ཁྱེད་རང་མི་ཚེ་རིང་དགོས། ཁྱེད་རང་དངུལ་བུན་འཇལ་དགོས།

288

 

 ——ལི་ཡོ་རེས་བརྩམས། 
——ནོར་དཀྱིལ་བུ་ཆུང་རྒྱལ་གྱིས་བསྒྱུར།

 

     དབྱར་དུས་སུ་རྡོ་བཟང་ལ་ས་ཆ་བསྡུས་པའི་ཁ་གསབ་དངུལ་སྒོར་ཆིག་འབུམ་ལྔ་ཁྲི་ལག་ཏུ་འབྱོར། དངུལ་འཛིན་ངོས་ཀྱི་སྣག་ཤུལ་ད་དུང་ཡོངས་སུ་མ་བསྐམས་གོང་། རྡོ་ཕུན་ཡར་འཛུལ་ཡོང་། སྒོ་འཛུལ་མ་ཐག ཁོ་པས་སྲིད་གཞུང་ལ་ཁ་རྡུང་བཏང་ནས། “ཕ་རོ་བཟའ་རྒྱུ། ཁྱེད་ཀྱི་ས་ཆ་དེར་སྒོར་ཆིག་འབུམ་ལྔ་ཁྲི་རང་རེད། འདི་སྤྲང་པོར་རྔན་པ་སྟེར་བ་དང་གཅིག་པ་མ་རེད་དམ། ཁྱེད་ཀྱིས་ཤོད་དང་། སྲིད་གཞུང་ནག་པོ་རེད་མ་རེད”ཅེས་བཤད།

     རྡོ་བཟང་ལ་སྲིད་གཞུང་ནག་པོ་རེད་སྙམ་པ་མ་བྱུང་། དེ་ལས་ལྡོག་སྟེ་ཁོ་པས་ད་དུང་སྲིད་གཞུང་ལ་ཐུགས་རྗེ་ཞུ་རྩིས་ཡོད། ཁོ་པའི་ས་ཆ་དེ་ལོ་མང་ཐང་རྒོད་དུ་ལུས་མོད། ད་ཆ་གློ་བུར་དུ་སྒོར་ཆིག་འབུམ་ལྔ་ཁྲི་སྒོ་ཁར་བསྐྱལ་བས། འདི་ནི་ཆུ་སྲིན་ཁ་གདངས་ལ་ཉ་མོ་རང་འཛུལ་གྱི་དཔེ་དང་མཚུངས། གལ་སྲིད་སྲིད་གཞུང་གིས་ལེགས་གྲམ་ཆུ་གློག་ས་ཚིགས་ཀྱི་རགས་རྒྱ་སྐྱེད་བཏང་ནས། རྟ་རྒོད་གྲོང་རྡལ་ཆུ་མཛོད་ཁུལ་དུ་མ་བཅུག་ན། ཁོ་པའི་ས་ཆ་དེ་དངུལ་མང་པོ་འདི་འདྲར་ཇི་ལྟར་འགྱུར་སྲིད། དེ་སྔོན་གྲོང་རྡལ་གྱི་མི་གྲོང་རྡལ་སྲིད་གཞུང་དུ་ཟིང་སློང་བར་བསྐྱོད་མོད། འོན་ཀྱང་ཁོ་པ་ཕྱིན་མེད། མ་ཕྱིན་པ་མ་ཟད། ད་དུང་སྲིད་གཞུང་གི་ཡོན་ཏན་བརྗོད་ཅིང་། གྲོང་རྡལ་གྱི་མིས་ཟིང་འདི་ལྟར་བསླངས་ནས་ས་ཆ་བསྡུ་མ་ཐུབ་ན། ཁོ་པར་གྱོང་ཆེན་པོ་ཕོག་སྲིད་སྙམ་དུ་ཁོ་པས་སེམས་ཁྲལ་བྱེད། ཁོ་པ་བློ་ཁོག་ཆུང་ཞིང་། བྱ་བ་ཅི་ཡིན་རུང་ཚང་མ་ལེགས་པའི་ཕྱོགས་སུ་བསམ་བློ་གཏོང་གི་ཡོད། རྡོ་ཕུན་གྱིས་ཀྱང་ཁོ་པར་ཁྱད་ཆོས་འདི་ལྡན་པ་ཤེས་ཀྱི་ཡོད། ཁོ་པས་དེ་སྔོན་མང་པོའི་ཚོགས་སུ། རྡོ་བཟང་འདྲ་བའི་མི་ནི་སྐྱེ་བོ་ཡ་རབས་ཤིག་རེད། ཁོ་པ་བཅིངས་བཀྲོལ་མ་བཏང་གོང་དུ་ཡོད་ན། ཁོ་པས་གསར་བརྗེ་བྱེད་མི་སྲིད། བཙན་པོའི་རྒྱལ་རབས་སུ་ཡོད་ན། ཁོ་པས་ས་སྐྱ་དང་ཕག་གྲུའི་རྗེས་སུ་འབྲང་མི་སྲིད། ཁོ་རང་དངོས་གནས་གྱོང་ཕོག་ནའང་ཇི་མི་སྙམ་མཁན་ཞིག་རེད་ཅེས་ཤོད་མྱོང་ཡོད།

    རྡོ་བཟང་གི་ཁྱིམ་དུ་རྡོ་ཕུན་གྱིས་ཡང་སླར། “ཁྱེད་ཀྱིས་ཤོད་དང་། སྲིད་གཞུང་ནག་པོ་རེད་མ་རེད”ཅེས་བཤད།

      “ནག་པོ་ཡིན་མིན་ཁྱེད་དང་འབྲེལ་བ་ཅི་ཡོད། ཁྱེད་རང་སྲིད་གཞུང་གི་གླ་ཕོགས་བླངས། ད་དུང་སྲིད་གཞུང་ལ་དམའ་འབེབས་བཏང་། ཁྱེད་རང་གི་ལྕགས་ཕོར་ལ་ཡིད་གཟབ་བྱོས”ཞེས་རྡོ་བཟང་གིས་བཤད།

     རྡོ་ཕུན་ནི་ལས་འཁྱུར་བྱས་མ་ཐག་པའི་སློབ་ཆུང་གི་དགེ་རྒན་ཞིག་རེད། ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་གཉིས་ཀ་ཡུལ་གཞན་དུ་གཞིས་ཆགས་ནས། ཁྱིམ་དུ་ཁོ་པ་དང་ཁོ་པའི་བཟའ་ཟླ་ལས་མེད། ས་ཆ་བསྡུས་པའི་གནས་ཚུལ་འདི་དང་ཁོ་པར་འབྲེལ་བ་སྤུ་ཙམ་ཡང་མེད་མོད། ཁོ་པ་སྡུག་སྐད་རྒྱག་རྒྱུར་དགའ་པོ་ཡོད། ལེགས་གྲམ་ཆུ་གློག་ས་ཚིགས་ཀྱི་རགས་རྒྱ་སྐྱེད་བཏང་ནས་རྟ་རྒོད་གྲོང་རྡལ་ཆུ་མཛོད་ཁུལ་དུ་བསྒྱུར་པར། ཁོ་པས་མོས་མཐུན་མི་བྱེད། ཁོ་པའི་སེམས་སུ་ཆུ་རགས་རྒྱ་སྐྱེད་བཏང་བ་དེས། ས་ཆ་མང་པོ་ཆུས་བསྣུབས་པ་ཕུད། ད་དུང་རྟ་རྒོད་གྲོང་རྡལ་རྡོ་ཧྲུག་གྲམ་ཐང་གི་མཛེས་ལྗོངས་ཁུལ་ཡང་བསྣུབས་སོང་སྙམ་དུ་ངོས་འཛིན་བྱེད། ཁོ་པ་སློབ་ཆུང་དུ་མཛེས་རིས་སློབ་ཀྱི་ཡོད། རྡོ་ཧྲུག་གྲམ་ཐང་གི་བཟོ་ལྟ་ཡ་མཚན་ཅན་གྱི་རྡེའུ་དག་ཁོ་པའི་ངོས་ནས་བཤད་ན། ངོ་མ་གནམ་འོག་ཏུ་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་རེད།

     སྲིད་གཞུང་ལ་ཁ་རྡུང་བཏང་བར་རྡོ་བཟང་གིས་ཁ་ཡ་མ་བྱས་གཤིས། རྡོ་ཕུན་གྱིས་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་པར་ཁ་རྡུང་བཏང་སྟེ། ཁྱི་རྒན་དེ་ཚོ་སུས་གྲོང་རྡལ་དུ་ས་ཆ་ཉོས་ནས་ཁང་པ་བརྒྱབ་མེད་དམ། རང་གིས་ཤོད་དང་། ཁོ་ཚོར་དངུལ་ག་ནས་བྱུང་བ་རེད། བཀྲ་དབང་། ཤང་ཀྲང་གཞོན་པ་ཞིག་རེད། ནག་མོས་གང་ཡང་མི་བྱེད། ད་དུང་ཕྲུ་གུ་ཆེད་ལས་འབྲིང་རིམ་སློབ་གྲྭར་གཏོང་དགོས་རེད། གལ་སྲིད་ང་ཡིན་ན། སྔ་ས་ནས་ལྟོགས་ཤི་ཐེབས་ཟིན། འོན་ཀྱང་ཁང་པ་ཐོག་བརྩེགས་བཞི་བརྒྱབ། རང་གིས་ཤོད་དང་། གལ་སྲིད་ལྐོག་ཟ་མ་བྱས་ན། འདི་འདྲ་ཡོང་སྲིད་དམ། ད་དུང་བཅིངས་འགྲོལ་སློབ་གསོར་དོ་དམ་བྱེད་མཁན་གྱི་ཤང་ཀྲང་གཞོན་པ་རེད། ཁོ་པའི་ནག་མོས་ཀྱང་གང་ཡང་མི་བྱེད། ཁོ་པར་གྲོང་རྡལ་དུ་ཁང་པ་གཅིག་དང་། རྫོང་དུ་ཁང་པ་གཅིག གྲོང་ཁྱེར་ནང་ཁང་པ་གཅིག་ཡོད། མིས་ཁོ་པར་བཅིངས་འགྲོལ་ཁང་གསུམ་ཟེར། རང་གིས་ཤོད་དང་། ཁོ་པར་དངུལ་ག་ནས་བྱུང་བ་རེད་དམ། གལ་སྲིད་ལྐོག་ཟ་མ་བྱས་ན། གྲོང་ཁྱེར་ནང་གི་ཁང་པ་ཉོ་ཐུབ་བམ། ཁོ་གཉིས་ཀྱི་ནག་མོས་ལས་ཀ་གང་ཡང་མི་བྱེད། ད་དུང་དངུལ་མང་པོ་དེ་འདྲ་འདུག ཁྱི་རྒན་ཞེས་བརྗོད།

      ནག་མོས་ལས་ཀ་གང་ཡང་མི་བྱེད་ཅེས་པ་ནི་རྟ་རྒོད་གྲོང་རྡལ་གྱི་ཁ་རྒྱུན་ཡིན་ཞིང་། ནག་མོར་ལས་ཀ་མེད་ལ། ཞིང་ལས་ཀྱང་མི་བྱེད་པར། ཟླ་བོར་བརྟེན་ནས་འཚོ་བའི་དོན་རེད། གྲོང་རྡལ་གྱི་མིར་སུས་ལྐོག་ཟ་རུལ་སུངས་བྱས་པར་དོགས་པ་ཡོད་ན། ནག་མོས་ལས་ཀ་གང་ཡང་མི་བྱེད་ཅེས་པ་ཆེས་གསལ་པོར་མངོན་པའི་དཔང་རྟགས་ཤིག་རེད།

      “ཁོ་ཚོས་གཏན་གཏན་ས་ཆ་བསྡུས་པའི་ཁ་གསབ་དངུལ་ལྐོག་ཟ་བྱས་པ་རེད། དེ་ལྟ་མིན་ན་ས་ཆ་དེར་གཏན་གཏན་སྒོར་ཆིག་འབུམ་ལྔ་ཁྲིས་ཚད་ཀྱི་མ་རེད”རྡོ་ཕུན་གྱིས་ཕྱོགས་སྡོམ་བྱས་ཏེ་བཤད།

