མི་ཡུལ་ལུང་པ། @ཀླད་ཀོར།

295

 

      མིག་ཕྱེ་བ་ན་དང་པོ་མཐོང་བ་ནི་རང་ཁྱིམ་བོད་ཁང་གི་གནམ་གཅལ་མིན་པར་ལྕགས་ཀྱི་མལ་ཁྲིའི་འོག་གི་དྲ་བ་དེ་རེད། དེས་ཁོ་རང་མལ་ཁྲི་ཞིག་གི་འོག་ཏུ་ཉལ་ནས་ཡོད་པར་ར་སྤྲོད་བྱས། ལོ་ངོ་མང་པོའི་རིང་ཁོ་རང་ལྕགས་ཀྱི་མལ་ཁྲི་བརྩིགས་མའི་དེའི་ཡང་སྟེང་དུ་ཉལ་རྒྱུ་བྱུང་ན་ཅི་མ་རུང་སྙམ་མོད། ཁོ་རང་ནམ་ཡང་འོག་གི་མལ་ཁྲི་དེའི་ཐོག་ཏུ་ཉལ་དགོས་བྱུང་སོང་། ཁོས་མི་ཁྲི་བརྩེགས་མའི་ཡང་ཐོག་ཏུ་ཉལ་མཁན་དེ་ལ་ཡིད་སྨོན་སྐྱེས་ཅིང་འོག་ཏུ་ཉལ་རྒྱུ་དེ་ནི་རང་ཉིད་ཀྱི་ལས་དབང་གིས་བཀོད་སྒྲིག་བྱས་པར་ངོས་འཛིན། དེའི་རྐྱེན་གྱིས་ཁོ་རང་མི་ཡུལ་དུ་གཉིད་ལས་སད་མ་ཐག་དང་པོ་མཐོང་བ་ནི་ཡང་སྟེང་གི་མལ་ཁྲི་དེའི་འོག་གི་ལྕགས་ཀྱི་དྲ་བ་དེ་ཡིན། ལྡོག་ནས་བཤད་ན་ལྕགས་ཀྱི་དྲ་བ་དེས་ཁོ་རང་མི་ཡུལ་དུ་ཡོད་པ་ར་སྤྲོད་བྱས།

གལ་སྲིད་ཁོ་རང་ཕ་ཡུལ་དུ་ཡོད་ན་ཁོས་དང་པོ་མཐོང་བ་དེ་ལྕགས་ཀྱི་དྲ་བ་དེ་མིན་པར་རང་ཁྱིམ་བོད་ཁང་གི་གནམ་གཅལ་ཡིན་དགོས། ལྕགས་ཀྱི་དྲ་བ་དང་བསྡུར་ན་ཁྱིམ་གྱི་གནམ་གཅལ་ནི་མུ་མཐའ་མེད་པ་ཞིག་ཡིན་པའི་སྣང་བ་སྟེར།དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ་ཁོ་རང་ཕ་ཡུལ་དང་མི་ཡུལ་གང་དུ་ཡོད་པ་འདི་འདྲའི་ཐོག་ནས་བརྡར་ཤ་གཅོད་པར་བྱེད།ལོ་ངོ་གསུམ་གྱི་རིང་ལ་ཁོ་རང་གཉིད་ལས་ཧ་ཅང་མང་པོ་ཞིག་སད་སོང་ནའང་རང་ཁྱིམ་བོད་ཁང་གི་གནམ་གཅལ་ཐེངས་གཅིག་ཀྱང་མཐོང་མ་ཐུབ། ཡིན་ཡང་ཁོ་རང་གཉིད་ལས་སད་མ་ཐག་ལྕགས་ཀྱི་དྲ་བ་ལ་ལྟ་བཞིན “ང་རང་གང་དུ་ཡོད་དམ”ཞེས་འདྲི་བའི་གོམས་གཤིས་དེ་ད་དུང་འགྱུར་མེད། ཁོ་རང་ཆུང་དུས་ནས་གཉིད་ལས་སད་དུས་གློ་བུར་ངུ་ཤོར་བ་དང་ཅུང་ཆེ་ཙམ་སོན་རྗེས་ཞོགས་པར་གཉིད་ལས་སད་སྐབས་དགེ་རྒན་གྱིས་ཅོང་སྒྲ་སྒྲོག་པ་ཐོས་ཚེ་སྐྱོ་བ་འགོག་མེད་ཅིག་སྐྱེས་ནས་ལུས་སེམས་གཉིས་ཀ་བཟི་བ་བྱེད།

