐྱོད་ཙམ་བྱས།དཔོན་རྒན་ཟླ་བས་སྟག་གདན་ཁྲ་བོའི་སྟེང་ནས་དབུ་རྒྱབ་ཏུ་བསྙེས་ཏེ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བསྐོར་རྫོགས་ཉི་ཤུ་རྩ་ལྔ་བརྒྱབ།  སྔར་བློ་དཀར་པོ་གོང་ལ་བཀོད། ཕྱི་བློ་སྨུག་པོ་གདན་ལ་བཏང་། བློ་གཉིས་ཆ་མ་བརྡབ།  བློ་རིགས་གསུམ་མགོན་པོ་སྤྱན་ལ་བཀྲམས་ཏེ་ཡུད་ཙམ་བསྡད།

      གུར་གྱི་ནང་དུ་བསིལ་རླུང་འཇམ་པོ་ཞིག་ལྷོད་ཀྱིས་ལྡང་བ་ལས་ཁུ་སིམ་མེར་གནས་པ་དང་། དཔོན་རྒན་ཟླ་བས་སྟག་གདན་ཁྲ་བོའི་ཐོག་ནས་ཡར་བཞེངས་ཤིང་མདུན་ཅོག་གམ་དུ་ཡོང་ཏེ།  སྣག་བུམ་དེ་ཚུར་བླངས་པ་དང་།  བྲིས་སྨྱུག་ཕྱག་ཏུ་ཐོག་ཏེ་ཤོག་དཀར་ཁ་གང་ཐོག་ཏུ་ཕྱག་བྲིས་མཛད་པ་ལ། འབྲུ་ཡར་འཁྱུག་ཡར་ལ་འཁྱུག་པའི་དུས། གསེར་ཉ་མཚོ་ནས་འཁྱུག་འདྲ། འབྲུ་མར་འཁྱུག་མར་ལ་འཁྱུག་དུས། གློག་ཞགས་ས་ལ་འཁྱུག་འདྲ། གུག་གུ་ཐར་དཀར་ལྡིང་འདྲ། ན་རོ་ཐང་སྨུག་གཤོག་བརྒྱངས།  བྲིས་གཟུགས་དེ་ནི་རྒོད་ཐང་དཀར་སྒྲོ་གཟུགས་ངོམ་འདྲ་ཞིག་བྱས་ནས་ གསེར་ཡུལ་སྟོད་སྨད་བར་གསུམ་ལ་ཆིབས་པ་གྱི་ལིང་བྱ་དམར་རྐུ་ལ་ཤོར་བ་དང་། མགྱོགས་མྱུར་ར་མདའ་ལ་འགྲོ་དགོས་པའི་བརྡ་ཡིག་གཡོག་པོ་དོན་གྲུབ་ཀྱི་ལག་ཏུ་བཞག་ནས་ས་ཕྱོགས་སོ་སོར་བཀྲམས།

        ཉིན་གསུམ་འགོར་རྗེས། གསེར་གྱི་རྒོད་རྒན་ཐང་ཆེན། གསེར་ཡུལ་ཡིད་ཀྱི་དཀྱིལ་འཁོར། གྲུ་བཞི་ས་ཡི་ལྟེ་བ། སྙན་ལྷང་ལྷང་ཁུ་བྱུག་གྲག་ས། ཞེ་ལྷང་ལྷང་ཅོ་ཀ་འགྱུར་ས་དེ་རུ་ཚོ་ཆེན་གསུམ་གྱི་དཔོན་བློན་རྣམས་འཛོམས་ཤིང་། དཔོན་ཚང་གི་དམག་སྒར་དེ་ནི་གུར་དཀར་པོ་མི་འདྲ་གངས་རི་འདྲ་ལེ། གངས་རི་ཐང་ལ་འུར་འདྲ། གུར་དམར་པོ་མི་འདྲ་མེ་རི་འདྲ་ལེ།  མེ་ལྕེ་ནགས་རིར་མཆེད་འདྲ། གུར་སྔོན་པོ་མི་འདྲ་རྒྱ་མཚོ་འདྲ་ལེ། རྒྱ་མཚོ་ཐང་ལ་འཁྱིལ་འདྲ། ལྷག་པར་དུ་དཔོན་རྒན་ཟླ་བ་ཕ་བུ་ནི་སྟག་མ་ཤི་མགོ་ལྤགས་མཉེད་མི། ཐོག་དམར་པོ་ལག་པའི་འཇུ་མི་རྐྱང་རྐྱང་ཡིན་པས་དགྲ་བྱུང་ན་མདུང་མོ་མཉམ་འཛིན་དང་། ཟས་ཁམ་གང་བྱུང་ན་མཉམ་བགོས་བྱས་པས་མཚན་སྙན་བ་དན་དཀར་པོ་དགུང་ན་འཕྱོ་བཞིན་ཡོད་པ་དང་། གསེར་གྱི་རྒོད་རྒན་ཐང་དུ་རང་རང་གི་ལས་གུར་ཕུབ་ནས་བསྡད་པ་ན། རྟ་ཁྱུ་དང་རྐྱང་ཁྱུ་ནོར་ལེ། ཆུ་ལེན་དང་བྱེའུ་ཁྱུ་ནོར་ལེ། མེ་འབུད་སྐར་ཚོགས་བཀྲ་འདྲ། དུ་བ་ལྷོ་སྤྲིན་འཁྲུགས་འདྲ་བྱས་པས་ས་དོག་མོས་མི་ཐེག་འཁུན་པ་འཆོར་ལེ།  གནམ་སྔོན་པོས་མི་ཁེབས་སྡར་སྐད་འཆོར་ལེ། གཉེན་ཕུ་ནུའི་མཐོང་ན་ཞེ་སེམས་སྤྲོ་ལེ་ཞིག་བྱུང་།

         སྒར་ཆེན་དེ་ཡི་ཡང་དཀྱིལ་ལ་ལྷ་གུར་གསེར་ཏོག་ཅན་དེ་ཕུབ་པ་དང་། གུར་སྟེང་གསེར་ཏོག་གི་འོད་མདངས་སེར་ལམ་ལམ་ཕྱོགས་བཞིར་འཕྲོ་བཞིན་འདུག་ལ། གུར་གྱི་ནང་དུ་གསེར་ཁྲི་སེང་གེ་ཁ་སྤྲོད། སྟག་གདན་བསྣོལ་བའི་ཁྲི་སྟེང་དེར།   དབུ་ནག་མི་ཡི་སྐྱབས་མགོན།མི་སྨུག་པོ་གཡུ་ཡི་སྨིན་མ་ཅན།  ཡང་སྨུག་བྱུ་རུའི་མིག་རྩ་ཅན། སྐུ་སྟོད་རལ་པ་ཉིལ་ལེ་དེ། སྟོང་སྐུད་ནག་པོ་གཤིབས་པ་འདྲ། གོས་ཆེན་སེར་པོའི་ལྭ་བ་སྐུ་ལ་གསོལ། གསེར་སེར་པོའི་འོད་མདངས་ལམ་སེ། སྐུ་སྟོད་སེང་གེ་འགྱིང་འདྲ། སེང་གེས་གཡུ་རལ་ངོམ་འདྲ། སྐུ་སྨད་གླང་ཆེན་འགྱིང་འདྲ། གླང་ཆེན་དར་སྣས་བརྒྱན་འདྲ། སྐུ་སྐེད་རྡོ་རྗེ་བཤམས་འདྲ།  རྡོ་རྗེ་དར་གྱིས་བཏུམས་འདྲ་བྱས་པའི་དཔོན་རྒན་ཟླ་བ་ཁྲི་ལ་བཞུགས།

      གཡས་གྲལ་སྟག་མོ་མཆོང་འདྲ། གཡོན་གྲལ་གཟིག་མོ་མཆོང་འདྲ་བྱས་ཤིང་། ཇ་ཆང་ཤ་ཐུད་མངར་རིགས་སོགས་གསོལ་འདྲེན་ལྷ་ཡི་འཚོ་བ་ལས་ལྷག་པ་མཛད་ནས་བཞུགས་པའི་སྐབས་སུ།  དཔོན་རྒན་ཟླ་བས་གསུངས་པར“ཡ། ལྷ་བློན་དམག་དཔོན་རྣམས། ད་རེབ་དམག་ལ་ཆེས་དགོས་པའི་དོན་རྐྱེན་ནི་མགོན་པོ་འབྲོང་རི་སྨུག་པོའི་ཉེ་འདབས་སུ།  སོག་པོའི་ཇག་ཚོགས་ཤིག་བྱུང་ནས་གསེར་སྟོད་ཚང་གི་རུ་སྡེ་ནས་རྟ་ཁྱུ་སྐོར་ཞིག་དེད་ནས་བུད་སོང་བ་མ་ཟད། རྟ་ཁྱུ་དེའི་ནང་དུ་ངེད་དཔོན་ཚང་གི་ཆིབས་པ་གྱི་ལིང་བྱ་དམར་ཡོད་པ་དང་། ད་བར་ཤ་ཤོར་ཤ་ལོན་མ་ལོན་ལུས། རྒྱུ་ཤོར་ར་མདའ་མ་ཆོད་ལུས་ཡོད་པས་མྱུར་མོར་ར་མདའ་ལ་འགྲོ་དགོས་”ཞེས་བཀའ་གསུང་རི་གཟར་རྦབ་རྡོ་འགྲིལ་བ་ལྟར་བསྒྲགས།

      ལྷ་གུར་གྱི་ནང་རེ་ཞིག་ཁུ་སིམ་མེར་གནས་པ་དང་། བློན་ཆེན་སྐར་མ་དོན་གྲུབ་སོགས་ཀྱིས་ཆིབས་པ་གྱི་ལིང་བྱ་དམར་རྐུ་ལ་ཤོར་བའི་དོན་ཆེན་ད་བར་མ་གོ་ནས་ལུས་སོང་བར་ངོ་གནོངས་ནས་གཏམ་ལན་ཅི་ཡང་ཞུ་མ་ནུས།  དེའི་དུས།  མདུན་གྲལ་གཡས་ཕྱོགས་ཀྱི་གྲལ་དཀྱིལ་དུ་སྡོད་པའི་དཔོན་ཕྲུག་ཉི་མ་རང་ཤར་གྱིས་དར་དཀར་པོ་དྲི་མ་མེད་པ་ཞིག་ཡབ་ཆེན་གྱི་མདུན་དུ་བཞག་ནས་མགོ་མདུན་དུ་བསྒུར། གུས་པ་ཚད་མེད་དང་བཅས་ཞུ་རྒྱུར།