      རྡོ་བཟང་གི་བུ་མོ་གཉིས་རྫོང་དུ་ལས་ཀ་བྱེད་ཀྱི་ཡོད། ནག་མོ་བུ་མོ་རྒན་པའི་ཕྲུ་གུ་ལྟ་རོགས་ལ་བསྐྱོད་ནས། གཟའ་འཁོར་རེར་ཁྱིམ་དུ་ཐེངས་རེ་ལས་ལོག་གི་མེད། ཁོ་པས་ཀྱང་ཞིང་ཁ་འདེབས་ཀྱི་ཡོད། ཁྱིམ་དང་བར་ཐག་ཉེ་ཤོས་ཀྱི་ཞིང་ཁ་འདེབས་པ་དང་། ཅུང་རྒྱང་ཐག་རིང་བའི་ཞིང་ཁ་ཁོ་པས་ཐང་རྒོད་དུ་བསྐྱུར། ཞིང་ལས་མི་བྱེད་པའི་དུས། ཁོ་པས་བརྙན་འཕྲིན་ལྟ་བའམ། ཡང་ན་རྡོ་ཕུན་དང་འདྲ་བའི་མི་ཁོ་པའི་ཁྱིམ་དུ་ཡོང་ནས་སྲིད་གཞུང་ལ་གཤེ་བ་དང་ལས་བྱེད་པར་གཤེ་བ་ཉན་གྱི་ཡོད།

      རྡོ་བཟང་གིས། “ཅོག ཁོ་ཚོར་དངུལ་ཡོད་ན་ཁོ་ཚོའི་རེད། སྲེག་གསོད་འཕྲོག་གསུམ། གཡོ་སྒྱུ་ཁྲམ་གསུམ་ཅི་བྱས་ཀྱང་གཡུགས་ཞོག ཁྱེད་རང་གི་མགོ་ལ་མ་གཞུས་ན། ག་རེ་བྱས་ཀྱང་བྱེད་དུ་ཆུཌ”ཞེས་བཤད།

      རྡོ་བཟང་གི་ཨ་མེས་དང་རྡོ་ཕུན་གྱི་ཨ་མེས་ཕ་གཅིག་མ་གཅིག་གི་གཅེན་གཅུང་རེད། ཁོ་ཚོའི་མི་རབས་འདིར་སླེབ་སྐབས། མ་གཞི་ཁྲག་རྩའི་ནང་གི་ཟུངས་ཁྲག་ལ་ལྷད་དུ་མ་ཤོར་ཡོད་ན་ཡང་། ཁོ་ཚོ་སྔར་བཞིན་གཉེན་ཉེའི་འདུ་ཤེས་ཟབ།

       རྡོ་ཕུན་གྱིས་མུ་མཐུད་བཤད་རྒྱུར། “དེང་གི་སྤྱི་ཚོགས་རང་ཁ་རང་གསོ་རེད། ངས་ཁོ་ཚོར་གཤེ་བར་ཁྱེད་རང་སུན་སྣང་མ་བྱོས་ཤིག ཁེ་ཕན་འདྲ་ཡོད་ན་ཁོ་ཚོས་ཐོག་མར་ཡིད་ལ་འཁོར་བ་ཁོ་ཚོ་རང་ཉིད་རེད། ཁོ་ཚོས་ཤ་བཟས། ཁྱེད་ལ་ཤ་ཁུ་སྟེར་ན་ལྷ་རབ་རེད། ཁོ་ཚོར་ཁྱེད་ཀྱིས་རེ་བ་མ་བྱོས། སོ་སོས་ཐབས་ཤེས་གཏོང་དགོས་རེད། ཁྱེད་རང་ད་ལྟ་འཚོ་བ་ཡག་པོ་ཡོད་ཀྱང་། སླད་ཕྱིན་ཅི་ཡོང་ཤོད་ཚོད་མི་ཐིག གལ་སྲིད་ཁ་ཆག་རྣ་རལ་འདྲ་བྱུང་ན། ཁྱེད་རང་ཅི་འདྲ་བྱེད། ཐབས་ཤེས་བཏང་ནས་དངུལ་གསོག་དགོས་རེད”

      ཐོག་མའི་སྲིད་གཞུང་ལ་གཤེ་བ་དང་ལས་བྱེད་པར་གཤེ་བ་འགོ་ཚུགས་པའི་གླེང་སློང་བ་ཙམ་རེད། རྡོ་བཟང་ལ་དངུལ་གསོག་རྒྱུའི་གོ་སྐོན་བྱེད་པ་ནི་དེ་རིང་གི་བརྗོད་དོན་གཙོ་བོ་རེད།

       ལོ་ཕྱེད་ཕྱིར་བཤོལ་བའི་དགུན་ཁར། ལས་འཁྱུར་བྱས་མ་ཐག་པའི་རྡོ་ཕུན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་ཆིག་འབུམ་རང་ཉིད་ཀྱི་ཐོ་ཁོངས་སུ་བསྒྱུར། ཁྱིམ་དུ་ལོག་ནས་རྐུབ་ཀྱང་ཚ་པོ་མ་ཆགས་གོང་། དབང་བློས་འཚོལ་དུ་འོངས། དབང་བློ་ནི་རྡོ་ཕུན་གྱི་ནག་མོ་དབང་མོའི་ཕ་གཅིག་མ་གཅིག་གི་ཕུ་བོ་ཡིན་ཅིང་། གྲོགས་པོ་དང་ལྷན་ཅིག་མངའ་རིས་སུ་གཏེར་ཁ་བསྔོགས་ནས་ཕྲན་བུ་འབར་ཡོད། དེ་སྔོན་རྡོ་ཕུན་གྱིས་དགེ་རྒན་གྱི་ལས་གནས་རྩ་དགོངས་ཞུས་ནས་ཁོ་དང་ལྷན་ཅིག་མངའ་རིས་སུ་གཏེར་ཁ་སྔོག་པར་འགྲོ་རྩིས་བྱས་མོད། ཁོ་པས་ཁས་མ་བླངས་གཤིས། རྡོ་ཕུན་གྱིས་ཚིག་ཟ་ཡུན་རིང་བྱས།

      དབང་བློ་རྡོ་ཕུན་གྱི་ཁྱིམ་དུ་བསྐྱོད་དེ་ཁོ་པར་ཚོང་གཉེར་བྱེད་ཐབས་གླེངས།

       “རྡོ་ཕུན། འཇིག་རྟེན་འདིར་རྐང་འོག་ཏུ་བཏིངས་པ་ཚང་མ་དངུལ་རེད། གཙོ་བོ་ཁྱེད་རང་ལ་འཇོན་ཐང་དེ་ཡོད་མེད་ལ་བལྟ་རྒྱུ་རེད། སྐབས་དེ་དུས་ངས་ཁྱེད་རང་ཐེ་ཞུགས་བྱེད་དུ་མ་བཅུག་པའི་རྒྱུ་མཚན་ནི། དེ་དུས་ང་ཚོས་སྔོག་པའི་གཏེར་ཁ་ལྕགས་གཏེར་རེད། ཤེས་སོང་ངམ། ལྕགས་གཏེར། མངའ་རིས་ཀྱི་གཏེར་ཁ་གཙོ་བོ་མ་རེད། སྔོག་གིན་སྔོག་གིན་ག་དུས་རྫོགས་མིན་ངེས་པ་མེད། ངས་ལྕགས་གཏེར་ནས་འགོ་བཙུགས་པ་ཡང་། གཅིག་ནས་ནང་བཤུག་གྲོན་དངུལ་མཐོ་པོ་མིན་པས། ངས་འཇོན་པ་འདུག གཉིས་ནས་སྔོན་ལ་ལས་ཀ་འདི་བྱས། དེ་ནས་ཆ་རྐྱེན་འཛོམས་ཚེ་ཚ་ལ་འདོན་པར་འགྲོ་དགོས་བསམས་བྱུང་། མངའ་རིས་ལ་ཚ་ལ་མང་པོ་འདུག གཏེར་རྒྱུད་ཅིག་རྙེད་ན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་གོ་གནས་སྤྲད་ཀྱང་མི་དགོས། ལྕགས་གཏེར་བསྔོགས་ན་ཡག་པོ་མེད། ཕྲན་བུ་བྱུང་བ་རྔུལ་ཆུས་འཚོས་པའི་དངུལ་ཙམ་རེད། ཉེན་ཁ་ཆེ་ལ་ཡོང་འབབ་ཉུང་ཉུང་རེད། བྱས་ཙང་ངས་ཁྱེད་རང་ཐེ་ཞུགས་བྱེད་དུ་མ་བཅུག་པ་ཡིན”

       རྟ་རྒོད་གྲོང་རྡལ་དུ་གཏེར་བདག་གི་གནས་བབ་ཤང་ཀྲང་ལས་མཐོ་བ་ཡོད། ཅི་སྟེ་ཁྱེད་རང་གཏེར་བདག་ཅིག་ཡིན་ཕྱིན། ཁྱེད་ཀྱི་རྒྱབ་ཏུ་ཤང་ཀྲང་ལས་ཀྱང་མཐོ་བའི་དཔོན་པོ་ཞིག་ཡོད་པའི་ངེས་པ་མེད། དབང་བློས་གཏེར་བདག་གི་མིང་ཞིག་ཁྱེར་བས། ཐ་ན་རྡོ་ཕུན་གྱིས་ཀྱང་རང་ཉིད་ཀྱི་སྤོབས་པ་ཡིན་སྙམ་བྱེད། སློབ་གྲྭར་དགེ་རྒན་རྣམས་མཉམ་དུ་འཛོམས་ནས་རྟ་རྒོད་གྲོང་རྡལ་གྱི་སུ་དང་སུ་ལ་དངུལ་ཡོད་མེད་གླེང་སྐབས་དབང་བློ་མ་གླེངས་རང་གླེངས་རེད། ཁ་ནས་དབང་བློ་གླེངས་ཀྱང་མིག་ཟུང་རྡོ་ཕུན་ལ་བལྟས་ནས། ཧ་ལམ་གླེང་བར་བྱ་བའི་མི་དེ་རྡོ་ཕུན་ཡིན་པ་ལྟར་སྣང་། རྡོ་ཕུན་སློབ་གྲྭར་སྡོད་རིང་གི་ངོ་སོ་ཡང་། དབང་བློའི་རྐྱེན་གྱིས་ཆེ་རུ་དགའ་རབ་ཕྱིན་ཡོད། ཁོ་པ་སྲིད་གཞུང་ལ་གཤེ་བ་དང་ལས་བྱེད་པར་གཤེ་རྒྱུར་དགའ་པོ་ཡོད། གཤིས་ཀའི་དབང་གིས་དེ་འདྲ་ཡིན་པ་ཕུད། དབང་བློའི་སྲིང་མོའི་བཟའ་ཟླ་ཡིན་པ་ལས་ཀྱང་ཁོ་པར་སྐད་ཆ་ཤོད་དུས་དཔའ་ངར་ཕྲན་བུ་བསྐྱེད།

      དབང་བློ་མངའ་རིས་སུ་སྡོད་རིང་གི་གནས་ཚུལ་རྡོ་ཕུན་གྱིས་དབང་མོའི་ས་ནས་ཕྲན་བུ་ཤེས་ཀྱི་ཡོད།དབང་བློ་བློ་གཤོག་ཆེ་བས། ཁེ་བཟང་རག་པ་ཚང་མ་སླར་ཡང་གཏེར་ལས་ལ་བཏང་ཞིང་། ལོ་མང་པོ་དེ་འདྲ་སོང་ཡང་། ཁོ་པ་སྔར་བཞིན་ལྕགས་གཏེར་འདོན་གྱིན་ཡོད།

“ད་ཆ་གོ་སྐབས་ཤར་སོང་། ལྕགས་གཏེར་སྔོག་མཁན་མིན”དབང་བློས་བཤད།

 རྡོ་ཕུན་འདྲོགས་ནས། “ལྕགས་གཏེར་སྔོག་གི་མིན་ནམ། དབང་མོས་ཁྱེད་རང་ད་དུང་ལྕགས་གཏེར་སྔོག་གི་འདུག་ཟེར”ཞེས་སྨྲས།

“སྔོག་གི་མིན། དབང་མོས་བཤད་པའི་གནས་ཚུལ་ཏག་ཏག་བསྡད་མེད”དབང་བློས་བཤད།

“ཚ་ལ་སྔོག་མཁན་ཡིན་ནམ”

“མིན། ས་དཀོན་སྔོག་མཁན་ཡིན”