        ཁོས་དེའི་སྐོར་གྱི་ཉམས་མྱོང་མང་པོ་ཞིག་བསགས་རྗེས་དེའི་རྒྱུ་མཚན་ནི་གཉིད་ལས་གློ་བུར་སད་སྐབས་རང་ཉིད་ས་ཆ་གང་དུ་ཡོད་པ་མི་ཤེས་པའི་རྐྱེན་ནོ་སྙམ། ཁོ་ལ་ངེས་ཤེས་འདི་འདྲ་ཞིག་བྱུང་བ་དང་གཉིད་ལས་སད་མ་ཐག་མགོ་ཐོག་གི་དངོས་པོ་དག་ལ་ཞིབ་ལྟ་ཕྲ་ཞིང་ཕྲ་བ་བྱས་ད་རྗེས་གཞི་ནས་རང་ཉིད་ཡང་སྙིང་གང་དུ་ཡོད་པ་ངོས་འཛིན་བྱེད་ཐུབ། ད་ལྟ་ཁོ་རང་གཉིད་ལས་གློ་བུར་སད་དུས་སྐྱོ་བ་འགོག་མེད་ཅིག་སྐྱེས་ནས་ངུ་སྙིང་འདོད་ནའང་ད་ནི་ཁོ་རང་ནར་སོན་ཟིན་པས་ངུ་བསམས་ན་གློ་བུར་ངུ་ཆོག་པའི་རང་དབང་དེ་སྔར་མོ་ཞིག་ནས་བོར་ཟིན་ཡོད། ཕ་ཡུལ་དང་བྲལ་ནས་ཡུན་རིང་དུ་སོང་བ་དང་ཁོ་ལ་མི་ཡུལ་དང་ཕ་ཡུལ་གཉིས་ཀྱི་བར་དུ་ཁྱད་པར་དེ་ཙམ་མེད་པའི་ངེས་ཤེས་སྐྱེས་བྱུང་། ཡང་གཅིག་བཤད་ན་ཁང་པའི་ནང་བསྡད་དུས་ས་ཆ་གང་དུ་བསྡད་ཀྱང་ཁྱད་པར་ཆེན་པོ་མི་འདུག་སྙམ། དེ་ནི་ཁང་པ་དག་གི་ནང་དུ་མལ་ཁྲི་དང་སྒྲོག་རྩེ། ཕོར་བ་བཅས་ཀྱིས་ཁེངས་ནས་ཡོད་པས་ས་ཆ་གང་གི་ཁང་པ་དག་ནི་གཅིག་པ་རེད་སྙམ་འོང་། ཡིན་ཡང་སྒེའུ་ཁུང་གི་ཁ་ཕྱེ་ནས་ཐག་རིང་དུ་བལྟ་བའམ་ཡང་ན་སྒོ་ནས་ཕྱི་རོལ་དུ་ཐོན་དུས་ས་ཆ་དང་ས་ཆའི་བར་གྱི་མི་འདྲ་ས་དེ་ཇེ་ཆེར་སོང་།

      སྒེའུ་ཁུང་ནས་ཐག་རིང་དུ་བལྟ་དུས་རི་བོ་མཐོང་བ་ནི་ཕ་ཡུལ་རེད་ལ་ཐོག་བརྩིགས་ཁང་ཆེན་མཐོང་བའི་ས་ཆ་དེ་ནི་པེ་ཅིང་རེད། དེ་བཞིན་དུ་སྒོ་ནས་ཐོན་དུས་གསར་སྐྱེས་ལྗང་བུའི་དྲི་ངད་འཐུལ་པ་ནི་ཕ་ཡུལ་རེད་ལ་དུག་སྤྲིན་གྱི་དྲི་དང་ཤ་སྲེག་པའི་དྲི་ངད་འདྲེས་མ་ཁ་འོང་པའི་ས་ཆ་དེ་ནི་པེ་ཅིང་རེད། ཡིན་ཡང་ཁོ་རང་ནི་སྒེའུ་ཁུང་ཕྱེ་ནས་ཐག་རིང་དུ་ལྟ་མཁན་གྱི་སྙན་ངག་པ་དེ་མིན་ལ་ཕྱི་རོལ་དུ་ཐོན་ནས་གླིང་ག་དང་། སྲང་ལམ་ན་ཅི་ཞིག་བོར་བ་དང་ཅི་ཞིག་འཚོལ་བའི་ཉམས་ཀྱིས་ཉུལ་བ་བྱེད་མཁན་ཞིག་ཀྱང་མ་ཡིན། གལ་སྲིད་ཕྱི་རོལ་དུ་བྱ་བ་འདྲ་ཡོད་ན་ཁོས་མགྱོགས་ཤིག་ཤིག་གིས་བསྒྲུབས་རྗེས་ཁང་པ་ག་གེ་མོ་ཞིག་གི་ནང་དུ་འཛུལ་འགྲོ དེའི་ཕྱིར་ཁོས་མི་གཞན་ལ “ཕ་ཡུལ་དང་པེ་ཅིང་གི་བར་དུ་ཁྱད་པར་ཆེ་མི་འདུག”ཅེས་བརྗོད་ཀྱིན་ཡོད།