      “ཨ་ཕ་ལགས། ད་ཐེངས་ར་མདའ་ལ་ང་རང་གིས་དམག་འགོ་བཅིངས་ནས་འགྲོ་དགོས། ད་ནི་ང་ཕོ་ལོ་བཅོ་བརྒྱད་ལུས་ལ་ཡོད། དཔལ་རྩལ་སྙིང་སྟོབས་རྒྱས་ནས་ཡོད། དགྲ་ཕལ་འགེལ་མ་རེད་ཚུར་འགེལ་རེད། གཏམ་ལན་པོ་མེད་ན་ལྐུགས་པ་རེད། དགྲ་ལན་པོ་མེད་ན་སྡར་མ་ཡིན” ཞེས་ར་མདའ་ལ་འགྲོ་འདོད་ཀྱི་ཞུ་བ་ནན་གྱིས་བྱས་པ་ན།  དེར་བཞུགས་པའི་དཔོན་བློན་ཚང་མས་དཔོན་ཚང་གི་ཞལ་ངོ་ལ་བལྟས་ནས་སྡོད་པ་ལས་སུས་ཀྱང་ཡར་ཞུ་མ་སྤོབས།

      དཔོན་རྒན་ཟླ་བས་ཇ་ཧུབ་གང་བཞེས་ནས་ཡང་བསྐྱར་དོན་དག་གལ་ཆེན་ཞིག་ཡིད་ལ་འཁོར་བྱུང་།

      “ཡ། བུ་ཆུང་ཉི་མ་རང་ཤར་ལགས། ད་ཁྱོད་རང་དམག་ལ་འགྲོ་བར་ང་རང་དགའ་མོད།  ར་མདའ་ལ་ནངས་སྔ་ནས་འགྲོ་དགོས།  སང་ཉིན་ནི་གླང་ཟླའི་བཅོ་ལྔ་ལ་ཁེལ་ཡོད།  འབུམ་པ་ཚོ་བའི་བུ་མོ་ཡེ་ཤེས་སྒྲོལ་མ་སང་ཉིན་ཁྱོད་ལ་ཆུང་མར་བསྐྱལ་ནས་ཡོང་གིན་ཡོད་པ་མིན་ནམ།  དེ་བས་སང་ཉིན་ར་མདའ་ལ་བློན་ཆེན་སྐར་མ་དོན་གྲུབ་སོང་ན་ལེགས”ཞེས་བཤད།

      དཔོན་ཕྲུག་ཉི་མ་རང་ཤར་གྱིས་སླར་ཡར་གུས་པ་ཆེན་པོས“ཨ་ཕ་ལགས།  དེ་འདྲ་གསུངས་སྲོལ་ག་ལ་ཡོད།  ཆིབས་པ་གྱི་ལིང་བྱ་དམར་དེ།  ངེད་དཔོན་ཆེན་ཚང་གི་བླ་རྟ་རེད།  ཇག་པས་བརྙེས་ཚོད་མ་ཟིན་ན། ང་དཔོན་ཕྲུག་མི་སྡོད་ཁོ་ཐག་ཡིན”ཞེས་ཡང་ཡང་རེ་ཞུ་བྱས།  མཐར་དཔོན་བློན་ཚང་མ་གྲོས་བྱས་ཏེ་ར་མདའ་ལ་བློན་ཆེན་སྐར་མ་དོན་གྲུབ་དང་། དཔོན་ཕྲུག་ཉི་མ་རང་ཤར་གཉིས་འགྲོ་རྒྱུར་ཐག་བཅད།

      དཔོན་རྒན་ཟླ་བས་སླར་ཡང་ཁྲི་སྟེང་ནས་ཟུར་འདུག་ཅོ་ག་བབ་འདྲ་ཞིག་བྱས་ཏེ་“ཡ་ཡ།  ད་ཐེངས་བུ་ཉི་མ་རང་ཤར་གྱི་རེ་བ་ལྟར་དུ་ཇག་པའི་ར་མདའ་ལ་འགྲོ་རྒྱུར་མོས་འཐད་བྱུང་བ་ཡིན།  འོན་ཀྱང་མེས་པོ་གོང་མའི་ལུགས་སྲོལ་ལྟར།  སང་ཉིན་ར་མདར་ཆས་པའི་དུས། འབྲོང་ཁྱུ་རྫ་ནས་ཞོགས་འདྲ་དགོས།  དཔའ་ཐོད་གཏུག་སུ་རྒོད་ལྟ་བའི་དུས།  དོམ་ནག་ཁྲག་གིས་མྱོས་འདྲ་དགོས། ཝ་བྲོས་མགོ་འབུལ་བྱེད་མི་དང་། ཇུས་ཕྱི་ནང་བརྗེ་མི་བྱུང་ཟེར་ན།  ལུས་གཟུགས་དྲུག་ལྷུ་དུམ་གཏོང་ངེས་ཡིན། ངོ་ཆེན་རྒྱུ་ཡི་བཤག་རྒྱུ་མེད།  གོ་ཨེ་བྱུང་བུ་དང་བློན་ཆེན་གཉིས”ཞེས་བསྐུལ།

      དཔོན་ཕྲུག་ཉི་མ་རང་ཤར་དང་། བློན་ཆེན་སྐར་མ་དོན་གྲུབ་གཉིས་ཀྱིས་དུས་གཅིག་ཏུ“ལགས་སོ”ཞེས་བཤད་པ་དང་།  དེ་ནས་མཐོ་ལ་བློན་ཆེན་སྐར་མ་དོན་གྲུབ་དང་དམའ་ལ་རྟ་རྫི་ཐབ་གཡོག་ཡན་ཆད་ཀྱིས་གོ་དོན་ཡིད་ལ་བཟུང་ནས་དཔོན་པོའི་གསུང་ལ་མངོན་པར་བསྟོད་དོ།

2

      ཉི་མ་དེ་ཡི་ཕྱི་ནངས། ནམ་སྐྱ་རེངས་སྐྱ་མདའ་མ་བརྒྱུག  སྔོ་རེངས་སྔོ་མདའ་མ་བརྒྱུག དགུ་ཚིགས་གཡས་སྐོར་མ་བརྒྱབ། སྐར་ཚོགས་གྲལ་ར་མ་ཞིག  བྱ་ཕོ་རོག་ཟ་ཆུ་མ་བཏུང་། བྱེའུ་ཅོག་མཁའ་ལ་མ་ལྡིང་། མཛངས་མའི་མེ་ཁ་མ་གསོས། རུལ་མས་མགོ་ཤིག་མ་འཕྲུག་པའི་དུས་དེར།  དཔོན་ཕྲུག་ཉི་མ་རང་ཤར་འབྱོན་གྲབས་བྱས་ཤིང་། འདོ་བ་གཡུ་བྱ་སྔོན་མོ་དེ། སྔོན་མོ་གཡུ་ཡི་གཤོག་པ་ཅན། སྔོ་ནག་ཆུ་སྲིན་ཁ་དོག་ཅན། རྣ་སྒྲོ་གསེར་སྒྲོ་ཐལ་ལེ། བྱུ་རུའི་སྒྲོ་ཐུལ་ཉིལ་ལེ། གསེར་སྒ་ཟླ་བ་རང་ཚེས་བསྟད། གློ་ལེན་འབྲུག་རིས་ཤར་རེ། གཡུ་འབྲུག་འཁྱུག་རེ་ཉིལ་ལེ། གོང་ཐག་ལྷ་འདྲེས་སླས་མ། གསེར་སྦྲུལ་ཁུག་འཁྱུག་ཤར་རེ།  རྨེད་ཆེན་གསེར་ཉའི་འཁྱུག་རིས། ཐུར་མདའ་འབྲོང་རིའི་དར་ཐག འབྲོང་རིའི་སྲུང་མ་ཉིལ་ལེ་ཡོད་པ་མཛད་དེ་གུར་སྒོ་ལ་བཏགས།

      དཔོན་ཕྲུག་ཉི་མ་རང་ཤར་ཁོང་གིས་གསོལ་ཇ་བཞེས་ཚར་བ་དང་། ཕྲུག་ནག་སྤུན་དྲིལ་མཐེབ་བརྒྱ་མ་དེ་སྐུ་ལ་གསོལ། བྱང་ཞྭ་ཇ་ལ་ཅན་དེ་དབུ་ལ་མནབས།  ཁྲག་འཐུང་རལ་སྐེད་ལ་བསྐོར། བཙན་དམར་པོ་ཐང་ལ་ལྷུང་པ་ལྟར། འདོ་བ་གཡུ་བྱ་སྔོན་མོའི་གོང་ལ་བུད་དེ་ར་མདའ་ལ་ཆས་པ་ན། དཔུང་རོགས་བློན་ཆེན་སྐར་མ་དོན་གྲུབ་ཀྱང་མི་ནག་རྟ་ནག་ཅན། རྫ་རི་ལ་གྲིབ་སོ་གུག་འདྲ་ཞིག་བྱས་ནས་ཁོང་དཔོན་བློན་གཉིས་རྟ་དམག་ལྔ་བཅུ་ལྷག་གིས་བསྐོར་ནས་གསེར་ལུང་པདྨ་ཐང་ཆེན་ནས་ལམ་ལ་ཆས་སོ།

      སྤྲིན་དཀར་ལུག་ཁྱུ་འདྲ་བ་ཞིག  མཆོད་གནས་འབྲོང་རི་སྨུག་པོའི་ཕྲག་གོང་ནས་ཤར་རླུང་གིས་དེད་དེ་གཡས་ཕྱོགས་སུ་སོང་བ་དང་།  གསེར་སྐུད་ས་ལ་འཐེན་འདྲའི་ཉི་འོད་དེ་གསེར་ཆུ་དལ་འབབ་རིང་མོའི་སྟེང་དུ་ལྷོད་ཀྱིས་འཕྲོས་འདུག  གསེར་ཆུ་དལ་འབབ་རིང་མོའི་རབ་སོ་གོང་མ་རུ། འབུམ་པ་ཚོ་བའི་བུ་མོ་ཡེ་ཤེས་སྒྲོལ་མ་ཨ་ཞང་འཁོར་དང་བཅས་པ་ཐོན་བྱུང་།

