མོ།

204

རྩོམ་པ་པོ། རྩེ་རྒྱལ།

 

  གཅིག

          དེ་རིང་།  ནམ་རྒྱུན་དང་མཚུངས་བར་ཨ་མྱེ་དང་ཨ་ཕྱི་རྣམས་ཀྱིས་ཆོས་སྐོར་དང་ཕྲེང་བ་སྒྲེང་གིན་དུ་སྡེ་བའི་ཟད་མཐའ་མེད་པའི་དོན་བྱ་སྣ་ཚོགས་ལབ་གླེང་གི་ཁྲོད་ནས་གཅིག་གིས་གཅིག་ལ་སྒྲོག་གིན་འདུག སྣང་ཚུལ་འདི་ལ་སྡེ་བའི་གསར་བུ་སྣང་སྐྱིད་དམ་འཁྱམ་པ་ཚོས་མཚང་མིང་མང་པོ་ཞིག་བཏགས་ཡོད། དཔེར་ན། མི་བཤད་དགུ་བཤད་ཀྱི་གསར་འགྱུར་གླིང་། ཚོགས་ངན་གཡེན་དཀྲུག་གི་སྒྱུ་འཕྲུལ་གླིང་། ཡར་འཕེན་མར་འདྲེན་གྱི་བརྒྱ་བྱིན་གླིང་སོགས་དང་པོ་ཉན་ན་ཚད་ལས་བརྒལ་འདུག་དང་གཉིས་པ་བསམ་ན་དོན་དང་མཐུན་འདུག་སྙམ་པའི་དངོས་མིང་ངམ་མཚང་མིང་མང་པོ་ཞིག་གང་སར་ཁྱབ་ནས་ཡོད།

       ཡིན་ནའང་། ལོ་ལོན་ཚོར་མཚོན་ན། སྐད་ཆ་འདི་དག་ནི་རྣ་རྒྱབ་ཀྱི་ཆར་བ་དང་ཁྱི་སྨྱོན་འགའི་ཟུག་སྐད་ཙམ་ལ་བལྟ་བ་ལས།  སྐད་ཆ་འདི་དག་གི་དོན་དུ་ཁོང་ཁྲོ་སྐྱེས་པ་དང་བསམ་གཞིག་གཏོང་བ། ཡང་ན་སེམས་མི་བདེ་བ་སོགས་ནི་རྩ་བ་ནས་ཡོད་མི་སྲིད། འདི་ནི་གཅིག་བཤད་ན་མི་ཆེན་ཚོའི་སྒམ་དཀྱེལ་གྱི་ཐུགས་གཤིས་མངོན་པ་ཡིན་སྲིད་ལ། གཅིག་བཤད་ན་རྡོ་ལས་མཁྲེགས་པའི་རང་རྒྱུད་མཚོན་པ་ཡིན་སྲིད། ཡང་ན་རང་ཉིད་ལ་ལྷག་པའི་དུས་ཚོད་ཀྱི་ནང་དུ་དོན་དེ་ཚོར་བསམ་བློ་གཏོང་བའི་ཁོམ་པ་མེད་པས་ཡིན་སྲིད། གང་ལྟར།ལོ་ན་ཆེར་སོན་པའི་ཨ་མྱེ་དང་ཨ་ཕྱི་ཚོར་མཚོན་ན། ཆེས་གལ་ཆེ་བའི་དོན་དག་ནི་ཚེ་ཕྱི་མར་འགྲོ་བའི་ཆོས་ཀྱི་རྒྱགས་ཕྱེ་གྲ་སྒྲིག་དང་ཚེ་ད་ལྟའི་ཉུང་ཙམ་ལས་ལྷག་མེད་པའི་དུས་ཚོད་དག་གཏམ་གླེང་གི་ཁྲོད་ནས་འཁྱོལ་དུ་འཇུག་རྒྱུ་དེ་ཡིན།

       དེའི་ཕྱིར་ན།  ཁོ་ཚོས་ཆོས་ཀྱི་དོན་དུ་ནངས་སྔ་ལངས་དང་དགུང་ཕྱི་ཉལ་བྱས་ནས་ངག་ཏུ་འདོན་པ་སྣ་ཚོགས་ཀྱི་རྒྱན་ཆ་སྤྲས།  ལག་ནས་ཕྲེང་བ་བར་མེད་དུ་བསྒྲེངས་བའི་འཁྱུག་རྩལ་མངོན། རྐང་བས་སྐོར་ལམ་རྫོགས་མེད་དུ་བཅད་དེ་བྲོ་གར་འཁྲབ་པ་ནང་བཞིན་གྱི་དོན་དངོས་མཐོང་དུས། ང་ཚོས་ཅིས་ཀྱང་བསམ་བློ་གཏོང་དགོས་ས་ནི།  མཐོ་སྒང་ལུང་བའི་ལོ་ལོན་རྣམས་ནི་ས་ཆ་གཞན་གྱི་ལོན་ལོན་རྣམས་དང་མི་འདྲ་བར་ཕུགས་བསམ་དང་བརྩོན་སེམས་རུམ་དུ་དྲོ་བཞིན་བཅུག་སྟེ།  མཐོ་སྒང་གི་གྲང་རླུང་དང་བུ་ཡུག་གི་ཁྲོད་ནས་དགྲ་ལ་མི་དངངས་པའི་མཚོན་ཆ་འཆིང་ཞིང་དོ་ཟླར་མི་སྐྲག་པའི་དཔའ་ངར་བསྐྱེད་ཞོར།  གསོན་ཤུགས་པོ་ཏ་ལའི་རྩེར་སོན་ཞིང་ལང་ཚོ་ཧི་མ་ལ་ཡའི་གཏོས་དང་འགྲན་པའི་ངར་ཤུགས་དེ་རེད།  འདི་ནི་བོད་ཀྱི་ལོ་ལོན་རྣམས་ལ་ཁེར་དུ་ཡོད་པའི་ཁྱད་ཆོས་ཡིན་སྲིད་ལ།འདི་ནི་བོད་ཀྱི་མི་རྣམས་ཀྱིས་མི་ཚེ་དོན་ལྡན་དུ་བརྩི་བའི་རྩོལ་བ་ཉག་གཅིག་ཀྱང་ཡིན་སྲིད།

