ནམ་མཁའ་རུ་སྤྲིན་པ་ཡོད་མེད་མི་ཤེས་པའི་ཉི་མ་དེ་རིང་།

383

 

རྩོམ་པ་པོ།   ཀླད་ཀོར།

 

     ང་རང་ཉལ་ཁྲི་ཐོག་ཉལ་བཞིན་རི་མོ་འདྲ་མིན་བྲིས་ཡོད་པའི་གྱང་ངོས་སུ་ལྟ་སྐབས།   གྱང་ངོས་དེ་དམར་སྨུག་ཏུ་མཐོང་ལ་དེའི་ངོས་སུ་ངས་བྲིས་པའི་རི་མོ་ར་མ་ལུག་དག  ད་ནི་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ནས་ང་ལ་ཚུར་ཞིབ་ལྟ་བྱེད་བཞིན་འདུག  སྔོན་ཏག་ཏག་ལ་རི་མོ་དེ་དག་གི་རྐྱེན་པས་དགེ་རྒན་གྱིས་ང་ལ་ལྕག་ཚན་ཞིག་གཞུས་བྱུང་། ལྕག་ཚན་གཞུས་རྗེས་ཀྱི་ན་ཟུག་ནི་གློ་བུར་འཇམ་སོང་ནའང་ལྕག་ཚན་གཞུས་པ་དང་མཉམ་དུ་དགེ་རྒན་གྱིས་ང་ལ་བཤད་པའི་ཟུར་ཟའི་སྐད་ཆ་དེ་ནམ་ཡང་འཇམ་ཐབས་མི་འདུག

       སྔོན་ཏག་ཏག་ལ་དགེ་རྒན་གྱིས་ཉལ་ཁང་གི་གྱང་ངོས་སུ་བྲིས་པའི་རི་མོ་དག་ལ་ལྟ་བཞིན“ཁྱོད་རང་རི་མོའི་སྒྱུ་རྩལ་ལ་མཁས་པ་ངས་ཤེས།  ཡིན་ཡང་ཁྱོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དེ་གྱང་ངོས་སུ་མ་འབྲི་རོགས། ཤོག་ཐོག་ཏུ་འབྲི་རོགས་བྱོས”ཞེས་བཤད་པ་དང་རི་མོ་དེའི་འབྲི་བ་པོ་ང་ལ་ལྕག་ཚན་ཚ་ཐག་གཅོད་གཅིག་གཞུས་བྱུང་།  ཡིན་ཡང་སྐད་ཆ་དེ་ནི་ད་ལྟ་ཉིད་དུ་བཤད་པ་བཞིན་ངའི་སེམས་ཀྱི་ན་ཟུག་སྔར་བཞིན་གནས།  ངས་དགེ་རྒན་གྱི་སྐད་ཆ་དེའི་ལན་དུ “གྱང་དང་ཤོག་བུ་གཉིས་འདྲ་གི་མ་རེད། ཤོག་ཐོག་ཏུ་བྲིས་པའི་རི་མོ་དེ་ཤོག་བུ་ཁ་བརྒྱབ་པ་དང་མི་མཐོང་བར་འགྱུར་འགྲོ་ལ་ཆུ་ཕོག་སོང་ནའང་ཡལ་འགྲོ  གྱང་ངོས་སུ་བྲིས་པའི་རི་མོ་དེ་མི་རྣམས་ཀྱིས་གསལ་ལེ་མཐོང་ཐུབ་ཅིང་གཅིག་བྱས་ན་གྱང་འདི་ཐལ་བར་མ་འགྱུར་བར་དུ་གནས་ཐུབ”ཅེས་གསལ་བཤད་བྱ་གྲབས་བྱེད་སྐབས་དགེ་རྒན་གྱིས་གྱང་གི་ཕུག་ཏུ་བྲིས་ཡོད་པའི་མོ་མཚན་གྱི་རི་མོ་དེ་ཡང་མཐོང་སོང་བས་ངས་རི་མོ་དེ་ལ་གསལ་བཤད་ཇི་ལྟར་བྱེད་དགོས་པ་ཤེས་མ་སོང་།

      ཉིན་ཞིག་ངས་མལ་ཁྲིའི་གྱང་ངོས་སུ་ཕག་མགོ་ཞེས་འབྲི་སྐབས་ང་དང་ཉལ་ཁང་གཅིག་པའི་བཀྲ་ཤིས་ཕག་ཅན་ཡིད་མ་རང་བ་འདྲ།  ངས་ཕག་མགོ་དེའི་འབྲི་བའི་ཞིབ་ཆ་ལ་མགོ་འཁོར་ནས་བསྡད་སྐབས།  བཀྲ་ཤིས་ཕག་ཅན་གྱིས་སྨྱུ་གུ་བཟུང་བའི་ལག་རིང་དེ་ངའི་མལ་ཁྲིའི་ཕུག་ཏུ་བསྐྱངས་འོང་ཞིང་འབྲི་ཐེངས་གཅིག་ལ་འུད་ཆེན་པོའི་ཉམས་དང་ལྡན་པའི་མོ་མཚན་ཞིག་བྲིས་རྗེས་ཧ་ཧ་ཞེས་དགོད་བཞིན་སྒོ་ནས་བྲོས་སོང་ལ་ངས་ཁོའི་རྗེས་སུ་དེད་ཀྱང་རྗེས་མ་ཆུད། ཚུར་ཉལ་ཁང་དུ་ལོག་ཡོང་དུས་བཀྲ་ཤིས་ཕག་ཅན་གྱིས་བྲིས་པའི་རི་མོ་དེ་བསྐམས་ཟིན་འདུག་པས་ངས་ལག་ཕྱིས་ཤིག་གིས་ཅི་ལྟར་བསུབས་ཀྱང་སུབ་ཐུབ་མ་སོང་།

      ད་ལྟ་དགེ་རྒན་གྱིས་ངའི་ཉལ་ཁྲིའི་ཕུག་གི་གསོན་ཉམས་ལྡན་པའི་རི་མོ་དེ་མཐོང་བས་རབ་ཏུ་ཁྲོས་འདུག  བཀྲ་ཤིས་ཕག་ཅན་ནི་ངའི་གྲོགས་པོ་ཡིན་པས་ངས་རི་མོ་དེ་ནི་བཀྲ་ཤིས་ཕག་ཅན་གྱིས་བྲིས་པ་རེད་ཅེས་བཤད་ག་ལ་རུང་། བཤད་ཀྱང་རྒན་ལགས་ཀྱི་བདེན་དུ་བཟུང་མི་སྲིད་སྙམ། ངས་དགེ་རྒན་གྱི་ལག་ཏུ་བཟུང་ཡོད་པའི་སྨྱུག་མའི་ལྕག་ཚན་དེ་ངའི་མགོ་ཐོག་ཏུ་ཐག་སྒྲ་དང་བཅས་ལྷུང་བར་ཅི་ལྟར་བསྒུགས་ཀྱང་ལྷུང་རྒྱུ་མི་འདུག  ངས་མགོ་བོ་ཡར་བཀྱགས་ནས་དགེ་རྒན་ཡོད་སའི་ཕྱོགས་སུ་ལྟ་སྐབས་དགེ་རྒན་ཡང་མཐོང་རྒྱུ་མི་འདུག  སྔ་ས་ནས་ཕྱིན་ཚར་འདུག  ཉལ་ཁང་གཞན་པའི་སློབ་གྲོགས་དག་གིས་སྒེའུ་ཁུང་ནས་ང་ལ་ལྟད་མོ་ལྟ་བཞིན་ཁོ་ཚོའི་གདོང་དུ་འཆར་བའི་འཛུམ་མདངས་ནི་མག་ཅིང་མོག་ལ་གསོན་ཉམས་ལྡན་པ་ཞིག་ཀྱང་རེད།

     དགེ་རྒན་གྱིས་ང་ལ་དབྱུག་པས་ལན་འགའ་གཞུས་ན་ཅི་མ་རུང་སྙམ། ཡིན་ཡང་དགེ་རྒན་ཁོ་རང་ང་ལ་དབྱུག་པས་གཅིག་ཀྱང་མ་གཞུས་པར་བུད་སོང་འདུག་པས་ངའི་སེམས་པ་འདི་དབྱུག་པ་བརྒྱ་གྲངས་ཤིག་གཞུས་པ་ལས་ན་ཚ་ཆེ།  དུས་རྒྱུན་ང་རང་མལ་ཁྲི་འདིའི་ཐོག་ཏུ་ཉལ་ཐེངས་རེར་གྱང་ངོས་ཀྱི་སྒྱུ་རྩལ་བརྩམས་ཆོས་རྣམས་གསལ་ལེ་མཐོང་འོང་ལ་མཐོང་ནས་ཀྱང་སེམས་ལ་ན་ཟུག་རེར་རྒྱུག་འོང་།  དེའི་ཕྱིར་ངས་ལག་ཕྱིས་ཀྱིས་རི་མོ་དེ་དག་དྲི་མ་བཞིན་འབྱིད་ཨེ་ཐུབ་མི་ཐུབ་བྱེད་ཀྱང་རི་མོ་དེ་དག་ཀྱང་བཀྲ་ཤིས་ཕག་ཅན་གྱིས་བརྩམས་གནང་བའི་ཕུག་གི་བརྩམས་ཆོས་དེ་བཞིན།  སྨྱུ་གུའི་སྣག་ཚ་གྱང་གི་ནང་དུ་སིམ་ཟིན་པ་འདྲ།  གྱང་འདི་རྡུལ་དུ་མ་འགྱུར་བར་དུ་ཡལ་ཐབས་མེད་པ་འདྲ། དེ་རིང་ང་རང་མལ་ཁྲིའི་ཐོག་ཏུ་ཉལ་ནས་སྡོད་བཞིན་གྱང་ངོས་སུ་ལྟ་སྐབས་གྱང་ངོས་འདིའི་མདོག་དམར་སྨུག་ཏུ་འགྱུར་འདུག་ལ་རི་མོ་དེ་དག་གིས་མདོག་དེའི་ཁྲོད་ནས་ཚུར་གབ་ལྟ་བྱེད་བཞིན་མཆིས།   ཁོ་ཚོའི་རྣམ་འགྱུར་ནི་གསང་བ་ལྐོག་གྱུར་ཞིག་རེད།