     རྒྱུ་མཚན་ནི་ཕ་ཡུལ་གྱི་རང་ཁྱིམ་བོད་ཁང་ནང་ན་སྒྲོག་རྩེ་ཆེན་པོ་ཞིག་ཡོད་པ་བཞིན་པེ་ཅིང་གི་ཉལ་ཁང་ནང་དུའང་སྒྲོག་རྩེ་ཆེན་པོ་ཞིག་ཡོད། ཕ་ཡུལ་དུ་ཁོ་ལ་མལ་ཁྲི་ཞིག་ཡོད་ལ་པེ་ཅིང་གི་ཉལ་ཁང་དུའང་ཁོ་ལ་མལ་ཁྲི་ཞིག་ཡོད། ཟ་མ་བཟའ་སའི་ཕོར་བ་ཡང་དེ་བཞིན་ནོ།། ད་དུང་རྒྱུ་མཚན་ཆེན་པོ་ཞིག་ཡོད་པ་ནི་གློག་ཀླད་དང་ཁ་པར། དཔེ་དེབ་གསུམ་གྱི་བར་ནས་ཁོའི་མིག་ལ་སྐྱོན་ཆེན་པོ་ཕོག་ཟིན། ཁོས་སྒེའུ་ཁུང་ནས་ཐག་རིང་དུ་ལྟ་དུས་ཐག་རིང་གི་རི་བོ་དང་ཐོག་བརྩིགས་ཁང་ཆེན་ཕར་ཞོག ཅུང་ཉེ་ཙམ་ན་ཡོད་པའི་ལྗོན་པ་དག་གི་རང་གཟུགས་ཀྱང་གསལ་པོ་ཞིག་མཐོང་ཐུབ་ཀྱི་མེད།

     ཡིན་ཡང་ཁོས་ཁང་པའི་ནང་དུ་ཅ་ལག་ཅི་ཡོད་གསལ་པོ་མཐོང་གི་ཡོད་པ་མ་ཟད་ཅ་ལག་དེ་དག་གི་རྒྱབ་ལོག་ནས་ས་ཆ་མི་འདྲ་བ་སོ་སོ་ན་ཡོད་པའི་ཁང་པ་མི་འདྲ་བའི་ནང་དུ་བསྡད་ན་ཁྱད་པར་ཆེན་པོ་མེད་པའི་གནས་ལུགས་ཆེན་པོ་དེ་འདྲའང་རྙེད་སོང་། ཁོས་མགོ་ཐོག་གི་ལྕགས་དྲ་དེ་ལ་བལྟས་ཟིན་པ་དང་རང་ཉིད་སྔར་བཞིན་མི་ཡུལ་ཉལ་ནས་ཡོད་པ་ཤེས་པས་ཁོའི་སེམས་ནང་དུ་སྐྱོ་བ་འགོག་མེད་ཅིག་སྐྱེས་བྱུང་།

      སྐྱོ་བ་དེ་ནི་ཕ་ཡུལ་དྲན་པས་མ་ཡིན་པར་རྒྱུ་མཚན་མེད་པ་དང་གོམས་ལོག་ཏུ་སོང་བའི་སེམས་འགྱུ་ཞིག་ལས་མ་འདས།ཁོས་ད་ལྟ་ནི་ཞོགས་པ་ཡིན་ནམ་ཉིན་ཕྱེད་ཡིན། ཡང་ན་ཕྱི་དྲོ་སླེབས་ཟིན་པ་ཡིན་ནམ་སྙམ་ཞོར་ལག་པ་རྔས་འོག་ཏུ་ཉུལ་ནས་ཁ་པར་བླངས། ཁོས་ཁ་པར་ག་ཚོད་མནན་ཡང་ཁ་ཕྱེ་མ་ཐུབ་པས་གཞི་ནས་མདང་དགོང་ཁ་པར་གྱི་གློག་ཟད་པའི་ཚུལ་དག་ཡིད་ལ་དྲན་པར་བྱས། ལག་གཡས་པས་གཡས་ཕྱོགས་སུ་ཉུལ་བཞིན་གློག་སྐུད་བཟུང་བ་དང་ཁ་པར་གྱི་མཇུག་ཏུ་མཐུད།སྐབས་དེར་ཏིང་སྒྲ་དང་བཅས་མུན་པས་བཟུང་བའི་ཁ་པར་གྱི་ལྕོག་ངོས་སུ་འོད་ལྗང་ཁུ་རྒྱུགས་འོང་བ་དང་།  སླར་ཡང་ཁ་པར་ཤུགས་ཀྱི་ཐེངས་འགའ་མནན་པས་ཁ་ཕྱེ་ཐུབ་ཙམ་བྱུང་།