     “ས་དཀོན་ཨེ”རྡོ་ཕུན་གྱིས་ས་དཀོན་ཟེར་བ་ཅི་ཡིན་མི་ཤེས། དབང་བློས་ས་དཀོན་བཤད་འཕྲལ། རྡོ་ཕུན་གྱི་ཡིད་ལ་དེ་སྔོན་ཐོན་སྐྱེད་རུ་ཁག་གི་ཐལ་བ་ཡང་མ་ཡིན་ཕྱེ་ཡང་མ་ཡིན་པའི་ལིན་ཞེས་བྱ་བའི་ལུད་དྲན་ནས། “ཁྱེད་རང་རྫས་ལུད་ཀྱི་ཚོང་རྒྱག་གི་ཡོད་དམ”ཞེས་དྲིས།

      དབང་བློས། “ག་རེའི་རྫས་ལུད་ཀྱི་ཚོང་། ཧ་མ་གོ་ན་གང་བྱུང་མ་ཤོད། ཁྱེད་ཀྱིས་ས་དཀོན་ཡང་མ་ཤེས་པར། ད་དུང་དགེ་རྒན་ཡིན་པའི་ཁུལ་རེད། ས་དཀོན་ནི་ཤིན་ཏུ་དཀོན་པའི་ཐོན་ཁུངས་ཤིག་རེད། མི་བཟོས་སྲུང་སྐར་དང་། གནམ་ཐང་གྲུ་གཟིངས། གླིང་སྐྱོད་འཕུར་མདེལ་སོགས་ཚང་མར་ས་དཀོན་མེད་ཐབས་མེད། ས་དཀོན་ལ་རྒྱལ་ཁབ་ནས་བཀག་འགོག་དམ་དྲག་བྱེད་ཀྱིས། ཚ་ལ་ལྟར་སྦྱིན་བདག་ཡིན་པ་ཙམ་གྱིས་བྱ་ཆོག་པ་དེ་འདྲ་མ་རེད”ཅེས་བརྗོད།

      ཁོ་པས་དེ་སྐད་བཤད་པ་ཐོས་རྗེས། རྡོ་ཕུན་གྱིས་རང་ཉིད་རླུང་རྟ་རྒྱུགས་པ་འདུག་སྙམ་ཞིང་། སེམས་ལ་རབ་རིབ་ཏུ་དབང་བློས་རང་ཉིད་ས་དཀོན་སྔོག་པར་འཁྲིད་པ་འདུག་སྙམ་སྟེ། དེ་འཕྲལ་མངའ་ཐང་རྒྱས་པའི་ཚོར་སྣང་ཞིག་བྱུང་།

      དབང་བློས། “དཀའ་ལས་ཞེ་དྲག་བརྒྱབ་སྟེ་གཞི་ནས་ས་དཀོན་སྔོག་པའི་ཆོག་མཆན་རག་བྱུང་། འབར་བའི་གོ་སྐབས་ཤར་སོང་། གཤའ་གཏེར་སྔོག་མཁན་དེ་ཚོ་མིག་ཚ་ནས་བྱེད་ཉན་མ་རེད”ཅེས་སྨྲས།

      རྡོ་ཕུན་ལ་ད་ལྟ་རང་དབང་བློ་དང་མཉམ་དུ་མངའ་རིས་ལ་འགྲོ་རྒྱུ་བྱུང་ན་ཅི་མ་རུང་སྙམ། ཁོ་པས། “ང་ད་ཆ་ལས་འཁྱུར་བྱས་ཟིན་པས། ཡོད་པ་ནི་དུས་ཚོད་རེད། ཁྱེད་ཀྱིས་ང་ལ་ག་རེ་བྱོས་ཟེར་ན། ངས་ད་ག་བྱེད་ཀྱི་ཡིན། ཟ་མ་བཟོས་ཀྱང་ཆོག”ཅེས་བརྗོད།

      དབང་བློས། “མུག་རི་ལུང་སྟོང་རེད། ཁྱེད་རང་ཕ་གིར་ག་རེ་བྱེད་དུ་འགྲོའམ། ལས་འཁྱུར་བྱས་པ་རེད། ད་སྐྱིད་པོ་བྱས་ཏེ་སྡོད”ཅེས་སྨྲས།

       རྡོ་ཕུན་གྱི་ངོ་མདངས་ཇེ་ནག་ཏུ་སོང་། དེ་སྔོན་ལྕགས་གཏེར་སྔོག་དུས་ཁོ་པ་མ་ཁྲིད་པར་ཁག་མེད། ད་ཆ་ས་དཀོན་བསྔོགས་ནའང་ད་དུང་ཁོ་པ་མི་འཁྲིད་པ་འདི། ཁོ་པ་སྲིང་མོའི་བཟའ་ཟླར་མ་བརྩིས་པ་རང་རེད།

      “ཡང་ང་འཁྲིད་མཁན་མིན་ནམ། ཁྱེད་རང་དེ་འདྲ་ག་རེ་རེད”རྡོ་ཕུན་སྤྲོ་ལངས།

      དབང་བློས་ཁོ་པའི་ཕྲག་པར་གཞུ་ཙམ་བྱས་ནས། “ཁྱེད་རང་རླུང་མ་བྱེད་དང་། ངས་ཁྱེད་རང་ལ་ལབ་པ་མིན། གཤིས་ཀ་ཚ་གི་ཚི་གི སྤྱིར་བཏང་དོན་ཆེན་སྒྲུབ་མཁན་གྱི་མིའི་གཤིས་ཀ་ལྷིང་ཐག་ཆོད་རེད། འོན་ཀྱང་ཁྱེད་རང་ལ་ལྟོས་དང་། དངོས་གནས་དོན་ཆེན་སྒྲུབ་མཁན་འདྲ་པོ་མི་འདུག ཁྱེད་ཀྱིས་ཤོད་དང་། ངས་གཏེར་ཁ་བཤད་མ་ཐག ཁྱེད་རང་ངའི་སར་གླ་པ་བྱེད་པར་ཇི་ལྟར་འགྲོ་དགོས་ཡིན་ནམ་བསམ་གྱི་འདུག་གམ”ཞེས་བཤད།

      རྡོ་ཕུན་གྱིས་མགོ་ལྕོག་ལྕོག་བྱས་ནས། “རེད། ད་ག་བསམ་གྱིས”ཁོ་པས་བཤད།

     དབང་བློས་མགོ་བོ་གཡུགས་ནས། “བློ་ཕམ་པ་ཞིག་ལ་ཁྱེད་རང་ཚ་གི་ཚི་གི་རེད”ཅེས་བརྗོད།

     རྡོ་ཕུན་གཤིས་ཀ་ཚ་གི་ཚི་གི་དེ་དབང་བློའི་ནོར་བུར་གྱུར་ཡོང་སྙམ་པ་བསམ་ཡུལ་ལས་འདས། “ཁྱེད་ཀྱིས་ཤོད་དང་། ངའི་གཤིས་ཀ་ཚ་གི་ཚི་གི་འདི་བློ་ཕམ་ཡིན་ལུགས་ཇི་འདྲ་རེད”ཁོ་པས་བཤད།

     “གལ་སྲིད་ང་ཁྱེད་རང་ཡིན་ན། གཏེར་ཁ་ཞེས་པའི་ཚིག་འདི་གོ་བའི་སྐབས། ངའི་སེམས་ལ་ཐོག་མར་ང་ག་དུས་སྦྱིན་བདག་ཅིག་ཏུ་གྱུར་ཡོང་སྙམ་པ་ལས། ལམ་སེང་ཁོ་པའི་སར་གླ་པ་རྒྱུག་པར་ཇི་ལྟར་འགྲོ་ཐུབ་བམ་སྙམ་པའི་བསམ་ཚུལ་སྐྱོ་པོ་འདི་འདྲ་མ་རེད”དབང་བློས་བཤད་ཅིང་། ཀོ་བ་སྐམ་པོ་འཕྲལ་དུ་ལག་པས་མཉེས་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་ལྟ་བུའི་རྣམ་འགྱུར་བསྟན།

     “ཅོག སྦྱིན་བདག་བྱེད་སྙིང་འདོད་ན་བྱེད་ཆོག་ཆོག་དེ་འདྲ་མ་རེད། ང་ད་དུང་རྫོང་དཔོན་བྱེད་འདོད་འདུག འོན་ཀྱང་བྱེད་ཐུབ་བམ། ང་ལ་རེ་བ་མཐོ་པོ་མེད། ཁྱེད་ཀྱིས་ས་དཀོན་བསྔོགས་ན་ཚོང་ཆེན་པོ་རེད། ང་ཡོང་ནས་ཁྱེད་རང་ལ་གཏེར་ཁུལ་གྱི་ལས་ཀ་འདྲ་བྱེད་རོགས་བྱས། ཟླ་བ་གཅིག་ལ་ངལ་གླ་ཆིག་སྟོང་ངམ་བརྒྱད་བརྒྱ་ཙམ་བྱུང་ན་ད་གས་ཚིམས་སོང་། ང་ལོ་རྒན་དྲུག་ཅུའི་མི་རེད། ཁྱེད་ཀྱིས་ད་དུང་ང་སྦྱིན་བདག་བྱེད་དུ་འཇུག་འདོད་ཡོད་དམ། ཁྱེད་ཀྱིས་ཤོད་དང་། ངས་ལྕགས་གཏེར་གྱི་སྦྱིན་བདག་བྱའམ་ཡང་ན་གཤའ་གཏེར་གྱི་སྦྱིན་བདག་བྱ། གཞོན་སྐྱེས་ཚོའི་གཏམ་ནས་བཤད་ན། ལོ་རྒན་དྲུག་ཅུར་གསོན་པའི་རྒད་མོས་གར་སྟེགས་སུ་འཛེགས་ནས་ལྕགས་གདོང་ཞབས་བྲོ་འཁྲབ་པ་ལྟར། རང་ཚོད་རང་གིས་མ་ཟིན་པ་རེད”ཁ་རྡར་དགོས་བྱུང་ན། རྡོ་ཕུན་གཏན་ནས་ཕམ་མི་སྲིད།

     དབང་བློ་གད་མོ་ཤོར་ནས། “ཁྱེད་རང་ཡིན་ན། ཁྱེད་རང་ལ་གསེར་གྱི་རི་བོ་ཞིག་སྤྲད་ཀྱང་། ཁྱེད་ཀྱིས་ཕྱིས་རས་ཤིག་ཁྱེར་ནས་ཕར་འཕྱིད་ཚུར་འཕྱིད་དུ་རང་ཉིད་ཕྱགས་མཁན་ལ་བརྩི་ཡི་རེད། འགྲིག་སོང་། ཆོ་མེད་པ་ཤོད་ཀྱི་མིན། ང་དེ་རིང་ཡོང་དོན་ནི། ཁྱེད་རང་ལ་འབར་བའི་གོ་སྐབས་ཤིག་སྤྲོད་པར་ཡོང་བ་ཡིན”ཞེས་བཤད།

    རྡོ་ཕུན་གྱིས་ཁོ་པས་མུ་མཐུད་བཤད་རྒྱུར་བསྒུགས་ནས་བསྡད།

    “འདི་འདྲ་རེད། ཁྱེད་རང་སྦྱིན་བདག་བྱེད་མ་ཐུབ་ཀྱང་། ‘མ་རྐང་བདག་པོ’བྱ་ཆོག་གི་རེད་པཱ”

“ཁྱེད་ཀྱིས་ང་ལ་མ་རྐང་འཇོག་ཟེར་ཨེ”

“རེད”

     མ་རྐང་བདག་པོ་ཇི་ལྟར་བྱེད་པ་རྡོ་ཕུན་གྱི་ཤེས་ཀྱི་ཡོད། ཁོ་པའི་སེམས་སུ་དབང་བློ་རྫི་གསང་པོ་ཞེ་དྲག་རེད། གལ་སྲིད་ཁོ་པའི་དངུལ་འཛིན་ནང་སྒོར་ཆིག་འབུམ་མེད་ན། ཁོ་པ་ཡང་དེ་རིང་ཁོ་པའི་ཁྱིམ་དུ་ཡོང་མི་སྲིད། ལྟ་སྣང་ལ་ཁོ་པ་ས་དཀོན་སྔོག་བདེན་པ་རེད་འདུག ཚོང་ཆེན་པོ་སོང་ཙང་། དངུལ་མ་འདང་བ་རེད་སྙམ།

“ཟླ་རེའི་སྐྱེད་ཀ་ག་ཚོད་རེད། ཐོབ་ཆ་ག་དུས་བགོའམ”