        ཉི་འོད་དྭངས་མོ་ཞིག་སྒེའུ་ཁུང་བརྒྱུད་དེ་ཐད་ཀར་ངའི་མལ་ཁྲིའི་ཐོག་ཏུ་ཕོག་འདུག   ངས་འགྲེལ་ལོག་གཅིག་བརྒྱབ་སྟེ་ངའི་ངོ་གདོང་ཉི་འོད་དུ་བཞག་པ་དང་མིག་གིས་ཉི་འོད་དེད་ནས་སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁའ་ལ་ཅེར།   མིའི་སྒེའུ་ཁུང་ནི་ཉི་འོད་ཀྱིས་སྒོ་རུ་ངོས་བཟུང་པ་འདྲ། ཁོ་རང་དལ་ལྷོད་ལྷོད་ངང་ཡར་འཛུལ་ཡོང་བཞིན་འདུག  ཉི་མ་ནི་ནམ་མཁའི་དཀྱིལ་དུ་གསལ་ལྷང་ངེར་འདུག་ལ་དེ་ལས་ཟགས་ཡོང་བའི་འོད་སྣང་ཡང་དམར་སྨུག་རེད་འདུག  ངས་མགོ་བོ་འདི་ལྟར་ཉི་འོད་ཁྲོད་དུ་བསྲིངས་ནས་དུས་རྒྱུན་མིག་གི་ལྟ་ཙམ་ཡང་བྱེད་མི་ཕོད་པའི་ཉི་མ་ལ་དེ་རིང་ཡུན་རིང་ཅེར་ནས་བསྡད། ང་རང་ལོ་བཅུ་གཅིག་ལ་སོན་དུས་ཀྱི་འཇིག་རྟེན་འདིའི་ཁ་དོག་ནི་འདི་འདྲའི་དམར་སྨུག་ཅིག་རེད།

    ང་རང་ལོ་ན་བཅུ་གཅིག་ལ་སོན་སོང་བས་ད་ནི་ང་རང་ནར་སོན་སོང་སྙམ། ནར་སོན་པའི་དེ་རིང་གི་ང་རང་མལ་ཁྲི་འདིའི་ཐོག་ཏུ་གན་རྐྱལ་དུ་ཉལ་བཞིན་ང་རང་ནར་མ་སོན་པའི་སྐབས་སུ་ངས་བརྩམས་གནང་མཛད་པའི་རི་མོ་དེ་དག་ལ་ལྟ་སྐབས་ད་ནི་རི་མོ་དེ་དག་གི་གདོང་ལ་དམར་སྨུག་གི་མདངས་ཤིག་འཆར་བཞིན་ང་ལ་ཚུར་ལྟ་བཞིན་པ་ནི་ཅི་འདྲའི་ལྟ་ན་སྡུག་པ་ཞིག་རེད་ཨང་། དེ་རིང་གི་འཇིག་རྟེན་ཧྲིལ་པོ་འདི་ལྟར་སྙིང་ལ་རྗེ་བའི་དམར་སྨུག་ཏུ་འགྱུར་འདུག  དེ་ཡང་དེ་ལྟར་ལོས་ཡིན་ཏེ་ངས་ཉི་ཤེལ་དམར་སྨུག་ཅིག་བརྒྱབ་ནས་འཇིག་རྟེན་འདི་ལ་ལྟ་བཞིན་པས་སོ།།

       ང་ཚོའི་སྡེ་བའི་ཕོ་གསར་དེ་ཚོས་མིག་ཤེལ་དམར་སྨྱུག་ཅིག་བརྒྱབ་ཏེ། སྦག་སྦག་ཞོན་ནས་ངའི་འགྲམ་ནས་བྱ་འཕུར་བ་ལྟར་རྒྱུགས་སོང་ཚེ་ངའི་ལུས་ལ་རླུང་ཞིག་འུར་རེ་ལྡང་བ་དང་ང་ལའང་མིག་ཤེལ་དམར་སྨུག་དེ་འདྲ་ཞིག་བརྒྱབ་རྒྱུ་ཡོད་ན་ཅི་མ་རུང་སྙམ།  ངའི་གཅེན་པོ་བཀྲ་ཤིས་ཟླ་བ་ལ་ཡང་མིག་ཤེལ་དམར་སྨུག་དེ་འདྲ་ཞིག་བརྒྱབ་རྒྱུ་ཡོད།“ཨ་བུ།  ཁ་དྲོ། ང་ལ་མིག་ཤེལ་དེ་སྐར་མ་ཁ་ཤས་བརྒྱབ་བཅུག་རོགས”ངས་ཁོ་ལ་འདི་ལྟར་ཞུ་བ་ཡང་ཡང་བྱས་མོད།  ཡིན་ཡང་ཁོའི་གདོང་ནས་རྒན་པ་ཚོ་ལ་ལྡན་པའི་མཐོ་ཉམས་ཤིག་ཤར་འོང་སྟེ“ཕྲུག་ཆུང་ཆུང་གིས་མིག་ཤེལ་བརྒྱབ་ནས་ཅི་བྱེད།  གཞན་གྱི་ལོང་བར་ངོས་འཛིན་འོང”ཞེས་བཤད་བྱུང་བ་ན་ང་རང་ཁོའི་རྒན་པ་ཚོ་ལ་ལྡན་པའི་རྣམ་འགྱུར་ཐུན་མོང་ཅན་དེ་ལ་དགའ་བོ་མ་བྱུང་།   ང་ལ་ཕྲུག་གུ་ཆུང་ཆུང་ཟེར་བའི་སྐད་ཆ་དེ་ལ་རྩ་བ་ནས་དགའ་བོ་མ་བྱུང་།  ཡིན་ཡང་། ཁོ་རང་ཁྱིམ་ན་མེད་ཤུལ་དུ་ངས་ཁོའི་སྟོད་ཐུང་དང་སྣམ་བུ་ཡོད་ཚད་བསློགས་ནས་མིག་ཤེལ་དམར་སྨུག་དེ་ཡང་ཡང་བཙལ་མྱོང་།   ཕོ་གསར་རྣམས་ཀྱི་རྫིག་ཉམས་མངོན་བྱེད་ཀྱི་མིག་ཤེལ་དེ་ལ་ངའི་ཨ་བུ་ཟླ་བ་བཀྲ་ཤིས་ཀྱང་ཧ་ཅང་དགའ་བ་འདྲ་སྟེ།  གང་དུ་འགྲོ་ཡང་ཉི་ཤེལ་དེ་སྟོད་ཐུང་ནང་གོན་གྱི་པར་ཁུག་ནང་བཅུག་ནས་བུད་འགྲོ་བས་ང་ལའང་དེ་རྒྱག་པའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་རྙེད་དུ་མ་བཅུག

     རྒན་པ་ཚོའི་ཁ་ནས་ནར་སོན་པ་ཞེས་པ་དེ་ཐོན་དུས་ཐིགས་ཚད་བརྟན་པོ་ཞིག་མི་སྣང་།  ལ་ལས་ལོ་བཅུ་ལྔ་ལ་སོན་ན་ནར་སོན་པ་རེད་ཟེར།  ཡང་ཁ་ཤས་ཀྱིས་ལོ་ཉི་ཤུ་ལ་སོན་ན་ནར་སོན་པ་རེད་ཟེར། དེའི་བསྐོར་ལ་ངས་ངའི་ཨ་ཕའི་ཁ་ནས་སྐད་ཆ་ཡ་མཚན་ཞིག་ཐོས་མྱོང་།  ཨ་ཕས་ངའི་ཨ་ཁུ་བློ་ལྡན་ཕོ་ལོ་སུམ་བཅུར་སོན་ཡང་ནར་སོན་མི་འདུག་ཟེར། རྒན་པ་ཚོའི་སྐད་ཆ་དག་ཧ་ཅང་ཡ་མཚན་ཞིག་རེད།  ཡ་མཚན་ཡིན་ནའང་ང་ལྟར་ཕོ་ལོ་བཅུ་གཅིག་སོན་པ་དང་ནར་སོན་པའི་བཤད་སྲོལ་ཞིག་མི་འདུག   ཡིན་ཡང་དོན་དངོས་ཐོག་ང་རང་འདི་ལྟར་ཕོ་ལོ་བཅུ་གཅིག་ལ་སོན་མ་ཐག་ནར་སོན་སོང་།  དེའི་རྒྱུ་མཚན་ནི་ད་རུང་བཤད་སྲོལ་གཞན་ཞིག་ཡོད་པས་རེད།  བཤད་སྲོལ་དེར་བལྟས་ན་སློབ་གྲྭར་ཐོན་སོང་བ་དང་ནར་སོན་པ་རེད་ཟེར།   དེ་ནི་སློབ་གྲྭ་ཞེས་པ་དེ་བྱིས་པ་མང་པོ་ཞིག་མཉམ་དུ་འདུས་སྟེ་དགེ་རྒན་གྱིས་རེ་རེ་བཞིན་ལྕག་ཚན་གཞུ་ས་དེ་ཡིན་པས་ཕྱིར།  སློབ་གྲྭ་ནས་ཐོན་ཚེ་ཁྱོད་རང་ཉི་ཤེལ་དམར་སྨུག་གྱོན་པའི་ཕོ་གསར་ཚོ་དང་མཉམ་དུ་འགྲོ་བཞིན་མོ་གསར་ཚོར་སི་སྒྲ་རེ་བརྒྱབ་ཀྱང་ལྕག་ཚན་གྱིས་ཁྱོད་རང་འདེད་མཁན་མེད་པ་རེད།   ང་རང་ད་ལྟ་ལོ་བཅུ་གཅིག་ལས་སོན་མེད་ཀྱང་སང་ཉིན་ང་རང་སློབ་གྲྭ་ནས་ཐོན་འགྲོ་བས་ནར་སོན་སོང་བ་རེད།   ནར་སོན་རྗེས་ང་རང་མིག་ཤེལ་དམར་སྨུག་གྱོན་པའི་ཕོ་གསར་ཚོ་དང་མཉམ་དུ་འགྲོ་བསམ་པ་མ་ཟད་ཁོ་ཚོ་བཞིན་མིག་ཤེལ་དམར་སྨྱུག་ཅིག་ཀྱང་བརྒྱབ་འདོད་བྱུང་།