       རེད་དེ།  ཨ་ཕྱི་དང་ཨ་མྱེ་ཚོའི་བྱེད་སྟངས་ལ་གཟབ་ནན་གྱིས་ལྟ་དུས།  ལབ་གླེང་ནི་ཆོས་སྐོར་གྱི་བརྒྱ་ཆའི་གཙོ་བོ་ཟིན་ཡོད། དཔེར་ན། སྐོར་བ་བྱེད་ཞོར་དུ་ལབ་གླེང་ཡོད་ལ། འདོན་པ་འདོན་ཞོར་དུ་ཡང་ལབ་གླེང་ཡོད། མདོར་ན། སྐད་ཆ་ཕྱིར་བསྐོར་ནས་བཤད་ན།  སྡེ་བའི་གསར་བུ་ཚོས་ལོ་ལོན་རྣམས་ལ་བཞག་པའི་མཚན་ཉིད་ནི་ཤིན་ཏུ་འགྲིག་སྟེ། མི་བཤད་དགུ་བཤད་ཀྱི་གསར་འགྱུར་གླིང་། ཚོགས་ངན་གཡེན་དཀྲུག་གི་སྒྱུ་འཕྲུལ་གླིང་སོགས་ནི་འདྲ་བ་དང་རྒྱུ་མཚན་ལ་བརྟེན་ནས་མིང་བཏགས་པ་རྐྱང་རྐྱང་ཅིས་མ་ཡིན།

        སྐད་ཆ་ཉག་ཉོག་མང་པོ་ཞིག་བཤད་རྗེས།  གཞི་ནས་དེ་རིང་ང་ཚོས་བཤད་བསམ་པའམ་བཤད་དགོས་པའི་དོན་དག་ལ་ཁེལ་སོང་།  དོན་དག་འདི་ནི་གནའ་གཏམ་ཡང་ཡིན་ལ། གསར་འགྱུར་ཡང་ཡིན། ཡང་ན་དོན་དངོས་ཀྱང་ཡིན། དངོས་ནས་གང་དུ་འཐུས་མིན་ནི།  ཀློག་པ་པོ་རང་གི་དགའ་སྐྱོའམ་ཚོར་འདུ་ལ་ཐུག་ནས་ཡོད།

 

གཉིས།

      ཞོགས་པའི་ཉི་འོད་རི་རྩེ་ནས་དལ་གྱིས་བབས་ཏེ་སྡེ་བ་ཡོངས་ཀྱི་ཁང་ཀླད་ནས་ཨོལ་ཙམ་འགྱིང་རྗེས་སྒེའུ་ཁུང་ནས་ཤེད་ཀྱིས་ཁྱིམ་དུ་མཆོངས་དུས།  ལོ་ལོན་འགའ་སྔ་མོ་ནས་གྲོས་བྱས་པ་བཞིན། དགོན་པའི་དུང་འཁོར་དུ་འཛོམས་ནས།འགའ་རེས་བྲེལ་བྲེལ་འཚབ་འཚུབ་ཀྱིས་སྐོར་བ་བྱེད་ཀྱིན་འདུག་ལ།  འགའ་རེས་འཁར་བ་རེ་ཐོགས་ཏེ་རུས་སྦལ་བཞིན་བྲེལ་འཚུབ་མེད་པར་གོམ་པ་རེ་རེ་ནས་རེ་རེ་ནན་གྱིས་སྤོས་ཏེ་སྐོར་བ་བྱེད་ཀྱིན་འདུག ཡང་འགའ་རེས་གྲུ་ཟུར་གྱི་རྐུབ་སྟེགས་སུ་བསྡད་དེ་རྒྱུན་ལྡན་ལྟར་ཕན་ཚུན་འཚམས་འདྲི་དང་ཁྱིམ་ཚང་གི་གནས་ཚུལ་སོགས་གླེང་ནས། སྐོར་མཚམས་ཀྱི་ངལ་གསོ་བྱེད་ཀྱིན་བསྡད་འདུག

ཡིན་ནའང་། ཨ་ཕྱི་གཡང་འཛོམས་སྐོར་ཁང་དུ་འོང་རྗེས། སྐོར་ཁང་གི་འདུ་འཛི་རབ་ཏུ་རྒྱས་ཏེ་སྐོར་བ་བྱེད་མཁན་གཅིག་ཀྱང་མེད་པར་ཚང་མས་ཨ་ཕྱི་གཡང་འཛོམས་ཀྱི་མཐའ་བསྐོར་ནས་འདུག དུས་དེར། གསལ་བོ་མ་ཡིན་ལ་འདར་འགུལ་གྱི་སྐད་ཆ་འགའ་ཡང་སྐོར་ཁང་གི་གྲུ་ཟུར་ཀུན་ཏུ་མཆེད་ཅིང་ཁྱབ།  སྐད་ཆ་སྔ་མའི་རྗེས་སུ་ཁ་སྣོན་དང་ཁ་སྣོན་གྱི་ཐོག་ཏུ་རྒྱབ་བརྩེགས་ཀྱིས་མི་ཀུན་གྱི་ངག་ནས།  (ཨོསྙིང་རྗེཨོལས་ངན་མ་དེཨོལས་འབྲས་རེད)ལ་སོགས་ཀྱི་གཏམ་སྣ་ཚོགས་མང་དུ་འཆད་ཅིང་སྨྲ།

