སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་《ཕུགས་བསམ་གྱི་ལང་ཚོ》

473

     —དེང་རབས་བོད་ཀྱི་རྩོམ་པ་བོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བན་ཤུལ་ཚོ་དྲུག་གླིང་ཞེས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས །  ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་ཤིང་དགེ་རྒན་གྱི་ཕྱག་ལས་གནང་ཞོར་ཏུ་སྒྲུང་གཏམ་སོགས་རྩོམ་ཡིག་སྣ་ཚོགས་བྲིས།   ༡༩༨༧ ལོ་ནས་བཟུང་ད་ལྟའི་བར་དུ་《སྦྲང་ཆར》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《གངས་རྒྱན་མེ་ཏོག》སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁག་ཏུ་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་༧༠ ལྷག་སྤེལ་ཡོད་པ་དང་།  དེ་དག་ལས་《ཉི་མ་ནུབ་རིར་ཡལ་དུས》དང་《ཉིན་གཅིག་གི་ཆོ་འཕྲུལ》《སྒོ་ཁྱི》《ཧྭ་པ་གསོས་པའི་ཟིན་བྲིས》སོགས་སྒྲུང་གཏམ་མང་བོ་རྒྱ་ཡིག་ཏུ་བསྒྱུར་ཏེ། 《བོད་ཀྱི་རྩོམ་རིག》དང་《མི་རིགས་རྩོམ་རིག》《མཚོ་སྔོན་པོ》སོགས་རྒྱ་ཡིག་དུས་དེབ་ཏུ་བཀོད་ཡོད །  སྒྲུང་གཏམ་སྐོར་ཞིག་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ཏུ་བདམས་པར་མ་ཟད། དབྱིན་ཇི་དང་འཇར་མན། ཧྥ་རན་སི།  འཇར་པན་སོགས་ཀྱི་ཡི་གེར་བསྒྱུར་ཡོད། སྔ་གཞུག་ཏུ་སྐབས་གཉིས་པ་དང་བཞི་བ། ལྔ་བའི་《སྦྲང་ཆར》རྩོམ་རིག་བྱ་དགའ་དང་།《ཟླ་ཟེར》སྤེལ་ནས་ལོ་འཁོར་༢༠ ལོན་པའི་ཕུལ་བྱུང་སྙན་ངག་བྱ་དགའ་དང་ལོ་འཁོར་༣༠ ལོན་པའི་ཕུལ་བྱུང་བརྩམས་སྒྲུང་བྱ་དགའ། སྐབས་གཉིས་པའི་རྒྱལ་ཡོངས་གངས་རྒྱན་བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ།  མཚོ་སྔོན་ཞིང་ཆེན་སྐབས་བཞི་བ་དང་ལྔ་བའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ཕུལ་བྱུང་བརྩམས་ཆོས་བྱ་དགའ། མཚོ་སྔོན་ཞིང་ཆེན་སྐབས་དང་བོའི་འབྲོང་བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ།  རྒྱ་ཡིག་གི་《མཚོ་སྔོན་པོ》འི་རྩོམ་རིག་བྱ་དགའ།  《མི་རིགས་རྩོམ་རིག》གི་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། པར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་གཙོ་བོར་སྒྲུང་རིང་《ལྷིང་འཇགས་ཀྱི་རྩྭ་ཐང》དང་《རྒུད》སྒྲུང་ཐུང་ཕྱོགས་བསྒྲིགས་《མི་རབས་གསུམ་གྱི་རྨི་ལམ།》སྒྲུང་འབྲིང་ཕྱོགས་བསྒྲིགས་《ཁ་བ་མེད་པའི་དགུན་ཁ །》སྒྲུང་ཐུང་རྒྱ་འགྱུར་མ་ཕྱོགས་བསྒྲིགས་《མི་ཚེ་གླུ་དབྱངས། 》སྒྲུང་ཐུང་ཉི་ཧོང་སྐད་འགྱུར་མ་ཕྱོགས་བསྒྲིགས་《ཧཱ་པ་གསོས་པའི་ཟིན་བྲིས།》སོགས་ཡོད། སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་《བགྲེས་པོ་དང་ནོར་ཁྱུ །》ཞེས་པ་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།  སྒྲུང་འབྲིང་ཕྱོགས་བསྒྲིགས་དེབ་《སྐྱབས་ལོ་དང་ཁོའི་རལ་བ།》ཞེས་པའང་དཔར་འགྲུབ་འབྱུང་ལ་ཉེ་ཞིང་།  ༢༠༡༦ ལོའི་ཟླ་༨པར་ཁོང་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་བུམ་པའི་རྩོམ་རིག་བྱ་དགའ་ཐོབ།

 

  ཕུགས་བསམ་གྱི་ལང་ཚོ།

གཅིག

 

      དབང་ལྡན་གཅིག་པུ་སློབ་གྲྭའི་རོལ་གྱི་ཐང་དཀྱིལ་དུ་ལངས་ཏེ་འབྲོག་སའི་རི་ཀླུང་ཀུན་ལ་རྒྱང་ལྟ་བྱེད་བཞིན།  མིག་གཉིས་ཀྱི་མཐར་འགོག་ཐབས་མེད་པའི་སྤྲོ་སྣང་གི་མཆི་ཞགས་འཁོར་ཞིང་།  དཀར་ལ་གཞོན་ཤ་ཆགས་པའི་ངོ་གདོང་ཡོངས་ལ་དུས་ཡུན་རིང་བོའི་བསམ་པའི་འདུན་པ་དེ་ཉིད་མངོན་དུ་གྱུར་པའི་མདངས་ཤིག་ཤར་འདུག  ཅུང་ཙམ་འགོར་རྗེས་ཁོ་རང་དལ་གྱིས་མལ་ཁང་ནང་དུ་སོང་སྟེ་ཉལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་ནས་རང་གི་མ་འོངས་པའི་བྱ་བའི་ཐད་འཆར་གཞི་སྣ་ཚོགས་བཏོན་ཞིང་།  སླར་ཡང་མི་འགའ་རེས་འབྲོག་ཁུལ་ལ་སྣང་ཆུང་དང་མི་འདོད་པའི་རྣམ་འགྱུར་སྟོན་པ་རྣམས་ཡིད་ལ་འཁོར་བྱུང་།    ཐག་ཐག་ཐག་སྐབས་དེར་མལ་ཁང་གི་སྒོ་རྡུང་བའི་གློ་བར་བ་ཞིག་གིས་ཁོའི་ཡིད་ཀྱི་སྣང་ཚོར་དེ་དག་ངེས་མེད་དུ་གཏོར་བ་དང་། སེམས་ཀྱང་བློང་བློང་བོར་གྱུར་སོང་།

      ཨ་ཡ་མཚན།   སུ་ཡིན་ནམ།   ཀུང་ཧྲེ་ཕྱི་ནང་གི་ཁོར་ཡུག་འདི་ན་རང་ཉིད་ལ་བཟང་ས་རྒྱན་ས་དང་ངོ་ཤེས་གྲོགས་པོ་གཅིག་ཀྱང་མེད་ལ།   དབྱར་གནང་གི་དུས་ཚོད་ལོངས་ནས་ཉིན་ཁ་ཤས་འགོར་ཡང་གཡས་གཡོན་གྱི་དགེ་རྒན་རྣམས་ལ་ད་དུང་སླེབས་མ་བྱུང་བ་མིན་ནམ།   དབང་ལྡན་གྱིས་དེ་ལྟར་སྙམ་ནས་མྱུར་མོར་སོང་ནས་སྒོ་ཕྱེས།

སློབ་གཙོ་ཝང་ལགས་ཡིན་ནམ།   ནང་ལ་ཕེབས།

ཧེ་ཧེ། ཅི་འདྲ་རེད །   སུན་སྣང་སྐྱེས་ཀྱིན་ཨེ་འདུག

མི་འདུག་མི་འདུག    དབང་ལྡན་གྱིས་དེ་ལྟར་ལན་བཏབ།

    ཁོའི་གནག་ཅིང་སྟུག་པོའི་སྨིན་དཀྱུས་རིང་བོའི་གཤམ་གྱི་མིག་གཉིས་ལ་རྒས་པའི་ཉམས་ཤིག་ཐོན་ཡོད་ནའང་།   སྐྱེས་སྟོབས་ཀྱི་འོད་མདངས་འཕྲོ་བའི་མིག་དབང་རྣོ་བ་དེ་ཁོ་རང་བློ་རིག་གསལ་ཞིང་ཐབས་བཀོད་པ་མང་བའི་རྒན་པོ་རྣམ་རིག་ཅན་ཞིག་ཡིན་པ་ཤེས་ཐུབ་ཅིང་།  ཤ་རྒྱགས་པའི་ཕུང་བོ་དང་འབུར་པའི་ཐོན་པའི་ཕོར་བ་བཅས་ནི་ཁོའི་སྐྱེད་དུ་མེད་པའི་སྐྱེ་གཟུགས་ཐུང་ཐུང་དང་ཆ་མི་མཚུངས་པར་སྣང་ལ། ཤུར་མ་ནག་པོའི་སྟོད་གོས་དང་རྐང་རྣམ་ཡོངས་ལ་ཚི་དྲག་གིས་ཟིན་པ་དེས་ཁོ་རང་གིས་ལོ་དུ་མར་འབྲོག་ཁུལ་གྱི་འཚོ་བ་རོལ་བའང་ངམ་ངམ་ཤུགས་ཤུགས་ཀྱིས་རྟོགས་ཐུབ། སློབ་གཙོ་ཝང་ལགས་འཛུམ་དམུལ་དམུལ་གྱིས་དལ་མོར་ནང་ལ་འཛུལ་སྟེ་གཡས་ཕྱོགས་ཀྱི་གྱང་རྩའི་འདུག་སྟེགས་གྲུ་བཞི་མ་དེར་བསྡད་ནས་ཁང་བའི་ནང་ལ་ཡོང་ལ་ཞིབ་བལྟ་བྱས་རྗེས།  ཨ་ཡ།   ད་ཐེངས་མྱུར་མོར་སློབ་འགོ་རྩོམ་ཐུབ་རྒྱུ་མ་རེད།   ཁྱོད་ཡོང་རྒྱུ་ཅུང་སྔ་འདུག་ཟེར།