“ཟླ་རེའི་སྐྱེད་ཀ་བརྒྱ་ཆ་གསུམ། ཟླ་བ་རེར་རྩིས་ཐེངས་རེ་རྒྱག་གི་ཡིན”

    རྡོ་ཕུན་གྱིས་མྱུར་བར་ཁོག་རྩིས་ཤིག་བརྒྱབ། གལ་སྲིད་ཁོ་པས་མ་རྐང་སྒོར་ཆིག་འབུམ་བཞག་ན། ཟླ་བ་རེར་ཡོང་བབས་སྒོར་སུམ་སྟོང་ཡོད། དེ་ནི་ཧ་ལམ་དབང་བློས་ཀྱང་ཁོ་པར་ལས་འཁྱུར་གླ་ཕོགས་སྤྲད་པ་དང་མཚུངས།

“ཡོང་ང་”རྡོ་ཕུན་གྱིས་བསམ་བློ་གཏོང་ཙམ་ཡང་མ་བྱས་པར་ཁས་བླངས། དབང་བློས་ཁོ་པ་འཁྲིད་རྒྱུར་ཁོ་པས་ཡུན་རིང་བསྒུགས།

     ཉིན་འགའ་སོང་རྗེས། དངུལ་དབང་བློའི་ཐོ་ཁོངས་སུ་བསྒྱུར། དབང་རྒྱལ་གྱིས་རྡོ་ཕུན་ལ་ཆད་འཛིན་བྲིས་ཤིང་། སྐྱེད་ཀ་ཐད་ཀར་འཐེན་ནས་རྡོ་ཕུན་ལ་སྤྲད་པ་སྟེ། སྒོར་དགུ་ཁྲི་བདུན་བརྒྱ་འབའ་ཞིག་ལས་མ་བསྒྱུར་མོད། འོན་ཀྱང་ཆད་འཛིན་དུ་སྒོར་ཆིག་འབུམ་བྲིས། དེའི་རྗེས་ཀྱི་ཟླ་བ་རེ་རེའི་ཟླ་མཇུག་ཏུ། དབང་བློ་དུས་ཐོག་ཏུ་རྡོ་ཕུན་གྱི་ཁྱིམ་དུ་སྐྱེད་ཀ་སྒོར་སུམ་སྟོང་སྐྱེལ་བར་བསྐྱོད།

     ལོ་ཕྱེད་ཀྱི་རྗེས་སུ་རྡོ་ཕུན་རྡོ་བཟང་གི་ཁྱིམ་དུ་བསྐྱོད་པ་ཡང་། དབང་བློས་ཉེ་དུས་ཀྱི་སྐྱེད་ཀ་རྡོ་ཕུན་ལ་སྤྲོད་སྐབས། ཁོ་པར་གལ་སྲིད་རྡོ་ཕུན་གྱིས་སླར་ཡང་ཁོ་པར་མ་རྐང་བདག་པོ་འཚོལ་རོགས་བྱས་ན། ཁོ་པས་ཟླ་རེའི་སྐྱེད་ཀ་བརྒྱ་ཆ་བཞིར་སྤོར་ཆོག་པ་དང་། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ཁོ་པས་རྡོ་ཕུན་འབའ་ཞིག་དང་མ་གཏོགས་ཚོང་མི་རྒྱག་ཅིང་། རྡོ་ཕུན་གྱིས་བཙལ་བའི་དངུལ་རྣམས་རྡོ་ཕུན་གྱིས་མ་རྐང་བཞག་པར་བརྩིས་ཏེ། རྡོ་ཕུན་གྱིས་བཙལ་བའི‘མ་རྐང་བདག་པོར’སྐྱེད་ཀ་ཇི་ལྟར་སྤྲོད་རྡོ་ཕུན་གྱི་འདོད་པ་ཡིན་ཚུལ་བཤད་པ་མ་ཟད། ཁོ་པས་ད་དུང་རྡོ་ཕུན་ལ་ཇུས་བཏོན་ནས། ངས་ཁྱེད་རང་ལ་བརྒྱ་ཆ་བཞི་སྤྲད། ཁྱེད་ཀྱིས་ཁོ་ཚོར་བརྒྱ་ཆ་གཉིས་སྤྲད་ན་འགྲིག འདི་ལ་སྐྱེད་ཀ་ཟ་བ་ཟེར།དངུལ་ཁང་མང་པོ་ཞིག་གིས་འདི་འདྲ་བྱེད་ཅེས་བརྗོད་པས་རེད།

     རྡོ་བཟང་གི་ཁྱིམ་དུ་སྲིད་གཞུང་དང་ལས་བྱེད་པར་ཁ་རྡུང་བཏང་ཚར་རྗེས། རྡོ་ཕུན་གྱིས་རང་ཉིད་ཀྱི་རིགས་རྒྱུད་གཅིག་པའི་ཕུ་ནུ་རྡོ་བཟང་ལ་ཐབས་ཤེས་ཇི་ལྟར་བཏང་ནས་དངུལ་མང་ཙམ་གསག་རྒྱུའི་གོ་སྐོན་བློ་འགུགས་བྱས།

ཁོ་པས། “རྡོ་བཟང་། ཁྱེད་ཀྱིས་ཉེ་དུས་ངའི་སྐོར་གྱི་སྐད་ཆ་འདྲ་ཐོས་ཨེ་བྱུང”ཞེས་དྲིས།

རྡོ་བཟང་གིས། “ཐོས་མ་བྱུང”ཞེས་ལན་བཏབ།

“ཚིག་གཅིག་ཀྱང་ཐོས་མ་བྱུང་ངམ”

“ཚིག་གཅིག་ཐོས་མ་བྱུང་”

“ཁྱེད་རང་དངོས་གནས་རྣ་ལྕོག་བལ་གྱིས་བཀག་ཡོད་པ་འདྲ”རྡོ་ཕུན་གྱིས་བཤད།

      མ་རྐང་བདག་པོ་དེ་བས་མང་བ་བཙལ་ནས། སྐྱེད་ཀའི་བར་ཁེ་དེ་བས་མང་བ་ཟ་ཆེད། རྡོ་ཕུན་གྱིས་དེ་སྔ་གྲོང་པའི་འཕྲིན(ལས)དོན(གྲུབ)ཁོ་པའི་ཁྱིམ་དུ་ཟ་མར་གདན་དྲངས། འཕྲིན་དོན་ནི་གཞན་གྱི་གནས་ཚུལ་ཉན་ཞིབ་བྱ་རྒྱུར་དགའ་ཞིང་། རྟ་རྒོད་གྲོང་རྡལ་གྱི“གསར་འགྱུར་མགྲིན་ཚབ་པ”ཡིན་པས། མི་རྣམས་ཀྱིས་འཕྲིན་གཏོང་ཁ་ཆེན་ཞེས་བོས། ཆ་འཕྲིན་འདྲ་མིན་སྣ་ཚོགས་ཁོ་པའི་སར་གཅིག་ཏུ་འདུས་རྗེས། ཉིན་ཕྱེད་ཀྱང་མ་འགོར་བར། གྲོང་རྡལ་གྱི་ཕོ་མོ་རྒན་གཞོན་ཀུན་གྱིས་ཤེས་ཀྱི་ཡོད། རྡོ་ཕུན་གྱིས་འཕྲིན་དོན་ཟ་མར་གདན་འདྲེན་སྐབས། རྐང་བཙུགས་ནས་རང་ཉིད་དབང་བློ་དང་མཉམ་དུ་ས་དཀོན་སྔོག་པ་དང་དངུལ་ག་ཚོད་དང་ག་ཚོད་བྱུང་བའི་སྐོར་ཁོ་པར“གསང་བ་ཕྱིར་གྱར”བྱས། འཕྲིན་དོན་གྱི་ཁ་ཆེན་པོ་དེས། རྡོ་ཕུན་འབར་བའི་གནས་ཚུལ་མྱུར་དུ་རྟ་རྒོད་གྲོང་རྡལ་གྱི་སྐྱེ་བོ་ཡོད་ཅོག་ལ་ཁྱབ་སྲིད་པ་ཁོ་པས་ཤེས་ཀྱི་ཡོད། དོན་དངོས་ཀྱང་འདི་འདྲ་རེད། ཟ་མ་དེ་ཏག་ཏག་ཕྱེད་ཙམ་ཟོས་མཚམས། རྡོ་ཕུན་གསང་སྤྱོད་ལ་ཐེངས་གཅིག་བསྐྱོད་དེ་ལོག་པའི་སྐབས། ཁོ་པའི་ཁ་པར་བསྟུད་མར་ཐེངས་གསུམ་གྲགས་པ་ཚང་མ་ཁོ་པར་དངུལ་གཡར་བའི་ཁ་པར་ཡིན་ཅིང་། ཁ་པར་སླེབ་ཐེངས་རེ་རེ་ཚང་མའི་དུས་ཡུན་སྐར་མ་འགའ་ལྟར་རིང་། འཕྲིན་གཏོང་ཁ་ཆེན་ཡིན་རིན་ཆོག་འདུག གཅིན་པ་ཐེངས་གཅིག་གཏོང་བའི་ཡུན་ལ། ཁོ་པས་གནས་ཚུལ་བརྒྱུད་སྒྲོག་བྱས་ཟིན།

    “ཁྱེད་ལ་བཤད་ན། ང་ཏིག་ཙམ་འབར་བྱུང……” རྡོ་ཕུན་གྱིས་རང་ཉིད་ས་དཀོན་སྔོག་པར་ཐེ་ཞུགས་བྱས་ཏེ། ‘མ་རྐང་བདག་པོ’ཇི་ལྟར་བྱས་པའི་གནས་ཚུལ་རྡོ་བཟང་ལ་བཤད།

“ཟླ་རེར་སུམ་སྟོང་། ལས་སླ་པོ་འདི་འདྲ་རེད”

     དེ་ནས་མུ་མཐུད་རྡོ་ཕུན་གྱིས་རྡོ་བཟང་ལ་མ་རྐང་འཇོག་རྒྱུའི་གོ་སྐོན་བློ་འགུགས་བྱས། དབང་བློས་ཁོ་པའི་ཁྱིམ་དུ་བཤད་པའི་སྐད་ཆ་ཁོ་པས་སླར་ཡང་ཚར་གཅིག་སྨྲས་ཤིང་། ཁོ་པས་ཟླ་རེའི་སྐྱེད་ཀ་བརྒྱ་ཆ་གཉིས་ལ་བཅག་པ་སྨོས་ཅི་དགོས

      རྡོ་ཕུན་གྱིས་སྲིད་གཞུང་དང་ལས་བྱེད་པར་ཁ་རྡུང་བཏང་བར་རྡོ་བཟང་ལ་སེམས་འགུལ་མ་ཐེབས་མོད། འོན་ཀྱང་རྡོ་ཕུན་གྱིས་ཁོ་པར་དངུལ་མང་པོ་ཇི་ལྟར་གསོག་དགོས་པའི་གོ་སྐོན་ལ་ཁོ་པ་སེམས་འགུལ་ཐེབས། བརྒྱ་ཆ་གཉིས་ཀྱི་ཟླ་སྐྱེད་ཀྱིས་ཁོ་པའི་ཡིད་དབང་རྦད་དེ་འཆོར། རྡོ་བཟང་གི་སེམས་སུ། གལ་སྲིད་ངས་མ་རྐང་སྒོར་ཆིག་འབུམ་ལྔ་ཁྲི་བཞག་ན། ཟླ་རེར་སྐྱེད་ཀ་སྒོར་སུམ་སྟོང་ཡོད། རྟ་རྒོད་གྲོད་རྡལ་དུ་དགེ་རྒན་ཞིག་གི་གླ་ཆ་ཡང་སྒོར་ཉིས་སྟོང་ལྷག་ཙམ་ལས་མེད་སྙམ།

      རྡོ་བཟང་ནི་བྱ་བ་ནན་གྱིས་སྒྲུབ་མཁན་ཞིག་རེད། ཁོ་པ་གྲོང་རྡལ་དུ་ཉན་ཞིབ་བྱེད་པར་བསྐྱོད་ཙ་ན། སྐྱེ་བོ་ཚང་མས་རྡོ་ཕུན་ས་དཀོན་བསྔོགས་ནས་འབར་བར་ཡིད་ཆེས་བྱེད་པས། རྡོ་བཟང་ད་གཟོད་ཀ་རེ་ཀོ་རེར་རྡོ་ཕུན་གྱི་ཁྱིམ་དུ་བསྐྱོད་ཅིང་། རྡོ་ཕུན་ལ་ཆད་འཛིན་འབྲི་རུ་བཅུག