ཨ་མྱེ་ཆོས་འཕེལ་ནི་ནམ་ཡིན་ཡང་སྐོར་མཁན་ཚོའི་རྗེས་སུ་ལྷག་མཁན་ཉག་གཅིག་དེ་ཡིན། དེ་རིང་ཡང་སྔར་བཞིན་རྗེས་སུ་ལྷག་སྟེ་སྐོར་ཁང་དུ་ཕྱིན་དུས་འགྲོ་རོགས་གཅིག་ཀྱང་མ་རྙེད།  ཁོ་རང་གཅིག་པུ་དལ་ལྷོད་མེད་པར་སྐོར་ཁང་དུ་འབྱོར་དུས།  ལོ་ལོན་རྣམས་སྔར་ནས་རང་ས་རུ་ཕྱིན་ནས་སྐོར་བ་བྱེད་ཀྱིན་འདུག་མོད།  ཨ་མྱེ་ཆོས་འཕེལ་ལ་དེ་རིང་ནམ་རྒྱུན་དང་མི་མཚུངས་བའི་ཚོར་བ་སྟུག་པོ་ཞིག་སྐྱེ།  སྐོར་ཁང་དུ་ཁ་འདོན་གྱི་སྒྲ་དབྱངས་སྔར་དང་མི་མཚུངས་བར་དེ་རིང་ལྡབ་ཀྱིས་ཇེ་ཆེར་གྱུར་ཡོད་ལ།  ལོ་ལོན་ཚོའི་སྙིང་རྗེའི་མིག་ཟུང་ཡང་སྔར་ལས་ལྡབ་ཀྱིས་བཙུམས་ཏེ་གསོལ་བ་རྩེ་གཅིག་ཏུ་འདེབས་ཀྱིན་ཡོདདུས་དེར།  ཨ་མྱེ་ཆོས་འཕེལ་གྱི་བསམ་པར།  དེ་རིང་ཁྱིམ་ཚང་ག་གེ་མོའི་མི་ཆེ་གེ་མོ་ཞིག་ཤི་བ་ཁོ་ཐག་རེད་སྙམ་སྟེ།ཨ་ཕྱི་གཡང་འཛོམས་ཀྱི་སྐོར་ལམ་བཀག་སྟེ(གཡང་འཛོམས།དོན་དག་ཅི་བྱུང་བ་རེད།  ཡང་ཁྱིམ་ཚང་ག་གེ་མོའི་མི་ཞིག་ཤི་བ་རེད་དམ)ཞེས་དྲིས། ཨ་ཕྱི་གཡང་འཛོམས་ཀྱིས་དྲི་བ་དེ་ཐོས་པ་ན། ཤིན་ཏུ་ཐོས་རྒྱ་ཆེ་བ་དང་སྙིང་རྗེ་ལྡན་པའི་ཚུལ་གྱིས(ཨོམ་རེད། སྙིང་རྗེ། ཁ་སང་ཉིན་དཀྱིལ་ཡས་མས་ཤིག་ཏུ་བཀྲ་ཤིས་ཚང་གི་བུ་མོ་ཆེ་བ་ཚེ་རིང་ཆོས་མཚོ་གར་སོང་ཆ་མེད་དུ་གྱུར་ནས།  ཕྱི་དྲོ་གཅིག་ལ་བཙལ་མོད་མ་རྙེད་པས། མདང་དགོང་མཚན་མོར་སྤྲུལ་སྐུ་ཚང་གི་བཞུགས་སར་སླེབས་ཏེ་ཕྱག་མོར་བརྟག  སྤྲུལ་སྐུ་ཚང་གིས་གསུང་རྒྱུར། མོ་རང་བཙན་གྱི་འགྲོ་ལམ་དུ་གཉིད་རྐྱེན། བཙན་ཚོགས་སྐོར་ཞིག་གིས་ཁྲིད་སོང་བ་རེད།དངོས་གནས་སྙིང་རྗེ) ཞེས་ལན་བཏབ།

བཀྲ་ཤིས་ཚང་གི་བུ་མོ་ཆེ་བ་གར་སོང་ཆ་མེད་དུ་གྱུར་བའམ་མི་ཚང་མའི་མཐོང་ལམ་ནས་གང་ཞིག་ཏུ་ཆས་པ་མ་རིག་རྐྱེན། མི་ཚང་མ་སྤྲུལ་སྐུ་ཚང་གི་ཕྱག་མོར་ཤིན་ཏུ་ཡིད་ཆེས་ཏེ། བཙན་ཟེར་བའི་མི་མ་ཡིན་ཞིག་གིས་བུ་མོ་ཆེ་བ་མཐོང་མེད་ཀྱི་གནས་ཤིག་ཏུ་ཁྲིད་པར་ཁོང་ཁྲོ་རབ་ཏུ་འབར་གྱིན་ཡོད། ལྷག་པར་དུ། ཕ་བཀྲ་ཤིས་ནི་སྨྱོན་པ་ལྟར་གྱུར་ཅིང་ངལ་བ་སྤུ་ཙམ་ཡང་མེད་པ་ལྟར་སྡེ་བའི་གཞོན་ནུ་འགའ་ཁྲིད་དེ། ཉི་མ་རེ་རེ་ནས་རེ་རེ་བཞིན་རང་སའི་གྲོག་མོ་དང་ལུང་གཤོང་། ཤིང་འཚུབ།བྲག་ཁུང་། གད་འོག  ནགས་ཚལ། ཆབ་རོམ། རྫ་སྒང་སོགས་གང་སར་ཕྱིན་ནས་བཙལ་མོད། གྲུབ་འབྲས་སྤུ་ཙམ་ཡང་མ་བྱུང་བས།  དེ་ལས་ལྡབ་ཀྱིས་བཙན་ཟེར་བའི་ལྷ་འདྲེ་དེ་ལ་སྙིང་ལངས་ཏེ། ཁ་ནས་ཁོ་རང་འགྲོ་ས་དང་འདུག་ས་ཀུན་ཏུ། བཙན་འདྲེ་རོ་ཤི་རྒྱུ་བོ། དམྱལ་བར་ལྷུང་རྒྱུ་བོ། སྐྱིད་ཀྱི་ཉི་མ་མེད་རྒྱུ་བོ།  གྲང་དམྱལ་བཅོ་བརྒྱད་མྱོང་རྒྱུ་བོ། མི་རོ་རྟ་རོ། ཉི་མ་ལྷ་ས་སོགས་ཐེངས་རེར་ཉན་ན་མནའ་སྒག་པ་དང་ཐེངས་རེར་ཉན་ན་དམོད་བོར་བའི་བྱེད་ཚུལ་ཡ་མ་ཟུང་མང་པོ་ཞིག་ཁོ་རང་གི་ཁོང་ཁྲོ་དང་བསྡོངས་ཏེ་ཕྱི་རུ་མཆེད་ཀྱིན་ཡོད།

 