         དེ་རིང་ང་རང་ཉི་ཤེལ་དམར་སྨུག་གཅིག་བརྒྱབ་ནས་ཉལ་ཁྲི་འདིའི་ཐོག་ཏུ་ཉལ་བཞིན་གང་སར་བལྟས་པ་ན་འཇིག་རྟེན་འདི་ཡང་དམར་སྨུག་ཏུ་མཐོང་བས་ཡ་མཚན་པ་ལ་ཨང་སྙམ།   ད་དུང་ཡང་བྱིས་པ་བྱས་ནས་ལོ་ཁ་ཤས་བསྡད་དགོས་པའི་སློབ་མ་ཁ་ཤས་ཀྱིས་མིག་འོད་འཚེར་གྱིན་ང་ལ་ལྟ་བཞིན་འདུག  ངས་ཁོ་ཚོར་ཁ་ཡ་ཅི་ཡང་མ་བྱས་པར་ཉལ་བསྡད།    བར་སྐབས་ཤིག་ལ་ང་ལས་ལོ་ན་ཆེ་བའི་བྱིས་པ་ཞིག་འོང་ནས“ཨ་བུ་བཟོད་པ་ལོ་ལོ།  ང་ལ་མིག་ཤེལ་དེ་གཅིག་བསྐོན་བཅུག་དང་སྐར་གཅིག་ལས་མི་གོན”ཞེས་ཞུ་བ་བྱས་བྱུང་།    ངས་ཀྱང་རྒན་ཉམས་ཤིག་སྟོན་ཨེ་ཐུབ་མི་ཐུབ་བྱེད་བཞིན“ཕྲུག་གུ་ཆུང་ཆུང་གིས་མིག་ཤེལ་མ་རྒྱག  གཞན་གྱིས་ལོང་བ་རེད་སྙམ་འོང”ཞེས་ངའི་ཨ་བུ་བཀྲ་ཤིས་ཟླ་བས་ང་ལ་བཤད་མྱོང་བའི་སྐད་ཆ་དེ་སླར་ཟློས།  ངའི་མིག་ཤེལ་དམར་སྨུག་དེས་ངའི་རྒན་ཉམས་དེ་ཆེ་ཆེར་གཏོང་བ་འདྲ།  ཁོ་རང་མར་ཕྱིན་སོང་ལ་བྱིས་པ་བཞན་རྣམས་ཀྱིས་ང་ལ་ཡིད་སྨོན་དང་བཅས་བལྟ་བ་ལས་ལོ་ལོ་ཟེར་མ་བྱུང་། ངས་མིག་ཤེལ་དམར་སྨུག་དེ་བརྒྱབ་ནས་གཡས་གཡོན་གྱི་བྱིས་པ་རྣམས་ལ་རྒན་པ་ཚོའི་གཏམ་འདྲ་འདྲ་ཞིག་བཤད་གྲབས་བྱེད་སྐབས་སྒོ་ནས་མི་ཞིག་ཐོན་བྱུང་།    དེ་སུ་ཡིན་ནམ་སྙམ་གྱིན་མིག་ཤེལ་མར་བླངས་ཏེ་ལྟ་སྐབས་ཏག་ཏག་ངའི་ཨ་མ་རེད་འདུག  ཨ་མས་རྒྱབ་ཁུག་དེ་མར་ཕབ་པ་དང་ནང་གི་ཅ་ལག་དག་ཡར་བླངས་པ་ལས་ང་ལ་ལྟ་ཙམ་ཡང་བྱས་མ་བྱུང་།   ཨ་མས་ངས་མིག་ཤེལ་བརྒྱབ་པའི་ཚུལ་མཐོང་སོང་བ་མིན་ནམ་སྙམ་གྱིན་ངོ་ཚ་ཚད་མེད་སྐྱེས།   ངོ་ཚ་དེའི་རྐྱེས་པས་མིག་ཤེལ་པར་ཁུག་ནང་བཅུག་རྗེས་ཨ་མའི་ཕྱོགས་སུ་ཕྱིན་པ་ཡིན།    ཨ་མ་དང་ང་གཉིས་བར་གོམ་པ་ཁ་ཤས་ལས་མེད་ཀྱང་ང་རང་ཨ་མའི་ཕྱོགས་སུ་འགྲོ་བའི་བརྒྱུད་རིམ་དེའི་ཁྲོད་དུ་ང་ཇེ་ཆུང་ནས་ཇེ་ཆུང་དུ་ཕྱིན།  མཐར་བྱིས་པ་བསམ་མོད་ཅིག་ཏུ་གྱུར།

        ཨ་མས་རྒྱབ་ཁུག་ནང་གི་ཅ་ལག་དག་ཡར་ལེན་བཞིན་སང་ཉིན་རྫོང་ཁར་ཡིག་རྒྱུགས་སྤྲད་པར་འགྲོ་དུས་གཟབ་གཟབ་ཅི་ལྟར་བྱེད་དགོས་པ།  ད་དུང་བག་ལེབ་དང་ཕྱུར་བ་སོགས་ཇི་ལྟར་བཟའ་དགོས་ཚུལ་སོགས་རེ་རེ་བཞིན་བསླབ་བྱུང་བ་ན་བྱིས་པ་རྣམས་ཀྱི་མིག་ནང་ཡོད་པའི་ནར་སོན་ཟིན་པའི་ངའི་བསྡུས་གཟུགས་དེ་ཆབ་རོམ་བཞིན་བཞུས་སོང་། ངས་ཨ་མའི་བསླབ་བྱ་དག་གི་ལན་དུ“འོ་འོ།  ཡ་ཡ”ཞེས་ཟེར་གང་ཐུབ་བྱས་པ་ཡིན།  ཨ་མ་ཡུལ་དུ་ལོག་རྗེས།   ང་ཚོ་ལོ་རིམ་དྲུག་པའི་སློབ་མ་རྣམས་དེ་རིང་མཚན་མོའི་ཆེས་མཐའ་མཇུག་གི་དགེ་སློབ་ལྷན་འཛོམས་ལ་གྲ་སྒྲིག་བྱེད་པར་རྩོམ་བྱུང་།  ང་རང་གློ་བུར་བྱིས་པ་བསམ་མེད་ཅིག་ཏུ་འགྱུར་བའི་སྡུག་བསྔལ་དེ་རེ་ཞིག་གཏིང་བརྗེད་དུ་སོང་ལ་མགོ་བོ་ཇེ་མཐོ་རུ་བཀྱགས་ཏེ་སློབ་གྲོགས་ཚོ་དང་མཉམ་དུ་ཡིན་བསམ་བསམ་གྱི་ཟང་ཟིང་ལ་བྲེལ་བ་ཡིན།    འཛིན་གྲྭའི་ཀྲུ་རིན་ནས་ཀྱང་ང་དང་བཀྲ་ཤིས་ཕག་ཅན་གཉིས་བཏུང་བྱ་ཉོ་རུ་གཏོང་བྱུང་།   ང་གཉིས་ཀྱིས་སློབ་གྲོགས་རོགས་པ་གཉིས་བོས་རྗེས་ང་ཚོ་བཞི་བོ་དགའ་དགའ་སྤྲོ་སྤྲོའི་ངང་ཚོང་ཁང་གི་ཕྱོགས་སུ་རྒྱུགས་སོང་བ་ཡིན།  བཀྲ་ཤིས་ཕག་ཅན་སྤྲོ་བའི་བརྟས་ཚེ་ཁོའི་ཁ་ནས་སྐད་ཆ་འདྲ་མི་འདྲ་ཚང་མ་ལྦུ་བ་བཞིན་ཐོན་འོང་།   ང་རང་ཡང་ས་འཕག་རྡོ་འཕག་བྱེད་བཞིན་མདུན་ཕྱོགས་སུ་རྒྱུག་བཞིན་བཀྲ་ཤིས་ཕག་ཅན་ལ“ཁྱོད་རང་གིས་སྐད་ཆ་བཤད་དུས་ནང་དོན་སྙིང་བོ་ཞིག་ཡོད་དགོས”ཅེས་བཤད་པ་ཡིན།

       ངས་ནང་དོན་སྙིང་བོ་ཞེས་པ་དེ་ཅི་འདྲ་ཞིག་ལ་ཟེར་བ་མི་ཤེས་ཀྱང་ང་ཚོ་བོད་ཡིག་དགེ་རྒན་གྱི་སློབ་ཚན་མ་འཁྲིད་སྔོན་དུ་ནང་དོན་སྙིང་བོ་འཁྲིད་ཡོང་གི་ཡོད་པས་དེ་གཙོ་བོ་ཞིག་ཡིན་ས་རེད་སྙམ།    བཀྲ་ཤིས་ཕག་ཅན་གྱི་དང་པོ་བཏུང་བྱ་བཤད་ཀྱིན་ཡོད།  ཁོས་དགེ་རྒན་གྱི་སྤྲད་པའི་སྒོར་མོ་ཉིས་བརྒྱ་ཡར་བསྡོམས་མར་འཐེན་ཡང་ཡང་བྱེད་བཞིན་ཁོ་ལོ་ཅི་ཙམ་ཉོ་དགོས་པ་དང་ཅི་ལྟར་ཉོ་དགོས་པ་ཡང་ཡང་བཤད་བྱུང་།  ངས་བཏུང་བྱ་ཇི་ལྟར་ཉོ་བར་བསམ་བློ་གཏོང་སྐབས་ཁོས་བྱིའུ་མདའ་བཤད་བཞིན་འདུག  ཁོ་རང་ནི་ང་ཚོའི་འཛིན་གྲྭའི་ནང་གི་བྱིའུ་མདའི་ཆེད་མཁས་དེ་ཡིན་ཞིང་སུས་ཀྱང་ཁོའི་བྱིའུ་མདའ་བཟོ་རྩལ་དང་བརྒྱབ་རྩལ་མི་དོ།   ང་རང་ཡང་བྱིའུ་མདའ་ལ་ཧ་ཅང་དགའ་བས་ཁོས་བྱིའུ་མདའི་སྐོར་གླེང་བར་ནན་ཏན་གྱིས་ཉན་སྐབས་དེར་ཁོས་སྐད་ཆའི་ནང་དོན་གློ་བུར་བསྒྱུར་ཏེ་སང་ཉིན་ང་ཚོ་རྫོང་མཁར་ལ་ཅི་ལྟར་འགྲོ་དགོས་ཚུལ་བཤད་བྱུང་།  ངས་ཁ་ཕྱི་བསྐོར་ནས་བལྟ་དུས་ཁོ་རང་འཚབ་ཤིག་ཤིག་ངང་ངའི་རྗེས་འདེད་བཞིན་འདུག་ལ་ཁོ་རང་གི་མཆུ་ཏོ་གཉིས་པོ་ནི་རླུང་གི་བར་མེད་དུ་གཡོ་བའི་ཤིང་ལོ་བཞིན་ལྷུག་ལྷུག་གཡོ་བར་མཐོང་།  ཁོའི་ངང་ཚུལ་དེ་མཐོང་མ་ཐག་ང་ལ་སུན་སྣང་འགོག་མེད་གཅིག་སྐྱེས་བྱུང་བས “ཁྱོད་ཀྱི་སྐད་ཆ་ལ་ནང་དོན་སྙིང་བོ་མི་འདུག”ཅེས་བཤད་པ་ཡིན།   ང་གཉིས་ཀྱི་རོགས་པ་གཉིས་ནི་ང་ཚོའི་སྡེ་བའི་མིན་པས་འདྲེས་ཆ་དེ་འདྲ་མེད།   ཁོ་གཉིས་ཀྱང་རང་རང་གི་གསང་གཏམ་ཞིག་འཆད་བཞིན་འོང་བཞིན་འདུག