     སློབ་གཙོ་ལགས།  ད་ལྟ་སློབ་གྲྭ་འདིར་དགེ་སློབ་དུ་ཡོད།   དབང་ལྡན་གྱིས་སློབ་གཙོ་ལ་ཇ་དཀར་ཡོལ་གང་བླུགས་རྗེས་ཁོ་རང་མལ་ཁྲིའི་ཐོག་ནས་བསྡད་དེ་དེ་ལྟར་དྲིས།དགེ་རྒན་བཅུ་ཡོད་ཀྱང་ཕལ་ཆེ་བ་དམངས་འགྲུབ་དགེ་རྒན་ཡིན་པས་ད་ཐེངས་ཁྱོད་འདི་རུ་ཡོང་བ་ངོ་མ་བཟང་གི     ད་ལོ་ང་རང་ཏ་དུས་བཅུ་བོར་སློབ་མ་བསྡུ་རུ་སོང་བས་སློབ་མའང་བཞི་བཅུ་ལྷག་ཡོད།

      དེ་ཅི་རེད།  དབང་ལྡན་གྱིས་ཡ་མཚན་སྐྱེས་ཏེ་རང་དབང་མེད་པར་ཁ་ནས་དེ་ལྟར་ཤོར་སོང་།  ཕལ་ཆེར་སློབ་གཙོས་ཁོའི་ཉམས་སྣང་དེ་དག་ཤེས་སོང་བ་འདྲ།  གདོང་ལ་འཛུམ་ཞིག་ལངས་ནས་ན་རེ།  ཨ   དཀའ་མོ་རེད་ཡ།   ཁྱེད་རང་ད་དུང་ཆ་རྒྱུས་མེད་པའི་མི་རེད།  ཨུན་ཧུན།  དེ་ལྟར་བཤད་པ་དང་གདོང་ལས་ཐབས་ཟད་པའི་ཉམས་ཤིག་བསྟན་དེ་བཤད་རྒྱུར།   ཁོ་ཚོ་ལའང་ངོ་མ་ཁག་མི་འདུག    འབྲོག་ཁུལ་གྱི་བྱ་བ་ནི་རོང་ཕྱོགས་ལ་བསྡུར་རྒྱུ་ག་ལ་ཡོད།   དང་ཐོག་ང་ལའང་ཡིད་ཆད་ཀྱི་བསམ་པ་སྐྱེས་མྱོང་།  འོན་ཀྱང་ད་ལྟ་ཁོ་ཚོའི་འདོད་མོས་དང་མི་བསྟུན་ཀ་མེད་རེད་ཡ་ཟེར། སྐད་ཆ་དེ་དག་གིས་དབང་ལྡན་གྱི་སེམས་ལ་སློབ་གཙོ་ཝང་ལགས་ནི་འབྲོག་ཁུལ་གྱི་ཉམས་མྱོང་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་སྐྱེས་ཏེ། ཁོས་བཤད་པའི་སྐད་ཆ་དེ་དག   ཨོ་ཞེས་པའི་ཚིག་འབྲུ་གཅིག་གི་ཡོལ་བར་སྦས། སློབ་གཙོས་མདུན་ཅོག་སྟེང་གི་དཀར་ཡོལ་བླངས་ཏེ་ཇ་ཧུབ་གང་འཐུང་རྗེས།   ད་ཅི་བྱ། ཁྱོད་རང་གྲོང་ཁྱེར་ནས་བསྡད་པའི་མི་ཡིན་པས།  ས་སྟོང་འདྲ་ཞིག་ཏུ་གནས་ཆགས་ཐུབ་རྒྱུ་མ་རེད། ཨེ།  དབང་ལྡན། ངས་ཁྱོད་ལ་དགའ་རོགས་ཤིག་ངོ་སྤྲོད་བྱས་ན། བསྟུད་མར་ཉིན་འགའ་འགོར་སོང་།   དགེ་རྒན་རྣམས་གཅིག་འཕྲོ་གཅིག་ལ་སླེབས་པ་དང་སློབ་མའང་ཉི་ཤུ་ལྷག་འདུས།  གཟའ་འཁོར་གྱི་འགྲོས་རིམ་དང་བསྟུན་ནས་དབང་ལྡན་དང་སློབ་གཙོ་ཝང་ལགས་གཉིས་ཀྱི་བར་འགལ་བ་ཞིག་བྱུང་བ་དང་།  འགལ་བ་དེ་རིམ་གྱིས་ཇེ་ཆེ་ཇེ་དྲག་ཏུ་གྱུར།

      སློབ་འགོ་རྩོམ་པའི་ཉིན་དེའི་སྔ་དྲོ། སློབ་གཙོ་གཞོན་པ་ལིན་ལགས་ཀྱི་བཀོད་སྒྲིག་ལྟར་དབང་ལྡན་ལོ་རིམ་གཉིས་པའི་བོད་ཡིག་སློབ་ཁྲིད་བྱེད་དུ་སོང་།   སློབ་ཁང་དུ་ཅོག་ཙེ་བཅུ་བསྒྲིགས་ཡོད་པ་དང་སློབ་བུ་དྲུག་བདུན་ཙམ་ཞིག་ས་ལྡིང་གནམ་ལྡིང་བྱས་ནས་འུར་ཆིལ་ལེར་སོང་།  ཁོ་ཚོས་དགེ་རྒན་ཡོང་བ་མཐོང་འཕྲལ་མྱུར་མོར་རང་སར་བསྡད་ནས་ཅུང་སྐྲག་པའི་མིག་མདའ་དེ་དགེ་རྒན་གསར་བའི་གདོང་ལ་འཕངས། དབང་ལྡན་གྱིས་གཟབ་ནན་སྒོས་སློབ་ཁང་གི་ནང་དང་སློབ་མ་རེ་རེར་ཞིབ་མོར་བལྟས་རྗེས། སློབ་གྲོགས་ཚོ། སློབ་གཙོས་བཀོད་སྒྲིག་ལྟར་ང་རང་ཁྱོད་ཚོའི་བོད་ཡིག་དགེ་རྒན་ཡིན། ཡིན་ན་ཡང་།  དེ་རིང་སློབ་གྲོགས་ཚང་མའང་ཐོན་མི་འདུག་པས།  དགེ་རྒན་ལགས། སློབ་མ་གཉིས་ལ་སློབ་གཙོས་གནང་བ་བྱིན་ཡོད། གཞན་ཚང་མ་ཐོན་ཡོད། སྐབས་དེར་མདུན་གྲོས་ཀྱི་སློབ་མ་ཆུང་ཆུང་ཞིག་ཡར་ལངས་ནས་ཁོའི་ཚིག་མཚམས་བཅད་དེ་དེ་ལྟར་བཤད།  དབང་ལྡན་རེ་ཞིག་ལ་ཡ་མཚར་ནས།  ཨིན།  འོ་ན་ཅོག་ཙེ་འདི་འདྲ་མང་བོ   སློབ་གཙོ་ཝང་ལགས་ཀྱིས་འདི་ལྟར་བྱས་ནས་ཕན་ཐོགས་ཡོད་ཟེར། ཅི་ཞིག་ལ།  མི་ཤེས། དབང་ལྡན་གྱིས་ཚིག་དེའི་ཧ་མ་གོ་བར་རེ་ཞིག་ལ་ལུས་པ་དང་སེམས་སྐྱ་མོ་བསམ་གཞིག་གི་དྲ་བར་ཚུད།  དབང་ལྡན་གྱིས་སྒྲོལ་མར་བསྐུར་བའི་ཡི་གེ་དང་བོར།  ངེད་གཉིས་ཁ་གྱེས་ཁར་ཁྱོད་ཀྱིས་ང་ལ་ཡི་གེ་བསྐུར་མི་དགོས་ཞེས་བཤད་ཡོད་ཀྱང་།  འདིར་ངའི་བསམ་པའི་དགའ་སྐྱོ་གཉིས་སྦྱོར་གྱི་བཅུད་ལས་བྱུང་བའི་འཕྲིན་ཆུང་འདི་བསྐུར་པ་ཡིན་པས་ཁྱོད་རང་དགོངས་ཚོམ་མི་བཞེས་པར་འཚལ།  སྒྲོལ་མ་ལགས།  ནམ་རྒྱུན་དུ་ངས་ཁྱོད་ལ་བཤད་མྱོང་བའི་ངའི་བསམ་པའི་འདུན་པ་དེ་ཉིད་ད་ལྟ་ཚུལ་བཞིན་གྲུབ་སོང་།  གོང་རིམ་འགོ་ཁྲིད་པས་ཀྱང་ང་རང་གི་རེ་འདོད་ལ་ཚད་མཐོན་པོའི་གདེང་འཇོག་བྱས་ཏེ་ཀུང་ཧྲེ་འདི་གའི་གཏན་སྡོད་སློབ་གྲྭར་མངགས་ནས་དགེ་རྒན་གྱི་འགན་བཟང་འཁུར་དུ་བཅུག་པས། བཅོས་མ་མིན་པའི་འདུན་པ་འདི་ཉིད་ལ་བླ་ན་མེད་པའི་འདབང་མཚམས་གསལ་འབྲས་བུ་བཟང་བོ་ཞིག་ཐོབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།