 གསུམ།

བུ་མོ་ཚེ་རིང་ཆོས་མཚོ་ནི་ད་ལོ་ལོ་བཅོ་བརྒྱད་ཡིན།  ཁོ་མོ་སྐྱེས་གཟུགས་མཛེས་རྒྱུ་མེད་མོད། སྐྱེས་མ་ཀུན་ལ་མི་ལྡན་པའི་རང་གཤིས་འཇམ་པོ་དང་བརྩེ་བའི་འཛུམ་མདངས་ཤིག་ངོ་གདོང་དུ་ནམ་ཡང་མངོན་ཡོད། དེའི་རྐྱེན་གྱིས་མོར་དུང་བ་ཤོར་བའི་གཞོན་ནུ་མང་པོ་ཞིག་མཚན་མོའི་སྨག་རིམ་དང་འགྲོགས་ཏེ་ཁོ་མོ་ཚང་གི་སྦྲའི་ཉེ་འདབས་སུ་བཅར་མོད། ཁོ་མོ་ནི་གཏམ་སྙན་གྱི་བསླུ་བྲིད་ལ་མ་འཐིམ་ཞིང་འགོག་མེད་ཀྱི་འདོད་ཆགས་ལ་མ་སྦྲིད་པས།  གཞོན་ནུ་སུ་གཅིག་གིས་ཀྱང་འདོད་པའི་ཨ་ལོང་ཁོ་མོའི་ལུས་པོར་སྐོན་མ་ཐུབ།

འབྲོག་པའི་ཡུལ་ལུང་ཚོར་མཚོན་ན། མོ་ལོ་བཅོ་ལྔའི་ཐེམ་སྐས་བརྒལ་བ་དང་ལྷན་དུ་ཁོ་མོ་ཚོའི་མེ་ཏོག་གི་འདབ་ཁ་ཡང་འདོད་པའི་ཆུ་ཕྲན་གྱི་རླན་གཤེར་འོག་གཅིག་རྗེས་གཅིག་གིས་བསྙེགས་ཏེ་བཞད་མོད། བུ་མོ་ཚེ་རིང་ཆོས་མཚོར་མཚོན་ན། དེ་ནི་དང་ལེན་བྱེད་ཐབས་བྲལ་བའམ་གདོང་གཏད་ཐུབ་མེད་པའི་སྐྱོ་གར་ཞིག་ཏུ་ངོས་བཟུང་ཡོད། ཕོ་སར་གཞོན་ནུ་ཚོས་འདོད་ཆགས་ཀྱི་དུ་སྨུག་རེས་མོས་ཀྱིས་སྦྲ་འདབས་ཀུན་ཏུ་ཕོ་ཞིང་། ན་ཆུང་བུ་མོ་ཚོས་ལྡེམ་མྱུར་རྩལ་གྱིས་སྤྲས་པའི་མེ་ཏོག་འབྱེད་དེ། ཚིམ་མེད་དུ་མཚུངས་མིན་གྱིས་ཆར་ཆུ་འབེབ་པར་རིན་མེད་ངང་རོལ་རོལ་མཐར།  མེ་ཏོག་གི་འདབ་ཁ་རློན་གྱིས་ཟིན་ཞིང་རྐང་རྩ་དྲོད་ཀྱིས་མནན་པས།  འགྲན་མེད་ཀྱི་ལང་ཚོ་རྙིད་རུལ་དུ་གྱུར། མཉེན་འཇམ་གྱི་ལུས་པོ་སྐམ་ཟད་དུ་སོང་། བློ་མེད་ཀྱི་འདབ་ཁ་ཟེད་ཟེད་རྗེས་གང་ནས་མཆེད་པའི་ཤུལ་རྗེས་ཙམ་ཡང་མི་མངོན་པར། བདག་མེད་ཀྱི་ཚེ་སྲོག་གཉོམ་པོ་ཞིག་མངལ་སྣོད་ཀྱི་ཚ་དྲོད་བསྙེགས་ཏེ་འཛུལ་བའི་དོན་དོན་དངོས་མང་པོ་ཞིག་བྱུང་གིན་པ་གོ་བས།  ཁོ་མོས་ནམ་རྒྱུན་ཨ་མར།  (ངས་ཚེ་འདིར་སྐྱ་ཡ་གཅིག་ལས་བཙལ་རྒྱུ་མིན་ཞིང་།  གལ་ཏེ་དེ་ཡང་ཕན་ཚུན་ཞེ་མཐུན་པ་ཞིག་བཙལ་རྒྱུ་མ་བྱུང་ན།  ང་རང་ཇོ་མོ་བྱ་དགོས་ཀྱང་གཏིང་འགྱོད་མེད)ཅེས་བཤད་ཀྱིན་ཡོད།

 

བཞི།

 བུ་མོ་ཚེ་རིང་ཆོས་མཚོ་བོར་ནས་ཞག་ལྔ་ཙམ་འགོར་རྗེས།  ཨ་ཕ་བཀྲ་ཤིས་ཀྱི་རྣ་བར་ས་ཆ་ག་གེ་མོར་མི་ཆེ་གེ་མོ་ཞིག་གིས་ཁོང་གི་བུ་མོ་མཐོང་བའི་སྐད་ཆ་མག་མོག་ཅིག་ཐོས།མི་དེས་བཤད་པ་བདེན་ན།  (བུ་མོ་ཚེ་རིང་ཆོས་མཚོ་ཡིས་ལྷམ་དྲེད་པོ་ཞིག་གོན་ཞིང་སྐྲ་སྤུ་གནམ་དུ་གཟེངས་ནས་མཚན་མོའི་སྨག་རིམ་དང་ཆབས་གཅིག་ཏུ་གནམ་གྱིས་མི་ཁེབས་པའི་ངུ་ངག་ཅིག་བསྒྲགས་ཏེ་ལུང་ཕུགས་ནས་གར་སོང་ཆ་མེད་དུ་ཡལ་སོང)ཞེས་བཤད་ཀྱིན་འདུག ཡིན་ནའང་།  མི་དེ་སུ་ཡིན་མིན་དང་སྐད་ཆ་དེ་བདེན་པ་ཡིན་མིན་ནི་ཨ་ཕ་བཀྲ་ཤིས་ཚང་དང་ཉེ་སྐོར་འགའ་ལས་ཐེ་ཚོམ་བྱེད་མཁན་མེད། ཅིའི་ཕྱིར་ཞེ་ན།  གནའ་ནས་ད་བར་དང་ད་ནས་མ་འོངས་པར།  སྡེ་མི་ཡོངས་སྤྲུལ་སྐུ་ཚང་གི་ཕྱག་མོ་ལ་ཡིད་ཆེས་ཡོད་ལ།  བཙན་ཟེར་བའི་མཐོང་མེད་ཀྱི་ལྷ་འདྲེ་དེ་ཡང་མངོན་སུམ་དུ་ཡོད་པ་འཁྲུལ་མེད་དུ་སེམས།  དེའི་ཕྱིར་ན།  གཏམ་ཁ་ནས་བུད་ན་རྒྱ་སྒོ་དང་། རྒྱ་སྒོ་ནས་བུད་ན་རྒྱལ་ཁམས་ཞེས་པ་ལྟར།  གཅིག་གིས་བཅུ་དང་བཅུ་ཡིས་བརྒྱ་ལ་བསྒྲགས་ཏེ།  ད་ལྟ་དེ་ལས་ཡ་མཚར་དང་འཇིགས་སྐྲག  ཤ་ཚ་ཡིས་ལྷད་པའི་སྐད་ཆ་མང་པོ་ཞིག་ཨ་ཕ་བཀྲ་ཤིས་ཚང་གི་ཁྱིམ་མིའི་རྣ་ལམ་དུ་ཐོས།