    རྡོ་ཕུན་གྱིས་ཆད་འཛིན་འདི་ལྟར་བྲིས་པ་སྟེ།

  གཡར་འཛིན།

     དེ་རིང་རྡོ་བཟང་གི་མི་དམངས་ཤོག་སྒོར་ཆིག་འབུམ་ལྔ་ཁྲི་གཡར་བའི་འཛིན་དུ། དམིགས་སྒོ། ས་དཀོན་སྔོག་འདོན།

    དངུལ་བུན་གཡར་མཁན། རྡོ་ཕུན།

    2007ལོའི་ཟླ་7པའི་ཚེས་28ཉིན།

     རྡོ་བཟང་གིས་སྐྱེད་ཀ་ཟླ་བ་གཉིས་ལས་མ་བླངས་པར། དབང་བློ་གར་སོང་མེད། དབང་བློས་རྡོ་ཕུན་ལ་སྒོར་ཉིས་འབུམ་ལྔ་ཁྲི་ཆད་པ་དང་། རྡོ་ཕུན་གྱིས་རྡོ་བཟང་ལ་སྒོར་ཆིག་འབུམ་ལྔ་ཁྲི་ཆད།

      དབང་བློའི་སྲིང་མོ། རྡོ་ཕུན་གྱི་ནག་མོ་དབང་མོས་རྡོ་ཕུན་དང་རྡོ་བཟང་ལ་བཤད་རྒྱུར། “ཅོག་ཅོག་དབང་བློ་ལ་ས་དཀོན་སྔོག་པའི་འཇོན་ཐང་ག་ནས་ཡོད། གཞན་ཡང་ས་དཀོན་ལ་གཤའ་གཏེར་ལྟ་བུའི་རིན་ཐང་མེད། ཁྱེད་ཚོས་གཏེར་གང་འདྲ་ཞིག་ཡིན་པ་མ་ཤེས་པར་བརྟེན་ནས་ཁོ་པས་ཁྱེད་ཚོར་ངོམ་སོ་བརྒྱབ་པ་རེད། དེ་ཁྱེད་ཚོའི་དངུལ་གཡར་རྒྱུའི་ཆེད་དུ་རེད། ལོ་གཅིག་གི་གོང་ལ་ཅོག་ཅོག་མུ་མཐུད་ལྕགས་གཏེར་སྔོག་ཐབས་བྲལ་ཏེ། སྐྱེད་ཆེའི་བུ་ལོན་གཡར། ཁོག་མ་བཅུ་ལ་ཁེབས་གཅོད་དགུ རྣ་ལྕོག་བཀོག་ནས་རྐུབ་ལ་ལྷན་པ་བརྒྱབ། ད་ཆ་ཨར་མ་བརྟེན་པར་བྲོས་བཞག”ཅེས་བརྗོད།

      ཁོག་མ་བཅུ་ལ་ཁེབས་གཅོད་དགུ་ཞེས་པ་ནི་རྟ་རྒོད་གྲོང་རྡལ་གྱི་ཤོད་སྟངས་ཤིག་རེད། ཚིག་འདིར་འགྲེལ་པ་བྱེད་དགོས་ན། ད་དུང་དབང་བློ་དཔེར་འཇོག་དགོས། དབང་བློས་སྔ་རྗེས་སུ་མི་ཉི་ཤུའི་ས་ནས་དངུལ་གཡར་ཞིང་། འདི་ནས་གཡར་བ་ཕ་གིར་སྐྱིན་ཚབ་འཇལ། མཚམས་འཇོག་མེད་པར་གཡར་ནས་མཚམས་འཇོག་མེད་པར་སྐྱིན་ཚབ་འཇལ། ནམ་ཞིག་གཡར་མཁན་མ་བྱུང་བའི་ཚེ། རླུང་རྟ་མེད་པོ་ཐོན་པ་རེད། རླུང་རྟ་མེད་པོ་འདི་གཉིས་ཏེ། རྡོ་ཕུན་དང་རྡོ་བཟང་གཉིས“ཁོག་མ”ཉི་ཤུའི་ནང་གི“ཁེབས་གཅོད”མེད་པའི“ཁོག་མ”རེད།

      རྡོ་ཕུན་གྱིས། “ཁྱོད་ཀྱིས་སྔ་ཙམ་མི་ཤོད་པ་ཅི་ཡིན། མོ་ཡན་ཁྱོད་རང་ཡིན་ན”ཞེས་སྨྲས།

      དབང་མོས། “ངའི་ཅོག་ཅོག་དང་ཅོག་ཅོག་གི་བཟའ་ཟླ་གཉིས་ཀ་སྒྱུ་རྩལ་སློབ་གྲྭའི་འཁྲབ་སྟོན་ཚན་ཁག་ནས་ཐོན་པ་རེད། ཁོ་གཉིས་ཀྱིས་འདྲ་པོ་ཞེ་དྲག་བརྫུས་ཙང་། སུ་གཅིག་གིས་ཧ་གོ་མི་འདུག”ཅེས་བརྗོད།

      རྡོ་བཟང་གིས། “ཅོག བྱས་ན་ངའི་སྒོར་ཆིག་འབུམ་ལྔ་ཁྲི་གང་འདྲ་བྱེད་དགོས་སམ”ཞེས་དྲིས།

      རྡོ་ཕུན་གྱིས། “དབང་མོས་བཤད་པ་ཁྱེད་ཀྱིས་གོ་མ་བྱུང་ངམ། དབང་བློ་བྲོས་བཞག དངུལ་ཚང་མ་ཁོ་པར་ཡོད། ངའི་སྒོར་ཆིག་འབུམ་ཡང་ཁོ་པའི་ལག་ཏུ་ཡོད། ང་ཡང་གནོད་འཚེ་ཕོག་མཁན་རེད་དཱ”ཞེས་བཤད། རྡོ་ཕུན་གྱིས་སྐྱེད་ཀ་ཁྲི་འགའ་བླངས་ཟིན་པས། གྱོང་གུན་ཆེན་པོ་ཕོག་མེད་སྟབས། དངངས་འཚབ་དེ་ཙམ་མི་བྱེད་པ་འདིར་བལྟས་ན། ཧ་ལམ་རང་ཉིད་ཀྱིས་བྲིས་པའི་སྒོར་ཆིག་འབུམ་ལྔ་ཁྲིའི་ཆད་འཛིན་དེ་རྡོ་བཟང་གི་སྒམ་གྱི་མཐིལ་དུ་བཅུག་ཡོད་པ་བརྗེད་པ་འདྲ། རྡོ་བཟང་མི་འདྲ་སྟེ། ཁོ་པས་སྒོར་དྲུག་སྟོང་ལས་བླངས་མེད་པས། བཞི་འབུམ་བཞི་ཁྲི་ཆུ་ལ་བསྐྱུར་བ་རེད།

      རྡོ་བཟང་གིས། “ཁོ་བྲོས་དང་མ་བྲོས་ང་དང་འབྲེལ་བ་མེད། དངུལ་ཁྱེད་ཀྱིས་ངའི་རྩ་ནས་ཁྱེར་བ་རེད། ཆད་འཛིན་སུས་བྲིས་པ་དེའི་ས་ནས་ང་དངུལ་ལེན་གྱི་ཡིན། རྡོ་ཕུན། ངའི་དངུལ་སྒོར་ཆིག་འབུམ་ལྔ་ཁྲི། མ་རེད། བརྒྱ་ཆ་གསུམ་གྱི་སྐྱེད་ཀ་ཡང་ང་ལ་མི་དགོས། ངའི་དངུལ་སྒོར་བཞི་འབུམ་བཞི་ཁྲི་ཁྱེད་ཀྱིས་སྐྱིན་ཚབ་ག་དུས་སྤྲོད་དམ”ཞེས་སྨྲས།

      “རྡོ་བཟང་། ང་གཉིས་ཕུ་ནུ་རེད་མ་རེད། ང་གཉིས་རླུང་རྟ་ཆག་མཉམ་རེད་དཱ”རྡོ་ཕུན་གྱིས་བཤད།

       “རྡོ་ཕུན། དབང་བློ་ཡང་ཁྱེད་ཀྱི་ནག་མོའི་ཕུ་བོ་རེད། ཕུ་ནུ་ཡིན་ཀྱང་ཅི་ཡོད། ཁྱེད་ཀྱིས་འདི་འདྲ་བྱས་ན། ཕུ་ནུས་ཕུ་ནུར་མགོ་སྐོར་བཏང་བ་རེད་དཱ”རྡོ་བཟང་གིས་བཤད།

      “དབང་བློས་ང་ཚོར་མགོ་སྐོར་བཏང་བ་རེད། ཁྱེད་ཀྱིས་གང་བྱུང་མ་ཤོད། ངས་ཁྱེད་ལ་མགོ་སྐོར་གང་འདྲ་བཏང་བྱུང་། ཁྱེད་ཀྱི་དངུལ་ངའི་ལག་ཏུ་མེད་དཱ”རྡོ་ཕུན་འཚབ་ཤ་ལངས།

       “ཁྱེད་ཀྱིས་དངུལ་ཁྱེར་ནས་ས་དཀོན་སྔོག་གི་ཡིན་ཟེར། བསྔོགས་སམ། འདི་མི་ལ་མགོ་སྐོར་བཏང་བ་མ་རེད་དམ”རྡོ་བཟང་གིས་སྐད་ཅོར་བརྒྱབ།

    རྡོ་བཟང་གིས། “ཉིན་བཅུའི་ནང་ཚུན་དུ་ཁྱེད་ཀྱིས་ཐབས་ཤེས་བཏང་ནས་ང་ལ་སྐྱིན་ཚབ་སྤྲོད་དགོས”ཞེས་སྨྲས།

     “ཁྱེད་ཀྱིས་ང་ལ་རྐུ་མ་རྐུ་བར་རྒྱུགས་ཟེར་གྱི་ཡོད། ཡང་ན་འཕྲོག་བཅོམ་བྱེད་པར་རྒྱུགས་ཟེར་གྱི་ཡོད། རྡོ་བཟང་ཡ་རྡོ་བཟང་། ཁྱེད་ཀྱི་ས་ཆ་དེར་སྲིད་གཞུང་ནས་གོང་ཚད་དམའ་པོས་སྒོར་ཆིག་འབུམ་ལྔ་ཁྲི་སྤྲད་པར་ཁྱེད་ཀྱིས་ད་དུང་བླངས་མ་བླངས་ཁྱད་མེད་མདོག་བྱེད། ད་ལྟ་ཁྱེད་ཀྱི་རྫུན་རྐུབ་བརྡོལ་སོང་། དངུལ་ཁྱེད་ཀྱི་སྲོག་རྩ་རེད་འདུག དབང་བློ་བྲོས་པ་རེད། ང་གཉིས་ཀྱིས་ཁོ་བཙལ་ནས་དངུལ་ཇི་ལྟར་ལེན་ཐབས་གྲོས་སྡུར་བྱེད་དགོས་པ་མ་གཏོགས། ཁྱེད་ཀྱིས་ཀླད་ལ་བཀར་ནས་ང་ལ་སྐྱིན་ཚབ་དགོས་ཟེར། རྒྱུ་མཚན་མི་འདུག་གཱ། ཁྱེད་དང་ངའི་ཨ་མེས་ཕ་གཅིག་མ་གཅིག་གི་ཕུ་ནུ་རེད་མ་རེད། ཕུ་ནུར་ཀླད་ལ་བཀར་ཏེ་དངུལ་དགོས་ཟེར་དགོས་བྱུང་ན་ཁྱེད་རང་ཧུར་ཤོས་རེད། སྲིད་གཞུང་ནག་པོ་ལ་ཁྱེད་ཀྱིས་ཚིག་གཅིག་མི་ཤོད་པ་ཅི་ཡིན”རྡོ་ཕུན་གྱིས་དྲིས།