      སྒྲོལ་མ།  ཁ་སང་ང་ལ་ཝུན་དགེ་རྒན་གྱི་ཡི་གེ་ཞིག་བསྐུར་ཡོང་། ཡི་གེ་དེ་འབྱོར་ཐོག་ང་ལ་དགའ་སྤྲོ་ཚད་མེད་ཅིག་སྐྱེས་ནའང་། ཡི་གེ་བཀླགས་ཚར་རྗེས་སྙིང་རླུང་སྟོད་ལ་འཚངས་ཤིང་གློ་རྒྱུ་དུམ་བུར་གཏུབ་པའི་རྒྱུ་རྐྱེན་ཞིག་དང་ཡིད་སེམས་སྡུག་ཅིང་ཚིག་པ་ཟ་བའི་ཁུར་བོ་ལྗིད་མོ་ཞིག་ཏུ་གྱུར་སོང་།  ཡི་གེ་དེའི་བརྗོད་བྱ་གཙོ་བོའང་ཁྱོད་ཀྱི་གནས་ཚུལ་རེད།  ཁྱོད་ཀྱིས་དཔེ་གཉེར་པ་ཞིག་བྱེད་དོན་ཅི་ཡིན་ནམ། ད་ལྟ་རོང་འབྲོག་ས་ཁུལ་དུ་རིག་གནས་ཁྱབ་བརྡལ་བྱུང་མེད་པས། དགེ་རྒན་ནི་གནས་བབ་མཐོ་ཞིང་ཡིད་དབང་འཕྲོག་པའི་རིན་པོ་ཆེ་དང་འདྲ་བར་ཅི་འདྲའི་དགོས་གལ་ཆེ་བ་ཞིག་རེད་ཨང་།  ཡིན་ན་ཡང་། ཁྱོད་རང་གྲོང་ཁྱེར་གྱི་འཚོ་བ་ལ་དེ་འདྲའི་ཞེན་ཆགས་དང་དགའ་མགུ་བྱེད་དོན་གང་ཡིན། ཁྱོད་ཀྱིས་ཀྱང་སྡུག་རུས་ཆེན་པོས་ལོ་དུ་མར་སྦྱངས་པའི་ཤེས་ཡོན་མཐའ་དག་རང་གི་ལང་ཚོ་གསར་བའི་མཛེས་རྒྱན་དུ་སྤྲས་ཏེ། སྔོ་ལྗང་ཕ་མཐའ་བྲལ་བའི་རྩྭ་ཐང་གི་མེ་ཏོག་ཅིག་བྱས་ན་མི་བཟང་ངམ།  ངས་ཁྱོད་ལ་དགའ་རོགས་ཤིག་ངོ་སྤྲོད་བྱས་ན། འདི་ནི་ང་ཚོའི་སློབ་གཙོས་ཀྱང་ང་རང་གྲོང་ཁྱེར་གྱི་མི་ཞིག་ཏུ་བརྩིས་ནས་ངའི་སེམས་བརྟན་འཇགས་སུ་གཏོང་བའི་ཐབས་བཀོད་ཅིག་རེད།  མིན། མིན། ང་ལ་དགའ་རོགས་ཡོད། ངས་དེ་ལྟར་ལན་འདེབས་སྐབས་སློབ་གཙོས་ང་ལ་དྲི་ཚིག་སྣ་ཚོགས་ཞིག་བཏོན་བྱུང་ཡང་།  ངས་ཁྱོད་ཀྱི་མིང་བཤད་མ་ཕོད།

 

 

གཉིས།

     གཟའ་སྤེན་པའི་ཕྱི་དྲོའི་ཚོགས་འདུའི་སྟེང་དུ། དབང་ལྡན་གྱིས་སླར་ཡང་རེ་བ་བཏོན་བྱུང་། ངས་བལྟས་ན་ང་ཚོའི་སློབ་གྲྭར་ད་དུང་སློབ་མ་བསྡུ་རུབ་བྱེད་དགོས།  ཚང་མས་བལྟས་ན་ཅི་འདྲ་རེད།  དགེ་རྒན་རྣམས་ཀྱིས་ཅི་ཡང་མི་ཟེར་བར་སློབ་གཙོ་ལ་བལྟས་འདུག  དབང་ལྡན་གྱི་ཚིག་དེས་སློབ་གཙོ་ཝང་ལགས་ཅུང་ཙམ་ཧད་དུ་བཅུག་པ་དང་། སླར་ཡང་མིག་གཉིས་ལ་གཟབ་ནན་གྱི་མདངས་ཤིག་ཤར་ནས་ན་རེ། ཨ།  ངས་སྔོན་ནས་ཁྱོད་ལ་བཤད་པ་ལྟར་རེད། ང་ཚོ་ཚང་མས་འབྲོག་ཕྱོགས་སུ་བྱ་བ་བསྒྲུབ་ན་འབྲོག་ཁུལ་གྱི་འཚོ་བའི་གནས་ཚུལ་དང་མི་བསྟུན་ཀ་མེད་རེད།  ཁྱོད་ནི་གསར་དུ་ཡོང་བའི་གྲོང་ཁྱེར་གྱི་མི་ཡིན་པས་ཁག་མི་འདུག་ ཟེར།

ངོ་མ་བཤད་ན་ངའི་ཕ་ཡུལ་ཡང་འབྲོག་ཁུལ་ཡིན།

     ཨེ།   སློབ་གཙོ་ཅུང་མཚར་བའི་ངང་ཁ་ནས་དེ་ལྟར་ཤོར་བ་དང་། དེ།   དེ་ཡིན་ན་ཁྱོད་ཀྱིས་ཀྱང་ཤེས་རྒྱུ་རེད་ཟེར། སློབ་གཙོས་དབང་ལྡན་འབྲོག་པ་ཡིན་ཟེར་བ་ལ་ངོ་མཚར་བའི་རྣམ་འགྱུར་བསྟན་པ་ནི་གྱོན་ཆས་དང་གཟུགས་བྱད་ལ་བལྟས་ནས་ཡིད་མ་ཆེས་ཡིན་རྒྱུ་རེད།  སློབ་གཙོས་སྐད་ཆ་དེ་དག་བཤད་སྐབས་ཚིག་ངག་ནས་མི་འཁྲོལ་བ་དང་དོགས་མི་བདེ་བ་ལྟ་བུའི་སྣང་ཚུལ་ཞིག་དབང་ལྡན་གྱི་མིག་མདུན་དུ་མངོན།  སློབ་གཙོ་ལགས།   ནམ་རྒྱུན་ཁྱོད་ཀྱིས་འབྲོག་མི་རྣམས་ཀྱི་ཕྱི་ནག་ཀྱང་ཁོག་དཀར་ཟེར་བས།  ཁོའི་ཕྱི་ཡང་དཀར་བ་མིན་ནམ། སྐབས་དེར་རྣམ་ཀུན་རྩེད་མཚར་ལ་དགའ་བའི་དགེ་རྒན་དབང་འདུལ་གྱིས་དེ་ལྟར་བཤད་པས་ཚང་མ་འུར་ཆིལ་ལེར་བགད་བྱུང་། དབང་ལྡན་གྱིས་མཐུད་དེ། འབྲོག་སའི་རྗེས་ལུས་ཀྱི་རྣམ་པ་འདོར་རྒྱུ་ནི་ང་ཚོའི་བྱ་བཞག་ཡིན། འབྲོག་པ་མང་ཚོགས་ལ་དེ་འདྲའི་དཀའ་ཁག་ཡོད་པ་བདེན་ཡང་།  ཁྱིམ་བདག་གིས་རང་གི་བུ་ཕྲུག་སློབ་གྲྭར་སྐྱེལ་མི་སྐྱེལ་དེ་གཙོ་བོ་ཁོ་ཚོའི་མིག་གི་ལྟ་རྒྱ་དང་སེམས་ཀྱི་བློ་རྒྱ་ལ་རག་ལས་པ་ཞིག་ཡིན་པས་ང་ཚོས་ཁོ་ཚོར་སློབ་གསོ་གཏོང་དགོས།  དགེ་རྒན་རྣམས་སྔོན་ལྟར་དལ་ཅག་གེར་བསྡད། སློབ་གཙོ་ཝང་གི་གདོང་ལ་ཅི་མི་སྙམ་པའི་རྣམ་པ་ཞིག་ཤར་འདུག་ལ། དབང་ལྡན་གྱི་མིག་མདའ་དེ་མཐོང་བས།   འོ་འོ་དེའང་རེད་ཟེར།

      དེ་ནས་བཟུང་སློབ་གཙོ་ཝང་གིས་ཁོ་ལ་རྣམ་འགྱུར་གཞན་ཞིག་བཟུང་བ་དང་།  ལམ་ནས་འགྲོ་དུས་ཕྲད་ཀྱང་མ་མཐོང་ཁུལ་བྱེད་པའམ། ཁ་ཡ་བྱེད་འདོད་མི་འདོད་བྱེད་ལ། དོན་ཅི་ཞིག་ཡིན་པ་མི་ཤེས་ཀྱང་ལན་རེར་མི་འདོད་པའི་མིག་འོད་རྣོན་པོ་ཞིག་ཁོའི་སྙིང་ལ་བསྣུན་འོངས། སྐབས་དེ་དག་ལ་ཁོའི་སེམས་ནི་རང་དབང་མེད་པར་མི་བདེ་བར་འགྱུར་བ་དང་ཡིད་སྐྱོ་བའི་སྣང་བ་ཞིག་ཀྱང་སྐྱེས་ཡོང་།  ཀུང་ཧྲེ་ཁོར་ཡུག་གི་མི་རྣམས་ཀྱིས་སློབ་གཙོ་ཝང་ནི་ཐུགས་སྒམ་ཆེ་ཞིང་ཁོག་རྒྱ་ཆེ་ལ་།  བློ་བཀོད་པ་དང་གཏམ་ཁ་ལྕེ་བདེ་བའི་རྒད་པོ་མཁས་པ་ཞིག་ཡིན་པ་མ་ཟད། ཀུང་ཧྲེ་དང་ཞན་ཨུའི་འགོ་ཁྲིད་ཀྱིས་ཀྱང་ཁོ་རང་ལ་གཟེངས་བསྟོད་དང་བྱ་དགའ་གནང་མྱོང་ཟེར་བས། ཁོས་ང་རང་ལ་དེ་ལྟ་བུའི་ལྟ་ཚུལ་འཛིན་དོན་ཅི་ཡིན་ནམ།  ཉིན་ཞིག་གི་དགུང་མོར། དབང་ལྡན་གཉིད་མ་ཁུགས་པར་དེ་ལྟར་བསམ་བློ་གཏོང་བཞིན་འདས་པའི་འཚོ་བ་དང་ད་ལྟའི་གནས་བབ་ལ་ཞིབ་བསྡུར་བྱས།    ལྷག་པར་དུ་ཁྱོད་ཀྱང་རྩྭ་ཐང་གི་འབྲོག་པའི་བུ་ཕྲུག་ཅིག་ཡིན་པས།  ཕྱིར་རྩྭ་ཐང་དུ་སོང་ནས་མི་རིགས་སློབ་གསོའི་ལས་དོན་ལ་འབད་བརྩོན་བྱས་ཏེ། རྗེས་ལུས་ཀྱི་རྣམ་པ་བསྒྱུར་རྒྱུ་ནི་ཁྱོད་ཀྱི་རླབས་ཆེན་གྱི་བྱ་བཞག་ཡིན་ལ། འབྲོག་ཕྱོགས་ཀྱི་མ་རིག་རྨོངས་འཐོམས་ཀྱི་བསམ་པའི་འཆིང་རྒྱ་འགྲོལ་རྒྱུ་ནི་ངའི་རེ་བའང་ཡིན། དབང་ལྡན། འབྲོག་སའི་སློབ་གསོ་དར་སྤེལ་བྱེད་རྒྱུ་ནི་མི་རེ་གཉིས་ཀྱིས་འགྲུབ་ག་ལ་ནུས།  དེ་ནི་རང་སྡུག་རིན་གྱིས་ཉོ་བའི་གླེན་རྟགས་ཤིག་མིན་ནམ།  དེ་ལས་ངེད་གཉིས་ལྷན་ཅིག་ཏུ་གྲོང་ཁྱེར་ནས་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ན།      ཨོ།  དེ་ནི་ཡུལ་དུས་མི་འདྲ་བ་གཉིས་སུ་སྙིང་གྲོགས་གཉིས་ཀྱིས་བཤད་པའི་སྙིང་གཏམ་གཉིས་རེད། སྙིང་གཏམ་དེ་གཉིས་ནི་ཇི་འདྲའི་འགལ་བ་ལྟག་སྤྲོད་དུ་གྱུར་བ་ཞིག་རེད་ཨང་།  ཡིན་ན་ཡང་། སྔ་མ་ནི་ཁོ་རང་གི་དུས་ཡུན་རིང་མོའི་འཚོ་བའི་ཁྲོད་དུ་སྙིང་ན་ཉལ་བའི་བསམ་པའི་འདུན་པ་ཉག་གཅིག་ཡིན་པས་ཟློག་ཐབས་ག་ལ་ཡོད།  ཚིག་ཕྱི་མ་དེའང་ངོ་མ་རེད་མོད།  འོན་ཀྱང་ཁོའི་བཅོས་མ་མིན་པའི་ཕུགས་བསམ་དེ་ད་དུང་སེམས་ཡ་ཆུང་གློ་ཡི་ཁྲི་སྟེང་དུ་གསོན་ཉམས་དང་བརྗིད་ཆགས་ཀྱིས་འགྱིང་འདུག