     ང་ཚོ་བཞི་བོས་བཏུང་བྱ་སྒམ་རེ་རེ་ཁུར་ནས་སློབ་ཁང་དུ་འཛུལ།    དུས་རྒྱུན་གྲལ་སྒྲིག་པའི་སྒྲོག་ཙི་དག་སྒོར་སྒོར་བསྒྲིགས་ཏེ་བཞག་འདུག་ལ་སློབ་གྲོགས་རྣམས་ཀྱང་སྒོར་སྒོར་བསྡད་འདུག    དཀྱིལ་གྱི་སྟོང་སར་བཟའ་རྒྱུ་བཏུང་རྒྱུ་རྣམས་སྤུངས་འདུག་པའི་ཁྲོད་དུ་སྒམ་བཞི་བོ་བཞག་རྗེས་ང་ཚོ་བཞི་བོ་ཡང་བསྡད་ས་སྟོང་པ་བཙལ་ནས་བསྡད།  དེ་རིང་གི་སློབ་ཁང་ཡོངས་སུ་དགོད་སྒྲ་དང་གླུ་དབྱངས་ཀྱིས་ཁེངས་ཤིང་འཛིན་གྲྭའི་ཀྲུ་རིན་ཡང་སློབ་མ་རེ་གཉིས་དང་མཉམ་དུ་དགོད་རྒྱུ་འདྲ་བཟོ་ནས་བསྡད་པ་ལས་གང་ལ་ཡང་ཇུས་གཏོགས་བྱེད་ཀྱི་མི་འདུག

       བཀྲ་ཤིས་ཕག་ཅན་དང་ང་གཉིས་བུ་མོ་འགའ་དང་མཉམ་དུ་བསྡད་པ་ལས་གཞན་སྡོད་ས་མི་འདུག   ང་གཉིས་སྣང་བ་མི་སྐྱིད་ཙམ་བྱུང་ཡང་སློབ་གྲོགས་རྣམས་ཀྱི་གླུ་དབྱངས་དང་དགོད་སྒྲས་མི་སྐྱིད་པ་ཡོད་དོ་རླུང་གིས་ཁུར་སོང་།   ང་གཉིས་ཀྱང་ཡོད་ཚད་བརྗེད་ནས་ཧ་ཧ་ཧོ་ཧོ་ཟེར་བཞིན་བསྡད་པ་ཡིན།   ང་གཉིས་འགྲམ་དུ་ཡོད་པའི་བུ་མོ་ཞིག་གིས “ཁྱོད་གཉིས་ལ་ནད་ཕོག་སོང་བ་ཨེ་རེད”ཟེར།  ངས “ང་གཉིས་ལ་སྨྱོན་ནད་ཕོག་སོང”ཞེས་བཤད་པ་དང་ཧ་ཧ་ཧོ་ཧོ་ཟེར་བཞིན་སྐད་ཆེན་པོས་དགོད་པ་ན་བུ་མོ་དེ་ཡང་ཐབས་ཤེས་མེད་པ་འདྲ།    ཁ་རོག་བསྡད་སོང་།

        བར་སྐབས་ཤིག་ལ་སུ་ཡིན་མི་ཤེས། གཅིག་གིས་གཞས་གཏོང་དགོས་ཟེར།   འཛིན་གྲྭའི་ཀྲུ་རིན་གྱིས་ལག་པས་འགྲོས་ཉམས་པའི་སྒོ་ནས་སྒྲོག་ཙི་རྡུང་བ་དང་ང་ཚོས་དམ་བེ་སྟོང་པ་ཞིག་གཅིག་གིས་གཅིག་ལ་མགྱོགས་ཤིག་ཤིག་གིས་བརྒྱུད་བསྐུར་བྱས།   འཛིན་གྲྭའི་ཀྲུ་རིན་གྱིས་རྡུང་མཚམས་བཞག་པའི་སྐབས་དེར་དམ་བེ་སུའི་ལག་ཏུ་ཡོད་ན་དེས་གླུ་ལེན་དགོས།   དམ་བེ་དེ་གླུ་དབྱངས་ལེན་ཤེས་པའི་སློབ་གྲོགས་ཤིག་གི་ལག་ཏུ་ཡོད་ཚེ་ཡིན་བསམ་བསམ་གྱིས་བླངས་ཤིང་གལ་སྲིད་གླུ་དབྱངས་ལེན་མི་ཤེས་པའི་སློབ་གྲོགས་ཤིག་གི་ལག་ནང་ཡོད་ན་ཁོ་ཚོའི་གདོང་ཡང་དམར་པོར་གྱུར་ལ་སྐད་འགོ་དམའ་བོས་བླངས་སོང་།   བར་སྐབས་ཤིག་ལ་དམ་བེ་དེ་ངའི་འགྲམ་གྱི་བུ་མོ་དེའི་ལག་ཏུ་སླེབས་ཡོད་པ་མཐོང་ཚེ་ངའི་སྙིང་ཁར་འུར་རེ་བྱེད།    ཡིན་ཡང་བུ་མོ་དེས་དམ་བེ་ཉར་ནས་བསྡད་པ་ལས་བརྒྱུད་བསྐུར་བྱེད་ཀྱི་མི་འདུག  རྒན་ལགས་ཀྱིས་སྒྲོག་ཙེ་རྡུང་མཚམས་གློ་བུར་བཞག་པ་དང་མོས་དམ་བེ་སྟོང་པ་དེ་ངའི་པང་དུ་འཕང་བྱུང་།    སློབ་གྲོགས་ཁ་ཤས་ཀྱིས་ང་ལ་འཛུབ་མོ་གཏད་དེ་འོ་འོ་ཟེར་ཞིང་ཁ་ཤས་ནི་བགད་རྒྱུ་ཅི་ཡང་མེད་ཀྱང་དགོད་བྱུང་།

      ང་རང་ནི་ངེད་ཚང་གི་མིང་སྲིང་དྲུག་གི་ནང་ནས་ཆེས་མཐའ་ཆུང་དེ་ཡིན།   གལ་སྲིད་ཁྱིམ་ཚང་ཞིག་ལ་བུ་མང་པོ་ཡོད་ན་ཆུང་བ་དེ་བླ་མ་བྱེད་རྒྱུ་དེ་ཕ་ཡུལ་གྱི་ལུགས་སྲོལ་མིན་མོད་གོམས་གཤིས་ལྟ་བུ་ཞིག་ཆགས་ཡོད་པ་འདྲ།  ཆུང་དུས་ནས་ཁྱིམ་མི་ཚོས་ང་ལ་འཁོར་བའི་བག་ཆགས་བཞག་པར་སྐྲག་པས་ཡིན་ནམ། ལས་ཀ་བྱེད་ས་དང་བག་སྟོན་བྱེད་ས། གཞས་འཆམ་ས་སོགས་ཟང་ཟིང་གི་གནས་སུ་གཏོང་གི་མེད།    དེའི་རྐྱེན་པས་ངས་ད་བར་དུ་གླུ་དབྱངས་ལེན་མ་མྱོང་ལ་གཞས་དེ་བས་ཀྱང་འཆམ་མ་མྱོང་།  ཡིན་ཡང་སློབ་གྲོགས་ཚོའི་འུར་སྒྲ་དང་དགོད་སྒྲ་འཇམ་སོང་།   འཇམ་ཐིང་ཐིང་ངང་ངའི་གླུ་ལ་བསྒུགས་འདུག གླུ་དབྱངས་ཅི་ཞིག་ལེན་དགོས་སམ་སྙམ་སྐབས།   ངའི་ཡིད་ལ་ཉིན་དུ་མའི་སྔོན་དུ་ཚོང་ཁང་མང་པོ་ཡོད་པའི་སྲང་བར་ན་གྲག་ཡོང་བའི་གླུ་དབྱངས་དེ་དྲན་བྱུང་།   ང་རང་སྲང་བར་ན་འཁྱམས་ཐེངས་རེར་གླུ་དབྱངས་དེས་ང་ལ་སྐྱོ་བ་འགོག་མེད་གཅིག་སྐྱེས་སུ་བཅུག    ངས་སྐྱོ་བ་དེའི་སྐོར་ལ་བསམ་བློ་མང་པོ་ཞིག་བཏང་མོད།  འགྲེལ་བཤད་ཡག་པོ་ཞིག་བརྒྱབ་ཐུབ་མ་སོང་། དེ་རིང་ང་རང་སློབ་གྲོགས་མང་པོའི་དཀྱིལ་དུ་སྐྱོ་བ་ཆ་མེད་དེ་སྐྱེས་བྱུང་ཞིང་དངངས་སྐྲག་ཡལ་བར་གྱུར།  ངས་སྲང་བར་དུ་ཐོས་མྱོང་བའི་སྒྲ་ཕབ་འཕྲུལ་ཆས་ནས་ཐོན་ཡོང་བའི་གླུ་དབྱངས་དེ་ལ་ལད་མོ་བྱས་ནས་འདི་ལྟར་དབྱངས་རྟ་ངག་གིས་འཐེན།

  རི་ལུང་མང་པོ་བརྒྱབ་ནས།

  མི་ཡུལ་ཕྱོགས་ལ་སླེབས་སོང་།

  བསམ་རྒྱུ་མེད་པའི་མི་ཡུལ།

  རང་སེམས་ཆགས་པ་མི་འདུག

  བྱམས་སེམས་ཅན་གྱི་སྐྱེད་མ།

  རྨི་ལམ་ནང་དུ་འཁོར་བྱུང་།

 ངའི་སྙིང་གཏམ་ཁྱེད་ལ་བཤད་ཀྱང་།

 ཁྱེད་ཀྱིས་ཐོས་ཀྱང་ཐོས་ཀྱི་མི་འདུག

་་་་་་་་་་་་་་་

    ངས་གླུ་དབྱངས་དེ་བླངས་ཚར་བ་དང་ཕྱོགས་བཞི་འུར་སྒྲ་དང་ཐལ་སྒྲས་ཁེངས།   སློབ་ཁང་གི་དཀར་ཆ་ཇེ་དོད་དུ་གྱུར་ཞིང་སློབ་གྲོགས་ཚོ་སྙིང་ཉེ་བར་འགྱུར་བའི་སྣང་བ་སྟེར།   དགེ་སློབ་ཚོས་ཡིད་སྨོད་ཀྱི་མིག་མདངས་ང་ལ་འཕང་བྱུང་།   ང་རང་འདི་ལྟར་ང་ཚོའི་འཛིན་གྲྭའི་ནང་དུ་ཐེངས་དང་པོ་ལ་དེང་རབས་ཀྱི་གཞས་གསར་ལེན་མཁན་དེར་གྱུར། ངས་བླངས་པའི་མིང་མི་ཤེས་པའི་གླུ་དབྱངས་འདི་ལ་སློབ་གྲོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ནའང་ངས་རང་ཡིན་གྱི་འགྲིན་པ་ནས་ཐོན་པའི་གླུ་དབྱངས་དེ་སྙན་དང་མི་སྙན་ཤེས་ཐབས་མི་འདུག   ང་རང་མར་བསྡད་པ་དང་ཉེ་འགྲམ་གྱི་སློབ་གྲོགས་ཤིག་གི་མགོ་བོ་ངའི་ཕྱོགས་སུ་བསྲེངས་འོང་སྟེ “སློབ་གྲྭར་ཐོན་རྗེས་ཁྱོད་རང་གླུ་བ་ཞིག་བྱེད་རྒྱུ་ཡིན་ནམ”ཟེར།  ངས “ང་རང་གླུ་བ་ཞིག་བྱེད་རྒྱུ་ཡིན”ཞེས་བཤད།  ཁོས “སྐབས་དེ་དུས་ང་རང་བརྗེད་མི་ཉན”ཞེས་བཤད་བྱུང་།