 

 ལྔ།

ཨ་ཕ་བཀྲ་ཤིས་ཚང་གི་དབྱར་ས་རུ། བུ་མོ་རྐང་རྗེན་ཡིན་ཞིང་ལུས་ཀྱི་གོན་པ་ཐེད་ཧྲལ་དང་།  སྐྲ་སྤུ་ཡོངས་ཀྱི་བར་ནས་མེ་སྟག་མཆེད་པ།  མིག་གཉིས་ནས་ཁོང་ཁྲོའི་མེ་འབར་བ།  ཁ་སྣ་ནས་འཛད་མེད་ཀྱི་དུ་རིང་འཕྱུར་བ།  ལག་པ་གཉིས་གཅན་གཟན་དྲེད་མོང་གི་སྦར་མོ་ལྟར་གྱུར་ཏེ།  སྒང་གཤོང་ཀུན་གྱི་རི་དྭགས་རྣམས་སྐད་ཅིག་ཙམ་གྱི་ཚད་ལ་ཤ་ཁྲག་རུད་གསུམ་གཙང་དག་ཏུ་མུད་པའི་ཐོག  གནམ་གྱི་བྱ་རྣམས་དུག་ལྕེ་ཡི་ཁོད་དུ་དྲིལ་ལ། ཆུ་ཡི་ཉ་རྣམས་མཆེ་གཙིག་གི་བར་ནས་ལྡད།  དངོས་གནས་བདུད་གསོན་པོ་ས་ཁར་བུད་པའི་སྐད་ཆ་འདི་དག་ནི།  མི་ཁ་བརྒྱུད་ཅིང་རླུང་ཁར་བསྐྱོན་གྱིན་པའི་བུ་མོ་ཚེ་རིང་ཆོས་མཚོའི་གནས་ཚུལ་རེད།

ཚིག་ལ་མདའ་མཚོན་མེད་ཀྱང་།  ཡ་ཆུང་ཧྲིལ་གྱིས་གཤེགས་ཟེར་བ་དེ་ཅིས་མ་བདེན།  དང་ཐོག་ནས་བུ་མོ་བོར་བའི་སེམས་སྡུག་ལྕི་བའི་ཐོག ད་ལྟ་ཡང་དེ་ལྟ་བུའི་ཡ་ང་ཞིང་སེམས་གསོད་པའི་གནས་ཚུལ་མང་པོས་ཨ་ཕ་བཀྲ་ཤིས་ཚང་ལ་འགྲམ་ལྕག་ཐོག་ཏུ་ཁུ་ཚུར་གཞུས་པ་བཞིན་རྣ་བར་བརྒྱུད་པས།  ཁྱིམ་ཚང་གང་བོའི་སེམས་པ་སྔར་བཞིན་སྡུག་བསྔལ་གྱིས་དྲག་ཏུ་མནན།

 

དྲུག

 ཨ་ཕ་བཀྲ་ཤིས་ཡང་བསྐྱར་སྤྲུལ་སྐུ་ཚང་གི་མདུན་དུ་བཅར་ནས།  སེམས་ལ་བསགས་པའི་སྡུག་དང་རྣམ་ཤེས་ལ་ཕོག་པའི་ནད་ངན་དེ་ཆུ་བཞིན་ཕོ་སྟེ། (ཚེ་འདི་ཕྱིའི་སྐྱབས་མགོན།  འགྲོ་བ་རིགས་དྲུག་གི་ལམ་འདྲེན་པ།  སྡེ་བ་ཡོངས་ཀྱི་བདག་པོ། བདུད་འདྲེ་འཇོམས་པའི་དཔའ་བོ།  ནང་ཆོས་སྤེལ་བའི་སངས་རྒྱས།  རིན་པོ་ཆེ།  བླ་མ་ལགས།  ཁྱེད་ཀྱིས་གོ་ལའི་ཕྱི་ནང་ཀུན་གྱི་གནད་དོན་ལ་མི་མཁྱེན་པ་ཞིག་མེད་པས།  ཡང་བསྐྱར་ཕྱག་མོ་ཞིག་གནང་བར་མཁྱེན)ཞེས་པུས་མོ་དང་མགོ་བཅས་པང་གཅལ་དུ་ཡང་ཡང་གཞུས་ཏེ་དེ་ལྟར་སྨྲས། སྤྲུལ་སྐུ་ཚང་གིས་སྐད་ཆ་དེ་དག་ཐོས་པ་ན། སྒམ་དཀྱེལ་དང་བློ་གྲོས་ཆེན་པོའི་ངང་གིས་རང་མགུལ་ནས་ཕྲེང་བ་བླང་སྟེ་ལག་གཉིས་ཀྱི་བར་ནས་ཕུར་ཕུར་བྱེད་ཞོར། ཁ་ནས་གསལ་མིན་གྱི་འདོན་པ་བཟློས་ཏེ་མཚམས་དང་མཚམས་སུ་ལག་གི་ཕྲེང་བར་ཕུ་རེ་འདེབས་པ་དང་། འདོན་པའི་སྒྲ་དབྱངས་དང་བསྟུན་ནས་མིག་གཉིས་ཀྱང་ཕར་སྒྲིལ་ཚུར་སྒྲིལ་བྱེད། ལན་རེར་ལག་གཉིས་ཀྱིས་ཐལ་མོ་སྦྱར་བ་སོགས་ཀྱི་གོ་རིམ་མང་པོ་ཞིག་བརྒྱུད་བརྒྱུད་མཐར་ལག་གི་ཕྲེང་བར་མོ་ཡི་མཇུག་འབྲས་འདི་ལྟར་ཐོན།