       ཁོ་རང་ཁ་པར་གྱི་ལྕོག་ངོས་སུ་ཤར་བའི “༡༡:༧༩”ཨང་ཀི་འདི་དག་ལ་ཅུང་ཙམ་ཧད་ནས་བསྡད། ཁོས་དུས་ཚོད་སྔ་བོ་རེད། ད་དུང་ཡང་ཅུང་ཙམ་ཉལ་ཆོག་པར་འདུག་སྙམ། དུས་རྒྱུན་ཁོ་རང་གཅིག་བྱས་ན་ཞོགས་པའི་ཆུ་ཚོད་དྲུག་པར་སད་འོང་ལ་གཅིག་བྱས་དུས་ཉིན་ཕྱེད་ཀྱི་ཆུ་ཚོད་བཅུ་གཉིས་ཙམ་ལ་སད་འོང་། ཡང་གཉིད་ལས་སད་དུས་ཕྱི་དྲོ་སླེབས་ཟིན་པའང་ཉུང་ཉུང་མིན། གང་ལྟར་ཁོས་ཆུ་ཚོད་ལ་ལྟ་ཐེངས་རེར་སྣང་བ་མང་པོ་ཞིག་སྐྱེས་ངེས་ལ། དེ་ལས་ཅུང་ཡ་མཚན་པ་ནི་སྐར་མ་༢༩མཐོང་སྐབས་སྔ་བོ་རེད་སྙམ་ངེས་ལ། གལ་སྲིད་ལྕོག་ངོས་སུ་ཤར་བ་ནི་སྐར་མ་༣༠ཡིན་ན་དུས་འཕྱི་འདུག་སྙམ་པ་དེ་རེད།དེ་རིང་ཁོས་མཐོང་བ་ནི་ཏག་ཏག་༢༩ཡིན་པས་དུས་ཚོད་སྔ་བོ་རེད། ཅུང་ཙམ་ཉལ་ཆོག་པར་འདུག་སྙམ་བཞིན་ཉལ་ནས་སྡོད་བཞིན་སྐད་འཕྲིན་གྱི་ཁ་ཕྱེ། སྐད་འཕྲིན་གྱི་ཁ་འབྱེད་པའི་སྐད་ཅིག་མ་དེ་ལ་མི་ཞིག་འཛམ་བུ་གླིང་ལ་ཧད་བཞིན་ཡོད་པ་མཐོང་ཞིང་། མི་དེ་ནི་འཛམ་གླིང་དུ་སྐད་འཕྲིན་ན་ཉུལ་བའི་མི་མང་པོའི་གསང་བ་ལ་གབ་ལྟ་བྱེད་མཁན་ཞིག་དང་འདྲ་བས་ཁོས་མདང་དགོང་བུ་མོ་ཞིག་ལ་བཤད་པའི་གསང་བ་མང་པོ་རྣམས་མི་དེས་ཤེས་ཟིན་པ་མིན་ནམ་སྙམ་གྱིན་ཁོག་འདར་ཞིག་ཤོར་པའི་སྐབས་དེར་སྐད་འཕྲིན་གྱི་ངོས་ཁོའི་མིག་ཏུ་ཁྲ་ལམ་ལམ་གསལ་བྱུང་།