     “ངའི་དངུལ་ངའི་སྲོག་རྩ་ཡིན། དགྲ་ལ་དགྲ་ལན་དང་བུན་ལ་བུན་ལན་འཇལ་དགོས། ཆད་འཛིན་ཁྱེད་ཀྱིས་བྲིས་པ་རེད་གཏོགས། དབང་བློས་བྲིས་མེད། ངས་ཁྱེད་རང་མ་བཙལ་ན་སུ་འཚོལ་དགོས་རེད། ད་ལྟའི་དུས་སུ་ཁྱེད་ཀྱིས་ད་དུང་སྲིད་གཞུང་ལ་ཁ་རྡུང་གཏོང་གིན་བསྡད། ངའི་དངུལ་མགྱོགས་ཙམ་ཁྱེར་ཤོག་ཨང”ཅེས་སྨྲས།

     ཉིན་བཅུ་སོང་རྗེས། རྡོ་ཕུན་གྱིས་དངུལ་བུན་འཇལ་མི་ཐུབ་པ་སྨོས་ཅི་དགོས། དེ་ནས་བཟུང་རྡོ་བཟང་ཉིན་ལྟར་རྡོ་ཕུན་གྱི་ཁྱིམ་དུ་བསྐྱོད་ནས་ཁོ་པར་དངུལ་བུན་འཇལ་རྒྱུའི་ཨུ་ཚུགས་མཐའ་སྐྱེལ་བྱས། རྡོ་ཕུན་གྱི་ཁྱིམ་དུ་ཉིན་ལྟར་རྡོ་བཟང་གི་དཔའ་ངར་ཆེ་བའི་སྐད་སྒྲ་གྲགས་པའི་མཐའ་མཇུག རྡོ་ཕུན་བཟོད་སྒོམ་བྲལ་ནས་ཡ་མེད་བཙོངས་ཏེ། ཁོ་པས། “དངུལ་དགོས་ན་མེད། སྲོག་དགོས་ན་གཅིག་ཡོད”ཅེས་བརྗོད།

     རྡོ་ཕུན་ཧམ་པ་ཚ་པོ་འདི་འདྲ་རེད་སྙམ་པ་རྡོ་བཟང་གི་ཡིད་ལ་མེད། “ཡོང་ང་། རང་སྒུགས་ཤིག” ཁོ་པ་མུ་མཐུད་ཁོ་པའི་ཁྱིམ་དུ་བུ་ལོན་འདེད་པར་མ་བསྐྱོད་པར། གྱོད་གཏུག་སྙན་ཞུ་ཞིག་བྲིས་ནས་རྡོ་ཕུན་ཁྲིམས་ཁང་ལ་གཏུགས།

     བཤད་ན་འདི་ཡང་ཁྱིམ་མཚེས་འཕྲིན་དོན་གྱི་བློ་བཀོད་རེད། རྡོ་བཟང་གིས་འཕྲིན་དོན་ལ་བཤད་རྒྱུར། “ངའི་ཅོག་རྡོ་ཕུན་ཧམ་པ་ཚ་པོ་ཞེ་དྲག་འདུག ངའི་དངུལ་ཧ་ལམ་རག་པ་མི་འདུག”ཅེས་སྨྲས།

     འཕྲིན་དོན་གྱིས། “ཁྱེད་ཀྱིས་བློ་ཐག་བཅད་ན། དངུལ་མི་རག་པ་བྱེད་ཀྱི་མ་རེད”ཅེས་བརྗོད།

   “བློ་ཐག་ཇི་ལྟར་གཅོད་དགོས་སམ”

     “ཁོ་པ་ཁྲིམས་ཁང་ལ་གཏུག་རྒྱུ་རེད། ཁྲིམས་ཁང་ལ་ཁོ་པས་དངུལ་བུན་འཇལ་རྒྱུའི་ཐག་གཅོད་བྱེད་དུ་ཆུགས”འཕྲིན་དོན་གྱིས་བཤད།

    “ཕུ་ནུས་ཕུ་ནུ་ཞུ་གཏུག་བརྒྱབ……ད་འདི་འདྲ་བྱ་རྒྱུ་ལས་མེད། འཕྲིན་དོན། ཞུ་གཏུག་ཇི་ལྟར་རྒྱག་དགོས་མིན་ངས་མི་ཤེས། ཁྱེད་ཀྱིས་ང་ལ་རོགས་པ་བྱོས་དང་”རྡོ་བཟང་གིས་བཤད།

    “ངའི་སྤུན་མཆེད་འཕྲིན་ཆོས་ཁྲིམས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ངས་ཁྱེད་རང་ཁོ་པ་འཚོལ་བར་འཁྲིད་ཆོག”

      འཕྲིན་ཆོས་ཀྱི་ཁྱིམ་ཡང་གྲོང་རྡལ་དུ་ཡོད། འཕྲིན་དོན་གྱིས་རྡོ་བཟང་ཁྲིད་ནས་ཁོ་པ་འཚོལ་བར་བསྐྱོད། འཕྲིན་ཆོས་ཀྱིས། “ཞུ་གཏུག་རྒྱག་མཁན་ཡིན་ན་ཁྱེད་ཚོ་མགྱོགས་ཙམ་རྒྱོབས། རྡོ་ཕུན་གྱིས་ད་དུང་གཞན་གྱི་དངུལ་གཡར་མེད་པའི་ངེས་པ་མེད”ཅེས་བརྗོད། འཕྲིན་ཆོས་ཀྱི་གོ་དོན་ནི། ལག་སྔ་འཕྱར་ཕ་རོལ་འདུལ་བའི་ཕོ་རྒོད་ཅེས་པའི་དཔེ་ལྟར། གྱོད་གཞི་བདག་སྤྲོད་བྱས་ཕྱིན། རྡོ་ཕུན་ལ་དངུལ་བྱུང་མ་ཐག རྡོ་བཟང་གིས་ཐོག་མར་ལེན་ཐུབ།

      ཁྲིམས་ཁང་གིས་གྱོད་ཁོངས་སུ་བཅུག་རྗེས། ཁྲིམས་ཁང་གི་ཆོས་བཟང་རྡོ་ཕུན་ལ་གཏུག་ལན་འདེབས་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་བརྡ་ཐོ་གཏོང་བར་བསྐྱོད། རྡོ་ཕུན་གྱིས་ཆོས་བཟང་ལ། “འདི་ལས་ཀ་མེད་པའི་ལས་ཀ་རེད། ཁོ་པ་ངའི་ནུ་བོ་རེད། གལ་སྲིད་ང་ལ་དངུལ་ཡོད་ན། ངས་ཁོ་པར་བུ་ལོན་མི་སྤྲོད་པ་བྱེད་སྲིད་དམ། ཁོ་པས་ང་ཁྲིམས་ཁང་ལ་གཏུགས་ན། ང་ལ་ཁོ་པའི་བུ་ལོན་འཇལ་བའི་དངུལ་ཡོང་གི་རེད་དམ། ཁོ་རང་ཞུ་གཏུག་བརྒྱབ་ནའང་རྒྱོབས”ཞེས་སྨྲས།

     ཆོས་བཟང་གིས། “ཁྱེད་ཀྱིས་ཀྱང་དབང་བློ་ཞུ་གཏུག་བརྒྱབ་ན་འགྲིག ད་ཆ་མི་མང་པོ་ཞིག་གིས་ཁོ་པ་ཞུ་གཏུག་བརྒྱབ་འདུག”ཅེས་བཤད།

     རྡོ་ཕུན་གྱིས། “ཁོ་པའི་རྔ་རལ་པ་དེ་ང་རྡུང་བར་འགྲོ་ཡི་མིན། ངའི་རྔ་རལ་པ་འདི་རྡོ་བཟང་གིས་བརྡུངས་ན་ཁོ་རང་རྡུང་དུ་ཆུགས”ཞེས་བཤད། རྡོ་ཕུན་ལ་སྣང་བ་སྣང་དོགས་མེད་པའི་བཟོ་ཞིག་མཆིས།

     ཁྲིམས་ར་འཚོག་པའི་ཉིན་དེར། རྡོ་ཕུན་ཡང་ཁྲིམས་རར་ཞུགས། ཁོ་པས་མགོ་ནས་མཇུག་བར་ཚིག་གཅིག་མ་གླེངས་ཤིང་། སྣང་བ་ཡེ་ནས་མ་བཏང་། ཁོ་པར་མིང་རྟགས་འགོད་དུ་བཅུག་པས་མིང་རྟགས་བཀོད། ཁྲིམས་ཁང་ནས་ཁོ་པར་ཉིན་བཅོ་ལྔའི་ནང་ཚུན་དུ་རྡོ་ཕུན་ལ་དངུལ་བུན་འཇལ་དགོས། གལ་སྲིད་དུས་བཀག་ཟིན་ཀྱང་མ་སྤྲད་ན། ཁང་པ་གཏའ་མར་འཇོག་རྒྱུ་བྱས།

    ཉིན་བཅོ་ལྔ་ལམ་སེང་སོང་། རྡོ་བཟང་རྡོ་ཕུན་གྱི་སྒོ་ཁར་སྐྱོད་སྐབས། སྒོ་ལྕགས་ཆེན་པོ་ཞིག་ཁོ་པའི་མིག་ལམ་དུ་མངོན།

     ཁོ་པའི་སེམས་པ་གྲང་མོར་གྱུར་ཅིང་། རྡོ་ཕུན་གྱི་ཁང་པར་སྐོར་བ་ལན་གཅིག་བརྒྱབ། དེ་འཕྲིན་དོན་གྱིས་མཐོང་ནས་ཁོ་པར་ཁ་བརྡ་བྱས་ཏེ། “རྡོ་བཟང་། འཆམ་འཆམ་བྱེད་ཀྱི་ཡོད་དམ”ཞེས་དྲིས།

      རྡོ་བཟང་གིས་ཁ་ཡ་མ་བྱས་པར། མུ་མཐུད་སྐོར་བ་བརྒྱབ།

      རྡོ་བཟང་སྐྱོད་མཚམས་བཞག་སྟེ། “ཁྱེད་ཀྱིས་ཤོད་དང་། སྒོར་ཆིག་འབུམ་ལྔ་ཁྲི་ལ་བྲོས་ཕྱིན་པ་རེད་དམ། མི་ཚོ་དབང་བློ་ས་ཡ་འགའ་ལ་གཞི་ནས་བྲོས་པ་རེད”ཅེས་སྨྲས།

     “ཁོ་པ་དངུལ་བུན་འཇལ་མི་ཐུབ་པའི་ཁར། ཁང་པ་ཡང་གཏའ་མར་འཇོག་མི་ཕོད། མ་བྲོས་ན་ཡ་མཚན་རེད”འཕྲིན་ལས་དོན་གྲུབ་ཀྱིས་བཤད།

       “འཕྲིན་དོན། འདི་ང་ལ་ལན་པ་མེད། ཆིག་འབུམ་ལྔ་ཁྲི། གྲངས་ཀ་ཉུང་ཉུང་མ་རེད་དཱ། འདི་ངའི་རྒན་གསོའི་དངུལ་རེད། སླད་ཕྱིན་ང་ན་ནས་སྨན་བཅོས་བྱེད་དགོས་བྱུང་ན། ཚང་མ་དངུལ་འདི་དག་ལ་བློ་གཏད་བཅོལ་ཡོད”རྡོ་བཟང་གིས་སྨྲས།

      ཁོ་པའི་ཁང་པ་འདིར་མང་ཤོས་ལའང་སྒོར་ཆིག་འབུམ་ལྔ་ཁྲི་ལས་རི་བ་མི་འདུག འཕྲིན་ལས་དོན་གྲུབ་ཀྱིས་སླར་ཡང་རྡོ་ཕུན་གྱི་ཁང་པའི་སྐོར་གླེངས་ཤིང་། ཁོ་པས་རྡོ་བཟང་ལ་དངོས་གནས་རྡོ་ཕུན་གྱི་ཁང་པ་དགོས་འདོད་ཡོད་མེད་ཉམས་ཚོད་ལེན་དགོས་སྙམ། གང་ཡིན་ཅེ་ན། ཕུ་ནུས་ཕུ་ནུ་ཞུ་གཏུག་བརྒྱབ་སྟེ་ཁང་པ་བུན་གྱི་གཏའ་མར་བཞག་པའི་གྱོད་གཞི་རྟ་རྒོད་གྲོང་རྡལ་དུ་ཐོག་མ་རེད།

      རྡོ་བཟང་གིས་ཁ་མ་བསྒྲགས། འཕྲིན་ལས་དོན་གྲུབ་ཀྱི་སེམས་སུ། གང་ལྟར་ཕུ་ནུ་རེད། ལས་ཀ་འདི་འདྲ་རྡོ་བཟང་གིས་བྱེད་མི་ཕོད་སྙམ།