དུས་དེར། སྤྲུལ་སྐུ་ཚང་གིས་གློ་ལུ་ཞིག་བྱེད་ཞོར་བཞུགས་གནས་ནས་ཕར་ཚུར་འགུལ་ཙམ་བྱས་ཏེ་ཨ་ཕ་བཀྲ་ཤིས་ལ།(ཁྱོད་རང་སེམས་མ་སྡུག མོ་ལ་བལྟས་ན་དེ་འདྲའི་བཙོག་རྒྱུ་མི་འདུག རེད་དེ། མོ་ལ་དཀར་ངོ་དང་དམར་ངོ་ཞིག་བབ་འདུག་པར་བརྟག་ན། བུ་མོ་ཚེ་རིང་ཆོས་མཚོ་ཁྱེད་ཚང་གི་ཁོར་ཡུག་གི་ཉེ་ས་ཞིག་ཏུ་བཙན་ཞིག་གིས་སྐོང་འདུག་མོད།  དེ་རྙེད་དགོས་ན་དཀའ་ལས་ཅུང་ཙམ་ཆེ་རྐྱེན།ཁྱོད་ཀྱིས་སོང་སྟེ་ངས་འདི་རུ་བྲིས་པའི་ཆོ་ག་རྣམས་རིམ་བཞིན་སྒྲུབས་དང་། བུ་མོ་ཚེ་རིང་ཆོས་མཚོ་རྙེད་ཁོ་ཐག་ཡིན)ཞེས་གསུངས་བས། ཨ་ཕ་བཀྲ་ཤིས་ཤིན་ཏུ་སྤྲོ་བས་བལྟུམས་ཏེ་སྤྲུལ་སྐུ་ཚང་ལ་གྱེས་ཕྱག་འབུལ་རྗེས། མྱུར་གྱིས་དགོན་པ་སྟོད་སྨད་ཀྱི་གྲྭ་བ་རྣམས་གདན་འདྲེན་བྱས་ཏེ་ཉིན་གསུམ་གྱི་དུས་ཚོད་ལ་ཆོ་ག་རྣམས་རིམ་བཞིན་དུ་བསྒྲུབས་ཚར།

 

བདུན།

ཁ་སང་། ཨ་ཕ་བཀྲ་ཤིས་ཀྱི་ནུ་བོ་ཕྱི་གྲོང་ཞིག་ཏུ་སོང་སྟེ་ཕྱིར་ལོག་པའི་ལམ་བར་ནས། ཡུལ་ཚོ་གཞན་ཞིག་ཏུ་མོ་ལ་མཁས་པ་ཞིག་ཡོད་པ་གོ་ཐོས་བྱུང་སྟེ་དེ་རུ་མོ་བརྟག་ཏུ་ཕྱིན།  མོ་བ་དེས(ཟླ་གཅིག་གི་ཡར་སྔོན་དུ་ཨ་ཕ་བཀྲ་ཤིས་ཀྱིས་ཅ་ལག་དམར་བོ་ཞིག་ཕྱི་ནས་འཁྱེར་ཡོང་བ་དེས་གདོན་འདུག་པའམ་གནོད་པ་བྱས་འདུག   མྱུར་གྱིས་དེ་ཁྱིམ་ནས་ཕུད་དགོས)ཞེས་གསུངས་བ་ཕྱིར་ཡོང་ནས་ཕུ་བོ་བཀྲ་ཤིས་ཚང་ལ་བཤད་པས།  ཨ་ཕ་བཀྲ་ཤིས་ཀྱིས་བསམ་བློ་ཞིག་བཏང་མཐར།  ཟླ་གཅིག་གི་སྔོན་དུ་དངོས་གནས་ཅ་ལག་དམར་བོ་ཞིག་ཁྱིམ་དུ་འཁྱེར་ཡོང་བ་ཡོད་ཀྱང་།  དེ་ཡང་ཞིབ་ཏུ་བསམ་བློ་ཞིག་གཏོང་དུས། ཅ་ལག་གཅིག་ཙམ་ཡང་མ་ཡིན་པར་མང་པོ་ཞིག་ཁྱིམ་དུ་སྔ་གཞུག་བྱས་ཏེ་བཟུང་ཡོང་བ་དྲན།  དཔེར་ན།  རྒྱ་གྲོང་དུ་ཕྱིན་ཏེ་ཆུ་ཟེའུ་དམར་པོ་དང་ཆུ་སྐྱོགས་དམར་བོ།རྒན་མོར་ཉོས་པའི་ཚི་ལེན་དམར་བོ།  རང་ལ་ཉོས་པའི་རྐང་འབོབ་དམར་བོ་སོགས་མང་པོ་ཞིག་མཆིས་མོད། བཤད་སྲོལ་ལ།(རྒྱ་ཡི་ཅ་ལག་གིས་གདོན་པ་མེད)ཟེར་སྲོལ་ཡོད་པས།  ཨ་ཕ་བཀྲ་ཤིས་ཀྱིས་བསམ་བློ་བཏང་བཏང་མཐར།  ཁོའི་ནུ་བོས་ཟླ་གཅིག་གི་སྔོན་དུ་ཁོར་སྟོད་ལྭ་དམར་བོ་ཞིག་ཉོས་ཏེ་སྟེར་བ་དྲན་པས།  ཁོ་ཐག་ལ་དེ་ཡིན་པ་སེམས་ཐག་བཅད།  ནུ་བོས་ཁོ་ལ་སྟེར་དུས།  སྟོད་ལྭ་དེ་མི་གཞན་ཞིག་གི་ས་ནས་བུ་ལོན་དུ་བླང་བ་བཤད་མྱོང་བ་གློ་བུར་དུ་དྲན་པས།  ཨ་ཕ་བཀྲ་ཤིས་རེ་ཞིག་ནུ་བོའི་ཐོག་ཏུ་ཡང་ཁོང་ཁྲོ་རབ་ཏུ་ལངས།