     གཞས་ལེན་མཚམས་རེ་ཞིག་ཆད་པ་དང་རྒན་ལགས་ཀྱིས་སླར་ཡང་ང་དང་བཀྲ་ཤིས་ཕག་ཅན་གཉིས་བོས་ཏེ “ཁྱོད་གཉིས་སོང་ལ་སྦི་རག་ཁ་ཤས་ཉོས་ཤོག”ཟེར།  ངས་རྒན་ལགས་ཀྱི་ལག་ནས་བརྒྱ་ལོ་གཉིས་པོ་དེ་བླངས་ཏེ་སྲང་ལམ་ཕྱོགས་སུ་སོང་།  མེ་རེས་སྦི་རག་སྒམ་གཉིས་རེ་ཁུར་ནས་རྔུལ་ཆུ་ནར་ནར་གྱིས་སློབ་ཁང་གི་སྒོ་ནས་ཡར་འཛུལ་ཡོང་དུས་དགེ་སློབ་རྣམས་ཀྱིས་གཞས་འཆམ་ནས་སྔར་ལས་ལྷག་པའི་ཟང་ཟིང་བྱེད་བཞིན་འདུག   བཀྲ་ཤིས་ཕག་ཅན་གྱིས་སྦི་རག་སྒམ་གཉིས་པོ་དགེ་རྒན་གྱི་འགྲམ་དུ་ཁུར་ཐལ་མོད།  ངས་ནི་ཟང་ཟིང་བྱེད་སྒང་དང་བསྟུན་ནས་སྦི་རག་སྒམ་གཉིས་པོ་ཐད་ཀར་ང་རང་བསྡད་སའི་སྒྲོག་ཙིའི་འོག་ཏུ་བཅུག་པ་ཡིན།

         ངས་སྦི་རག་ཤེལ་དམ་ཞིག་ལ་སོ་བརྒྱབ་ནས་ཁ་ཕྱེ་རྗེས་བཏུང་བྱ་བླུགས་སའི་དམ་བེ་སྟོང་པའི་ནང་དུ་བླུགས་རྗེས་བཏུང་བྱ་ཡིན་ཁུལ་གྱིས་འཐུང་ནས་བསྡད།   བཀྲ་ཤིས་ཕག་ཅན་ངའི་འགྲམ་དུ་སླེབས་དུས “སྦི་རག་སྒམ་གཉིས་པོ་གང་དུ་ཡོད”ཅེས་དྲིས་བྱུང་།  ངས་ཁོའི་ལན་དུ་ལག་ནང་གི་དམ་བེ་དེ་ཁོའི་ལག་ཏུ་བཞག་རྗེས “བཏུང་བྱ་འདི་ཧ་ལས་དགོས་པའི་ཞིམ་པོ་འདུག”ཅེས་བཤད་པ་ཡིན།   ཁོས་བདེན་དུ་བཟུང་ནས་ཁམ་གང་འཐུངས་སོང་སྦི་རག་གི་ཁུ་བ་ཁོའི་ཁ་ནང་བླུག་མ་ཐག་ཨེན་ཙམ་མིན་ན་མར་སྐྱུག་བྱུང་ལ་ཁོས་མིག་བགྲད་དེ་ང་ལ་བལྟས་རྗེས་དངངས་སྐྲག་ཆེན་པོས་རྒན་ལགས་ཀྱི་ཕྱོགསསུ་ལན་གཅིག་བལྟས།  རྒན་ལགས་ཀྱིས་སྦི་རག་བསྟུད་མར་འཐུང་བཞིན་སློབ་མ་ཆེ་གྲས་རྣམས་ལ་ཁ་བརྡ་བྱེད་བཞིན་བསྡད་པ་ལས་སྦི་རག་སྒམ་གཉིས་ག་སོང་ཆ་མེད་གྱུར་བར་ཚོར་མི་འདུག་ལ་ཁ་ཡ་ཡང་བྱེད་ཀྱི་མི་འདུག   དེ་ནས་བཀྲ་ཤིས་ཕག་ཅན་ཡང་ངའི་འགྲམ་དུ་ཙོག་བྱུང་ལ་ང་ལ་ལད་མོ་བྱེད་བཞིན་སྦི་རག་ཤེལ་དམ་གྱི་ཁ་ཕྱེ་རྗེས་དམ་བེ་ནང་ཧྲག་སྒྲ་དང་བཅས་བླུགས་སོང་།

        ང་གཉིས་ཀྱིས་སྦི་རག་ཤེལ་དམ་ཁ་ཤས་གྲོད་པའི་ནང་བླུགས་ཚར་རྗེས།   མིག་ལམ་དུ་གར་འཁྲབ་མཁན་གྱི་སློབ་གྲོགས་ཚོར་ཡང་སྒྱུ་མ་མཁན་ལྟ་བུ་ཞིག་ཏུ་གྱུར།  ངའི་ཁ་ཤུགས་ཀྱིས་འགུལ་མི་དགོས་པར་སྐད་ཆ་མང་པོ་ཞིག་ཆུ་བཞིན་བཞུར་བྱུང་། ངས་སྦི་རག་ཁམ་གང་མིད་པ་དང་ངའི་གདོང་ལ་གྲིབ་མ་ཞིག་ཕོག་བྱུང་།  དེ་ནི་ཆང་གིས་བཟི་བའི་མག་མོག་གི་འཁྲུལ་སྣང་ཞིག་ཡིན་ནམ་སྙམ་གྱིན་ངས་གློག་འོད་ཀྱི་ཕྱོགས་སུ་བལྟ་དུས་ངའི་འདུག་རོགས་གཡུ་སྒྲོན་ཟེར་བ་དེས་མགོ་བོ་ང་གཉིས་ཀྱི་ཕྱོགས་སུ་བྲིངས་ཡོང་ནས‚ཁྱོད་གཉིས་ཀྱི་ཅི་ཞིག་འཐུང་བཞིན་ཡོད་དམ”ཟེར། ཞིབ་པར་བལྟས་ན་མོ་ནི་ཙི་ཙི་ཞིག་དང་འདྲ་བར་སྣ་བར་མེད་དུ་འགུལ་བཞིན་འདུག ངས “སྦི་རག་འཐུང་གིན་ཡོད”ཟེར་དུས་མོས་སྣང་དོགས་མེད་པ་ང་གཉིས་ཀྱི་འདུན་དུ་ཙོག་བྱུང་ལ“་སྦི་རག་འཐུང་དགོས”ཞེས་བཤད་བྱུང་།

      ང་ཚོ་གསུམ་པོས་སྦི་རག་བསྟུད་མར་འཐུང་བཞིན་གོ་རིམ་མེད་པའི་སྐད་ཆ་ཇེ་མང་དུ་སོང་།  སྐབས་དེ་དུས་པེ་ཙི་དང་པེ་ཙི་ཏིང་སྒྲ་དང་བཅས་བརྒྱབ་པའི་ལུགས་སྲོལ་དེ་དར་མེད་པ་ན་ང་ཚོ་གསུམ་པོས་རང་རང་གི་ས་ན་ཡོད་པའི་དམ་བེ་ལྦུ་བ་སོབ་སོབ་དེ་ལེན་རྐྱང་བྱས་ནས་འཐུང་བ་ཡིན།  བར་སྐབས་ཤིག་ལ་ངའི་གདོང་གཡུ་སྒྲོན་གྱི་ཕྱོགས་སུ་ཕྱོགས་ནས “ཁྱོད་དང་བུ་མང་པོའི་བར་དུ་འབྲེལ་བ་ཡོད་ཟེར་བ་དེ་བདེན་ནམ”ཞེས་བཤད་དུས་ཆང་གིས་བཟི་བས་ཡིན་ནམ།   ངོ་ཚ་རྒྱུ་ཕར་ཞོག  ངའི་སྐད་ཆ་ལ་བདེན་ཅོག་ཅོག་གི་གདངས་ཤིག་ཐོན་འོང་།    དེ་བཞིན་མོའི་ངོ་གདོང་དམར་པོར་འགྱུར་བ་དང་དེ་སྦི་རག་གི་རྐྱེན་ལས་ངའི་དྲི་བ་དེའི་རྐྱེན་གྱིས་མིན་པ་འདྲ།   སྣང་དོགས་མེད་པ“བདེན་པ་མ་རེད”ཟེར།

    ང་རང་ལོ་རིམ་དྲུག་པར་སླེབས་པ་དང་ང་ཚོའི་འཛིན་གྲྭའི་ཀྲུ་རིན་གཟུགས་ཆུང་ཆུང་ཅན་དེས་ང་གཉིས་སྒྲོག་ཙེ་གཅིག་དང་རྐུབ་སྟེགས་གཅིག་གི་ཐོག་ཏུ་མཉམ་དུ་བསྡད་དུ་བཅུག དུས་དེ་ནས་བཟུང་ང་གཉིས་མིན་བསམ་བསམ་གྱིས་ལོ་གཅིག་གི་བསྡད་རོགས་སུ་གྱུར།  ང་གཉིས་དང་པོ་མཉམ་དུ་བསྡད་ནས་སློབ་ཚན་འཚོགས་སྐབས་མོས་ངའི་མིང་མི་འབོད་པར “ཕྲུག   ཕྲུག”ཅེས་འབོད་ཡོང་བས་ང་རང་ཁོང་ཁྲོ་ཚད་མེད་ལངས་མྱོང་།  དེའི་རྒྱུ་མཚན་ཡང་མོ་རང་ནི་འཛིན་གྲྭ་འདིའི་ལོ་ཆེ་གྲས་དང་ང་རང་ནི་ཆུང་གྲས་ཡིན་པས་རེད།  ང་རང་ཨ་མའི་མངལ་ནས་ཐོན་དུས་ནས་ནར་སོན་ཟིན་པ་དང་འདྲ་བར་མི་གཞན་གྱིས་ང་ལ་ཕྲུག་གུ་ཞེས་འབོད་ཡོང་དུས་ཁོང་ཁྲོ་གཏིང་ནས་ལངས་ཡོང་གི་ཡོད།  དེའི་རྒྱུ་མཚན་གྱིས་གཡུ་སྒྲོན་དང་ང་གཉིས་ཀྱིས་སྒྲོག་ཙེ་དང་རྐུབ་སྟེགས་ཀྱི་དཀྱིལ་དུ་ས་སྨྱུག་གིས་མཚམས་ཐིག་བྲིས་ནས་ཕྱེད་ཀར་བསྒོས།   གལ་སྲིད་སོ་སོའི་སློབ་དེབ་དང་ཤོག་བུ།  སྨྱུ་གུ ལག་པ་སོགས་མཚམས་ཐིག་དེ་ལས་བརྒལ་བ་ན་ཁུ་ཚུར་རེ་གཞུ་རྒྱུ་བྱས་པ་ཡིན།   སྒྲོག་ཙེ་དང་རྐུབ་སྟེགས་དཀྱིལ་གྱི་ས་སྨྱུག་གི་རི་མོ་དཀར་པོ་དེ་རིམ་གྱིས་ཡལ་འགྲོ་བ་དང་ང་གཉིས་ཀྱང་འདྲེས་པར་གྱུར།    ཡིན་ཡང་བཀྲ་ཤིས་ཕག་ཅན་དང་བཅས་པའི་ངའི་གྲོགས་པོ་ཚོས་གཡུ་སྒྲོན་དང་ཚུལ་མིན་གྱི་འབྲེལ་བ་ཡོད་པའི་སློབ་མ་བུ་ཁ་ཤས་ཡོད་པ་མ་ཟད་སྤྱི་ཚོགས་ཁྲོད་ཀྱི་ཕོ་གསར་ཡང་ཁ་ཤས་ཡོད་ཟེར།