    ཁོས་དང་པོ་མདང་དགོང་གསང་བ་བཤད་སའི་རྒྱའི་བུ་མོ་དེའི་ཁ་བརྡའི་ལྕོག་ངོས་ཁ་ཕྱེ་བ་ན་མོས “རྨི་ལམ་ཡག”’ཅེས་བསྐུར་ཡོད་པ་དེ་ཞོགས་པ་འདིར་ཁོ་རང་གཉིད་ལས་སད་རྗེས་མཐོང་བས་དགོད་རྒྱུ་ཞིག་བྱུང་སོང་། ཡིན་ཡང“རྨི་ལམ་ཡག””ཅེས་པ་དེ་བོད་ཡིག་གིས་བྲིས་འདུག་པས་ཁོ་རང་ཅུང་ཧང་སང་བ་དང་། བོད་ཡིག་ཅི་ལྟར་ཤེས་པ་ཡིན་ཞེས་བྲིས་ཚར་རྗེས་ཞོགས་པར་མོ་རང་སྐད་འཕྲིན་ན་མེད་ཐག་གཅོད་རེད་བསམ་གྱིན་སླར་བསུབས། དེ་ནས་ཁོ་རང་གྲོགས་པོའི་ཚོམས་སུ་ཉུལ་ནའང་ཞོགས་པའི་སྐད་འཕྲིན་ནི་མི་མེད་ལུང་སྟོང་ཞིག་དང་འདྲ་བས་སྒོར་མི་བུད་རང་བུད་གྱུར།

      ཁ་པར་གྱི་ཁ་བརྒྱབ་ནས་རྔས་འོག་ཏུ་སྦས་རྗེས་ཅི་ཞིག་བོར་བ་དང་ཅི་ཞིག་བརྗེད་སོང་བའི་སྣང་བ་ཞིག་གིས་ཁོ་རང་འདེད། དེ་རིང་བརྗེད་ཆོག་པ་དང་འབོར་ཆོག་པའི་བྱ་བ་ཅི་ཡང་བསྒྲུབ་མེད་པས་མདང་དགོང་གི་རྨི་ལམ་ན་ཅི་ཞིག་བོར་བ་དང་བརྗེད་སོང་བ་མིན་ནམ་སྙམ་གྱིན་མདང་དགོང་གི་རྨི་ལམ་དེ་དྲན་ཨེ་ཐུབ་མི་ཐུབ་བྱས། རྨི་ལམ་ནང་དུ་ཁོ་རང་གཉིད་ལས་སད་པ་དང་ཉལ་སའི་མལ་ཁྲི་དེ་མེས་འཚིག་བཞིན་པ་མཐོང་བས“པད་མ། ཆུ་ཁུར་ཤོག””ཁོའི་ཆུང་མ་པད་མའམ་མིང་ལ་པད་མ་ཟེར་བའི་ནག་མོ་དེར་བོས། ཡིན་ཡང་པད་མ་ནི་གསང་སྤྱོད་ན་གཅིན་གཏོང་མི་ཐུབ་པར་ལུས་ཡོད་པ་འདྲ་སྟེ།མོས“མགྱོགས་པོ་ཡིན། མགྱོགས་པོ་ཡིན””ཞེས་ལན་བཏབ་ཀྱང་། གསང་སྤྱོད་ན་སྐབས་རེར་ཆུའི་ཐིགས་པ་ཟགས་པའི་སྒྲ་གྲགས་པ་ལས་མང་ཆེ་ཤོས་ནི་འཇམ་ཐིང་ངེར་གནས་ལ།  འཇམ་ཐིང་དེའི་ཁྲོད་དུ་ཆུང་མས་ཅི་ཞིག་གཏོང་མ་ཐུབ་པའི་ཁུན་སྒྲས་ཁེངས།

      ཁོ་རང་མེས་ཁེངས་པའི་མལ་ཁྲི་དང་བྲལ་རྗེས་ཆུང་མ་ཡང་གཅེར་བུའི་ངང་གསང་སྤྱོད་ནས་ཐོན་བྱུང་བ་དང“ཅི་ཞིག་བྱུང་སོང་””ཟེར། ཁོས”’ང་གཉིས་ཀྱི་མལ་ཁྲི་མེས་ཚིག་སོང””ཁང་པའི་ཟུར་ན་ཡོད་པའི་སོལ་བ་རྡོག་པོ་འགའ་ལ་འཛུབ་མོ་གཏད། མོས་ཁོང་ཁྲོ་ཆེན་པོས“མེས་འཚིག་དུས་ཆུ་མི་གཏོར་བ་ཅི་ཡིན””ཞེས་དྲིས་བྱུང་བས་ལན་དུ””ངས་ཁྱོད་རང་བསྒུགས་ནས་བསྡད””ཅེས་བཏབ””ཁྱོད་ལ་ལག་པ་མེད་དམ””ང་ལ་ལག་པ་ཡོད་པ་བརྗེད་སོང””ཟེར་བ་ན་ཆུང་མ་པད་མ་ངུས་ནས””མལ་ཁྲི་མེད་སོང་ན་ང་གཉིས་ཀྱི་བཟའ་ཚང་གི་འཚོ་བ་རྣམས་མིང་ཙམ་ལས་ལྷག་མེད་པ་རེད””ཟེར་བ་དང་ཤིན་ཏུ་སྲབ་ལ་ཤིན་ཏུ་ཐུང་བའི་གོས་དག་གྱོན་རྗེས་སྒོ་ནས་ཐོན་སོང་བས། ཁོས་གོས་ཀྱང་གྱོན་ཁོམ་མེད་པར་ཆུང་མའི་རྗེས་སུ་དེད།