མོ་མཁན་དེས་བརྟག་པའི་དུས་ཚོད་ལྟར།  ཨ་ཕ་བཀྲ་ཤིས་སྔ་མོ་ནས་ཡར་ལངས་ཏེ་སྟོད་ལྭ་དེ་ས་དོང་ཞིག་བརྐོས་ཡོད་པ་དེའི་འོག་ཏུ་མནན།  དེ་ནས་ཁྱིམ་དུ་ལོག་སྟེ་ཞོགས་ཇ་འཐུང་།  ཡིན་ནའང་།  ཨ་ཕ་བཀྲ་ཤིས་ཀྱིས་ཞོགས་ཇ་འཐུང་ཞོར་ཞིབ་ཏུ་བསམ་བློ་ཞིག་གཏོང་དུས།  ཁ་སང་ནུ་བོས་བཏབ་པའི་མོ་ཕན་ཆོད་དང་བུ་མོ་བོར་མ་ཐག་སྤྲུལ་སྐུ་ཚང་གིས་བཏབ་པའི་མོ་ཚུན་ཆོད་བརྩིས་ན།   མོ་ཏག་ཏག་ཧ་ལམ་སུམ་ཅུ་ཁ་ལྷག་ཅིག་འདེབས་མཁན་མི་འདྲ་བའི་མོ་བས་བཏབ་མོད།  དེ་རིང་ལ་ཐུག་གི་བར་བུ་མོ་ཚེ་རིང་ཆོས་མཚོའི་གནས་ཚུལ་བདེན་པ་ཅིའང་གོ་ཐོས་མ་བྱུང་བས།  ཨ་ཕ་བཀྲ་ཤིས་ཀྱིས་ཇ་ཁམ་གང་ཤུགས་རིང་ཞིག་དང་མཉམ་དུ་གྲོད་པར་བསྐྱོན།

 

 བརྒྱད།

    ནམ་ཟླ་དགུན་ཁ་ཡིན་པས།  དགུང་ཉི་མའི་འཛུམ་མདངས་མངོན་མི་མངོན་ཙམ་གྱི་དུས་བར་ནས་ཉིན་གཅིག་གི་ཉི་མ་རྗོགས་སོང་།  ཨ་ཕ་བཀྲ་ཤིས་མལ་དུ་ཉལ་མོད། གཉིད་ཀྱི་དང་བ་དྲན་པ་སྟོང་གིས་བསྒྱེལ་བས།  ཁོ་རང་ཕྱིར་དྲན་དང་སེམས་ཁུར་གྱི་ཁྲོད་ནས་མཚན་མོའི་མུན་ནག་གི་འདབ་ཁ་ལ་མི་འབྱར་ག་མེད་བྱུང་།

བསམ་བློ་བཏང་གིན་བཏང་གིན། བུ་མོ་ཚེ་རིང་ཆོས་མཚོ་དངོས་གནས་བཙན་གྱིས་ཁྲིད་པ་ཡིན་ནམ་གཞི་བདག་གིས་བསྐོངས་བ་ཡིན། ཡང་ན་ལྷ་ཀླུ་ལ་གནོད་པ་སོང་བས་ཡིན།  ད་ཅི་འདྲ་བྱས་ན་དགའ། བླ་མ་ལ་ནི་བརྟེན། མོ་ལ་ནི་བརྟགས། ཆོ་ག་ནི་བསྒྲུབས། གདོན་རྫས་ནི་ཕུད་མོད།  བུ་མོ་ཚེ་རིང་ཆོས་མཚོའི་སྐྲ་སྤུ་ཙམ་ཡང་རླུང་གིས་ཁུར་བ་མ་བྱུང་བས།  ད་ཅི་བྱ་ལ་སོགས་ཀྱི་དོན་དག་མང་པོ་ཆུ་རླབས་བཞིན་ཀླད་པ་ནས་མཆོངས་ཏེ་སེམས་ནང་ལ་འཁྱིལ། དངོས་གནས།དབུགས་མེད་ཀྱི་ཅ་ལག་ཅིག་བོར་རུང་རྙེད་པ་ཡོད་མོད།  ཚེ་སྲོག་གི་གསོན་ཤུགས་རྒྱས་པའི་ན་ཆུང་བུ་མོ་ཞིག་འདི་ལྟར་གནམ་ས་གཉིས་ཀྱི་བར་ནས་གར་སོང་ཆ་མེད་དུ་གྱུར་བ་ཐན་ལྟས་ལ་བརྩི་དགོས་སམ་ཅི་ཞིག་ལ་བརྩི་དགོས།  ཡང་ན་ཅི་ཞིག་ལ་བརྩིས་ན་འགྲིག

 

 དགུ

  ལན་རེར།  མི་ནི་སྲོག་ཆགས་ཀུན་ཀྱི་ནང་ནས་ཆེས་ཐབས་རྡུགས་པ་དེ་ཡིན་སྲིད།  ཁོ་ཚོར་གཞན་དང་མི་མཚུངས་བའི་ཀླད་སེམས་དང་རྣམ་དཔྱོད་ཡོད་མོད།  ཁོ་ཚོས་ཀླད་སེམས་ལ་ཟྭ་བརྒྱབ་སྟེ་དུད་འགྲོའི་སྒྲུབ་ནུས་པའི་བྱ་བ་འགའ་རེ་ལའང་ནམ་ཡང་ནུས་པ་ལྡན་པའི་བྱེད་ཐབས་ཤིག་རྙེད་མི་སྲིད།

  ལོ་འདིའི་མགོ་ཚུགས་པ་ནས་བཟུང་།  སྡེ་མི་འགའ་རེ་ལ་ན་ཚ་དང་གོད་ཆག ལྷག་པར་དུ་གཞོན་ནུ་མང་པོ་ཞིག་གིས་རང་སྲོག་བཅད་པས།  སྡེ་བ་ཡོངས་ཀྱི་མི་སེམས་མདོང་མོའི་ནང་གི་ཇ་དཀྲོག་པ་བཞིན།  འཇིགས་དངངས་དང་དོགས་ཟོན་གྱི་ཁྲོད་ནས་སྐད་ཆ་སྣ་ཚོགས་རླུང་གིས་བ་སྤུ་ཁུར་བ་ལྟར་གང་སར་ཁྱབ་ཀྱིན་ཡོད།