       གང་མཚམས་སོང་རྗེས། རྡོ་བཟང་གིས། “ལམ་དང་ཟམ་པ་ཁག་ཁག ཆུ་དང་ཉ་མོ་སོ་སོ། བུན་ལ་བུན་ལན་འཇལ་དགོས། འཇིག་རྟེན་པ་ཡི་ལུགས་སྲོལ། དངོས་གནས་ཐབས་ཤེས་མེད་ན། ག་རེ་བྱེད་དགོས་པ་དེ་ལྟར་བྱ་རྒྱུ་རེད”ཅེས་བརྗོད།

      རྡོ་བཟང་གིས་བཤད་པའི་དངོས་གནས་ཐབས་ཤེས་མེད་ན་ཞེས་པའི་དོན་ཅི་ཡིན་འཕྲིན་དོན་གྱིས་རྟོཌ་ཏེ། “རྡོ་ཕུན་ཡ་རེ་ང་། ལོ་རྒན་དྲུག་ཅུར་བསླེབས་ཀྱང་བདག་པོ་མེད་པའི་ཁྱི་དང་མཚུངས”ཞེས་བཤད།

      རྡོ་བཟང་གིས་དབུགས་རིང་གཅིག་ཕྱུངས་ནས། “ཚང་མ་དངུལ་གྱིས་བྱས་པ་རེད”ཅེས་སྨྲས།

      རྡོ་བཟང་གིས་བཤད་པའི་སྐད་ཆ་འཕྲིན་དོན་གྱིས་རྟ་རྒོད་གྲོང་རྡལ་གྱི་སྐྱེ་བོ་མི་རེ་ངོ་རེ་ཚང་མར་བརྒྱུད་སྒྲོག་བྱས་ནས། ཁྱེད་རང་ཚོ་སྒུགས་ཤིག རྡོ་བཟང་གིས་སྔ་ཕྱི་མ་གཏོགས་རྡོ་ཕུན་གྱི་ཁང་པ་བཤིག་གི་རེད་ཟེར། དེའི་གོང་དུ་དབང་བློས་འདི་ལྟ་བུའི“ཐོབ་ཐང་ལོངས་སྤྱོད”བྱས་ཟིན། ཁོ་པའི་ཁྱིམ་གྱི་ཁང་པའི་བདག་དབང་ལག་ཁྱེར་དངུལ་ཁང་དུ་གཏའ་མར་བཞག་ཟིན་ཏེ། ཁང་པ་ཕམ་ཚོང་རྒྱག་རྒྱུར་སྒུག་ནས་བསྡད་ཡོད། ཁོ་པར་དངུལ་གཡར་མཁན་གྱི་མི་དེ་ཚོས། ཁོ་པའི་ཁྱིམ་གྱིས་རིན་ཐང་ཡོད་པའི་ཅ་ལག་ཚང་མ་ཧབ་ཐོབ་བརྒྱབ་ནས་གཙང་མ་བཟོས། དབང་བློའི་ཁྱིམ་ལ་ཧབ་ཐོབ་རྒྱག་སྐབས་མི་མང་པོ་ཞིག་ལས་ཡུལ་དངོས་སུ་ཡོད། ཁོ་ཚོ་ཚང་མའི་སེམས་སུ་དབང་བློ་སྙིང་རེ་རྗེ་སྙམ། ད་ཆ་རྡོ་ཕུན་གྱི་རེས་སྐོར་ལ་བསླེབས་ཏེ། རྡོ་བཟང་གིས་རྡོ་ཕུན་ལ་བྱེད་སྟངས་གང་འདྲ་བྱེད་མིན་ཁོ་ཚོས་ལྟ་དགོས་སྙམ།

      ཁོ་པས་ཇི་འདྲ་བྱེད་མིན་གྲོང་རྡལ་གྱི་མི་ཚང་མས་ལྟ་འདོད་བྱེད་པ་རྡོ་བཟང་གིས་ཤེས་ཀྱི་ཡོད། ཁོ་པ་རང་ཉིད་ཀྱང་ག་བྱེད་འདི་མེད་པར་གྱུར། གལ་སྲིད་ཁྲིམས་ཁང་གི་ལག་བསྟར་ཁྲིམས་རར་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུ་བར་མ་བསྐྱོད་ན། སྒོར་ཆིག་འབུམ་ལྔ་ཁྲི་གཏན་གཏན་ལེན་མི་ཐུབ། ཁོ་པས་རྡོ་ཕུན་གྱི་བུ་དང་བུ་མོ་སོ་སོར་ཁ་པར་བརྒྱབ་ནས། ཁྱེད་ཚོས་ཐབས་ཤེས་བཏང་ནས་ཁྱེད་ཚོའི་པ་ཕར་རོགས་པ་བྱས་ཏེ་དངུལ་བུན་འཇལ་ཐུབ་པ་འདུག་གམ་མི་འདུག་ཟེར། རྡོ་ཕུན་གྱི་བུ་དང་བུ་མོ་ཡུལ་གཞན་དུ་གཞིས་ཆགས་ནས། རང་རང་སོ་སོའི་འཚོ་བ་ཡང་འཁྱོལ་ལ་མ་འཁྱོལ་ཡིན་ན། པ་ཕར་རོགས་པ་བྱས་ཏེ་དངུལ་བུན་འཇལ་ག་ལ་ཐུབ། དེར་བརྟེན། ཁ་པར་ཕར་ཕྱོགས་ནས་མང་ཆེ་བ་སྐད་ཆ་ཤོད་མཁན་མེད། དེས་ན་རྡོ་བཟང་གིས་ཨམ་གཙིགས་བསྡམས་ནས། ག་རེ་བྱེད་དགོས་པ་དེ་ལྟར་བྱས།

      རྡོ་བཟང་འཕྲིན་དོན་འཚོལ་བར་བསྐྱོད་དེ། “ང་ཁྲིམས་ཁང་གི་ལག་བསྟར་ཁྲིམས་རར་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུ་བར་འགྲོ་ཡི་ཡིན”ཞེས་བཤད།

      འཕྲིན་དོན་གྱིས། “དེ་ཕུད་ད་དུང་ཐབས་ཤེས་གཞན་ཞིག་ཡོད། རྡོ་ཕུན་གྱི་ཁང་པའི་སྒོ་ལྕགས་བཅག་ནས། སྒོའི་ཕྱིར་ཁང་གླར་གཏང་རྒྱུ་ཞེས་སྦྱར་བའི་སྟེང་དུ་འབྲེལ་བ་བྱེད་མི་ཁྱེད་ཀྱི་མིང་འབྲི་དགོས། གྲོང་རྡལ་དུ་དེང་སང་བརྒྱུད་ཚོང་རྒྱག་མཁན་ཕྱི་མི་མང་པོ་ཞེ་དྲག་འདུག ཁོ་ཚོས་ཁང་པ་སུའི་ཡིན་སྣང་བ་གཏོང་གི་མ་རེད། ཁོ་ཚོ་སྡོད་དུ་བཅུག་ཕྱིན། ཁོ་ཚོ་ཤིན་ཏུ་དགའ་ནས་ཁང་གླ་སྣང་དག་མེད། འདི་ལྟར་ལག་བསྟར་ཁྲིམས་རར་སུན་པོ་བཟོ་དགོས་མ་རེད”ཅེས་བརྗོད།

      ཕྱི་མི་དེ་དག་གིས་ཕྱི་ཕྱོགས་ལ་རྟ་རྒོད་གྲོང་རྡལ་དུ་ལུས་ཁམས་གསོ་བར་ཡོང་བ་ཡིན་ཟེར། དོན་དུ་བརྒྱུད་ཚོང་རྒྱག་གི་ཡོད། ཁོ་ཚོ་ཉིན་ལྟར་རྟ་རྒོད་གཙང་འགྲམ་དུ་འཛོམས་ནས། “ང་འབར་དགོས་ཡོད། ང་འབར་དགོས་ཡོད”ཅེས་པའི་འབོད་བརྡ་སྒྲོག་པ་ཡང་། རྟ་རྒོད་གྲོང་རྡལ་གྱི་ཡུལ་གྱི་བཀོད་པ་ཞིག་ཏུ་གྱུར།

     “དེ་འདྲ་ཡོང་གི་མ་རེད། ང་ཕྱི་མི་དེ་ཚོ་དང་འབྲེལ་བ་བྱེད་ཀྱི་མིན། ངས་ཏན་ཏན་ཏིག་ཏིག་ངང་ང་རང་གི་ཁང་པ་ལ་འགྱུར་བར་བྱེད་ཀྱི་ཡིན། ང་བསྡད་ཀྱང་གནས་བཟོད་བདེ་བ་ཡོང”རྡོ་བཟང་གིས་སྨྲས།

“བྱས་ན་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུ་རྒྱུ་རེད”འཕྲིན་དོན་གྱིས་བཤད།

      འཕྲིན་དོན་གྱིས་ཁོ་པ་ལག་བསྟར་ཁྲིམས་རའི་ལྷུན་མཚོ་འཚོལ་བར་ཁྲིད། ལྷུན་མཚོས། “ལག་བསྟར་བྱེད་པར་སྔོན་ལ་རྡོ་ཕུན་རྙེད་དགོས། ཁོ་པའི་མིང་རྟགས་ཡོད་ན། ང་ཚོས་གཞི་ནས་ལག་བསྟར་བྱེད”ཅེས་བཤད།

    རྡོ་བཟང་གིས། “ཁོ་པས་ཁང་པ་གཏེ་མར་འཇོག་རྒྱུའི་མོས་མཐུན་བྱས་ཟིན་པ་རེད་དཱ། ག་རེ་ད་དུང་ཁོ་པའི་མིང་རྟགས་དགོས་སམ”ཞེས་བརྗོད།

    ལྷུན་མཚོས། “འདི་ཁྲིམས་ཀྱི་གཏན་འབེབས་རེད། ཧ་རེ་ཧུ་རེ་བྱེད་མི་ཉན”ཞེས་བཤད།

    “ཁོ་པ་གང་དུ་ཕྱིན་པ་ངས་ཇི་ལྟར་ཤེས”རྡོ་བཟང་གི་སྨྲས།

     “ཁྱེད་ཀྱིས་རྡོ་ཕུན་གང་དུ་ཡོད་མེད་ཤེས་འཕྲལ། ང་ཚོར་བརྡ་སྐྱེ་བར་ཤོག” ལྷུན་མཚོས་བཤད།

      ཁྱིམ་དུ་ལོག་རྗེས། རྡོ་བཟང་དང་འཕྲིན་དོན་གྱིས་རྡོ་ཕུན་གང་དུ་བསྐྱོད་མིན་ལ་དབྱེ་ཞིབ་བྱས་ཏེ། ཐོག་མར་རྡོ་ཕུན་གྱི་བུ་བུ་ཆུང་ཡིད་ལ་འཁོར། བུ་ཆུང་གི་ཁྱིམ་གམ་པ་རྫོང་དུ་ཡོད་ཅིང་མག་པར་སོང་བ་ཞིག་ཡིན་པས། རྡོ་ཕུན་དེ་གར་གཏན་གཏན་སྡོད་མི་ཐུབ། ད་དུང་ཁོ་པའི་བུ་མོ་སྲིང་ཆུང་ཡོད། སྲིང་ཆུང་གི་ཁྱིམ་ལྷ་སར་ཡོད་པ་དང་། མངལ་སྦྲུམ་ནས་ཟླ་ལྔ་འཁོར་ཞིང་། བཟའ་ཟླ་དུག་ཚོང་བརྒྱབ་པའི་རྐྱེན་གྱིས་འཇུས་པ་རྟ་རྒོད་གྲོང་རྡལ་གྱི་སྐྱེ་བོ་ཀུན་གྱིས་ཤེས་གསལ་ཡིན་པས། རྡོ་ཕུན་ཁོ་མོའི་ཁྱིམ་དུ་འགྲོ་མི་སྲིད།