        ཆུང་མ་གཡས་ཕྱོགས་ཀྱི་རྡོ་སྐས་ནས་འཇུར་རྟའི་སྒྲ་ཏྭ་ཏྭ་སྒྲོག་བཞིན་བྲོས་སོང་བ་མཐོང་འཕྲལ། ཁོ་རང་གཡོན་དུ་སོང་ནས་གློག་སྐས་ནས་བསྒུག གློག་སྐས་ཀྱི་ལྕགས་སྒྲོམ་ཐོག་བརྩིགས་བཅུ་དྲུག་པར་གཡོ་འགུལ་མེད་པར་ཐོགས་འདུག་པས་ཐོག་བརྩིགས་དགུ་པར་བསླེབ་པར་ད་དུང་དུས་ཡུན་མང་པོ་དགོས་ངེས་པས་ཁོ་རང་སེམས་འཚབ་པ་དང་གློག་སྐས་ཀྱི་ལྕགས་སྒོ་ལ་རྡོག་ཐོ་ཡང་ཡང་ཞུས་ནས་ཁ་ཕྱེ་ཐུབ་ཙམ་བྱུང་བ་དང་ནང་དུ་འཛུལ། གློག་སྐས་ཀྱི་ནང་དུ་རྐང་པ་མནན་ཆོག་པའི་ཞབས་མི་འདུག་པས་ཁོ་རང་ང་རོ་དང་བཅས་མུན་དོང་དུ་ལྷུང་སོང་། མུན་དོང་དུ་ལྷུང་བའི་སྐད་ཅིག་མ་དེ་ཁོ་རང་གཉིད་ལས་སད་པ་འདྲ།

       དེ་ན་རྨི་ལམ་འདི་མདང་དགོང་རྨིས་པ་མ་ཡིན་པར་དེ་རིང་ཞོགས་པ་ལ་རྨིས་པ་ཡིན་ངེས། རྨི་ལམ་ནང་གི་པད་མ་དང་མངོན་སུམ་ཁྲོད་ཀྱི་པད་མ་གཉིས་ཁྱད་པར་ཆེན་པོ་དེ་འདྲ་ཡོད་དོན་ཅི་ཡིན་ནམ་སྙམ། མངོན་སུམ་ཁྲོད་ཀྱི་པད་མས་དབྱར་ཁ་ཡིན་ཡང་གོས་ཐུག་པོ་གྱོན་པར་དགའ་ལ་སྙན་ངག་ལ་ཞེན། ས་སྲོད་ལ་འདུག་སྟེགས་བདེ་མོ་ཞིག་བཙལ་ནས་ཁོ་དང་མཉམ་དུ་མིའི་རྣམ་ཤེས་ནི་ཅི་འདྲའི་བླ་ན་མེད་པ་ཞིག་ཡིན་རབས་གླེང་བར་དགའ།

     མདོར་ན་མངོན་སུམ་ཁྲོད་ཀྱི་པད་མ་ནི་ཁོའི་དགའ་རོགས་དང་། རྨི་ལམ་ཁྲོད་ཀྱི་པད་མ་ནི་ཁོའི་ཆུང་མ་རེད་འདུག་པས་དེ་གཉིས་ཀྱི་བར་དུ་རྒྱུ་གང་མཆིས། རྐྱེན་གང་ལགས་སྙམ་པའི་སྐབས་དེར་པད་མ་ཁོ་དང་ཁ་བྲལ་བའི་ངང་ཚུལ་དེ་དྲན་བྱུང་།ཁ་བྲལ་ཉིན་དེར་པད་མས་ཁོ་ལ་རྨི་ལམ་གླེང་བྱུང་།

 “མདང་དགོང་ཁྱོད་ཀྱི་རྨི་ལམ་ནང་ང་རྨིས་ཨེ་བྱུང”