     ཨ་ཁ།  ད་ནི་ཅི་ཞིག་བྱ།    ཁོ་རང་སློབ་གྲྭ་འདིར་ཡོང་ནས་ཐོག་མར་སློབ་གཙོ་ཝང་ལ་ཐུག་ཚུལ་དང་། ཁོ་ལ་སེམས་འཁུར་གྱི་སྙིང་གཏམ་བཤད་པ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་དྲན་བྱས།    ངས་རང་གི་བསམ་ཚུལ་བརྗོད་སྐབས་སློབ་གཙོས་ང་ལ་དེ་འདྲའི་རྣམ་འགྱུར་སྟོན་དོན་ཅི་ཡིན་ནམ།   ངའི་ཚིག་དེ་དང་ཁོང་གི་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།   སྔོན་ཐོན་གྱི་མི་སྣ་ཁོང་དང་འབྲོག་ཕྱོགས་ཀྱི་སློབ་མ་བསྡུ་རུབ་བྱེད་པར་འགལ་བ་ཅི་ཡོད་དམ།  ཨ་ཙི།    ལོ་ན་ཚོད་གཞོན་པའི་མངའ་འོག་གི་དགེ་རྒན་འགས་ཁོ་རང་ལ་བཀོད་སྒྲིག་བྱས་སོང་སྙམ་མམ།   སློབ་གྲྭའི་སྒོར་བུད་མ་ཐག་པའི་གསར་བ་དེར་ཅི་འདྲའི་ཁ་ཕོ་དང་སྣང་བ་མཐོ་བ་ལ་ཨང་། དེ་དང་དེ་ལྟ་བུའི་ལྐོག་གྱུར་གྱི་དོན་མང་པོ་ཞིག་གིས་ཁོའི་གཉིད་ཀྱི་ཕོ་ཉ་དེ་ཉིད་གཡས་སྐྱོར་གཡོན་སྐྱོར་བྱས་ཏེ་ཕལ་ཆེར་ནམ་དཀྱིལ་ཙམ་ལ་སླེབས།   སྐབས་དེར་དོན་དག་ཡ་མཚན་ཅན་ཞིག་བྱུང་སོང་།

      ཨ་རོགས།    སུ་ཡིན།   སྡོད་ཅིག    སྡོད་ཅིག    ཕྱི་རོལ་ནས་ཡོང་བའི་སྐད་འགྲགས་དེས་ཁོ་རང་དཀྲོག་གེར་བཏང་།   དེ་ནི་ཉན་པ་ཙམ་གྱིས་སློབ་གཙོ་ཝང་གི་སྐད་ཡིན་པ་འཕྲལ་མ་ཉིད་དུ་ཤེས་ཐུབ་ལ།   སྐད་ཀྱི་གདངས་ལ་བརྟག་ན་བྲེལ་འཚབ་ཆེ་བའི་དོན་ཞིག་བྱུང་བ་འདྲ།   ཁོ་རང་མྱུར་མོར་སྒོ་ཁར་བུད་ནས་ཕར་བལྟས་པ་ན།   སློབ་གཙོ་ཝང་གིས་ལག་སྒྲོན་ཅིག་བཀར་ནས་སློབ་གྲྭའི་ལྟག་སྒོའི་ཕྱོགས་སུ་འགྲོ་བ་མཐོང་།

        ཅི་ཞིག་རེད།   ཁྱིམ་མཚེས་དགེ་རྒན་རྣམ་རྒྱལ་ཡང་བརྒྱུགས་ཡོང་ནས་དེ་ལྟར་དྲིས་པས།   ཁོས་མ་ཤེས་པའི་བརྡ་སྟོན་བཞིན་ཁོང་གཉིས་འགྲོགས་ཏེ་སློབ་གཙོའི་རྗེས་སུ་བསྙེགས།

      ཧིན།   ཁྱོད་ཚོར་དམུ་གབ་བྱུང་བ་ཨེ་རེད།   ཁ་ནས་བཤད་སླ་ཡང་ལག་ལ་བཞག་ན་དོན་འདི་ཙམ་ལའང་ལྟོས་དང་།   སློབ་གཙོ་དབུགས་སྟོད་ལ་འཚངས་ཏེ་ལག་སྒྲོན་གཡུག་གཡུག་བྱེད་བཞིན་དོ་དགོང་མཛོད་ཁང་དུ་རྐུན་མ་ཡོང་ཚུལ་དང་།   ལྟག་སྒོའི་གྱང་ཁང་དུ་རྐུན་མ་ཡོང་ཚུལ་དང་།  ལྟག་སྒོའི་གྱང་ཁར་འགོ་དུས་ཨེན་ཙམ་གྱིས་ཟིན་ཚུལ་སོགས་བཤད་ཞོར་དུ་ཁོང་གཉིས་ལའང་སྐྱོན་བརྗོད་ནན་མོ་ཞིག་བྱས།  དབང་ལྡནགྱིས་སློབ་གཙོ་ནི་སློབ་གྲྭའི་དོན་ལ་ཅི་འདྲའི་མི་ཚེགས་ཡང་ཞིག་རེད།   འོ་ལོས།  འོ་ན་རྐུན་མ་དེས་ཅི་ཞིག་རྐུ་བསམ་མམ།   མཛོད་ཁང་དུ་རྟ་ཆས་སྲོལ་སྒྱེ་བདུན་བརྒྱད་ཅིག་མ་གཏོགས་མེད།      དེ་ལྟར་གླེང་བཞིན་དབང་ལྡན་དང་རྣམ་རྒྱལ་གཉིས་མལ་ཁང་དུ་ལོག

     ཕྱི་ཉིན་སྔ་མོ་དབང་ལྡན་སློབ་གྲྭའི་ལྟག་སྒོའི་གྱང་རྩར་རྐུན་མའི་རྐང་རྗེས་བཙལ་དུ་སོང་།   ར་སྐོར་གྱི་ཕྱི་རྒྱབ་ནི་ནེམ་ཞིང་སྣུམ་པའི་ས་རྗེན་ཡིན་ལ།   ཞོགས་པའི་མཁའ་དབུགས་བསིལ་མོའི་འོག་ཏུ་སྨུག་ཤིག་གེར་བརླན་ཆིལ་ལེར་འདུག   ཡ་མཚན་ཞིག་ལ་ཁོས་མིག་ཅེར་ཅེར་ཡར་མར་དང་གཡས་གཡོན་ལ་ཞིབ་ལྟ་བྱས་ནས་བཙལ་ཀྱང་། ཁོར་ཡུག་ཡོངས་ན།   མིའི་རྐང་རྗེས་དང་ཁྱིའི་སྡེར་རྗེས་ཙམ་ཡང་ཡེ་ནས་མཐོང་མ་བྱུང་།   དེ་ནས་བཟུང་དབང་ལྡན་གྱི་སེམས་ཉིད་ནི་མི་གཞན་གྱི་ལྟ་ཚུལ་དང་འགལ་བའི་འཆིང་རྒྱ་ཞིག་གིས་བཅིངས།

        དབང་ལྡན་གྱིས་ཁོ་མོར་བསྐུར་བའི་འཕྲིན་ཡིག་གཉིས་པར། ཚིག་ཨ་ལ་ཅན་ལ་ཡང་ལན།  གོས་རི་མོ་ཅན་ལ་གཡུང་ཤོམ་གྱི་དཔེ་ལྟར་ཁྱོད་ཀྱིས་ད་བར་དུ་ང་ལ་ཡིག་ལན་ཞིག་ཅི་ལྟ།   ཐ་ན་ངག་འཕྲིན་ཙམ་ཡང་མི་བསྐུར་བའི་རྒྱུ་མཚན་ཅི་ཡིན།   ངོ་མ་ཁྱོད་རང་ཕྱིར་རྩྭ་ཐང་དུ་ལོག་ནས་འབྲོག་ཁུལ་གྱི་འཚོ་བའི་བྲོ་བར་མྱོང་འདོད་གྱི་འདུན་པ་མེད་ཀྱང་།   ང་ལ་ཡིག་ལན་དང་ངག་འཕྲིན་ཙམ་ཡང་འཁོན་སེམས་དང་སྡང་སེམས་དེ་ལྟ་བུ་འཛིན་དོན་ཅི་ཡོད།