      ཉིན་གུང་ལ་བསླེབས་ཡོད་པས།  བག་སྐྱེལ་ཚོས་ཐབ་ཚང་སྦྲ་གུར་བརྒྱངས་ཤིང་། ཆོན་ཆེན་ཕ་རིའི་རི་ལ་འཐེན་ཐལ། ཆོན་ཆེན་འབྲོང་ཁྱུ་ཞོགས་འདྲ་བྱས་ཐལ། ཆོན་ཆུང་ཚུ་རུའི་རི་ལ་འཐེན་ཐལ། ཆོན་ཆུང་རྐྱང་ཁྱུ་ཞོགས་འདྲ་བྱས་ཐལ། ཆོན་ཕུར་རི་འབུར་མགོ་ལ་བརྡབ་ཐལ། སྒང་ལ་ཁར་གཙོད་ཁྱུ་ཞོགས་འདྲ་བྱས་ཐལ། ཐབ་རྡོ་ནོར་བུ་སུམ་འཁྱིལ་ས་ལ་བཙུགས་ཏེ། ཡ་ཐབ་གསེར་ཐབ་སེར་པོ། གསེར་ཐབ་ཆུ་སྲིན་ཧྲུག་ཧྲུག མ་ཐབ་དངུལ་ཐབ་ཁམ་པ། དངུལ་ཐབ་མེ་རི་འཁྱུག་འཁྱུག དཀྱིལ་ཐབ་མཆོད་ཁྲི་དམར་པོ། མེ་རིའི་ཧ་རྒོད་ཚག་ཚག ཟངས་འཁར་བཀྲ་ཤིས་རྟགས་བརྒྱད་ལ། ཇ་ཨ་ཇ་རྒྱ་ཇ་མེ་ཏོག་གཡང་འཛིན་བཏབས་ཏེ། ཇ་རླངས་སྨུག་པ་ལངས་འདྲ། ཇ་དྲིས་སྣང་བ་དྭངས་ལེ། མདོག་བཟང་ཡིད་དབང་འཕྲོག་ལེ་བྱས་ཏེ་ལས་གཡོག་བ་རྣམས་ཀྱིས་གུར་ནང་དུ་དབོར་འདྲེན་བྱས་པ་དང་། ཡུ་དམར་ཇ་ལ་འུར་འདྲེན། སྐྱེམས་འབར་ཆང་ལ་སུམ་འདྲེན། ཁྲ་ཡག་ཤ་ལ་གཟུག་འདྲེན། དཀར་གསུམ་མངར་གསུམ་སྦྲང་ཆར་བབས་འདྲ། ཤིང་ཏོག་བུ་རམ་རི་ལྟར་སྤུངས་ནས་གསོལ་སྟོན་ལ་རོལ།

       གསེར་ཆུའི་རབ་སོ་གོང་མ་རུ། མི་སྔོན་རྟ་སྔོན་ཅན། ཁུ་བྱུག་ནགས་ནས་ལྡིང་འདྲ། མི་ནག་རྟག་ནག་ཅན། བདུད་ནག་པོ་དགྲ་ལ་ཆས་འདྲའི་རྟ་པ་གཉིས་སྔོན་དུ་རྒྱང་ངེར་ཐོན་བྱུང་། བུ་མོ་ཡེ་ཤེས་སྒྲོལ་མས་རྒྱན་གོས་སྲམ་ཤན་ཁྲ་བོ་དེར། སྲམ་ཕོ་སྲམ་བརྒྱ་ཡི་སྒང་བཟོ་བྱས། མོ་སྲམ་བརྒྱ་ཡི་གཤོང་བཟོ་བྱས།  གཟིག་མི་གཟན་པགས་པས་ཁ་རྒྱན་བྱས། དོམ་ཁྱི་ཁྲག་འཐུང་བས་མཐའ་ཤན་བྱས། དུང་ཆབ་པདྨ་སྟོང་ལྡན་དེ་བཅིངས། གློ་ཟུང་བྱུ་རུའི་ཕྲ་རྒྱན་ཅན་ལ། དངུལ་ཁམ་པའི་དྲིལ་ཆུང་སིལ་ལེ། སྣ་ཤན་དར་དཀར་མདུད་པ་ལ། སྟོང་སྐུད་ཛར་ལོ་ཤིགས་སེ་བྱས་ཤིང་། ཞལ་ཏ་མ་དུ་མས་བསྐོར་ཏེ་དཔོན་ཕྲུག་ཉི་མ་རང་ཤར་གྱི་མདུན་དུ་ཕེབས།

      དཔོན་ཕྲུག་ཉི་མ་རང་ཤར་གྱིས་བསམས་པར།   མདུན་གྱི་ན་ཆུང་མ་འདི་ནི་བདག་གི་ཚེ་རབས་ལས་ཀྱི་གཏན་གྲོགས་ཡེ་ཤེས་སྒྲོལ་མ་རེད། བུ་མོ་ཡེ་ཤེས་སྒྲོལ་མ་ནི་སྒོམ་ཆེན་རི་ཁྲོད་པ་རྣམས་ཀྱིས་མཐོང་ནས་ཞལ་འཛུམ་འཆོར་ལེ། རྒྱ་ལམ་ནས་མགྲོན་པོ་རྣམས་ཀྱིས་མཐོང་ན་ཕྱི་མིག་བལྟ་ལེ། ཁྲི་ཁའི་བླ་མ་རྣམས་ཀྱིས་མཐོང་ན་སྤྱན་གཟུར་ལེ། ཕོ་གསར་ལོ་ཆུང་གིས་མཐོང་ན་ཡིད་དབང་འཕྲོག་པ་ཞིག་འདུག་ཀྱང་དེ་རིང་དགྲ་ནག་པོའི་ར་མདའ་ལ་འགྲོ་བའི་དུས་སུ།  བུད་མེད་ཀྱིས་གང་བྱུང་བཤད་སྲིད་པའི་ཁ་ལ་ཉན་མི་རུང་བསམས་ནས་ཞལ་ངོ་ནག་རོག་གེར་མདུན་ལ་ཐོན། དེའི་དུས།  བུ་མོ་ཡེ་ཤེས་སྒྲོལ་མས་སྐེ་གའུའི་ནང་ནས་དར་གཅིག་བླངས། དར་ལེན་པ་རྒྱ་དར་དཀར་པོ་བླངས།  ལག་སྲིན་ལག་སྟེང་ནས་གཡུ་ཞིག་བླངས། གཡུ་ལེན་པ་རྒྱ་གཡུ་དྲུག་དཀར་བླངས། དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ནང་། རྒྱ་ཇ་ཡུ་དམར་ལ། ཟེ་དཀར་འབྲི་འོས་ཁུ་མདངས་ཕྱུང་བ་ཡིས་བཀངས་བ་ཞིག་ཁྱེར་ནས་གུས་འདུད་ཚད་མེད་དང་བཅས“ཡ། དཔོན་ཕྲུག་ཉི་མ་རང་ཤར་ལགས།  གསེར་ཆུའི་རབ་སོ་གོང་མ་ནས། ཁྱེད་དང་འཕྲད་པ་ངོ་མཚར་ཆེ།  དེ་རིང་གླང་ཟླའི་བཅོ་ལྔ་རེད། ང་རང་ཨ་ཞང་འཁོར་གཡོག་གིས།  མི་ནོར་གཡང་གི་རྫོངས་བ་བཅས། ཁྱེད་དཔོན་ཆེན་ཚང་ལ་ཡོང་བ་ཡིན། ཁྱེད་དཔོན་བློན་རྣམས་ལ་ཁམས་བདེ་ཞུ། བསུ་མར་ཡོང་བ་ཨེ་ཡིན་ལགས”ཞེས་དྲིས།

      དཔོན་ཕྲུག་ཉི་མ་རང་ཤར་དེ་ཆིབས་གོང་ནས་མར་འབབ་ལོང་མེད་པར་བུ་མོ་ཡེ་ཤེས་སྒྲོལ་མའི་མགུལ་དུ་ཁ་བཏགས་ཉིན་མོ་བདེ་ལེགས་ཤིག་སྒྲོན་ཞོར“ཡ། སྙིང་ཐུབ་ཡེ་ཤེས་སྒྲོལ་མ་ལགས། མ་མཇལ་སྐུ་ཁམས་བདེ་ལེགས་སམ། ང་དེ་རིང་བསུ་མར་ཡོང་བ་མིན། ཁ་སང་ཇག་རྐུན་སྐོར་ཞིག་གིས་ངེད་དཔོན་ཚང་གི་ཆིབས་པ་གྱི་ལིང་བྱ་དམར་བརྐུས་སོང་བས།  མགྱོགས་མྱུར་ར་མདའ་ལ་མ་སོང་ཐབས་མེད་ཡིན། ཁྱེད་ཚོ་ཨ་ཞང་འཁོར་དང་བཅས་པ་སྔོན་ལ་སོང་དང་། ང་དང་བློན་ཆེན་གཉིས་ཀྱིས་ཇག་རྐུན་དག་ཚར་བཅད་ནས་མགྱོགས་མྱུར་ཕེབས་ཡོང” ཞེས་བཤད་དེ་གསོལ་ཇ་ཁམ་གང་ཡང་བཞེས་ལོང་མ་བྱུང་བར་གསེར་ཆུའི་རབ་སོ་གོང་མ་བརྒལ་ཏེ་ཆས་སོང་།

 

        བུ་མོ་ཡེ་ཤེས་སྒྲོལ་མས་ཁྲ་ཆུང་སྤྱན་ཟུང་མིག་ཆུས་བརྒྱན་ནས་སྐྱོ་བའི་མགོ་བོ་བྲང་ཁར་སྨད་དེ།  གསེར་ཆུའི་རབ་སོ་གོང་མ་རུ་བྲེལ་བྲེལ་ངང་འགྲོ་བཞིན་པའི་དཔོན་ཕྲུག་ཉི་མ་རང་ཤར་གྱི་རྒྱབ་གཟུགས་ལ་ཅེར་ནས་ཡུན་རིང་ཞིག་ལ་ལུས་པ་དང་། རིམ་གྱིས་དཔོན་ཕྲུག་ཉི་མ་རང་ཤར་གྱི་རྒྱབ་གཟུགས་མཐོང་ལམ་ནས་ནག་རིལ་རིལ་ཡལ་བ་ན། གསེར་ཆུའི་རབ་ཁ་ནས་གློ་བུར་དུ་འཚུབ་མ་ནག་པོ་ཞིག་ལྡང་སྐོར་བྱས་ཏེ།  དཔོན་ཕྲུག་ཉི་མ་རང་ཤར་གྱིས་བུ་མོ་ཡེ་ཤེས་སྒྲོལ་མའི་མགུལ་དུ་བསྒྲོན་པའི་ཁ་བཏགས་དཀར་པོ་དེ་ས་ལ་གཡུག་སོང་།