“མ་བྱུང”“ཁ་སང་དང་བཅས་པའི་འདས་པའི་བགྲང་བྱ་དུ་མའི་རིང་ཁྱོད་ཀྱི་རྨི་ལམ་ནང་ང་ཐོན་ཨེ་མྱོང”

“མ་མྱོང”

“ང་ལ་གསང་མི་དགོས་ཡོད་ཚད་དྲང་པོ་མདའ་མོའི་ཚུལ་གྱིས་བརྗོད་རོགས”མོས་ལྷག་བསམ་དག་པའི་ཞུ་བ་དེས་ཁོ་ལ་རྨི་ལམ་བཤད་པའི་སྤོབས་པ་སྦྱིན་བྱུང་།

“ངའི་རྨི་ལམ་ནང་ཁྱོད་རང་ཐེངས་གཅིག་རྨིས་མྱོང”ཞེས་བཤད་པ་ན་མོའི་མིག་ཤེལ་འོག་ཏུ་སྦས་པའི་མིག་དེ་ཇེ་ཆེར་འགྱུར་བཞིན།

“རྨི་ལམ་དེ་མདོར་བསྡུས་ཤིག་བཤད་རོགས”

       “ངའི་རྨི་ལམ་དུ་ང་གཉིས་མཉམ་དུ་འཁྲིག་པ་སྤྱོད་པ་རྨིས་བྱུང”ཁོས་རྨིས་མྱོང་བའི་རྨི་ལམ་དེ་མོ་ལ་དྲང་པོ་མདའ་མོ་འདྲ་བ་བྱས་ནས་བཤད་མ་ཐག་པད་མའི་ངོ་གདོང་ནི་སྲོད་ཀྱི་ནམ་མཁའ་བཞིན་དང་པོར་སྐྱ་བོར་གྱུར་བ་དང་རིམ་གྱིས་སྐྱ་བོ་ནས་དམར་པོར་གྱུར་བར་མཐོང་། དེ་ནས་ཁོས་རང་ཉིད་ཀྱི་རྨི་ལམ་དེ་ལ་འགྲེལ་བཤད་ཅིག་བརྒྱབ་བརྩིས་བྱེད་སྐབས་པད་མ་ངུ་བཞིན་ཐག་རིང་དུ་བྲོས།

       གཏན་དུ་ཐག་རིང་གི་ས་ན་ཡལ་སོང་། དོན་དག་དེ་བྱུང་ནས་ཟླ་བ་མང་པོ་ཞིག་ཡལ་རྗེས་དེ་རིང་ཁོའི་རྨི་ལམ་ནང་དུ་སླར་ཡང་པད་མ་ཐོན་བྱུང་། གལ་སྲིད་པད་མར་ཁ་བྲལ་མེད་ན་མོ་རང་ངའི་ཆུང་མར་གྱུར་བའི་རྨི་ལམ་དེ་བཤད་ན་མོ་རང་སེམས་པ་དགའ་སྲིད་དམ་སྙམ། ཁོས་འདི་ལྟར་བསམ་སྐབས་མུན་དོང་དུ་ལྷུང་བའི་རྨི་ལམ་དེ་གསལ་པོ་ཞིག་དྲན་ཡོང་བའི་རྐྱེན་གྱིས་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་སོང་བ་དང་།  ཁ་སྐམ་བའི་སྣང་བ་ཞིག་སྐྱེས་བྱུང་།

       ཁོས་ལག་གཡོན་པས་མལ་ཁྲིའི་འགྲམ་གྱི་སྒྲོག་རྩེའི་ཐོག་ཏུ་ཉུལ་ནས་སྦི་རག་གི་ཤེལ་དམ་སྟོང་པ་དང་ཤོག་བུ། ད་དུང་རུལ་ནས་སྔོན་པོར་གྱུར་ཟིན་པའི་འབྲས་ལྷག་སོགས་ཉག་ཉོག་མང་པོའི་བར་ནས་ཆུ་ཕྱེད་ཙམ་ལྷག་ཡོད་པའི་དམ་བེ་ཞིག་ཚུར་བླངས། ཁོས་ཉལ་ཞོར་དུ་དམ་བེ་དེའི་ནང་གི་ཆུ་རང་ཉིད་ཀྱི་ཁ་ནང་དུ་བླགས་རྗེས། ཞོགས་པར་སོ་མ་བཀྲུའི་གོང་དུ་ཆུ་འཐུང་བ་ནི་བདེ་ཐང་ལ་གནོད་པའི་བྱ་བ་ཞིག་ཡིན་པ་དྲན་ནས་འགྱོད་པ་ཞིག་སྐྱེས་ནའང་ཆུ་རྣམས་རང་འགུལ་གྱིས་ཁོའི་ཁོག་པའི་ནང་ལྷུང་སོང་།