      ངའི་ཕ་མ་གཉིས་ཀྱང་ལྕི་འདམ་གྱི་ཁྲོད་ནས་ལོ་ན་ཚོད་བསྐྱལ་བའི་འབྲོག་པ་རྒན་རྒོན་གཉིས་རེད།   ཁོང་གཉིས་ཀྱིས་ལོ་ཕྱི་ནང་མང་བོའི་རིང་གི་སྐྱིད་ལ་སྡུག་པའི་དབེན་སའི་འཚོ་བའི་ཁྲོད་ནས་ང་རང་སློབ་གྲྭར་སྐྱེལ་ཐབས་བྱས་པའི་དཀའ་ངལ་དང་།   ང་རང་སློབ་གྲྭ་ཞུགས་ཐུབ་པ་ནས་བཟུང་ཁོང་གཉིས་ཀྱིས་སེམས་འཁུར་དང་རེ་སྒུག་ཅི་འདྲ་ཞིག་བྱས་པའང་ངས་མི་ཤེས་ཟེར་རྒྱུ་ཅི་ཡོད།  དེའི་ཕྱིར་ངས་སློབ་གྲྭ་ཆེ་མོའི་དགེ་རྒན་གྱི་འགན་དེ་ཕྲག་ཏུ་མ་བླངས་ཏེ།   རང་གི་མཐར་ཕྱིན་གྱི་འབྲས་བུ་དེ་རང་གི་ཕ་ཡུལ་གྱི་རྩྭ་ཐང་དུ་ཕུལ་ནས་རྒས་པའི་ཕ་མ་གཉིས་ཀྱི་དྲིན་ལན་འཇལ་ཞིང་ཕ་ཡུལ་གྱི་མི་དམངས་ལ་ཕན་རེ་ཨེ་ཐོགས་བསམ་པ་ཡིན་པས།   ང་རང་གཏན་ནས་འཆུག་མེད།

       སྒྲོལ་མ།   ཁྱོད་ཀྱིས་སོམས་དང་།   གངས་རི།   རྩྭ་ཐང་།  རྨ་ཆུ་བཅས་ནི་ང་ཚོའི་མི་རིགས་ཀྱི་གཟི་བརྗིད་དང་ལ་རྒྱ་ཡིན་པས།   ཁྱོད་ཀྱིས་འདི་ལ་ཤ་མི་ཚ་འམ།   རུས་མི་ཞེན་ནམ།   ཤ་མར་གྱི་བང་མཛོད་དུ་གྱུར་བའི་ཕ་ས་བསྐྱུར་ཕོད་དམ།   བརྗེད་ནུས་སམ།

  སླར་ཐུག་པར་སྨོན།  ཡིག་ལན་ཞིག་བསྐུར་རྒྱུ་མཁྱེན།

 

 གསུམ།

      དབྱར་གསུམ་གྱི་དཔལ་ཡོན་སྐད་ཅིག་སྐད་ཅིག་ལ་ཕར་འདས་པ་དང་།   སྟོན་གསུམ་གྱི་ནམ་ཟླ་རིམ་བཞིན་འབའ་གཞུང་རྩྭ་ཐང་དུ་སླེབས་ཏེ། རྩྭ་རྩི་ཏོག་མང་བོའི་སྟེང་ལ་སད་དཀར་གྱི་མེ་ཏོག་བཞད།   ཉིན་ཞག་གི་ཕྲེང་བ་རེ་རེ་བཞིན་དབང་ལྡན་གྱི་སེམས་སྐྱ་མོའི་ཁོག་པ་ཆུ་འཁྱག་གིས་བྲན་པ་དང་མཚུངས་ལ།  མགོ་ཡ་ཐོད་གཙུག་གི་ཀླད་པ་གསལ་བོ་དེའང་མུན་པས་བསྒྲིབས་པ་ཇི་བཞིན་ཅི་བསམ་བོ་དེའང་མུན་པས་བསྒྲིབས་པ་ཇི་བཞིན་ཅི་བསམ་འདི་བསམ་མི་འདུག  ཉིན་བཞིན་རང་གིས་ནུས་ཚོད་ཀྱིས་སློབ་ཁྲིད་ཀྱིས་བྱ་བར་འབད་ཀྱང་།  ངོ་མ་སློབ་མ་འགའ་རེར་བཅོས་ཐབས་གཏན་ནས་མི་འདུག    ཚིག་དུ་བཤད་རྣ་རུ་མི་འགྲོ་བ་དང་དོན་གང་ལབ་སེམས་ལ་འབབ་རྒྱུ་མེད་པར་རྣམ་གཡེང་གི་ཀློང་དུ་འཁྱམས་ཡོད་པས།    ཁོས་ཀྱང་དེ་ནི་རང་གི་སློབ་གསོའི་བྱེད་ཐབས་ལ་རག་ལས་འདུག་སྙམ་ནས་བྱེད་ཐབས་དུ་མས་སློབ་མའི་བློ་སྒོ་འབྱེད་པ་དང་ཡིད་སེམས་འགུགས་པར་འབད་བརྩོན་བྱས།

       སྐབས་རེར།  ཁོ་རང་གི་སེམས་ལ་བོད་མི་དམངས་ལ་ཚད་མེད་པའི་སྙིང་རྗེ་དང་མི་རིགས་སློབ་གསོའི་ལས་དོན་ངུ་བྲོ་བའི་སྣང་བ་སྐྱེས་དུས་ཀྱང་འདུག  ཨ་ཨ།  སློབ་མ་འགའ་རེས་ཚིག་འཇམ་པོས་བཤད་ན་གང་འདོད་ལྟར་བྱེད་ལ་ངོ་ནག་པོ་བསྟན་ན་ཡུལ་ལ་བྲོས་འགྲོ་བ་དང་།   ལན་རེར་སློབ་མ་དེ་དག་ཡུལ་གྱི་ཕ་མ་དང་ཤ་ཉེ་འབྲེལ་རྣམས་འཁོན་ལན་སློང་ཏུ་ཡོང་བའང་ཡོད། ཁྱོད་ནི་སློབ་མར་གཅེས་སྐྱོང་བྱེད་མཁན་ཡིན་པ་ལས་སློབ་མར་གཅར་རྡུང་བྱེད་མཁན་མ་རེད།  ངས་ཁྱོད་ཚོར་བཟང་བཅོས་ཏེ་སློབ་གྲྭར་བསྐྱལ་བ་མ་གཏོགས་རང་གི་བུ་ཕྲུག་ལ་གཅར་རྡུང་ཉོ་རུ་བཏང་བ་ཨེ་རེད།   ཉིན་ཞིག་གི་སྔ་དྲོར།  དུས་རྒྱུན་མ་རབས་བྲ་ཚགས་ཀྱི་ལས་ལ་གོམས་པའི་སློབ་མ་ཞིག་བྱས་པར་སློབ་མ་དེ་ཉིད་ཡུལ་ལ་བྲོས་སོང་བ་དང་།   ཁྱིམ་བདག་སླེབས་བྱུང་། ཁོའི་མིང་ལ་ནོར་བུ་ཟེར་བ་དང་ཕར་བལྟས་ཚོད་ཀྱིས་ཕོ་ལོ་སུམ་ཅུ་རྩ་སྟོད་ལ་སོན་ཡོད་པ་དང་།   གདོང་གི་རྣམ་འགྱུར་ལས་མི་ཨུ་ཚུགས་ཅན་ཞིག་ཡིན་པའང་རྟོགས་ཐུབ།

      ཨ་ཁུ་ནོར་བུ།    ཁྱོད་ཀྱི་བྱིས་པ་དེ་གཅར་རྡུང་མ་བྱས།   ཉིན་བཞིན་ཁོས་སློབ་སྦྱོང་མི་བྱེད་པའི་སྐྱོན་བརྗོད་ཅིག་བྱས་རྐྱེན་བྲོས་པ་རེད།  ཧིན་བཤད་མི་དགོས།   བྱིས་པ་དེ་ཙམ་ཞིག་གིས་རྫུན་བཤད་ཤེས་སམ།   དེ་རིང་ནས་བཟུང་སློབ་གྲྭ་བསྐྱེལ་ན་དཀོན་མཆོག་གསུམ།  ཁོའི་ཚིག་དེ་དག་ནི་གནམ་ལྕག་ཐོག་མདའ་དྲག་པོ་དང་འདྲ་བར་དབང་ལྡན་རང་དབང་མེད་པར་འཇིགས་ཡེར་རེར་བཏང་སོང་།  ཨ་ཁ།  མནའ་བཙན་པོ་དེ་ལྟ་བུ་ཞིག་ཕྱིར་ཟློག་པའི་མཚོན་ཆ་གང་ན་ཡོད་དམ།   ཉིན་ཞིག་ཕྲེང་བ་རེ་རེ་བཞིན་ཕར་འདས་སོང་།   དགེ་རྒན་དབང་ལྡན།  དེའི་ངོ་ཟློག  ཨེ།  ཁོ་ནི་ཆོས་ལ་མི་དད་པའི་མི་ལོག་ལྟ་ཅན་ཞིག་ཀྱང་ཡིན་རབས་འདུག   ད་ཐེངས་ཞན་སྲིད་གཞུང་ལ་བསམ་འཆར་འབུད་མཁན་ཡང་དེ་རེད་ཟེར།  དེ་ལས་སློབ་གཙོ་ཝང་ལགས་ནི་འབྲོག་ཕྱོགས་ཀྱི་བདེ་སྡུག་ཤེས་མཁན་ཡིན་པས་མི་འདྲ་ཡ།  ངོ་མ་མི་ཀུན་གྱི་ཁ་ན་འཕུར་བའི་སྐད་ཆ་དེ་དག་ལ་བརྟག་ན་དབང་ལྡན་གྱི་ཕུགས་བསམ་དེར་ངོ་རྒོལ་དང་སློབ་གཙོ་ཝང་གིས་ལས་གང་བརྩམས་ལ་ཚད་མཐོན་པོས་གདེང་འཇོག་བྱེད་ཀྱིན་འདུག  ཁོས་ཚིག་དེ་དག་རྣ་བས་གོ་ཐེངས་རེ་དང་སེམས་ལ་འཁོར་ཐེངས་རེར་བོད་མི་རིགས་ལ་བཅངས་པའི་བརྩེ་དུང་གི་སྙིང་རྩ་རྒོད་པོ་དེ་འཕར་ལྡིང་བྱས་འོངས་ལ།  རྩྭ་ཐང་ལ་འཁོར་པའི་གློ་མཆིན་ཡང་སྟེང་འོག་བརྗེ་ཡོང །