         དེ་རིང་མོས་ང་ལ་ཕྲུ་གུ་ཞེས་མི་འབོད་པར་ངའི་མིང་ནས་བོས་བྱུང་ལ “ཁྱོད་དང་འཛིན་གྲྭ་ཁ་པའི་བུ་མོ་གསལ་སྒྲོན་མ་གཉིས་མིང་མཉམ་དུ་བཏགས་པ་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན”ཟེར།

ངས་ལན་དུ “གསལ་སྒྲོན་མ་ང་གཉིས་འོ་ཞིག་བྱེད་མྱོང་བ་ཙམ་ལས་གཞན་གང་ཡང་བྱེད་མ་མྱོང”ཞེས་བཤད་པ་ཡིན།   མོ་རང་ཧ་ཧ་ཧོ་ཧོ་ཡ་ཟེར་ནས་དགོད་བྱུང་ལ་ངའི་གཡས་སུ་ཡོད་པའི་བཀྲ་ཤིས་ཕག་ཅན་ཡང་ཕག་པས་ཅ་ཅོ་སྒྲོག་པའི་གདངས་ཀྱིས་དགོད་བྱུང་།     སྐབས་དེར་ཞབས་བྲོ་འཁྲབ་བཞིན་པའི་སློབ་མ་རྣམས་ཀྱིས་ཞབས་བྲོའི་མཚམས་བཞག་ནས་ང་ཚོ་ལ་ཅི་བྱུང་མ་ཤེས་པར་ཧད་བྱུང་།

     དེ་ནི་ནམ་ཟླ་དབྱར་ཁའི་ཉིན་གུང་ཞིག་སྟེ་ནམ་མཁའ་རུ་སྤྲིན་པ་ཡོད་མེད་མི་ཤེས་ཀྱང་ཚ་བ་ཤིན་ཏུ་ཆེ།  སློབ་གྲོགས་རྣམས་ཉལ་ཟིན་ཞིང་སློབ་རའི་ཁོར་ཡུག་ཀུན་ངལ་གསོ་བཞག་ཟིན་པ་བཞིན་འཇམ་ཐིང་ཐིང་རེད་ལ་དུས་རྒྱུན་ཀཱ་བ་ཀཱ་བ་ཟེར་རྒྱུར་དགའ་བའི་ཕོ་རོག་དེ་དག་ཀྱང་སློབ་རའི་ཟུར་ཞིག་ཏུ་སྤུངས་པའི་གད་སྙིགས་ནང་མགོ་འཁོར་ནས་འདུག ངས་བྱེ་མས་ཁེངས་པའི་སློབ་རའི་དཀྱིལ་དུ་རྡོ་རལ་ཞིག་ཕར་འདེད་ཚུར་འདེད་བྱེད་བཞིན་ཚ་བ་ཆེ་བའི་དུས་ཚོད་དེ་ཕར་བསྐྱལ་ཅི་ཐུབ་བྱས།  སྐབས་དེར་གསལ་སྒྲོན་མ་སློབ་གྲྭའི་གསང་སྤྱོད་ནས་མར་ཐོན་ཏེ་ང་ལ་གསང་བ་ཆེན་པོ་ཞིག་བཤད་བྱུང་།  མོས་ཕར་ལྟ་ཚུར་ལྟ་ལན་འགའ་བྱེད་པ་དང་མི་སུ་ཡང་མེད་པ་ཤེས་རྗེས “སློབ་གྲྭའི་རྒྱབ་ཀྱི་ལྡུམ་རའི་ནང་གི་རྒྱ་ལེ་སྡོང་པོ་རྣམས་ལ་རྒྱ་ལེ་དམར་ལ་ཆེ་བ་མང་པོ་བཏགས་འདུག  དེ་རིང་ཕྱི་དྲོ་ང་གཉིས་རྒྱ་ལེ་བརྐུ་བྱེད་དུ་འགྲོ་ན་ག་འདྲ་རེད”ཟེར།  མོས་ཡ་ང་བའི་གདོང་གིས་རྣམ་འགྱུར་གྱིས་རྒྱ་ལེ་དེ་དག་གི་རྣམ་པ་དང་ཆེ་ཆུང་ཚང་མ་གསལ་བཤད་བྱས་བྱུང་བས་ཚ་བ་ཆེ་བའི་ཉིན་དེར་ངས་ཁ་ཆུ་ཡང་ཡང་མིད་དགོས་བྱུང་བས་དགེ་རྒན་གྱིས་ལྕག་ཚན་གཞུ་པའི་ཉེན་ཁ་ཡང་རེ་ཞིག་བརྗེད་དེ་མོས་མཐུན་བྱས་པ་ཡིན།

         གསལ་སྒྲོན་མ་ནི་ངའི་གྲོང་རོགས ཡིན་ཞིང་ང་གཉིས་མཉམ་དུ་རྩེད་མོ་རྩེ་བཞིན་འཚར་ལོངས་བྱུང་།   མོ་རང་ང་ལས་ལོ་ན་ཅུང་ཆེ་བས་རྩེད་མོི་རྩེ་ཡང་གྲོས་མགོ་རྣམས་མོས་སྟོན་པར་བྱེད།           མོས་གཅིན་གཏོང་དུས་མར་ཙོག་སྟེ་གཏོང་བའི་ཁྱད་པར་ཙམ་ལས་ང་དང་ཅུང་མི་འདྲ་བའི་བུ་མོ་ཞིག་ཡིན་པ་ངའི་ཡིད་ལ་འཁོར་མ་མྱོང་།     ཉིན་དེར་མོས་གཟབ་ནན་གྱིས “གསང་བ་འདི་སུ་ལའང་བཤད་མི་ཆོག”ཟེར། ཉིན་དེའི་ཕྱི་དྲོར་སློབ་གྲོགས་ཚོས་རང་སྦྱོང་བྱེད་བཞིན་པའི་དུས་སུ་ང་གཉིས་ཁ་རོག་མར་སློབ་རའི་ལྕགས་རི་བརྒལ་ནས་རྒྱབ་ཀྱི་མེ་ཏོག་ལྡུམ་རའི་ནང་སོང་།   གང་སར་རྩྭ་དང་ཁ་དོག་མི་འདྲ་བའི་མེ་ཏོག་གིས་ཁེངས་འདུག་ལ་རྒྱ་ལེ་སྡོང་པོ་དང་ཁམ་བུའི་སྡོང་བུའི་འབྲས་བུ་དག་འདབ་མས་ཀྱང་གབ་མ་ཐུབ་པར་ཕྱིར་མངོན་འདུག  ང་གཉིས་རྒྱ་ལེ་ལྡུམ་པོ་རེ་རེ་བརྒྱུད་དེ་གང་དེ་མངར་བ་ཡོད་པར་བལྟས། མངར་མོ་མིན་པ་རྣམས་ཁམ་གང་ཟོས་རྗེས་ཐད་ཀར་རྩྭ་གསེབ་ཏུ་འཕང་པ་ཡིན།   མཐར་འབྲས་བུ་དམར་ལ་ཆེ་བ་ཡོད་པའི་རྒྱ་ལེ་སྡོང་པོ་ཞིག་ལ་འཛེགས་ཏེ་རྒྱ་ལེ་མང་པོ་བཏོགས་རྗེས་དེ་རྣམས་རྩྭ་གསེབ་ཏུ་སྤུངས་ནས་བཟའ་བཞིན་བསྡད་པ་ཡིན།

     ང་གཉིས་འགྲང་ནས་ཙོག་མི་ཐུབ་པར་འགྱུར་ཡང་རྩྭའི་ཁྲོད་དུ་ཉལ་བཞིན་སླར་ཡང་ཟོས།   བར་སྐབས་ཤིག་ལ་ངས་ལྕེ་ལེབ་མར་བརྐྱངས་ནས་ཨ་མཐོང་མི་མཐོང་བྱེད་ཚེ་རྒྱ་ལེ་ཁུ་བས་ཚོས་ནས་སྐྱ་བོར་གྱུར་ཟིན་པའི་ལྕེ་རྩེ་མཐོང་བྱུང་།  དུས་དེར་སློབ་རའི་ནང་རང་སྦྱོང་བྱེད་པའི་སྒྲ་དག་རིམ་གྱིས་དགོད་སྒྲ་རུ་གྱུར།    ང་གཉིས་ཀྱིས་སློབ་རའི་ནང་གི་འུ་སྒྲ་དེ་དག་ལ་ཁ་ཡ་མ་བྱས་པར་འཇམ་ཐིང་ཐིང་གི་ལྡུམ་ར་དེ་ན་ཉལ་ནས་བསྡད།     གསལ་སྒྲོན་མས་ང་ལ་ལད་མོ་བྱས་ཏེ་ལྕེ་ལེབ་ངའི་ཕྱོགས་སུ་བསྲེངས་བྱུང་།      མཚམས་སྤྲིན་ཡལ་སོང་ལ་སློབ་རའི་ནང་གི་འུར་སྒྲ་ཡང་རིམ་གྱིས་འཇགས་སོང་།  ངས་ཀྱང་ལྕེ་ལེབ་མོའི་ཕྱོགས་སུ་བསྲེངས་ནས་མོའི་ལྕེ་རྩེ་ལ་ཐུག་ཙམ་བྱས་པ་ཡིན།  མོའི་ལྕེ་རྩེ་ལས་རྒྱ་ལེའི་བྲོ་བ་དང་འོ་མའི་བྲོ་བ་འདྲེས་པའི་ནེམ་ཤ་ཅན་གྱི་རོ་ཁྱད་པར་བ་ཞིག་འདུག  མོས “ཨ་གོ་ལོ་ལོ།   ལྟོགས་ཡོད་འགྲོ   ནུ་མ་ནུས་ཤིག”ཟེར།  ང་རང་ཡང་བྱིས་པ་ཆུང་ཆུང་ཞིག་ཡིན་ཁུལ་གྱིས་མོའི་ལྕེ་ལེབ་ནུས་པ་ཡིན།  ངས་ནུ་མཚམས་བཞག་དུས་མོ་རང་ནི་གྲག་འགུལ་ཅི་ཡང་མེད་པར་གཉིད་དུ་ཡུར་འདུག  མོ་རང་གཉིད་པའི་ཉམས་ང་བོ་དེའི་ནད་དུག་ཕོག་པ་བཞིན་ངའི་མིག་ཤུགས་ཀྱིས་བགྲད་ཀྱང་རང་དབང་མེད་པར་ཚུམ་ཤོར།