     ཉིན་ག་ཚོད་སྔོན་གྱི་འཐུང་འཕྲོ་ཡིན་པ་མི་ཤེས་པའི་ཆུ་དེ། ཡང་ན་ཟླ་བ་ག་ཚོད་ཀྱི་སྔོན་གྱི་འཐུང་འཕྲོ་ཡིན་པ་མི་ཤེས་པའི་ཆུ་རྙིང་དེ་ལས་ལྡང་འོང་བའི་དྲི་ངན་ནི་ངོ་མ་བཟོད་དཀའ་བ་ཞིག་རེད། ཞེན་ཁ་ལོག་ནས་བཏུང་ཟིན་པའི་ཆུ་དེ་མར་སྐྱུག་ཁུལ་ཞིག་བྱས་ཀྱང་ཁ་ནས་ཆུ་ཐིགས་པ་ཁ་ཤས་ཟགས་པ་ལས་ཅི་ཡང་སྐྱུག་མ་ཐུབ། ཆུ་དེས་ཁོ་རང་ཉལ་བའི་བདེ་བ་ལས་དཀྲོགས་སོང་།

      ཁོ་རང་ཡར་ཙོག་ནས་གཡས་གཡོན་གང་སར་གཅིག་ལྟ་དུས་ཡོད་ཚད་ཁུ་སིམ་མེར་རེད་འདུག ཉལ་ཁང་གཅིག་པ་རྣམས་གང་དུ་འགྲོ་ས་མེད་ནའང་དུས་རྒྱུན་ཁ་རོག་གེར་གང་ཞིག་ལ་དམིགས་ནས་བུད་འགྲོ་གི་ཡོད་པས་དེ་རིང་ཡང་དེ་ལྟར་བུད་སོང་བ་འདྲ། ཕྱི་རོལ་དུ་ཅི་དང་གང་ཡང་མེད་ནའང་དེ་རིང་ཁོ་རང་ཡང་ཕྱི་རོལ་དུ་འགྲོ་བའི་འདུན་པ་འགོག་མེད་ཅིག་སྐྱེས།སྐབས་དེར་སྔས་འོག་གི་ཁ་པར་ནང་བརྡ་འཕྲིན་སོགས་ཅི་ཞིག་འོང་ནས་འདར་བཞིན་པའི་སྣང་བ་སྐྱེས་བ་དང་།  ལག་གཡོན་པས་འབུས་སོ་བཏབ་ནས་སྐྲངས་ཡོད་པའི་སྐེ་སྡོང་ལ་འཕུར་འཕུར་བྱེད་བཞིན་ལག་གཡས་པས་རྔས་འོག་གི་ཁ་པར་བླངས།

      ཡིན་ཡང་ཁ་པར་ནང་དུ་བརྡ་འཕྲིན་ཅི་དང་གང་ཡང་མི་འདུག་པས། དེ་ནི་འཁྲུལ་སྣང་ཞིག་མ་འདས་པ་རྟོགས། ཁ་པར་གྱི་ལྕོག་ངོས་སུ་ཆུ་ཚོད“༡༡:༣༠ཤར་ཡོད་པ་མཐོང་ཚེ་དུས་ཚོད་ཕྱི་བོ་ཆགས་ཟིན་པའི་སྣང་བ་ཞིག་སྐྱེས་འོང་བ་དང་འཚུབ་ཆ་གློ་བུར་བ་ཞིག་ལངས་ནས་གོས་དག་མགྱོགས་ཤིག་ཤིག་གིས་གྱོན།ཁོས་ལྷམ་ཞབས་རྡོལ་དེ་གྱོན་པའི་སྐབས་སུ་ཆུ་ཚོད༡༡:༢༩དང༡༡:༣༠ཡི་བར་དེ་སྐར་གཅིག་གི་རིང་ལ་བྱ་བ་མང་པོ་ཞིག་བསྒྲུབས་ཟིན་པ་དང་།  སྐར་གཅིག་དེ་ནི་ཉིན་གཅིག་ལས་རིང་བའི་སྣང་བ་ཞིག་གིས་ཁོ་ལ་སྤོབས་པ་སྦྱིན་པས་མིག་མདུན་གྱི་ཡོད་ཚད་གསལ་བར་གྱུར།།

 

  རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།