       གཟའ་ཉི་མ་ཞིག་གི་ཉིན་གུང་དབང་ལྡན་དང་དགེ་རྒན་རྣམ་རྒྱལ་གཉིས་ཀྱིས་མཉམ་དུ་རྒྱ་སྲང་ལ་ཟ་མ་བཟའ་རུ་སོང་།  ཟ་ཁང་ཞིག་གི་ནང་དུ་བསྡད་རྗེས་དབང་ལྡན་གྱི་དངན་པ་རིང་བོ་ཞིག་འཐེན་ནས་ན་རེ།   ཁྱོད་ལ་སློབ་གྲྭ་འདིར་ལྟ་ཚུལ་ཅི་འདྲ་འདུག་ཅེས་རྣམ་རྒྱལ་ལ་དྲིས།

        སློབ་གཙོ་ཝང་གིས་ང་ལ་སྔ་མོ་དེ་ལྟ་བུའི་རྣམ་འགྱུར་བཟུང་འདུག ཕལ་ཆེར་ཁོས་སློབ་ལོ་རན་པའི་སློབ་མ་རྣམས་ལ་གནང་བ་བྱིན་ནས་བཤའ་ལུག་ལེན་ཐབས་བྱེད་པའི་གསང་བ་དེ་ངས་ཤེས་སོང་བ་རེད།

       འོ།   འོན་ཀྱང་།  ད་བཀོད་པ་ཅི་ཡོད།  རྣམ་རྒྱལ་གྱི་མགོ་བོ་འཕྲེད་དུ་གཡུག་ཙམ་གྱིས་ཁོས་ཅི་བྱེད་ནའང་བྱེད་དུ་ཆུགས་ཟེར།  དབང་ལྡན་རང་དབང་མེད་པར་འདང་རྒྱག་གི་ནང་དུ་ལྷུང་སོང་།   ཨ་ཁ།  སློབ་གཙོ་ཝང་ལགས་ནི་བཅོས་མའི་རྣམ་ཐར་བསྐྱངས་ཏེ།   གོང་མར་མགོ་སྐོར་གཏོང་ཞིང་། རྒྱུ་ནོར་ལོངས་སྤྱོད་ལ་དམིགས་ནས་མི་དབང་ལ་དོན་བཟང་སྒྲུབ་མཁན་ཞིག་རེད་ཨང་།    སྐབས་འདིར་དབང་ལྡན་གྱིས་སློབ་གཙོ་ཝང་ལགས་གི་ལྐོག་གྱུར་གྱི་གསང་བ་མང་བོ་ཞིག་གི་མཐིལ་བརྟོལ་བ་དང་།   ཡིད་ཀྱི་ཐེ་ཚོམ་གྱི་མདུད་པའང་ཤུགས་ཀྱིས་གྲོལ་སོང་།

      དབང་ལྡན་གྱིས་ཁོ་མོ་ལ་བསྐུར་བའི་འཕྲིན་ཡིག་གསུམ་པ། ངས་ཀྱང་རང་གི་སྟོབས་ཤུགས་དང་ནུས་པ་ཡོད་ཚད་བཏོན་ཏེ་རིང་ནས་དམིགས་པའི་ཕུགས་བསམ་དེའི་དོན་དུ་གཞོལ་བ་ཡིད་མོད།   འོན་ཀྱང་སྐབས་འགའ་རེ་ལ་གློ་རྒྱུ་མའི་བར་དུ་འཁྱག་པས་བསྡམས་ཤིང་།   སྙིང་མཆིན་པའི་རྫ་རི་སྨུག་པས་འཛིན་དུས་ཀྱང་འདུག  འདི་ནི་ང་རང་གི་རྒྱབ་ཀྱི་ཁུར་བོ་དང་སེམས་ཀྱི་སྡུག་བསྔལ་ཡིན་པས་བྱ་ཐབས་ཅི་ཡོད། འདས་པའི་ལོ་ཟླ་ལ་བསམ་ན་ཇི་འདྲའི་སྤྲོ་སྐྱིད་ལྡན་ཞིང་ཡིད་དུ་འོངས་པ་ཞིག་རེད་ཨང་།   མཛའ་མཐུན་གྱི་བགོད་སྒྲ།  བདེ་སྐྱིད་ཀྱི་གླུ་དབྱངས།   བརྩེ་དུང་གི་སྙིང་གཏམ།   ཁྱོད་ཀྱིས་ཤོད་དང་།   དེ་དང་དེ་ལྟ་བུའི་གློ་སེམས་དགའ་བའི་བསྐལ་བ་ཞིག་སླར་ཡང་འོང་ཐུབ་བམ།

       སྒྲོལ་མ་ལགས།  ངོ་མ་དབེན་གནས་ཀྱི་འཚོ་བས་ང་རང་འུ་ཐུག་ཏུ་བཅུག་སོང་།  སྔོན་ཆད་ཁྱོད་ཀྱིས་བཤད་པའི་ཚིག་འབྲུ་རེ་རེ་ཡང་ངས་ནམ་ཡིན་ཡང་ཡིད་ལ་བཟུང་ཡོད།  བརྗེད་མི་སྲིད།   ཁྱོད་ཀྱིས་ཡིག་ལན་ཞིག་ཡོང་བར་སྣོད་མ་ཡིན་པ་ཡང་རེ་སྒུག་བྱས་ཡོད།

 

བཞི།

      གྲང་ངར་གྱི་ཕོ་ཉས་རིམ་བཞིན་འདས་ཤིང་།   ཁ་བའི་འདབ་མ་མང་བོ་གྲང་རླུང་དལ་བུའི་རྒྱུ་བར་བསྟུན་ནས་བར་སྣང་ནས་ལྡིང་འཁོར་བྱེད་བཞིན་ས་གཞིའི་སྟེང་དུ་འབབ་ཀྱིན་ཡོད་ལ།   སློབ་གྲྭའི་ཁོར་ཡུག་གི་སྡོང་སྐམ་སྐྱ་བོ་དེ་ཡང་དབེན་ཐིང་ངེར་སྐྱོ་ཉམས་ཤིག་ཤར་འདུག   དབང་ལྡན་མལ་ཁང་གི་སྒོ་ཁར་ཁེན་ནས་ཁ་བའི་ལྡིང་སྐོར་བྱེད་པར་མིག་ཅེར་རེར་ལྟ་བཞིན་སེམས་སྐྱ་མོ་སྡུག་གིས་ནོན་འདུག དབང་ལྡན་གློ་བུར་བའི་འབོད་སྒྲ་ཞིག་གིས་ཁོ་རང་དཀྲོག་གེར་བཏང་།   ཁོས་འབོད་སྒྲའི་ཕྱོགས་སུ་བལྟས་པ་ན།  ཀུང་ཧྲེའི་ལས་བྱེད་པ་བསོད་ནམས་ཀྱིས་ལྕགས་རྟ་ཞིག་དེད་ནས་ཐད་ཀར་ཁོའི་ཕྱོགས་སུ་ཡོང་བཞིན་འདུག

      འོ།   ཁྱོད་ཡིན་ནམ།  དབང་ལྡན་གྱིས་མྱུར་མོར་ཁང་བའི་ནང་དུ་བསུས་ནས་ཇ་དྲངས།   བསོད་ནམས་ཀྱིས་ལྭ་བའི་སྟེང་དུ་ཁ་བ་སྤྲུགས་རྗེས་འདུག་སྟེགས་སྟེང་བསྡད་ནས་ཇ་འཐུང་ཞོར་དུ།   དབང་ལྡན།   ད་སྐབས་བྱ་བ་བྲེལ་འཚུབ་ཆེའམ།  ཨེ་ཉིན་འདི་འགར་ཁྱོད་ཀྱི་ངོ་མདངས་རྒྱུན་ལྡན་མིན་པས།   ན་བ་འདྲ་བྱུང་ནི་མིན་ནམ། སྐབས་དེར་བསོད་ནམས་ཀྱིས་གདོང་ལ་གཟབ་ནན་གྱིས་མདངས་ཤིག་ཤར་ནས་དེ་ལྟར་དྲིས་བྱུང་།

འོ།  མ་རེད་མ་རེད།   དགའ་རོགས་དྲན་པས་མིན་ནམ།   ཧ་ཧ་ཧ །

      བསོད་ནམས་ནམ་རྒྱུན་ཀུ་རེ་རྩེད་རྒྱུར་དགའ་བའི་ད་ཐེངས་དབང་ལྡན་གྱི་སུན་སྣང་དེ་ཁོས་ཀུ་རེ་ཚིག་གཅིག་གིས་ཕར་སྤྲུགས།   དབང་ལྡན།   ད་ཐེངས་ཀྲིག་ཡོང་ནས་མི་རིགས་སློབ་གསོའི་བྱ་བའི་གྲོས་ཚོགས་ལ།  འདི་གའི་དགེ་རྒན་གཅིག་ཀྱང་འགྲོ་དགོས་པས།  ཀུང་ཧྲེ་འགོ་ཁྲིད་གྲོས་བསྡུར་བྱས་ཏེ་ཁྱོད་རང་བདམས་བྱུང་།   གྲ་སྒྲིག་བྱས་ཏེ་སང་ཉིན་ལམ་ལ་ཆས་དགོས།   ཀུང་ཧྲེ་རླངས་འཁོར་སང་ཉིན་ཀྲིག་ཐོག་ལ་ཐོན་རྒྱུ་རེད།   ཁྱོད་རང་ལའང་སྟབས་འགྲིག་གི   འདི་་་་་་བསོད་ནམས་ཀྱིས་དེ་ལྟར་བཤད་བཞིན་ཐམ་ཀ་དམར་བོ་ཅན་གྱི་བརྡ་སྦྱོར་ཡི་གེ་ཞིག་ཁོའི་ལག་ཏུ་གཏད་བྱུང་།