     ང་རང་དང་པོ་གཉིད་ལས་སད་ཅིང་མུན་པ་རུབ་ཟིན་པ་མཐོང་མ་ཐག་འཚུབ་ཆ་དང་བཅས་གསལ་སྒྲོན་མ་སློང་། མོའི་གདོང་གི་ད་དུང་ཡང་ཅུང་ཉལ་སྙིང་འདོད་གི་ཟེར་བ་དང་འདྲ་བའི་ཉམས་འགྱུར་གསལ་ལ་མི་གསལ་བ་དེ་མཐོང་མ་ཐག་ངའི་སྐྲག་སྣང་ཡང་རིམ་གྱིས་ཡལ་འགྲོ ངས“ད་ལྟའི་རྨི་ལམ་ནང་ངས་ཁྱོད་ཀྱི་ལྕ་ལེབ་ནུ་བཞིན་པ་རྨིས་བྱུང”ཞེས་བཤད་པ་ཡིན། མོས“དེ་ནི་རྨི་ལམ་མ་རེད། ང་གཉིས་གཉིད་དུ་མ་ཡུར་གོང་ཁྱོད་ཀྱིས་ངའི་ལྕེ་ལེབ་ནུ་བཞིན་ཡོད”ཟེར། ང་གཉིས་ནི་མུན་པ་བརྒལ་བའི་སྤྲང་པོ་གཉིས་དང་འདྲ་བར་ལྕགས་རི་བརྒལ་ནས་སློབ་རའི་ནང་དུ་ཅི་བྱེད་འདི་བྱེད་མེད་པར་འགྲོ་སྐབས་གློ་བུར་རྒྱབ་ཕྱོགས་སུ་གློག་འོད་དཀར་ལྷང་ལྷང་དུ་བཀར་བྱུང་ལ “ཀི   ཆུ་ཚོད་བཅུ་གཉིས་ཟིན་ནའང་ཁྱོད་གཉིས་སྐྱག་པ་གང་ཟ་རུ་སོང་བ་ཡིན”ཞེས་བོས་བྱུང་། ང་གཉིས་སྐྲག་ཐག་ཆོད་ནས་ཁ་ཕྱིར་བསྐོར་དུས་གློག་སྒྲོན་ཐད་ཀར་གདོང་ཐོག་ཏུ་ཕོག་པས་ཕ་རོལ་མི་མཐོང་ནའང་སྐད་ཆ་ལས་ལྷ་ས་ནས་ཡིན་པའི་ང་ཚོའི་འཛིན་གྲྭའི་ཀྲུ་རིན་དེ་ཡིན་པ་ཤེས།

      “གང་དུ་སོང་བ་ཡིན”

    “ང་གཉིས་གློག་བརྙན་བལྟ་བར་སོང”

    “ཡ་ཡ།  ངས་དེ་རིང་མཚན་གང་ཁྱོད་གཉིས་ལ་གློག་བརྙན་བལྟ་རུ་བཅུག་གོ”ཟེར།

        དགེ་རྒན་གྱིས་ང་གཉིས་བྱེ་མས་ཁེངས་པའི་སློབ་རའི་དཀྱིལ་དུ་དམག་མི་གཉིས་ལྟར་ཀྲོང་ངེར་འགྲེང་དུ་བཅུག་རྗེས “དེ་རིང་གི་ནམ་མཁའ་འདི་གློག་བརྙན་རེད།  ཁྱོད་གཉིས་ཀྱིས་མཚན་གང་ལྟོས་ཨ”ཟེར་བ་དང་ང་གཉིས་ཀྱི་མགོ་བོ་ཡར་བཀྱགས་ནས་ནམ་མཁའ་རུ་བལྟ་བཅུག་བྱུང་།   དགེ་རྒན་གྱིས་ང་གཉིས་བསྐོར་བ་ལན་འགའ་བརྒྱབ་རྗེས་ཁོ་རང་ཉལ་བར་ཕྱིན་སོང་། ཉིན་དེའི་ནམ་མཁའ་ལ་སྤྲིན་པ་ཡོད་མེད་མི་ཤེས་ཀྱང་ཟླ་བ་སྐྱ་བོ་ཞིག་ངའི་མགོ་ཐོག་ཏུ་གཡོ་བ་མེད་པར་གནས་ཡོད་པ་མཐོང་། ངས་ཟླ་བ་དེ་ལ་ཞིབ་ལྟ་བྱེད་བཞིན་བྱེད་བཞིན་དེ་ནི་རྒྱ་ལེབ་ཁུ་བས་ཚོས་པའི་གསལ་སྒྲོན་མའི་ལྕེ་སྐྱ་བོར་གྱུར་སོང་།   ང་རང་ནི་མཚན་གཞུང་གི་བྱེ་ཐང་ཞིག་ཏུ་འགྲེང་ནས་ནམ་མཁར་ན་གཡོ་བ་མེད་པར་གནས་པའི་ལྕེ་ལེབ་སྐྱ་བོ་ཞིག་ལ་བལྟ་བའི་སྣང་ཚུལ་ཡིད་ལ་ཤར་བ་དང་རྒྱུ་མཚན་མེད་པའི་སྐྱོ་བ་ཞིག་གིས་ལུས་ཡོངས་ཀྱི་ཁྲག་དམར་དག་ལྷུག་ལྷུག་གདུ་བར་རྩོམ།    དེའིི་ངོས་ཀྱི་རླངས་པ་དག་ངའིི་མིག་ལ་འཕོས་པས་མིག་ཆུ་རང་དབང་མེད་པར་ཤོར།   མགྲིན་པ་ནས་ཀྱང་ངུ་སྒྲ་བར་མེད་དུ་ཐོན་བྱུང་།  ང་རང་འདི་ལྟར་ཅི་བྱུང་མི་ཤེས་པར་ངུས་པས་གསལ་སྒྲོན་མ་སྐྲག་ནས “རྒན་ལགས།  རྒན་ལགས”ཅེས་བོས་བྱུང་།

      དགེ་རྒན་ཡང་སྒོ་ནས་ཐོན་བྱུང་ལ་ང་རང་ངུ་བཞིན་པ་མཐོང་མ་ཐག “རང་གིས་རང་ལ་གཅིག་ལྟོས་དང་།  སྐྱེས་པ་ཕོ་ཞིག་དང་འདྲའམ”ཞེས་ཟེར་རྗེས “ཉལ་ལ་སོང”ཟེར་བྱུང་།  ང་རང་ངུ་བཞིན་ངུ་བཞིན་ཉལ་ཁང་གི་ཕྱོགས་སུ་སོང་བ་ཡིན།  ཕྱི་ཉིན་ཉིན་ཕྱེད་ཙམ་ལ་ང་རང་སློབ་རའི་བྱེ་མའི་ཀློང་དུ་རྡོ་རལ་ཞིག་འདེད་བཞིན་ཕར་འགྲོ་ཚུར་འོང་བྱེད་སྐབས།  མཁའ་དབུགས་ཡོད་ཚད་ཉིན་སྔོན་མ་བཞིན་འཇམ་ཐིང་ཐིང་ཞིག་མ་རེད།  སློབ་གྲྭའི་གད་སྙིགས་ནང་དུ་ཕོ་རོག་རྣམས་ཀྱིས་བཟའ་རྒྱུ་ཞིམ་པོ་ཞིག་རྙེད་པ་འདྲ་སྟེ་འཁྲུག་རྩོད་བྱེད་པའི་གཡུལ་ཆེན་པོ་ཞིག་བཤམས་ཏེ་སྐད་ཅོར་འདྲ་མིན་སྒྲོག་པར་བྱེད།    དུས་མཚུངས་སུ་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཁ་ཤས་གསང་བ་ཅི་ཞིག་ཡོད་པ་བཞིན་འཛུམ་མདངས་ཡ་མཚན་ཞིག་སྟོན་བཞིན་བུ་མོའི་ཉལ་ཁང་གི་ཕྱོགས་སུ་བསྐྱོད་སོང་།

      “གསལ་སྒྲོན་མ་དང་བཟོད་པ་ཐོད་བྱེ། གསལ་སྒྲོན་མ་དང་བཟོད་པ་ཐོད་བྱེ”སློབ་མ་ཆུང་ཆུང་དག་གིས་འདི་ལྟར་དབྱངས་སུ་ཟློས་པ་གོ་བས “བཟོད་པ་ཐོད་བྱེ”ཞེས་པ་དེ་ངའི་མིང་ཡིན་ཨང་སྙམ་གྱིན་ཁོ་ཚོའི་ཕྱོགས་སུ་བལྟ་སྐབས། གསལ་སྒྲོན་མའི་ངོ་གདོང་ཁྲོས་ཏེ་དམར་པོར་གྱུར་ནས་མ་རབས་ལ་དགའ་བའི་སློབ་མ་ཆུང་ཆུང་རྣམས་ཕར་དེད་ཚུར་དེད་བྱེད་བཞིན་འདུག  ངས་རྡོ་རལ་ཆུང་ཆུང་དེ་འདེད་བཞིན་བུ་མོའི་ཉལ་ཁང་གི་ཕྱོགས་སུ་སོང་བ་ན་སློབ་མ་ཆུང་ཆུང་དེ་དག་གིས་ང་ལ་བསྐོར་བ་བརྒྱབ་ནས “བཟོད་པ་ཐོད་བྱེ་དང་གསལ་སྒྲོན་མ། ཁྱོད་གཉིས་མཚན་མོ་གང་དུ་སོང་བ་ཡིན།  ཨ་ལ་ལ་ངོ་མི་ཚ”ཟེར།   གསལ་སྒྲོན་མས་ང་མཐོང་མ་ཐག་ངོ་ཚ་ནས་ངོ་གདོང་དམར་པོར་གྱུར་སོང་ལ་ཉལ་ཁང་དུ་ཡར་འཛུལ་སོང་བ་ལས་དུས་རྒྱུན་བཞིན་ཁ་ཡ་བྱས་མ་བྱུང་།  སློམ་མ་ཆུང་ཆུང་དེ་ཚོས་སྔར་བཞིན་ང་རང་བསྐོར་ནས་གསལ་སྒྲོན་མ་དང་ངའི་མིང་བར་དུ་དང་སྒྲ་སྦྱར་བར་བྱེད་མོད།  ངས་ཁོ་ཚོ་ལ་ཁ་ཡ་མ་བྱས་པས་ཟས་ཀྱིས་འགྲང་པའི་ཕོ་རོག་བཞིན་ཅུང་ཙམ་ནས་སོ་སོ་ཐོར་སོང་།