3

      གསེར་གྱི་འབྲོང་རི་སྨུག་པོས་ཉི་མའི་གསེར་ཞྭ་གྱོན་པའི་དུས་དེར། དཔོན་ཕྲུག་ཉི་མ་རང་ཤར་འཁོར་དང་བཅས་པ་འབྲོང་རིའི་གཡས་ལག་གི་ལུང་མདོར་བསླེབས། དཔོན་ཕྲུག་ཉི་མ་རང་ཤར་གྱིས་ཆིབས་གོང་ནས་རྒྱང་ཤེལ་བཀལ་ནས་བལྟས་པ་ན། རྫ་ཡར་འཁྱིལ་ཁ་བ་འབབ་ས། རྫ་མར་འཁྱིལ་བུ་ཡུག་འཚུབ་ས། རྫ་རི་སྨུག་པོ་གནམ་ལ་ཟུག་འདྲའི་མར་གཤམ་གྱི་ཇག་པའི་སྐོང་ལུང་ཟེར་བ་དེ་རུ།   ཆིབས་པ་གྱི་ལིང་བྱ་དམར་རྐུ་མཁན་གྱི་ཇག་ཚོགས་དེ་སྦས་ནས་ཡོད་པ་མཐོང་།

     དཔོན་ཕྲུག་ཉི་མ་རང་ཤར་དེ་མདའ་རྒྱང་གང་གི་སྔོན་ལ་ཐོན་ནས། རྟ་འདོ་བ་གཡུ་བྱ་སྔོན་མོའི་གོང་ནས་ངོ་སྟོད་ཁྲོ་བོ་ཁྲོས་འདྲ། ཁྲོ་བོས་ཧ་རྒོད་ཚག་ཚག ངོ་སྨད་ཁྲོ་མོ་ཁྲོ་ཁྲོ། ཁྲོ་མོ་དྲག་ཏུ་ཁྲོས་འདྲ། གདོང་ནག་ལེ་རྫ་ནག་ལ་ཆར་སྤྲིན་འཁྲིགས་འདྲ། ཆར་རྐང་གློག་ཞགས་འཁྱུགས་སེ། རྒྱབ་དར་མེ་རི་འབར་འདྲ།མེ་དམར་པོ་རླུང་གིས་བསྐྱོད་འདྲ་མཛད་དེ། མགོན་པོ་འབྲོང་རི་སྨུག་པོའི་བླ་མདུང་དེ་ཕྱག་ལ་བསྣམས། མདུང་རྩེར་ཟི་ར་འཚུབ་སེ་བྱས། སྐེད་ཀྱི་རལ་གྲི་ཁྲག་འཐུང་ངར་མ་དེ། གྲི་ཤུབས་སྟོད་ལ་བལྟས་པའི་དུས། དོམ་ནག་ནགས་ནས་འགྱིང་འདྲ།  གྲི་ཤུབས་སྨད་ལ་བལྟས་པའི་དུས།    གནམ་ས་སྟེང་འོག་བརྡབས་འདྲ། གྲི་ཤུབས་བར་ན་བལྟས་པའི་དུས། སེར་རྐང་གློག་དམར་འཁྱུགས་སེ་ཡོད་པ་སྐེད་ལ་བསྐོར་ཏེ། དཔོན་ཕྲུག་ཉི་མ་རང་ཤར་ནི་བཙན་རྒོད་ཐང་ནས་རྒྱུག་འདྲ་བྱས་ཏེ་སོག་པོའི་ཇག་ཚོགས་དེའི་ཉེ་འགྲམ་དུ་ཐོན་བྱུང་།

      ཇག་ཚོགས་དེ་ཟིང་ཟིང་ལོང་ལོང་དུ་གྱུར་པ་དང་། ཇག་ཚོགས་ཀྱི་གྲལ་ནས་ཇག་དཔོན་པུའུ་ཧུ་ཀི་ལས་ཟེར་བ་རལ་པ་དམར་པོ་གནམ་ལ་གཟེངས་པ་ཞིག་ཡོད་པ་དེ་རྟ་དམར་མེ་སྟག་འདྲ་བ་ཞིག་གི་གོང་ལ་བུད་ཅིང་། དཔོན་ཕྲུག་ཉི་མ་རང་ཤར་གྱི་གདོང་བཀག  དཔོན་ཕྲུག་ཉི་མ་རང་ཤར་གྱིས་རྟ་ཁ་བསྒགས་ཏེ“ཡ། ཁོ་རེ་ཚོ་ཉུང་རྐུན་མའི་དཔུང་། དགྲ་ཉལ་ཐོག་ལག་བཞག་བྱེད་ལུགས་དེ། ཕོ་སྡར་མའི་མི་ལ་ནོར་ཡ་མེད། དཔོན་བཙན་པོ་སང་གི་ས་ཆ་ལ། དམག་བུ་རྟ་འགྲོ་འདུག་ཆོག་ལེ་མིན། ཇག་ཉུང་མཚན་རྒྱུག་ཅི་ལ་ཡིན། ཙན་དན་ནགས་མའི་གཞི་དཀྱིལ་ལ། སྟག་དམར་ཡག་མིན་པ་འགྲོ་མི་མེད། ཁྱི་བདའ་ལིའི་ངུ་ཟུག་ཅི་གོ་རེད། སྔར་འཁོན་རྩོད་གཞི་ཅི་འདྲ་ཡོད། ད་གྱོད་གླེང་གཞི་ཅི་འདྲ་ཡོད”ཅེས་དྲིས་པ་དང་། ཁོས་བསམས་པར་དང་པོ་སུ་རེད་དང་ཅི་ཟེར་བལྟ། དེ་ནས་དཔའ་རྟིང་མ་དགུང་ལ་གྲགས་པ་ཞིག་ལེན་དགོས་བསམས་ཤིང་རྟ་གོང་ནས་ཟུར་འདུག་ཞིག་བྱས་ཏེ་སྒུག་བསྡད།

      སོག་པོའི་ཇག་དཔོན་པུའུ་ཧུ་ཀི་ལས་ཟེར་བ་དེས་ལག་གཡས་པས་གྲི་མགོ་འཇུས། ལག་གཡོན་པས་སོག་རྒྱང་ཞིག་མཛད་ནས“ང་ཇག་དཔོན་པུའུ་ཧུ་ཀི་ལས་ཡིན། སོག་བྱ་ཁྲི་རྒྱལ་པོའི་ངོ་ཡ་ཡིན། གསེར་ཁོག་ས་སྟོང་ལུང་སྟོང་ནས། བདག་མེད་རྟ་ཁྱུ་དེད་པ་ལ། ཁྱོད་ཚེ་ཟད་ར་མདའ་སྙིང་རེ་རྗེ། གནའ་མི་བོད་ཀྱི་གཏམ་དཔེ་ལ། སྟག་རི་བཀྲས་ཤ་དམར་རྔམ་ཟ་བྱས། ཟ་མ་ཤེས་སྟག་མོ་མི་ཤས་བརྣངས། མཐར་ཐུག་རང་སྲོག་རང་གིས་བཅད། རྒོད་པོ་ཡིན་ན་གདོང་ལ་ཤོག”ཅེས་བཤད། སོག་པོའི་ཇག་དཔོན་པུའུ་ཧུ་ཀི་ལས་རལ་གྲི་ཀླད་ལ་ཕྱར་ཏེ་དཔོན་ཕྲུག་ཉི་མ་རང་ཤར་ལ་ལན་གསུམ་བཏབས་ཀྱང་མགོན་པོ་འབྲོང་རི་སྨུག་པོ་གྲི་ཡི་སོ་ཁ་བླངས་ནས་གྱོན་གོས་ལ་རལ་ཤན་ཙམ་ལས་གནོད་པ་ཆེར་མ་བྱུང་།

     དཔོན་ཕྲུག་ཉི་མ་རང་ཤར་གྱིས་མགོན་པོ་འབྲོང་རི་སྨུག་པོའི་རྟེན་མདུང་ཀླད་ནས་ལན་གསུམ་བསྐོར་ཞིང་ས་ལ་ལན་གསུམ་བརྡབས་པས་ས་ཡོམ་ཡོམ་འདར་བྱུང་། ཡང་ཇག་དཔོན་པུའུ་ཧུ་ཀི་ལས་ཀྱི་བྲང་དཀྱིལ་ལ་ལན་གཅིག་བསྣུན་པས་རྒྱབ་ཀྱི་སོག་བར་ནས་མདུང་སོ་སྔོ་རྒྱང་ངེར་ཐོན། སོག་པོའི་ཇག་དཔོན་དེ་རྟ་གོང་ནས་ཡོམ་ཡོམ་འདར་ཞོར་ཐང་ལ་ལྷུང་ཡང་། ད་དུང་ཤི་མ་ཐུབ་པར་ཨམ་གཙིགས་བསྡམས་ནས། གྲི་ཡི་ལག་རྟེན་བྱས་ཏེ་དཔོན་ཕྲུག་ཉི་མ་རང་ཤར་གྱི་གམ་ལ་བཅར་ཏེ། ཁོང་གི་བརླ་གཡས་པའི་ཁྲག་མཚོའི་སྟེང་དུ་གྲི་མདུང་གིས་གཅིག་བསྣུན་པས་ཁྲག་དམར་ཛར་ཛར་བྱུང་།