     ཨོ།    དབང་ལྡན་གྱིས་བརྡ་སྦྱོར་ཡི་གེ་འདི་བླངས་ནས་བཀའ་དྲིན་ཆེ།   བཀའ་དྲིན་ཆེ།   ཁྱོད་ལ་འོ་བརྒྱལ་བཟོས་སོང་ཟེར་བར།  དེ་སྐད་མ་ཟེར།   སྤུན་ཟླའི་བར་ལ་དེ་ལྟར་བཤད་སྲོལ་ག་ལ་ཡོད།  ལྷག་པར་ཁྱོད་འདི་ཀའི་ཤེས་ཡོན་ཅན་གཅིག་པུ་རེད་ཡ། ཧ་ཧ།

      བསོད་ནམས་ཕྱིར་བུད་སོང་།   དབང་ལྡན་གྱི་སླར་ཡང་བརྡ་སྦྱོར་ཡི་གེ་དེ་ལ་བལྟས་པ་དང་ཡིག་འབྲིའི་འགྲོ་རིམ་དང་བསྟུན་ནས་ཁོའི་སེམས་ནང་དུ་སྣ་ཚོགས་པའི་འཆར་སྣང་ཞིག་སྐྱེས་བྱུང་།   མི་རིགས།  སློབ་གསོའི་བྱ་བ།  གོང་སྤེལ།   ད་ཐེངས་སློབ་གཙོ་ཝང་ལགས་གྲོས་ཚོགས་དེར་ཞུགས་ན་ཅི་འདྲ།     ཁོའི་མི་བཟང་གི་གོ་རྟོགས་ཇེ་མཐོར་གཏོང་ཐུབ་བམ།    ད་ཐེངས་ཀུང་ཧྲེ་འགོ་ཁྲིད་རྣམས་ཀྱིས་ཁོ་རང་མ་མངགས་པའི་དོན་ཅི་ཡིན་ནམ།     སྤྱིར་སློབ་གཙོ་ཝང་ལ་རིག་གནས་ཀྱི་ཡོན་ཚད་ཅི་འདྲ་ཞིག་ཡོད་མི་ཤེས་ཀྱང་ཚོགས་འདུ་གང་ལའང་ཞུགས་པར་དགའ་བ་ཞིག་ཡིན་ནའང་།   ཚོགས་འདུའི་དགོངས་དོན་ཐམས་ཅད་ལག་ལེན་བྱེད་པའི་དབང་མེད་པ་ནི་མངོན་སུམ་གྱི་ཚད་མར་གྱུར་བ་ཞིག་རེད།   ལྷག་པར་དུ་ཁོའི་སྨུག་པོའི་གདོང་གི་བཅོས་མའི་འཛུམ་མདངས་དང་།  གྲུང་ཞིང་གསལ་ལ་ཕྲག་དོག་གི་འོད་འཚེར་བའི་མིག་གི་གཡོ་འགུལ།   གཞན་མགོ་སྐོར་བའི་གཡོ་སྒྱུའི་སྤྱོད་ལམ་དེ་དག་གིས་ངའི་སེམས་ལའང་ཡི་མུག་ཅིང་དགོད་བྲོ་ལ།   ཞེ་མེར་བའི་སྣང་བ་ཞིག་བྱིན་ཡོད་པས།   ཕལ་ཆེར་ཀུང་ཧྲེའི་འགོ་ཁྲིད་རྣམས་ཀྱིས་ཀྱང་ཁོའི་གསང་བ་དེ་ཚོ་རྟོགས་ཡོད་ཚོད་འདུག

སྒྲོལ་མའི་དབང་ལྡན་ལ་བསྐུར་བའི་འཕྲིན་ཡིག་ཏུ།

སློབ་གྲོགས་དབང་ལྡན་ལགས།

        དེང་སྐབས་ཁྱོད་ཀྱིས་བོད་གངས་ཅན་ལྗོངས་ཀྱི་ལ་རྒྱ་བཟུང་ནས་དབེན་སའི་རྣམ་པ་བསྒྱུར་བཅོས་བྱས་ཤིང་སྔོན་ཐོན་གྱི་རི་རྩེར་བསྙེགས་ཏེ་སླེབས་ལ་ཉེའམ།   ཁྱོད་ཀྱིས་ཉེ་སྔོན་བསྐུར་ཡོང་བའི་ཡི་གེ་དེར་བརྟག་ན་ད་ལྟ་ཁྱོད་རང་ཡང་འགྱོད་སྣང་སྐྱེས་བཞིན་ཡོད་པ་འདྲ།    དེ་ལོས་ཡིན།   ཁྱོད་ཀྱིས་སློབ་གྲྭ་ཆེན་མོའི་བའི་བྱ་བ་དང་དུ་མ་བླངས་པར་དེ་འདྲའི་འབྲོག་གནས་སྟོང་བ་ཞིག་ལ་བསམ་གཟས་ནས་སོང་བ་རེད།   དེ་དུས་ངའི་ཁྱོད་ལ་ཁ་ཏ་དང་བསླབ་བྱ་མང་དུ་བྱས་པ་དྲན་ནམ།  གནའ་མ་བོད་ཀྱི་ཁ་དཔེར།    བློ་སྔོན་ལ་དྲན་ན་མཁས་པ་ཡིན། འགྱོད་རྗེས་ལ་སྐྱེས་ན་བླུན་པོ་ཡིན་ཟེར་བའང་བདེན་ཐོག་དྲང་བཞག་གི་གཏམ་ཡིན་པས།   ད་ནི་འགྱོད་ཀྱང་འཕྱིས་དྲགས་འདུག

       འོ།   ང་རང་གིས་འདི་གའི་འགོ་ཁྲིད་ཀྱི་བུ་ཞིག་དང་ལྷན་དུ་མདུན་ལམ་ཞིག་བཙལ་ཟིན་པས།   ཁྱོད་ཀྱིས་ཀྱང་ད་ནས་བཟུང་ཡི་གེ་མ་སྐུར།  ཁོའི་སེམས་ལའང་མི་དགོས་པའི་དོགས་སྣང་སྐྱེས་སྲིད།    མཐའ་མཇུག་ངའི་རེ་བ་ནི།  ཁྱོད་ཀྱིས་གང་ནུས་ཀྱིས་གོང་དཔོན་གྲས་ལ་འབུལ་བ་ཟང་ཟིང་ཞིག་ཕུལ་ནས་གྲོང་ཁྱེར་ཞིག་ལ་གནས་སྤོར་ཐབས་བྱོས།    འདི་ལྟར་སྨྲས་པ་ནི་སློབ་གྲོགས་ཀྱི་བརྩེ་དུང་བཅངས་པ་ལས་ང་ལ་དམིགས་ཡུལ་གཞན་ཞིག་ཡོད་པ་མིན།   གྲོང་ཁྱེར་གྱི་བདེ་སྐྱིད་ནི་ནི་ཁྱོད་ཀྱིས་ཀྱང་ཤེས་གསལ་རེད།   ཡི་གེ་མང་བོ་འབྲི་ཁོམ་མི་འདུག

བདེ་མོ་བྱོས།   སྒྲོལ་མ་ནས་ཟླ  ཚེས་  ལ།

 

ལྔ།

        དབང་ལྡན་དྲུག་ཐོག་ལ་སོང་ནས་ཉིན་བཅུ་ལྷག་འགོར་སོང་།   ཚོགས་འདུའི་དགོངས་དོན་གྱིས་ཁོ་ལ་ངེས་ཤེས་མང་པོ་སྐྱེས་པར་མ་ཟད་སྔར་ལས་མེད་པའི་སློབ་གསོའི་བྱེད་ཕྱོགས་དང་ཉམས་མྱོང་ཡང་འཐུས་ཇེ་ཚང་དུ་བཏང་བ་རེད།  ཁོ་རང་གི་ཕུགས་བསམ་དེ་ཡང་ཡང་དག་པ་ཡིན་པར་བདེན་དཔང་བྱས།   ཉིན་འདི་དག་གི་རིང་ལ།   གོང་རིམ་འགོ་ཁྲིད་གྱིས་ཐུགས་ཁུར་གནང་བཞིན་པ་ནི་འབྲོག་ཁུལ་གྱི་སློབ་གསོའི་བྱ་བ་ཡིན་ལ།    ཁོ་རང་ཞེ་ཐོགས་པ་ནི་སློབ་གཙོ་ཝང་ལགས་གཅིག་པུ་རེད།