འཕྲིན་དོན་གྱིས། “ད‘འཛིན་རྒྱ’གཏང་རྒྱུ་ལས་འོས་མེད”ཅེས་བཤད།

རྡོ་བཟང་གིས། “ཁྱེད་ཀྱིས་སྤྱི་བདེ་གདན་འདྲེན་ཞུ་ཐུབ་བམ”ཞེས་སྨྲས།

     འཕྲིན་དོན་གྱིས། “རྟ་རྒོད་གྲོང་རྡལ་གྱི་མི་མང་པོ་ཞིག་ཕྱི་ལ་ལས་ཀར་ཡོད། ངས་ཁོ་ཚོར་འཕྲིན་ཐུང་སྡེབ་གཅིག་ཏུ་བཏང་ནས། གལ་སྲིད་སུས་རྡོ་ཕུན་མཐོང་ན། སུ་ལ་རྔན་པ་སྒོར་སུམ་བརྒྱ་སྟེར་རྒྱུ་ཡིན་ཞེས་བྲིས་ན་ཨ་ཡོང”ཞེས་སྨྲས།

    རྡོ་བཟང་གིས། “ཨ་ལས། འདི་ལ་འཛིན་རྒྱ་ཟེར་གྱི་ཡོད་པ་རེད། འདི་ལྟར་བྱེད་དོ”ཞེས་བཤད།

      ཇུས་འདི་ཡག་པོ་འདུག ཉིན་འགའ་སོང་རྗེས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེར་ཨར་ལས་བྱེད་བཞིན་པའི་ལེགས་པས་འཕྲིན་དོན་ལ་འཕྲིན་ཐུང་གཅིག་བཏང་ནས། གཞིས་ཀ་རྩེའི་བདེ་ལེགས་ཚལ་ཁྲོམ་ནས་རྡོ་ཕུན་གྱི་ནག་མོ་ཚལ་ཉོ་ཚོང་བྱེད་པ་མཐོང་བྱུང་ཟེར། འཕྲིན་དོན་གྱིས་འཕྲལ་མར་ལག་བསྟར་ཁྲིམས་རའི་ལྷུན་མཚོ་ལ་བརྡ་བཏང་སྟེ། མི་འགའ་ཁྲིམས་ཁང་གི་མོ་ཊར་བསྡད་ནས་རྡོ་ཕུན་འཚོལ་བར་བསྐྱོད། ཁོ་ཚོར་གཞིས་ཀ་རྩེ་ནས་རྒྱང་ཐག་མི་རིང་བའི་རྒྱ་མཚོ་ཤང་ནས་རྡོ་ཕུན་རྙེད། ཁོ་པ་དང་དབང་མོས་སྒེར་ཁང་ཞིག་གླས་ནས་ཁྲོམ་དུ་ཚལ་ཉོ་ཚོང་བྱེད།

     ཁོ་ཚོ་མཐོང་སྐབས། རྡོ་ཕུན་གྱིས་མཐེ་བོང་ཀེར་ནས་རྡོ་བཟང་ལ། “འཇོན་པོ་འདུག དངོས་གནས་འཇོན་པོ་འདུག ཁང་པ་ང་ལ་དངོས་གནས་མི་དགོས”ཞེས་བཤད།

      ལག་བསྟར་བྱས་རྗེས། རྡོ་བཟང་གིས་རྡོ་ཕུན་ཁྱིམ་གྱི་རྒྱལ་སྒོ་གཏོར་ནས་ཨར་འདམ་ས་བག་གིས་འགོག་རྩིས་བྱས། ཁོ་པས་འདི་ལྟར་བྱེད་དོན་ནི་རྟ་རྒོད་གྲོང་རྡལ་དུ་བསྡད་པའི་ཕྱི་མི་དེ་དག་འགོག་ཆེད་རེད། ཁོ་ཚོ་བརྒྱུད་ཚོང་བརྒྱབ་ནས་མི་མང་པོ་ཞིག་ཁྱིམ་ལ་ལོག་མི་ཐུབ་ཅིང་། སྡོད་གནས་ཀྱང་མེད་པས། རྟ་རྒོད་གྲོང་རྡལ་དུ་ཁང་པ་སྟོང་པ་ཡོད་ཕྱིན། ཁོ་ཚོས་སྡོད་ཐབས་བྱས་ཏེ་བཏོན་ཀྱང་འདོན་མི་ཐུབ།

       རྡོ་བཟང་གིས་འཕྲིན་དོན་དང་། ནོར་འཕེལ། ཨ་རྒྱལ། གོ་སྙིང་འཚོལ་བར་ཕྱིན་ནས། ཁོ་ཚོ་རོགས་པར་བོས། ཐོག་མར་ཁོ་ཚོས་ཡོང་འདོད་མ་བྱས། ཁོ་ཚོའི་སེམས་སུ་དེ་གར་སྔར་བཞིན་རྡོ་ཕུན་གྱི་ཁྱིམ་རེད། མི་གཞན་གྱི་སྒོ་འགོག་པ་ནི་མི་ལ་ཕོག་ཐུག་གཏོང་བའི་བྱ་བ་ཞིག་རེད་སྙམ། རྡོ་བཟང་གིས་ཁྱིམ་དུ་ཁོ་ཚོར་ཟ་མ་བཏང་བ་དང་ཨ་རག་བླུགས། ཨ་རག་གིས་གཟི་འཕེལ་བ་དང་བསྟུན་ནས། མི་བཞི་རྡོ་བཟང་གིས་གླས་པའི་ཐོ་ཕྲུག་ལ་བསྡད་ཅིང་། ས་བག་བླུགས་ནས་ཐོ་རུ་རུར་རྡོ་ཕུན་གྱི་ཁྱིམ་གྱི་ཕྱོགས་སུ་བསྐྱོད། སྒོ་གཏོར་བ་དང་སྒོ་བཀག ཕྱེད་ཀ་ཙམ་བཀག་རྗེས། འཕྲིན་དོན་དང་། ཨ་རྒྱལ། གོ་སྙིང་གི་ར་དྭངས་ནས། ཁོ་ཚོ་གསུམ་ཁ་གཡར་ཏེ་བྲོས་ཤུལ་དུ། ནོར་འཕེལ་འབའ་ཞིག་ལྷག ཁོ་པས་པི་ཙི་འགའ་འཐོལ་པ་བཏུངས་པས། ངར་ཤུགས་འཕེལ་བཞིན་པའི་སྒང་རེད། ཁོ་པ་མི་གཅིག་གིས་མུ་ཅོར་འདོན་གྱིན་ས་བག་བརྩིགས་པ་དང་འདམ་པ་བརྒྱབ་པའི་མཐར། ད་གཟོད་རྡོ་ཕུན་གྱི་ཁྱིམ་སྒོ་རྦད་དེ་བཀག

       རྡོ་བཟང་བློ་བདེ་སོང་། ཁོ་པའི་སེམས་སུ་ད་དུང་མི་གཅིག་གི་བཀའ་དྲིན་གསོལ་དགོས་ཡོད། ལག་བསྟར་ཁྲིམས་རའི་ལྷུན་མཚོ་སྙམ། གལ་སྲིད་ཁོ་པ་མིན་ན། ཁང་པ་ཡང་རག་མི་ཐུབ། ཁོ་པ་དང་འཕ྄ིན་དོན་རྫོང་གྲོང་དུ་ཆས་ནས་ལྷུན་མཚོའི་ཁྱིམ་དུ་བསྐྱོད་དེ། སྒོར་ཉིས་སྟོང་ལྷུན་མཚོ་ལ་སྤྲད་ཀྱང་། ལྷུན་མཚོས་མ་བླངས་པར་ངོ་ནག་བསྟན་ནས། “ང་ཚོས་བཅའ་ཁྲིམས་གཞིར་བཟུང་ལས་ཀ་བྱས་པ་ཡིན། དངུལ་ང་ལ་མི་དགོས”ཞེས་སྨྲས།

     སྒོ་དོན་རྗེས། རྡོ་བཟང་གིས་འཕྲིན་དོན་ལ“ལྷུན་མཚོས་དངུལ་ལེན་གྱི་མི་འདུག གང་འདྲ་བྱེད་དམ”ཞེས་དྲིས།

     འཕྲིན་དོན་གྱིས་ཁོ་པར་ཇུས་ཤིག་བཏོན།

      མཚན་དགུང་ཆུ་ཚོད་བཅུ་གཉིས་ལ། རྡོ་བཟང་གིས་སོ་བག་ཅིག་ལ་སྒོར་ཉིས་སྟོང་བསྡམས་ནས་ཁ་ཁུ་སིམ་མེར་ལྷུན་མཚོའི་ཁྱིམ་གྱི་སྒེའུ་ཁུང་གི་འོག་ཏུ་བསྐྱོད་དེ། ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་འཕངས་པས། ཏང་ལང་གི་སྒྲ་དང་བཅས་ཤེལ་སྒོ་ཆག་སྟེ་སོ་བག་ལྷུན་མཚོའི་ཁྱིམ་དུ་འཛུལ།

      ཉིན་གཉིས་པར། ལྷུན་མཚོའི་ཁྱིམ་མཚེས་ཚོས། ལྷུན་མཚོས་བྱ་བ་དྲང་བཞག་བསྒྲུབས་ནས། མི་ལ་ཕོག་ཐུག་བཏང་ཙང་། མིས་ཁྱིམ་གྱི་སྒེའུ་ཁུང་བཅག་ནས་གང་སར་ཤེལ་ཧྲུག་རེད་ཟེར།

     སླར་ཡང་ལོ་ཕྱེད་འདས་རྗེས། འཕ྄ིན་དོན་རྡོ་བཟང་འཚོལ་བར་ཡོང་ནས། ཁོ་པར་རྡོ་ཕུན་གྱི་ཉེ་དུས་གནས་ཚུལ་གླེངས། ཁོ་པས། “ཁེ་ཉིན་ལེགས་པས་ང་ལ་ཁོ་པས་རྡོ་ཕུན་མཐོང་བྱུང་། ངོ་ཤེས་མ་བྱུང་། རིད་ནས་བྱེད་ཉན་མ་རེད། ཕལ་ཆེར་ན་ཡི་ཡོད་པ་འདྲ་ཟེར”ཞེས་བཤད།

     རྡོ་བཟང་གིས་དབུགས་རིང་ཞིག་གློད་པ་ལས། སྐད་ཆ་མ་བཤད། དེ་སྔོན་འཕྲིན་དོན་གྱིས་ཁོ་པར“རྡོ་ཕུན་ཡ་རེ་ང་། ལོ་རྒན་དྲུག་ཅུར་བསླེབས་ཀྱང་བདག་པོ་མེད་པའི་ཁྱི་དང་མཚུངས”ཞེས་བཤད་པའི་གཏམ་དེ་ཁོ་པས་དྲན་ཏེ། ཡིད་སྐྱོ་ལྷང་ངེ་བ་ཞིག་བྱུང་། འཕྲིན་དོན་སོང་རྗེས། ཁོ་པ་མི་གཅིག་ཁེར་བུར་རང་ཉིད་ཀྱིས་དམ་དམ་པོར་བཀག་པའི་ཁང་པ་དེར་བསྐྱོད་དེ། ཁང་པར་སྐོར་བ་བརྒྱབ།

ཉིན་གཉིས་པར། ཁོ་པ་རྒྱ་མཚོ་ཤར་རུ་བསྐྱོད་ནས་རྡོ་ཕུན་གྱིས་གླས་པའི་ཁང་སྒོ་བརྡུངས།

ཁོ་པ་ན་རེ། “ལོག་འགྲོ། ངས་མི་ལ་སྒོ་བཀག་པའི་ས་བག་བཤིག་ཏུ་བཅུག་པ་ཡིན།

      ཁོ་པ་ན་རེ། “ལོག་འགྲོ། མཆོད་གཤོམ་དུ་བསྒྲིགས་པ་ཁྱེད་ཀྱི་ཕ་དང་ཁྱེད་ཀྱི་མ་ཡི་འཁྲུངས་རྟགས་རེད། ཡུན་རིང་མཆོད་མེ་མ་འབུལ་ན། ཁོ་ཚོས་ཁྱེད་རང་ལ་བཀའ་བཀྱོན་གནང་ཡོང་།

    ཁོ་པ་ན་རེ། ལོག་འགྲོ། ཁྱེད་ཀྱིས་ཟླ་རེར་ང་ལ་དངུལ་བུན་སྒོར་ལྔ་བརྒྱ་རེ་འཇལ་དགོས། ག་དུས་འཇལ་ཚར་ན། དེ་དུས་ཁང་པ་ཁྱེད་རང་གི་རེད།

    “ཁྱེད་རང་མི་ཚེ་རིང་དགོས། ཁྱེད་རང་དངུལ་བུན་འཇལ་དགོས”རྡོ་བཟང་གིས་མཐའ་མཇུག་དེ་སྐད་བཤད།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།