      དཔོན་ཕྲུག་ཉི་མ་རང་ཤར་རྟ་གོང་ནས་ལྡིང་སྟེ་ཇག་དཔོན་པུའུ་ཧུ་ཀི་ལས་ཀྱི་མགོ་ཡོང་རྡོག་འབྲག་འབྲག་བྱས་ནས་བསད། སྐབས་དེར། བློན་ཆེན་སྐར་མ་དོན་གྲུབ་འཁོར་དང་བཅས་པ་ཐོན་ནས་ཀི་སྒྲ་འབྲུག་སྟོང་གྲག་གྲག   གྲི་གཡུག་གློག་དམར་འཁྱུག་འཁྱུག་བྱས་ནས་མི་རོས་བམ་ཆེན་བཀྲམ་འདྲ། ཁྲག་དམར་དབྱར་ཆུ་བསྐྱིལ་འདྲ་བྱས། དཔོན་ཕྲུག་ཉི་མ་རང་ཤར་གྱི་བརླ་གཡས་པའི་རྨ་ཁ་ནས་ཁྲག་བཞུར་ཆེ་བས་མི་རྟའི་ཁ་དོག་དམར་ནག་ཏུ་བསྒྱུར་ནས་མི་དམར་རྟ་དམར་ཅན། བཙན་དར་མ་ཐང་ནས་རྒྱུག་རྒྱུག་བྱས་ཏེ་ད་དུང་ངར་ཆེན་གྱིས་ཇག་དམག་སྐོར་ཞིག་མཚོན་ལ་དྲངས་ཤིང་། ཇ་ཐབ་གཡས་རྫོགས་གཡོན་རྫོགས་དང་། ཐབ་གསུར་སྤྲིན་ནག་ལངས་འདྲ་ཞིག་བྱས་པ་ན། སོག་པོའི་ཇག་ཚོགས་ཀྱི་ལྷག་མ་རྣམས་དཔའ་འཁྱག་ཏེ་བྲོས་པའི་ལམ་མ་རྙེད། གབ་པའི་ཁུང་མ་ཐོབ། ལ་ལ་གཡང་ལ་ལྕེབས། ལ་ལ་གྲི་ཁར་ཤི། ལ་ལས་མགོ་འབུལ་ཞུས།

       ཁོང་དཔོན་བློན་ཚོས་ཆིབས་པ་གྱི་ལིང་བྱ་དམར་དང་བཅས་ཇག་ཚོགས་ཀྱི་རྒྱུ་ནོར་ཐམས་ཅད་གཞུང་བཞེས་བྱས།  དགུང་ཕྱི་དྲོའི་གྲིབ་ཆེན་རེ་སྐེད་ནས་རྒྱུ་བའི་དུས་དེར།  དཔོན་ཕྲུག་ཉི་མ་རང་ཤར་གྱི་རྨིས་ལྕི་བས་དབུགས་རིང་ནར་ནར་བྱེད་བཞིན། མགོན་པོ་འབྲོང་རི་སྨུག་པོའི་གཡས་ལག་གི་རྡོ་ཕ་བོང་གཡག་རོ་ཙམ་ལ་རྒྱབ་བསྙེས་ཏེ། བློན་ཆེན་སྐར་མ་དོན་གྲུབ་ཀྱི་ལག་མགོར་འཇུས་ནས“ཡ།  བློན་ཆེན་ལགས།  ངའི་གསེར་གྱི་མཛུབ་དཀྲིས་བསམ་དོན་རང་གྲུབ་འདི།  བདག་གི་ཆུང་མ་ཡེ་ཤེས་སྒྲོལ་མའི་ལག་ཏུ་འཕྲོད་པར་གྱིས། ཁོ་མོར་མངལ་སྦྲིམ་ནས་ཟླ་གཅིག་ལྷག་ཡིན་ལ།   ཚེ་ཕྱི་མར་ང་ཚོ་ཡང་ནས་ཡང་དུ་ཁྱིམ་བཟའ་ཚང་གཅིག་ལ་འཛོམས་པའི་སྨོན་ལམ་བཏབས་ཡོད” ཅེས་བཤད་རོགས་ཟེར་བ་དང་།  ཤར་ཁའི་སྐར་རྗེན་འདྲ་བའི་མིག་ཟུང་དེ་འཁྲང་སེམས་དང་ལྡན་པའི་ངང་ནས་དལ་གྱིས་བཙུམས་སོང་།

         2017.2.13

བརྩེ་བ་གང་དུ་ལུས་སོང་།

 

      ཉིན་དེར།  ང་ཕ་ཡུལ་གསེར་ལུང་ལ་ཡོང་བའི་ཡུལ་སྐོར་བ་འགའ་དང་ལྷན་དུ་རླངས་འཁོར་གཅིག་ལ་བསྡད་ནས་ཡོང་།  མཚམས་ཤིག་ལ།  ངའི་གམ་དུ་སྡོད་པའི་ཡུལ་སྐོར་བ་ཞིག་གི་སུ་ཞིག་ལ་ཁ་པར་བཏང་བྱུང་།  “ང་ད་ཐེངས་གསེར་ལུང་གི་འབྲོང་དགོན་པ་ན་ཡོད། འབྲོང་དགོན་པ་ནི་དངོས་གནས་བློ་ཡུལ་ལས་འདས་པའི་ཡག་པོ་རེད།  འོན་ཀྱང་གསེར་ལུང་ཞེས་པའི་ས་ཆ་འདིའི་ཁྲོམ་བར་གྱི་ཁྱི་དང་མི་ལ་མང་ཉུང་མི་འདུག   ཧ་ཧ”ཞེསས་ཕ་རོལ་པོ་ལ་ཀུ་རེ་དང་བདེན་གཏམ་འདྲེས་མའི་སྐད་ཆ་དེ་ལབ་པ་ན། ང་ནི་ངོ་མི་ཤེས་པའི་ཡུལ་སྐོར་བ་དེའི་གམ་ནས་གློ་བུར་དུ་ཚིག་པ་ཟོས་ཤིང་། སེམས་སུ་ངའི་ཕ་ཡུལ་དུ་ཁྱི་མང་ན་ཁྱོད་ཀྱིས་གསོ་མི་དགོས་པས་ཇུས་གཏོགས་བྱེད་དོན་ཅི་ཡོད་ཅེས་ཅུང་ཙམ་མིན་ན་ངག་ལས་ཤོར།  དེ་ནི་ང་མི་ཚེ་འདིར་ཐེངས་དང་པོ་མིའི་སྟེང་ལ་ཁོང་ཁྲོ་ལངས་ཤིང་ཁྱིའི་སྟེང་ལ་སྙིང་རྗེ་སྐྱེས་པའི་ཉིན་ཞིག་རེད།

      ང་སྔ་དྲོའི་ལས་ཚོགས་སུ་ཞུགས་ནས་ཁྱིམ་ལ་ཐོན་དུས།  ཨ་མ་ལགས་ཀྱང་དགེ་བསྙེན་ཚང་གི་ཆོས་ཞུས་ནས་ཕྱིར་ཁྱིམ་ལ་ཐོན་པ་དང་དུས་མཉམ་རེད་འདུག  ཨ་མས་ནམ་རྒྱུན་དགེ་བསྙེན་ཁང་ལ་བསྔོ་སྨོན་འཇོག་གིན་ཡོད། དེ་རིང་ཡང་ནམ་རྒྱུན་དང་འདྲ་བར།  ཨ་མས་ང་ལ་ཇ་ལྡུག་ཞོར“ཁྱོད་ལ་ཁོམ་པ་ཡོད་ན་བསྔོ་སྨོན་ཡི་གེ་ཅིག་བྲི་རོགས”ཟེར།   ངས་སྨྱུ་གུ་དང་ཤོག་བུ་གྲ་སྒྲིག་བྱེད་ཞོར“དེ་རིང་ཅི་ཞིག་བྲི་དགོས”ཞེས་དྲིས། ཨ་མས་ལག་གི་མ་ཎི་འཁོར་ལོ་སྐོར་མཚམས་བཞག་ནས“སྡེ་དཔོན་ནག་ལོའི་ཆུང་མ་བླ་བདེ་མ་ཁྱི་ནད་ལས་ཤི་སོང་།  སྙིང་རྗེ། བླ་བདེ་མ་ན་ཡུན་རིང་སོང”ཟེར །

       ངས་དེ་ལ་ལན་ཅི་ཞིག་ལྡོན་དགོས་པ་མི་ཤེས་པས་ཨ་མའི་བཀའ་བཀོད་བཞིན“བླ་བདེ་མ་བདེ་འགྲོ་ཐོབ་ཕྱིར་འོད་མཚན་གསུང་བར་ཞུ”ཞེས་བྲིས་པ་ན། ཨ་མས་ཡི་གེ་མི་ཤེས་པས་ང་ལ་ད་རུང་གཟབ་ནན་ངང་ལྟ་བཞིན“ཁྱོད་ཀྱིས་བསྔོ་སྨོན་ཡི་གེ་དེ་ཁ་གསལ་པོ་ཞིག་ཕྲིས”ཞེས་ནན་གྱིས་བཤད་བྱུང་། གསེར་ལུང་ཞེས་པའི་ས་ཆ་འདི་ནི་ངའི་ཕ་ཡུལ་ཡིན་ལ། འདི་གའི་མང་ཚོགས་ཀྱིས་ཐུམ་འབུའི་ནད་ལ“ཁྱི་ནད”ཅེས་ཟེར་ལ།  ཚེས་བཅོ་ལྔ་དང་གནམ་གང་གི་དུས་སུ། ཁྱི་ལྡོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཁྱི་ཡི་ལྟོ་ལྡུད་པ་ལ“ཁྱི་དགེ”ཅེས་འབོད་པ་དང་། ད་རུང་གསེར་ལུང་གི་ཁྱི་གསོ་ར་བ་སོགས་གསེར་ལུང་ལ་ཁྱི་མང་བས་ཁྱི་དང་འབྲེལ་བའི་ཐ་སྙད་མང་པོ་ཅིག་བྱུང་ཡོད། དེ་ནི་ངའི་ཕ་ཡུལ་གསེར་ལུང་ལ་གང་ཞིག་ནས་འགྱུར་ལྡོག་འགྲོ་བཞིན་པའི་ཡིན་ནམ། ཡང་ན་དོན་དག་གཞན་པ་ཞིག་ཡིན།

       གང་ལྟར།  མི་སུ་ཞིག་ཡིན་ཡང་ཕ་ཡུལ་ནི་རིན་པོ་ཆེ་ཞིག་དང་འདྲ་བར་སོ་སོའི་སེམས་ནང་ན་ནམ་ཡང་འོད་དུ་འཚེར་བཞིན་ཡོད།  ང་ཡང་དེ་དང་འདྲ་བར་ཕ་ཡུལ་ཞེས་པའི་ཐ་སྙད་འདི་གླེང་མ་ཐག་སེམས་སུ་གསེར་གཞོང་ཐང་ལ་བཞག་འདྲའི་སྙིའི་ཞོ་མར་ཐང་དང་། དར་དཀར་རླུང་གིས་བསྐྱོད་འདྲའི་སྙི་ཆུ་དལ་བ་རིང་མོ།  འབྲོང་སྙིང་སྡེར་ནང་བཞག་འདྲའི་གཞི་བདག་འབྲོང་རི་སྨུག་པོ།  དོམ་ནག་ཁྲག་གིས་བཟི་འདྲའི་འབྲོག་ཁྱི་རྒྱ་རྒྱ་མིག་བཞི།  ད་རུང་སེམས་ན་སྙིང་རྗེ་དང་། ལག་ན་འཁོར་ལོ། ཁ་ན་མ་ཎི།  གདོང་ན་འཛུམ་དཀར་བཞད་པའི་ཕ་ཡུལ་གྱི་མི་དག་དྲན་ཡོང་ལ།  ཕ་ཡུལ་གསེར་ལུང་དྲན་པ་ནི་ས་མཐའ་ནས་ཨ་མ་དྲན་པ་དང་འདྲ་ལ། ཕ་ཡུལ་གསེར་ལུང་གླེང་བ་ནི་སྙན་ངག་མཁན་ཞིག་གིས་སྙན་ངག་གླེང་བ་དང་འདྲ།