     ངས་སྦི་རག་ཁམ་གང་མིད་རྗེས་གཡུ་སྒྲོན་གྱི་དྲི་བའི་ལན་དུ “གསལ་སྒྲོན་མ་ང་གཉིས་འོ་ཞིག་བྱེད་པ་ལས་གཞན་ཅི་ཡང་བྱེད་མ་མྱོང”ཞེས་བཤད་ཚར་བ་དང་ཆེས་མཐའ་མཇུག་གི་དགོང་ཚོགས་གྲོལ་སོང་། ཕྱི་རོལ་དུ་ཆར་བ་ཆེན་པོ་ཞིག་འབབ་བཞིན་འདུག  བཀྲ་ཤིས་ཕག་ཅན་དང་ང་།  གཡུ་སྒྲོན་བཅས་པའི་སློབ་གྲོགས་ཁ་ཤས་ཆར་བའི་ཁྲོད་དུ་ཤགས་པོ་ཤ་འགྲིག་བྱེད་བཞིན་གླུ་དབྱངས་ཤུགས་ཀྱིས་བླངས་པ་ཡིན།  ངའི་གཡས་ཕྱོགས་སུ་ཡོད་པའི་བཀྲ་ཤིས་ཕག་ཅན་གྱིས་སྐད་ཅོར་ཕག་གི་ང་རོ་ལྟ་བུ་ཞིག་སྒྲོག་བྱུང་བས་ངས་གཞི་ནས་རང་ཉིད་ཀྱི་སྐྲ་ལོ་དང་ངོ་གདོང་།  སྟོད་གོས་ཐམས་ཅད་ཆར་བས་བརླན་ཟིན་པ་ཤེས་བྱུང་ལ་སང་ཉིན་ཞོགས་པར་རྫོང་མཁར་འགྲོ་དགོས་ཨང་། རྫོང་མཁར་ཞེས་པ་ཅི་འདྲ་ཞིག་ཡོད་དམ་སྙམ།

        དེ་རིང་ངས་ཨ་མ་ལ་བོད་ལྭ་སྤུས་དག་ཅིག་ཉོས་ཏེ་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་ལ་བསྐུར་རྗེས།   གླ་གཏོང་རླངས་འཁོར་ཞིག་གི་ནང་དུ་འཛུལ་མ་ཐག  གླ་གཏོང་རླངས་འཁོར་གྱི་ནང་དུ་སློབ་ལྭ་གྱོན་པའི་སློབ་མ་ཆུང་ཆུང་ཞིག་བསྡད་འདུག  རླངས་འཁོར་དེ་རྫོང་མཁར་ཡོད་པའི་ངའི་སྡོད་གནས་ཀྱི་ཕྱོགས་སུ་བསྐྱོད་པ་དང་ངས་ངའི་འགྲམ་དུ་ཡོད་པའི་སློབ་ཕྲུག་དེ་ལ་ཞིབ་ལྟ་ཞིག་བྱས།  སློབ་ཕྲུག་དེས་སྒེའུ་ཁུང་བརྒྱུད་དེ་རྫོང་མཁར་གྱི་དངོས་པོ་ཀུན་ལ་མཚར་སྣང་དང་བཅས་ལྟ་བཞིན་འདུག  ངས་ཕྲུ་གུ་དེ་མཐོང་མྱོང་མྱོང་འདྲ་པོ་ཞིག་འདུག་པས“བུ།  ཁྱོད་རང་ས་ཆ་གང་ནས་ཡིན།   མིང་ལ་ཅི་ཟེར”ཞེས་དྲིས་པས་ཁོས་སྒེའུ་ཁུང་ཕྱི་རོལ་དུ་བལྟ་བའི་མིག་དེ་ཚུར་བླངས་རྗེས་སྣང་དོགས་མེད་པར “ང་རང་བྱིས་གྲོངས་ནས་ཡིན།  མིང་ལ་བཟོད་པ་ཐོད་བྱེ”ཟེར་ཞེས་བཤད་བྱུང་།  ངས་གཞི་ནས་ཁོ་རང་དྲན་གསོས་སོང་། ཁོ་རང་ནི་ཏག་ཏག་ལོ་བཅུ་གཅིག་ལ་སོན་པའི་ང་རང་རེད། ང་རང་ལོ་བཅུ་གཅིག་ཡིན་སྐབས “ངའི་ང་ལ་བཟོད་པ་ཐོད་བྱེ”ཟེར་ཞེས་རང་ཉིད་ངོ་སྤྲོད་ཡང་ཡང་བྱེད་མྱོང་། སྐབས་དེ་དུས་ཐོད་བྱེ་ཞེས་པ་དེ་མིང་ངན་ཞེས་སུ་ངོས་འཛིན་གྱིན་མེད།  དེའི་ཕྱིར་ངའི་ཁྱིམ་མི་རྣམས་ཀྱིས་ང་ལ“དུས་རྒྱུན་མི་གཞན་གྱིས་མིང་འདྲི་ཡོང་དུས ‘ང་ལ་བཟོད་པ་ཐོད་བྱེ་ཟེར’ཞེས་བཤད་མི་ཉན། མི་གཞན་གྱིས་ཁྱོད་ལ་ཐོད་བྱེ་ཟེར་ན་ཡག་པོ་འདུག་གམ”ཞེས་དམའ་འབེབ་ཡང་ཡང་བྱེད་འོང་མོད། ངས་རང་གིས་རང་ལ་ཐོད་བྱེ་ཟེར་བའི་ཁ་རྒྱུག་དེ་རྩ་བ་ནས་དོར་མ་ཐུབ། དེ་རིང་ལྟོས་དང་། ལོ་བཅུ་གཅིག་ལ་སོན་པའི་ང་རང་གིས་ལོ་ཉི་ཤུ་ལ་སོན་ཟིན་པའི་ང་རང་ལ་ངོ་སྤྲོད་བྱེད་སྐབས “ང་ལ་བཟོད་པ་ཐོད་བྱེ་ཟེར”ཞེས་བཤད་བྱུང་།

      ང་རང་ལོ་བཅུ་གཅིག་ལ་སོན་པའི་དུས་དེར་ཐེངས་དང་པོར་རྫོང་མཁར་ཏུ་སླེབས་སོང་། ང་རང་རྫོང་མཁར་ཏུ་ཡིག་རྒྱུགས་སྤྲད་དུ་ཡོང་བ་ཡིན་མོད། བྱ་དངོས་གསར་བ་མང་པོ་ཞིག་མཐོང་འོང་བས་རྒྱུགས་ཡིག་དག་རྩ་བ་ནས་བརྗེད་དུ་བོར།  ངས་ཐེངས་དང་པོར་སྲང་ལམ་མཐོང་ལ་ཐེངས་དང་པོར་རླངས་འཁོར་མང་པོ་མཐོང་ཞིང་། ཐེངས་དང་པོར་ཚོང་ཁང་མང་པོ་མཐོང་། ཐེངས་དང་པོ་བཟའ་རྒྱུ་མང་པོ་མཐོང་བྱུང་།  ངས་སྦི་རག་ལས་གཞན་རྒུན་ཆང་དམར་པོ་འཐུང་ཤེས་སོང་ལ་ཐ་མག་ཀྱང་འཐེན་ཤེས་སོང་།  དེ་བས་ཀྱང་དགའ་ཆེ་བ་ནི་དོན་དག་ཅི་ཡང་མེད་ཀྱང་གླ་གཏོང་རླངས་འཁོར་ལ་བསྡད་ནས་རྫོང་མཁར་གང་སར་བརྒྱུག་རྒྱུ་དེ་ཡིན།

     དེ་རིང་ངས་གླ་གཏོང་རླངས་འཁོར་འདི་ནས་ལོ་བཅུ་གཅིག་ལས་སོན་མེད་པའི་ང་རང་མཐོང་མ་ཐག་ལོ་ངོ་དུ་མའི་རིང་ང་རང་རྩ་བ་ནས་འགྱུར་ཟིན་པ་ཤེས་སོང་།  ད་ལྟ་ངས་སྦི་རག་མི་འཐུང་ལ་ཐ་མག་ཀྱང་མི་འཐེན། མཐའ་ན་སྔོན་མ་བཞིན་བུ་མོའི་ལྕེ་ལེབ་ཀྱང་ནུ་གི་མེད།   མདོར་ན་ད་ལྟ་བའི་ང་རང་ནི་ནུབ་ལྭ་སྤུས་དག་ཅིག་གྱོན་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལས་ཀ་འགྲོ་མཁན་ཞིག་ཏུ་གྱུར་ཡོད། ངས་འདི་ལྟར་བསམ་སྐབས་ལོ་བཅུ་གཅིག་ལས་སོན་མེད་པའི་སློབ་ལྭ་གྱོན་པའི་ང་རང་གིས “ཨ་ཁུ་ཁྱོད་ལ་ཐ་མག་ཨེ་ཡོད། ང་ལ་རྐང་གཅིག་སྟེར་དང”ཟེར་བྱུང་། ངས “ཨ་ཁུས་ཀྱང་ཐ་མག་འཐེན་གྱིན་མེད།  བུ་ཁྱོད་རང་ལོ་ཆུང་ཆུང་འདི་འདྲ་ཡིན་བཞིན་དུ་ཐ་མག་མ་འཐེན།  ལུས་པོ་ལ་གནོད་གི་རེད”ཅེས་བསླབ་བྱ་བརྒྱབ་ཟིན་པ་དང་རླངས་འཁོར་ལས་བབས་ནས་སྡོད་གནས་ཕྱོགས་སུ་སོང་བ་ཡིན།  གླ་གཏོང་རླངས་འཁོར་དེ་ལོ་བཅུ་གཅིག་ཅན་གྱི་ང་རང་ཁུར་ནས་སྲང་ལམ་གྱི་རྩེ་རུ་ཡལ་བ་དང་ད་ལྟའི་ང་རང་ནི་ལོ་བཅུ་གཅིག་ཅན་གྱི་ང་རང་ཤིན་ཏུ་སུན་པའི་མི་དེ་རིགས་ལ་གྱུར་ཚར་སོང་།

*སྨར་ཁམས་ཀྱི་ཡུལ་སྐད་དེ་ཀུ་ཤུ་ལ་གོ
*སྨར་ཁམས་ཀྱི་ཡུལ་སྐད་དེ་གྲོང་པ་ཁྱིམ་མཚེས་ཀྱི་དོན།


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།