        དབང་ལྡན་ཕྱིར་ལོག་ཡོང་དུས་སློབ་མ་ཚང་མར་དགུན་གནང་བཏང་ཟིན་པ་དང་དགེ་རྒན་རྣམས་རང་ཡུལ་ལ་སོང་ཚར་འདུག   ཁོས་ཐེངས་འདིའི་འཚོགས་འདུའི་གནས་ཚུལ་རྣམས་ཀུང་ཧྲེ་ལ་ཡར་ཞུ་བྱས་རྗེས།   ཕ་ཡུལ་དུ་འགྲོ་བའི་རླངས་འཁོར་མེད་པའི་ཉིན་འགར་ངང་སྒུག་མི་བྱེད་ཀ་མེད་བྱུང་།  ཡ་མཚར་བ་ཞིག་ལ།    སྐབས་འདིར་སློབ་གཙོ་ཝང་ལ་སྔར་གྱི་ལྟ་སྟངས་ཅི་ཡང་མེད་པར་དབང་ལྡན་གྱི་མལ་ཁང་དུ་འགྲོ་འོང་བྱེད་ལ།    མཉམ་དུ་ཆང་རེ་འཐུངས་ཏེ།    ཐེངས་འདིའི་གྲོགས་ཚོགས་སྐོར་གླེང་སྐབས།   དབང་ལྡན་གྱིས་འཚོགས་འདུའི་གནས་ཚུལ་རྣམས་གཅིག་གཅིག་གཉིས་གཉིས་བྱས་ནས་ངོ་སྤྲོད་བྱས་ཤིང་གོང་རིམ་གྱིས་ཀྱང་འབྲོག་ཕྱོགས་ཀྱི་སློབ་གསོར་རྗེས་ལུས་ཀྱི་རྣམ་པ་སྒྱུར་དགོས་ན།    གཙོ་བོ་དགེ་རྒན་རྣམས་ཀྱིས་ནུས་ཤུགས་ཡོད་ཚད་བཀོལ་ནས་འབྲོག་ཁུལ་གྱི་མི་དམངས་ལ་སྐུལ་འདེད་བྱེད་དགོས་ཚུལ་དང་།   སློབ་མ་མང་པོ་སྐྱེད་སྲིང་བྱེད་དགོས་པ་སོགས་ལབ་པར་མ་ཟད།  དབང་ལྡན། ཁྱོད་ཀྱང་དྲང་རྐྱང་ཡིན་པ་མང་དྲགས་འདུག  འབྲོག་ཕྱོགས་ཀྱི་སློབ་གསོའི་ཐད་ལ་ཞི་དྲག་གི་ཐབས་ཤེས་སྣ་ཚོགས་མ་སྤྱད་ན་བཀོད་པ་མི་འདུག   ངོ་མ་འབྲོག་པ་འགའ་རེ་ནོར་ནག་ལ་བལྟས་ནའང་ཨུ་ཚུགས་ཆེ་བས།  གཡག་རྒན་གྱིས་འཐེན་ཞོར་དང་སྣ་ཐུག་གི་ལྷོད་ཞོར་བྱེད་དགོས་དུས་ཀྱང་ཡོད་ཅེས་སོགས་ཁ་ཏ་དང་བསླབ་བྱ་མང་བོ་ཞིག་ཀྱང་གནང་བྱུང་།

     དབང་ལྡན་གྱི་ཁོས་ཚིག་དེ་དག་གོ་བས་སེམས་ལ་བགོད་བྲོ་བའི་སྣང་བ་ཞིག་སྐྱེས།   ཡང་བསམ་བློ་ཞིག་བཏང་ཚེ།   སློབ་གཙོ་ཝང་ལགས་གྱིས་བཤད་པ་དེ་དག་ངོ་མ་རེད།  མི་ལ་བཤད་མཁན་དགོས།   ཤིང་ལ་གཞོག་མཁན་དགོས། ཟེར་བ་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན།   གལ་སྲིད་ཁོས་ང་ལ་སྔར་ནས་དེ་ལྟ་བའི་འཚོ་བའི་ཉམས་མྱོང་གི་བསླབ་བྱ་རྣལ་མ་གནང་བ་ཡིན་ན།   འོན་ཀྱང་།   སློབ་གཙོ་གློ་བུར་བའི་ངེས་ཤེས་ལྟ་བུ་ཞིག་ཇི་ལྟར་སྐྱེས་པ་ཡིན་ནམ།  དེ་ནས་བཟུང་སེམས་པ་དགའ་ཞིང་གློ་བ་བདེ་བའི་ཚོར་བ་ཟབ་མོ་ཞིག་རྐང་འཇབ་ལག་འཇབ་ཀྱིས་དབང་ལྡན་གྱི་རྩ་ལམ་ཐམས་ཅད་དུ་ཁྱབ་ཅིང་།  འོད་ཟེར་ལམ་ལམ་འཕྲོ་བའི་གཟི་བརྗིད་རིང་མོ་ཞིག་ཀྱང་ཁོའི་མིག་ལམ་དུ་ཇེ་གསལ་ཇེ་གསལ་གྱིས་མངོན་བྱུང་།

       ཟླ་ངོ་ཕྱེད་གཉིས་ཙམ་གྱི་དགུན་གནང་དུས་ཚོད་ཧ་ཅང་ཐུང་ཐུང་ཞིག་ཡིན་མོད།  འོན་ཀྱང་ཁོ་ལ་ཆ་མཚོན་ན་ལོ་འཁོར་གཉིས་ལས་རིང་བའི་སྣང་བ་སྐྱེས་འདུག  གནམ་ལོ་གསར་བའི་གསེར་ཞལ་གྱི་དགའ་སྟོན་མྱོང་བའི་མོད་ལ་ཁོའི་སེམས་གཏིང་ནས་དཔྱིད་ཀྱི་དཔལ་ཡོན་ནམ་ཤར་རེ་བར་མ་ཟད།  ཁོའི་མིག་གི་མདངས་ལྡན་གྱི་མེ་ཏོག་ནམ་བཞད་དང་རྣ་བས་ཁུ་བྱུག་གི་གསུང་སྙན་ནམ་སྒྲོག་ལ་བསྒུགས་པ་རེད།

      མང་གཞུང་རྩྭ་ཐང་གི་ཕྱོགས་ཀུན་ཏུ་དཔྱིད་གསུམ་གྱི་མངོན་རྟགས་དེ་འདྲ་མི་གསལ་ཡང་།    རི་ལ་ཐང་མེད་པའི་ཁ་བ་སྐད་ཅིག་ལ་ཞུ་བ་དང་ཆབ་ཆུ་བོ་རྣམས་ཀྱི་གོམ་འགྲོས་སྐད་ཅིག་དེ་ཉིད་ལ་ཇེ་མགྱོགས་ཇེ་མྱུར་དུ་སོང་བས།   དབང་ལྡན་གྱི་སེམས་ནང་དུའང་དཔྱིད་གསུམ་གྱི་དཔལ་ཡོན་གསར་བ་ཞིག་བཞད་པའི་གདེང་ཚོད་མེད་པ་ག་ལ་སྲིད།  ཉིན་དེར་ཁོ་རང་ཟི་ལིང་ནས་ཡོང་བའི་འགྲུམ་འགྲུལ་རླངས་འཁོར་ལ་བསྡད་དེ་ས་འབའ་གཞུང་རིང་མོར་འབྲེལ་བའི་གཞུང་ལམ་དེད་ནས་སློབ་འགོ་རྩོམ་པར་ཆས།

         དབང་ལྡན་གྱི་འབའ་གཞུང་སློབ་ཆུང་ལ་སླེབས་སྐབས་སློབ་གཙོ་ཝང་ལས་གནས་སྤོར་ཏེ་ཀང་ཧྲེའི་ལས་བྱེད་པ་དཀྱུས་མ་ཞིག་བྱས་འདུག་ལ།  སློབ་གྲྭའི་སློབ་གཙོ་ནི་རྫོང་རིག་གནས་བཅུ་ནས་མངགས་ཡོང་བའི་སློབ་གྲྭ་ཆེན་མོ་བ་རྟ་མགྲིན་ཡིན་པ་དང་།   དབང་ལྡན་སློབ་གཙོ་གཞན་པར་བསྐོས་ཡོད་པར་མ་ཟད།  ད་དུང་རུ་ཆེན་ཁག་གི་སློབ་གྲྭ་ལྟ་སྐྱོང་བྱེད་པའི་འགན་འཁུར་ཡང་ཁོར་བཀལ་འདུག  སྐབས་འདིར་འབྲོག་པ་མང་ཚོགས་ཀྱི་གྲངས་ནའང་སྔར་ལས་ལྟ་ཚུལ་དང་འཁང་རའི་གཏམ་དེ་འདྲ་གོ་རྒྱུ་མི་འདུག

                 དགེ་རྒན་དབང་ལྡན་ཨེ་ཡོད་།   ཞེས་མི་ཞིག་ནང་དུ་ཐོན་བྱུང་།

       ཨོ།  ཡོད་ཡོད་དབང་ལྡན་མྱུར་མོར་ཡར་ལངས་དུས།   ཁོ་ནི་མཐུན་སྒྲིལ་སྡེ་བའི་འབྲོག་པ་ནོར་བུ་རེད།   སྔོན་ཁོའི་བུ་སློབ་གྲྭར་མི་སྐྱེལ་བའི་མནའ་བསྐྱལ་ཡོད་མོད།    ཁ་སྔོན་གསར་དུ་འོངས་བའི་སློབ་གཙོ་རྟ་མགྲིན་དང་དབང་ལྡན་གཉིས་སོང་ནས་སློབ་གསོ་དང་སྐུལ་མ་ཐེངས་མང་བཏང་བར་བརྟེན་ཁོས་ཀྱང་དེ་རིང་བུ་བསྐྱལ་ནས་ཡོང་བ་རེད། དགེ་རྒན་ལགས།   ཁྱོད་ཀྱིས་བཤད་པ་ངོ་མ་བདེན་འདུག  སྤྱིར་སློབ་མ་གཅེས་སྐྱོང་བྱེད་དགོས་ན་ཡང་།   མ་རབས་བྲ་ཚགས་ཀྱི་ལས་བྱེད་པ་དུས་སྐྱོན་བརྗོད་བྱེད་དགོས།   ཁ་མི་ཉན་ན་རྡུང་ན་ཡང་བསམ་འཆར་མེད།   ནོར་བུའི་གདོང་ལ་ངོས་ཟིན་མདངས་ཤིག་ཤར་ནས་མུ་མཐུད་དུ་སྔོན་ཆད་གྱི་སློབ་གྲྭའི་དགེ་རྒན་ཚང་མར་སློབ་མ་ཡོན་ཏན་ཨེ་འབྱོར་གྱི་བསམ་པ་མེད་པར་ཉི་མ་འཁྱོལ་ཐབས་བྱས་པ་ཁོ་ན་རེད།   དེ་ཕྱིར་ངེད་ཚང་གི་བྱི་ལི་ཡང་མ་རབས་ལང་ཤོར་ལ་བཏང་བ་ལས་མི་འདུག  ཞོགས་པའི་ཉི་གཞོན་གྱི་འོད་ཟེར་མཐའ་ཡས་པའི་རྩྭ་ཐང་ལ་འཕྲོས་པས།    ནེ་ཙོའི་སྒྲོ་ཐུལ་བརྐྱངས་པ་ཇི་བཞིན་མཛེས་ཤིང་ལྟ་ན་སྡུག་ལ།  ཁྲ་ལམ་མེར་བཞད་པའི་མེ་ཏོག་གིས་མདུན་བསུས་ཏེ།    དབང་ལྡན་གཞི་ནས་སློབ་གྲྭ་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་ལྟ་བྱེད་དུ་ཆས་སོ།།

 

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།