      འོན་ཀྱང་།  ད་ལྟ་ཕ་ཡུལ་གསེར་ལུང་ལ་བསམ་བློ་གཏོང་དུས།  དེ་ནི་རེ་སྦྲ་སྨུག་པོ་ཇེ་ཉུང་དང་། ལྕགས་ཁང་གྲུ་བཞི་ཇེ་མང་ལ་སོང་བའི་གོ་རིམ་ཞིག་རེད་ལ། གསེར་ལུང་ཞེས་པའི་ས་ཆ་འདི་གའི་གྲུ་ཟུར་གང་རུང་དུ་ཨེ་ཛི་ནད་དུག་ཁུར་བའི་མི་ནད་པ་ཅན་དང་།  ཐུམ་འབུའི་ནད་དུག་ཡོད་པའི་ཁྱི་ནད་པ་ཅན། རྒྱུ་འབྲས་གོ་ལྡོག་གཏོང་བའི་སེམས་ནད་པ་ཅན་དག་འཚང་ག་ཤིག་ཤིག་དང་། ཆར་རྗེས་ཤ་མོ་བཞིན་བརྡོལ་བྱུང་བ་ན། ངས་ནམ་རྒྱུན་དེ་དག་ནི་འདི་གའི་འཚོ་གཞེས་གནང་བའི་ཕ་ཡུལ་གསེར་ལུང་གི་མི་ཚོའི་སྲོག་ལ་རྔམ་པའི་འཆི་བདག་གཤེད་མ་ཞིག་རེད་འདོད། དེ་ནི་ང་ཕ་ཡུལ་ནས་ཕ་ཡུལ་ལ་སེམས་ཁྲལ་ཇེ་ཆེར་སོང་བའི་གནད་དོན་གཞན་པ་ཞིག་རེད།

       ཉིན་ཁ་ཤས་སྔོན།  ཨ་མ་ལགས་བཟའ་བཏུང་ལ་ཡི་ག་དེ་ཙམ་མི་འདུག་པས་ངེད་གཉིས་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་སོང་། སྨན་པས་ཧ་ཅང་སྐྱོ་བའི་ཉམས་ཀྱིས“ཨ་མ་ལགས་ཀྱི་ནད་གཞི་ནི་ཁྱི་ནད་རེད”ཟེར། ད་ནི་གཤགས་བཅོས་དགོས་ན་ཨ་མ་ལགས་དགུང་ལོ་མཐོ་བ་དང་།  སྨན་བརྟེན་དགོས་ན་འཐུང་ཡུན་རིང་ལ། ད་རུང་ཨ་པུན་ཏ་ཙོ(阿苯达唑)ཟེར་བའི་སྨན་འདིས་ཁྱི་ནད་ཚོད་འཛིན་ཙམ་ལས་མཆིན་འབུ་རྩ་བ་ནས་གསོད་མི་ཐུབ་པས།  ངས་སྨན་པའི་སྐད་ཆ་དེ་གོ་བ་ན་སྔངས་སྐྲག་གཟིལ་བུན་པ་ཞིག་སྐྱེས་ནས་ཨ་མ་ལ“སྨན་པས་ཁྱོད་ལ་ནད་ཆེན་པོ་མི་འདུག མཆིན་པ་ལ་ནད་ཆུང་ཆུང་ཞིག་འདུག་པ་དེ་ལ་སྨན་འཐུང་ན་དྲག་སྐྱེད་ཡོང་ས་རེད།  ནད་ཀྱིས་ཟིན་ནས་ཡུན་རིང་ལོན་མི་འདུག”ཅེས་དབུ་སྐོར་རྫུན་ཞུ་བྱས།

      ཨ་མ་ལགས་ཀྱིས་ངའི་སྐད་ཆ་ལ་དོ་སྣང་དེ་ཙམ་མི་བྱེད་པར“ཨ་མའི་མ་ལོ།  ཁྱོད་སེམས་ཁྲལ་མི་དགོས། ང་ནི་ལོ་མཐོ་བས་ནད་ཅི་ཞིག་གིས་སོང་ཡང་དེ་ནི་ཆོས་ཉིད་ཅིག་རེད། གལ་ཏེ་ང་རང་མཆིན་ནད་ཀྱིས་ཤི་སོང་ཡང་དེ་ནི་ཚེ་སྔོན་མའི་ལས་རེད”ཟེར། ཉིན་དེ་ནི་ང་ལ་མཚོན་ན།  འཇིག་རྟེན་འདིར་རང་གི་ཆེས་སྙིང་བའི་མིའི་སྟེང་ལ་སྙིང་རྗེ་སྐྱེས་པ་དང་། ཕ་ཡུལ་གྱི་ཁྱིའི་སྟེང་ལ་ཐེངས་དང་པོ་ཁོང་ཁྲོ་ལངས་པ་ཡིན། དེ་ནས་བཟུང་།  ང་ནི་སྒོ་ཁའི་རྒྱ་རའི་ནང་དང་།  གསེར་ལུང་གི་སྲང་ལམ།  འབྲོང་དགོན་པའི་ར་སྐོར།  གཞུང་ལས་ཁང་གི་སྒོ་འགྲམ་སོགས་གང་རུང་ན།  ཡར་མར་ལ་ཉུག་ཉུག་བྱེད་བཞིན་པའི་ཁྱི་ལྡོམ་ཚོའི་སྟེང་ལ།  ཁ་སྤོ་ཁ་དང་། ཞེ་སྤོ་གཏིང་ནས་ལངས་ཏེ་གསེར་ལུང་སྡེ་བའི་ཡུལ་མི་ཚོར་ “ཁྱི་ནད”ཀྱི་ཉེན་ཚབས་རང་བཞིན་དེ་སྐྱ་མི་ལ་འགྲོ་བཤད་དང་། རྐང་ཐང་ལ་འདུག་བཤད་བྱས།

      ང་ནི་གསེར་ལུང་ཞེས་པའི་ས་ཆ་འདིའི་སློབ་ཆེན་པ་ཐོག་མ་ཡིན། མི་ལོ་བཅུ་དྲུག་གི་རིང་ལ།   སློབ་ཆུང་ནས་སློབ་ཆེན་བརྒྱུད་དེ་ཕྱིར་ཕ་ཡུལ་གསེར་ལུང་ལ་སླེབས་དུས། ངས་ཡུལ་མི་ཚོར་ས་གནས་འདིར་དམིགས་བསལ་གྱི་ཡོད་པའི“ཁྱི་ནད”ཀྱི་ཉེན་ཚབས་རང་བཞིན་ཞིག་ཀྱང་གསལ་བཤད་བྱེད་མ་ཐུབ་ན། ང་ནི་མིང་དོན་མི་མཚུངས་པའི་ཕ་ཡུལ་གྱི་སློབ་ཆེན་པ་ཤི་བོ་ཞིག་མིན་ནམ།  མ་གཞི། ངའི་ལས་དབང་ནི་ཕ་ཡུལ་གསེར་ལུང་གི་ཕྱུགས་རྫི་ཆུང་ཆུང་ཞིག་ནས།  གསེར་ལུང་སྲིད་གཞུང་གི་ཟླ་ཕོགས་ལེན་པའི་གཞུང་ཞབས་པ་ཞིག་ཏུ་གྱུར།

      ད་ལྟ།  ང་གཞུང་ལས་ཁང་ཞེས་པའི་རྡོ་ཁང་གྲུ་བཞི་འདིའི་ནང་ཙོག་ནས་ཕ་ཡུལ་གསེར་ལུང་གི་ལས་དབང་ལ་བསམ་བློ་གཏོང་དུས།  ང་ནི་འདང་རྒྱག་ཅི་ཡང་མེད་པའི་བྱིས་པ་བསམ་མེད་ཅིག་ནས་ཕ་ཡུལ་གསེར་ལུང་ལ་སེམས་ཁྲལ་ཧ་ཅང་ཆེ་བའི་མི་དར་མ་ཞིག་ཏུ་ཆགས་འདུག འདི་ནི་དུས་ཚོད་ཟེར་བའི་ཆོས་ཉིད་ཀྱིས་བསླངས་པའི་སྒྱུ་མ་ཡིན་ནམ།  ཡང་ན་ང་རང་ནམ་རྒྱུན་རྨི་ལམ་གྱིས་བསླུས་པ་བཞིན་འཁྲུལ་སྣང་གཞན་ཞིག་རེད།   འདི་ནི་ཕ་ཡུལ་གྱི་རེ་སྦྲ་སྨུག་པོ་རུས་གུར་ལ་བསྒྱུར་བ་དང་། རུས་གུས་ལྕགས་གུར་ལ་བསྒྱུར་བ། ལྕགས་གུར་ལྕགས་ཁང་ལ་བསྒྱུར་བ། མི་སེམས་ལྕགས་སེམས་ལ་བསྒྱུར་བའི་གོ་རིམ་རེད་འདོད།  ངས་འདི་ལྟར་རང་ཉིད་གཅིག་པུས་གཟའ་སྤེན་པའི་ངལ་གསོའི་དུས་ཚོད་དག་གློག་ཀླད་ཀྱི་མཐེབ་གཞུང་ངོས་ཀྱི་སེམས་ཁྲལ་ཞིག་ཏུ་བསྒྱུར།

      ཉིན་དེར།  ངའི་ལས་ཁུངས་ཀྱི་འགོ་བས། “དེ་རིང་གོང་རིམ་ནས་ཁྱི་ནད་སྔོན་འགོག་དང་།  ཁྱི་གསོད་ལས་སྒྲུབ་རུ་ཁག་ཅིག་གསེར་ལུང་སྡེ་བར་ཡོང་གིན་ཡོད། ཉིན་གུང་། ང་དང་ལས་གྲོགས་ཚོས་གསེར་ལུང་གི་འབྲུག་མོའི་སྦྲ་གུང་གླིང་ནས་ལས་སྒྲུབ་རུ་ཁག་ལ་སྣེ་ལེན་དགོས”ཟེར།  དེ་ནི་ངས་འབྲུག་མོའི་སྦྲ་གུར་གླིང་ཟེར་བའི་ལྕགས་གུར་ཁྲ་ཁྲ་དེའི་ནང་ནས་མི་སེམས་ཁྲ་ཁྲ་ཅན་དག་ལ་སྣེ་ལེན་ཁྲ་ཁྲ་ཞིག་བྱེད་དགོས་ཟེར་བ་རེད་འདོད།  འབྲུག་མོའི་སྦྲ་གུར་གླིང་དུ་འགྲོ་ཐེངས་རེར།  ང་དབྱར་གྱི་མེ་ཏོག་དང་།  སྤང་གི་འཇམ་མཉེན་གྱི་སྟེང་ན།  དབྱིབས་རུས་གུར་དང་འདྲ་ལ་རང་བཞིན་ལྕགས་ལས་གྱོང་བའི་མིང་སྙན་མོ་ཅན་གྱི་གུར་གྲོང་དེའི་ནང་ནས་ང་རང་ཐེངས་ག་ཚོད་ལ་ཝུ་ཆང་གིས་བཟི་བ་བརྗེད་ཟིན་ཀྱང་། དེ་རིང་དབུ་ཁྲིད་ཁ་སྤུ་མཐུག་པོ་ཅན་དེས“མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ཆེད།  ཐུམ་འབུའི་ནད་དུག་ཡོད་པའི་ཁྱི་ལྡོམ་དག་རྨག་རྨེད་བཟོ་རྒྱུ་ཡིན”ཟེར། འདི་ནི་གསེར་ལུང་ཞེས་པའི་ས་ཆ་འདིའི་མང་ཚོགས་རྣམས་འུར་ཟིང་ངེར་སོང་བའི་ཁྱི་གསོད་ལས་འགུལ་སྤེལ་དགོས་ཞེས་པའི་གསར་འགྱུར་དེ་རེད།

      ཁྱི་གསོད་ལས་སྒྲུབ་རུ་ཁག་གསེར་ལུང་སྡེ་བར་ཐོན་ཉིན་དེར།  སྡེ་དཔོན་ནག་ལོས་གསེར་ལུང་སྡེ་བར་ཚོགས་འདུ་གལ་ཆེན་ཞིག་བསྡུས། དེ་ནི་སྡེ་མི་གཅིག་ཀྱང་ཆད་ལུས་མི་ཆོག་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་སྐད། དགུང་ལོ་མཐོ་བའི་ངའི་ཨ་མ་ལགས་ཀྱང་ཚོགས་འདུ་ལ་ཞུགས། ཚོགས་འདུའི་ཐོག་ཏུ།  སྡེ་དཔོན་ནག་ལོས་དོན་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བཤད་དོན། “དེ་རིང་ནི་གསེར་ལུང་སྡེ་བར་དཀའ་ངལ་ཅན་གྱི་དུད་ཁྱིམ་གྱི་དབུལ་སྐྱོར་སྒོར་མོ་བགོ་བའི་ཉིན་ཞིག་རེད།  དེ་དང་མཉམ་དུ་ད་ལོ་ནི་གསེར་ལུང་སྲིད་གཞུང་གིས་གསེར་ལུང་སྡེ་བར་ཁྱི་ནད་ཅན་མང་བས་ཟླ་མཇུག་ཚུན་ཆད་ལ་ཁྱི་གསོད་ལས་འགུལ་ཞིག་ཀྱང་སྤེལ་དགོས་པའི་དོན་དག་གལ་ཆེན་ཞིག་ཀྱང་ཡོད་པས།  ད་ནི་འབྲོག་ཁྱིམ་རེའི་སྒོ་ཁྱི་གཉིས་རེ་མ་གཏོགས་བདག་པོ་བྱེད་མི་ཆོག་ལ། རབ་ན་སྒོ་ཁྱི་མེད་མཁན་ཚོའི་ཁྱི་ལྡོམ་རེ་གཉིས་གསོ་ཐུབ་ན་ངས་གནང་སྦྱིན་སྒོར་མའི་ནང་ནས་སྒོར་ཉིས་བརྒྱ་རེའི་བྱ་དགའ་ཡོད་ལ། གལ་ཏེ་དུད་ཁྱིམ་སུ་ཞིག་གིས་ཁྱི་ལྡོམ་མ་གསོས་ན་མར་སྦྱིན་སྒོར་མོའི་ནང་ནས་སྒོར་ཉིས་བརྒྱ་རེའི་ཆད་གཅོད་ཡོད”ཅེས་བསྒྲགས།

     དེར་འདུས་ཀྱི་མང་ཚོགས་རྣམས་དང་།  ལྷག་ཏུ་སྡེ་བའི་དབུལ་ཕོངས་དུད་ཁྱིམ་སྡུག་ཤོས་དབང་པོ་སྐྱོན་ཅན་བཀྲ་ཁོས་ཀྱང“ང་ཚོ་ནི་བོད་གོང་བ་ཅན་དང་།  ཕྲེང་བ་ཅན་ཡིན་པས་ད་ཐེངས་ཁྱི་ལྡོམ་ཚོའི་མགོ་ཐོག་ལ་དེ་འདྲའི་སྡུག་ཅིག་ཡོང་ན་ང་ཚོའི་ངེས་པར་དུ་སྡེ་དཔོན་ནག་ལོར་རྒྱབ་སྐྱོར་དགོས”ཞེས་བགྲོ་གླེང་ཚོགས་འདུ་ཚ་ངར་ཅན་ཞིག་གསེར་ལུང་སྡེ་བ་རུ་འཚོགས་སོང་།

        ཉིན་དེའི་ཕྱི་དྲོ། ང་རང་ཁྱིམ་དུ་ལྡོག་པའི་ལམ་བར་དུ།  སྡེ་དཔོན་ནག་ལོས་ཁ་པར་བཏང་བའི་ནང་དོན་ལ་བསམ་གཞིག་བྱས།  སྡེ་དཔོན་ནག་ལོས་ཁྱི་ནད་སྔོན་འགོག་དང་ཁྱི་གསོད་ལས་འགུལ་གྱི་ཚོགས་འདུ་དེ་གསེར་ལུང་སྡེ་བར་འཚོགས་པ་ན། གསེར་ལུང་སྡེ་བའི་ཡུལ་མི་ཚོའི་བྱ་སྤྱོད་ནི་དངོས་གནས་སུས་ཀྱང་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད།  དེ་སྔོན་འདི་གའི་མི་དག“ཁྱི་ནད”ཀྱིས་གཅིག་གཅིག་གཉིས་གཉིས་ཀྱིས་ཤི་ནའང་།  གསེར་ལུང་སྡེ་བར་མཚོན་ན། དེ་ནི་དེ་འདྲའི་དོན་ཆུང་ཞིག་དང་སེམས་ཁྲལ་ཅི་ཡང་མེད་པའི་བཟོ་སྟོན་ལ། གསེར་ལུང་སྡེ་བར་ཐུམ་འབུའི་ནད་དུག་ཅན་གྱི་ཁྱི་ལྡོམ་དང་།  ཨེ་ཛིའི་ནད་དུག་ཅན་གྱི་སྨད་འཚོང་མ།  རྒྱུ་འབྲས་རྨང་ནས་བོར་བའི་སྒོར་གྱི་སྨྱོ་ནད་ཅན་གྱི་མི་ལྡོམ་དག་ཇེ་མང་དུ་སོང་ཡང་། དེ་ལ་ཁ་ཡ་མི་བྱེད་པར་དལ་ཅག་གེར་སྡོད་པར་དགའ། འོན་ཀྱང་།  དེ་རིང་གློ་བུར་དུ། གསེར་ལུང་སྲིད་གཞུང་གཉིད་ལས་སད་པ་བཞིན། ཀྲུང་དབྱང་གིས་ཐེངས་དང་པོར་བོད་མའི་ཁོག་ནང་གི་འབུའི་ཆེད་དུ་འཚོགས་པའི་ཚོགས་ཐོག་གི་བཀའ་དེ་མ་ཐེག་པར་ཁྱི་གསོད་ལས་འགུལ་ཞིག་སྤེལ་དགོས་ཟེར་ན། མཐོ་སྡེ་དཔོན་ནག་ལོ་དང་དམའ་མི་སེར་བཀྲ་ཁོ་ཡན་གྱི་གོ་རྟོགས་དམའ་ལ།  ད་ནི་ཁྱི་ལྡོམ་དག་ཁྱོད་ཚོའི་ཚེ་སྲོག་གི་བདེ་འཇགས་ཆེད་གསད་དགོས་ཟེར་ན། ཚང་མ་སྙིང་རྗེ་དང་ཤ་ཚ་ཟེར་མཁན་དག་དག་ལ་འགྱུར་དོན་ཅི་རེད།  དོན་དངོས་སུ།  ཕ་ཡུལ་གསེར་ལུང་གི་མི་དག་ནི་རང་སྲོག་ལས་ཁྱི་སྲོག་གཅེས་མཁན་རྐྱང་རྐྱང་ཡིན་ནམ།  གནད་དོན་འདིར་སུས་ཀྱང་འགྲེལ་བཤད་དཀའ་ལ།  ངས་ཀྱང“སྐུ་ངལ”དང་དུ་ལེན་རྩིས་མེད།

      ངས་འཇེབ་འཁོར་གྱི་སྣུམ་སྣོན་ཤུགས་ཀྱིས་གནོན་བཞིན་གསེར་ལུང་སྲང་ལམ་བརྒྱུད་དེ་རང་ཁྱིམ་གྱི་ཕྱོགས་སུ་ཡོང་གིན་ཡོད།  དེ་རིང་འབྲུག་མོའི་སྦྲ་གུར་གླིང་གི་ཚོགས་འདུའི་དོན་སྙིང་ནི་ཧ་ཅང་གལ་ཆེ་བར་འདོད།  དེ་ནི་མཐོ་གོང་རིམ་དཔོན་པོ་ཚོས་དམའ་འབངས་མི་སེར་ལ་བཅངས་བའི་ལྕགས་སེམས་སྲ་མོ་དེ་མི་སེམས་སྙི་མོ་ལ་འགྱུར་བའི་སྟ་གོན་མིན་ནམ་སྙམ།  ད་ལྟ། ཉི་འོད་ཤིན་ཏུ་ཚ། རླངས་འཁོར་ནང་དུ་ཡང་ཚ་དུབ་ཀྱིས་ཁེངས་འདུག་ལ། ངས་གསེར་ལུང་སྲང་ལམ་གྱི་གེ་སར་ཕོ་བྲང་རྒྱབ་ཕྱོགས་སུ་བསྐྱུར་ནས་མདུན་དུ་འགྲོ་བཞིན་དེ་ལྟར་བསམ་གཞིག་བྱེད་ཞོར།  མི་ནི་ཕ་ཡུལ་ན་འཚོ་ཞིང་གཞེས་པའི་དུས་སུ།  ཇི་འདྲའི་སེམས་ཁྲལ་བྱེད་དགོས་པའི་དོན་དག་མང་བ་ལའང་བསམས།

       ང་ཁྱིམ་དུ་ཐོན་དུས།  ཨ་མའི་ཁ་བ་ལྟར་དཀར་བའི་སྐྲ་ལོ་དཀར་པོ་དེ་སྒེའུ་ཁུང་ལས་ལྡང་བའི་བསིལ་རླུང་གིས་སྐྱོད་ཙམ་སྐྱོད་ཙམ་བྱེད་ལ། འོ་ཇ་དཀར་ཡོལ་གང་བརྩེ་བའི་ཕྱག་གིས་བཏེགས་ནས་ངའི་གམ་དུ་འོང་ཏེ་སྐད་གདངས་དམའ་མོས“དེ་རིང་། དགེ་བསྙེན་ཚང་གི་ཇ་མ་མཐོ་རིས་པོ་ཡང་། ཁྲིན་ཏུའུ་སྨན་ཁང་ནས་ཁྱི་ནད་གཤགས་བཅོས་བྱས་པ་སྟབས་མ་ལེགས་པར་ཚེ་ལས་འདས་པ་དེ་བདེ་འགྲོ་ཐོབ་ཕྱིར།  ངེད་དགེ་བསྙེན་ཚང་གི་མི་ཚོས་སྒོར་ཉིས་བརྒྱ་རེ་བསྡུས་ནས། ཚེས་བཅོ་ལྔའི་ཉིན་གསེར་ལུང་སྡེ་བ་ནས་ཁྱི་དགེ་བྱེད་རྩིས་ཡིན།  དགེ་བ་ཁ་ཞོར་ལག་ཞོར་ཡིན་པས་ཁྱོད་ཀྱིས་དེའི་ནང་དུ་འབྲེལ་འཇོག་བྱེད་དམ།  ད་ནི་ཁྱི་ལྡོམ་ལས་ངན་དག་གི་མགོ་ལ་དུས་ངན་ཞིག་ཤར་བ་འདྲ”ཞེས་སྐྱོ་ཉམས་དང་བཅས་བཤད།

     ངས་ཨ་མས་ཀྱང་ནམ་རྒྱུན་འཐུང་བཞིན་པའི་ཨ་པུན་ཙོ་ཏ(阿苯达唑)ཟེར་བའི་སྨན་དེ་ཡིད་ལ་འཁོར་བ་ན།  ཁྱིའི་སྟེང་ལ་སྙིང་ནས་ཚིག་པ་ཟ་ཞོར།  “ཨ་མ་ལགས། ཀྲུང་དབྱང་གི་དབུ་ཁྲིད་ཀྱང་གསེར་ལུང་གི་ཁྱི་ནད་དེས་གཉིད་མི་ཁུག་པར་བྱས་ལ། གསེར་ལུང་སྲིད་གཞུང་གིས་ཁྱི་གསོད་ལས་སྒྲུབ་རུ་ཁག་ཀྱང་གྲ་སྒྲིག་བྱས་ཟིན་པས་ད་ནི་ཁྱི་ལ་སྙིང་རྗེ་བྱེད་པའི་དུས་མིན་པར།  མི་ལ་སྙིང་རྗེ་དགོས་པའི་དུས་ཡིན”ཞེས་གནས་ལུགས་ལུང་པ་གང་ཆུ་བཞུར་བཞུར་བྱས།

     རླུང་བུ་ཞིག་ཤུགས་ཀྱིས་སྒེའུ་ཁུང་ནས་ལྡང་འོངས་ཏེ། མདུན་ཅོག་ཐོག་གི་ཁྱི་གསོད་ལས་སྒྲུབ་རུ་ཁག་གི་གོང་རིམ་ཡིག་ཆ་དེ་ཅལ་གྱིས་ཐང་དུ་གཡུག་བྱུང་ཡང་། ཨ་མ་ལགས་ད་རུང་ངའི་ཚིག་ཐག་ཆོད་པོའི་ངང་བཤད་པའི་སྐད་ཆ་ལ་ཧ་ལས་ཤིང་ཅུང་ཡིད་མི་ཆེས་པའི་ཉམས་ཀྱིས“ཁྱོད་ནི་ནམ་ཞིག་ལ་འདི་འདྲའི་སྙིང་རྗེ་མེད་པའི་སྡིག་རྒན་ཞིག་ཏུ་གྱུར་བ་རེད།  འདི་བ་ཚང་གིས་གནའ་བདེ་འཇགས་བྱེད་དུས།  ཉེས་མེད་ཀྱི་ཁྱི་ཚང་མ་ངན་བསད་བྱས་སོང་ལ། ད་ཐེངས་ཀྱང་སྡེ་དཔོན་ནག་ལོས་བཤད་སྟངས་ལ་གཞིག་ན། ཁྱི་ཚང་མ་གསད་ན་ལ་ཐང་མི་འདུག  ཨོཾ་མ་ཎི་པདྨེ་ཧཱུྃ༔  ངོ་མ་སྙིང་རེ་རྗེ”ཟེར་ནས་མིག་ལ་མཆི་མ་འཁོར་ཞིང་རེ་ཞིག་ལ་སྐད་ཆའང་བཤད་མི་ཐུབ་པར་ང་ལ་བལྟས་ནས་སྨྲ་བ་མེད་པར་གྱུར།

     ངས་ཡང་བསྐྱར་རང་ཉིད་ལ་གནས་ལུགས་གནམ་གྱིས་མི་ཁེབས་པ་ཞིག་ཡོད་པའི་ཟོལ་གྱིས“ཨ་མ་ལགས།  གསེར་ལུང་སྡེ་བར་མི་གྲངས་ལྔ་བརྒྱ་ལྷག་འདུག་ལ།  གོ་ཐོས་སུ་ཁྱི་ལྡོམ་སུམ་བརྒྱ་ལྷག་ཡོད་པ་དང་།  དེའི་ནང་དུ་གསེར་ལུང་སྨན་ཁང་དུ་བརྟག་དཔྱད་བྱས་ཟིན་པའི་ཁྱི་ནད་ཅན་གྱི་སྡེ་མི་བདུན་ཅུ་ལྷག་འདུག་ཟེར།  ད་ནི་ཁྱི་གསོད་ལས་འགུལ་མ་སྤེལ་རང་སྤེལ་རེད”ཅེས་ཡང་བསྐྱར་སློབ་གསོའི་ཚུལ་དུ་བཤད།  དེ་དུས།  ཨ་མས་མ་ཎི་འཁོར་ལོ་སྐོར་བཞིན་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག་ལ།  ཡུད་ཙམ་འགོར་རྗེས།  ངའི་གདོང་ལ་གཟབ་ནན་གྱིས་ལྟ་ཞོར“ངའི་མཆིན་ནད་ནི་ཁྱི་ལས་འགོས་པ་ཡིན་མིན་མི་ཤེས།  གང་ལྟར་ནི་ཁྱི་ནི་གནའ་ནས་ད་བར་ངེད་ཚང་གི་ནོར་སྲུང་མཁན་ཡིན་ལ། འུ་ཚང་གི་སྒོ་ཁྱི་དོམ་ནག་དང་། ཧཱ་པ་སེར་ཐོ་གང་ཡིན་ཡང་། གནད་འགག་གི་དུས་སུ་སྲོག་ཀྱང་གཏོང་ཕོད་མཁན་ཞིག་ཡིན་པར་ང་ལ་དོགས་པ་སྤུ་ཙམ་མེད། དེ་བས། ད་ནི་འུ་ཚང་གི་སྒོ་ཁྱི་ལ་ཐུམ་འབུའི་ནད་ཙམ་གྱི་མི་ཚད་ཨེ་ཛིའི་ནད་འགོས་ཡོད་ཀྱང་གསོད་རྩིས་མེད།  ཁྱོད་ནི་སྲིད་གཞུང་གི་ཟླ་ཕོགས་ལེན་པའི་ལས་བྱེད་པ་ཞིག་ཡིན་པ་བདེན་མོད།  ཚོགས་འདུ་གང་ལ་སོང་ཡང་སྒོ་ཁྱི་གསད་དགོས་ཞེས་དོན་གྱི་ལག་ལེན་ཕར་ཞོག་ཁ་ཐོག་ཙམ་ལ་ཡང་ལེན་མི་ཆོག”ཟེར།

      སྐབས་དེར། ངའི་ཨ་མ་ལགས་ཀྱི་མཚོ་མོ་བཞིན་གཏིང་ཟབ་ལ་འགྱུར་བ་མེད་པའི་བརྩེ་བའི་སྤྱན་ཟུང་ལ་སྔར་མཐོང་མ་མྱོང་བའི་གཟབ་ནན་དང་།  སྙིང་རྗེ།  རེ་བ་དང་ཡིད་ཆེས་ཀྱི་འོད་ཅིག་འཕྲོས་འདུག་པ་མཐོང་ལ།  དེ་དང་མཉམ་དུ་ངས་ནི་ཅི་ཞིག་བཤད་དགོས་པ་མི་ཤེས་ལ་འབྲུག་མོའི་སྦྲ་གུར་ནང་གི་ཚོགས་འདུའི་ཐོག ངས་ཁྱི་གསོད་ལས་སྒྲུབ་རུ་ཁག་ལ་ཁྱི་གསོད་ལས་འགུལ་མགྱོགས་མྱུར་ངང་སྤེལ་དགོས་པའི་གལ་ཆེའི་རང་བཞིན་གྱི་གཏམ་བཤད་བྱས་པ་དག   དུས་གཏན་དུ་ཨ་མ་ལགས་ལ་གསང་དགོས་བྱུང་།

 2016.2.18

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།