   མི་འགའ་རེས། མོ་བ་ཅིག་གིས་གསུང་ན། (ད་ལོ་ཤར་ཕྱོགས་ནས་ཤོར་བའི་བདུད་རྒན་ཞིག་ང་ཚོ་སྡེ་བའི་ནང་དུ་གཟུགས་མེད་དུ་ཐོན་ཡོད་པས།  རྒན་རྒོན་ཚོར་ན་ཚ་བྱུང་བ་དང་ལོ་གཞོན་ཚོ་རང་སྲོག་གཅོད་དུ་བཅུག་པའི་ལག་དམར་གཙོ་བོ་ཁོ་རེད)ཟེར་གྱིན་འདུག ཡང་མི་ལ་ལས། མོ་བ་ཉིག་གིས་གསུངས་ན།  ད་ལོ་མ་གཞི་ནས་ལོ་ངན་ཞིག་ཡིན་པའི་ཐོག སྡེ་བའི་ན་གཞོན་ཚོ་ཤོ་སྤག་གི་ལས་ལ་གཞོལ།  དར་མ་ཚོ་འཁོར་བ་ཡི་གཏིང་དུ་ལྷུང་།  ལོ་རྒན་ཚོ་རྣམ་གཡེང་གི་ཁོད་དུ་འཐུམ་པའི་རྒྱུ་མཚན་གྱིས་སངས་རྒྱས་བསྟན་པའི་དགོངས་པ་དང་འགལ་སོང་བས།  གོད་ཆག་དང་ན་ཚ་བྱུང་བ་རེད)ཟེར། ཡིན་ནའང་།  དོན་དག་འདི་ཚོ་འབྱུང་བའི་རྒྱ་མཚན་ནམ་དོན་དག་འདི་བསྐྱེད་པའི་རྒྱུ་རྐྱེན་ངོ་མར་ནི་རྒྱང་ཐག་སྟོང་གིས་བཀྱེད་དེ།  མི་མངོན་དམྱལ་བའི་ཡུལ་དུ་རྨོངས་ཀྱིས་འཕངས།

དངོས་གནས།  མི་ཚོར་ལྷན་དུ་ཡོད་པའི་གོམས་གཤིས་དང་རྒྱབ་འགལ་བྱ་དགོས་པ་ནི། ལན་རེར་ཤི་བ་ལས་ཀྱང་དཀའ་ཚོད་དུ་འདུག  བསམ་བློའི་གཤིས་ཀྱིས་ཟིན་པའི་མི་རྣམས་ཀྱིས།  ལྷ་འདྲེ་ཡི་མཐུ་རྩལ་འོག་ནས་ཕམ་ཁ་ཉོས་པ་དང་ལེན་བྱ་བ་ལས།  རང་ཉིད་ཀྱི་བྱེད་རྩོལ་འོག་ནས་མཇུག་འབྲས་གང་ཞིག་བསྐྱེད་པ་ནམ་ཡང་ཁས་ལེན་མི་སྲིད། འདི་ནི་ད་གཟོད་འཕེལ་འགྲིབ་ལ་འགྲོ་མིན་གྱི་འགག་རྩའི་གནད་དོན་ཞིག་ཅིས་མ་ཡིན།

 

བཅུ།

   བུ་མོ་ཚེ་རིང་ཆོས་མཚོ་བོར་ནས་ཟླ་གཉིས་ཙམ་སོང་བའི་ཉིན་ཞིག་ལ། ཨ་ཕ་བཀྲ་ཤིས་ལ་དགའ་སྐྱོ་ཟུང་འབྲེལ་གྱིས་ལྷད་པའི་ཁ་པར་ཞིག་འབྱོར།  ཁ་པར་གྱི་ཕར་སྣེ་ནས(ཨ་ཕ། ང་ཚེ་རིང་ཆོས་མཚོ་ཡིན)ཞེས་བཤད་བྱུང་མོད། ཨ་ཕ་བཀྲ་ཤིས་ཀྱིས་གློ་བུར་བའི་སྐད་ཆ་དེའི་ནང་དོན་མ་ཤེས་ཏེ།  (ཨ།  སུ)ཞེས་འདྲི་དགོས་བྱུང་།  ཁ་པར་གྱི་ཕར་སྣེ་ནས། བུ་མོ་ཞིག་གིས་ངག་འཇམ་པོས་ཡང་བསྐྱར(ཨ་ཕ།  ང་ཚེ་རིང་ཆོས་མཚོ་ཡིན། ངས་ད་ལྟ་བླ་རུང་དུ་ཇོ་མོ་བྱས་ཟིན། ང་འཚོལ་དུ་འོང་མི་དགོས༽ཞེས་བཤད་པས།ཨ་ཕ་བཀྲ་ཤིས་ཀྱིས་ད་ལྟ་གཞི་ནས་རྟོགས་སོང་།

     ཨ་ཕ་བཀྲ་ཤིས་ཀྱིས་མིག་ཆུ་འབྱིད་ཞོར་ངུ་མ་དགོད་ཀྱིས་བུ་མོ་ཚེ་རིང་ཆོས་མཚོ་ཇོ་མོ་བྱས་པའི་གནས་ཚུལ་ཁྱིམ་མི་ལ་བཤད། སྐད་ཅིག་ཙམ་གྱི་རིང་དུ། ཁྱིམ་མི་ཚང་མ་གློ་བུའི་ཁུ་སུམ་གྱིས་མནན་ནས། རེ་ཞིག་ལ་སུ་གཅིག་གིས་ཀྱང་སྐད་ཆ་ཅིའང་ལབ་མ་ཐུབ།

 

བཅུ་གཅིག

 བུ་མོ་ཚེ་རིང་ཆོས་མཚོ་ཟོག་རྫི་རུ་ཕྱིན་ནས་ཁྱིམ་དུ་ལོག་དུས་ངལ་དུབ་ཀྱིས་གཙེས་ཏེ་མལ་ས་རུ་འདུག་ཙམ་བྱས་པས་གཉིད་དུ་ཤོར། སྐར་མ་བཅུ་ལྷག་འགོར་རྗེས་གཉིད་ལས་སད་མོད། ཕ་མ་གཉིས་ཀྱི་ལབ་གླེང་གིས་རེ་ཞིག་མིག་མི་འཛུམ་ག་མེད་བྱུང་།  ཨ་ཕ་བཀྲ་ཤིས་ཀྱིས། (རྒན་མོ། ཁ་སང་སྡེ་དཔོན་གྱིས་ང་ལ་ཁོ་ཚང་གི་བུ་དང་ངེད་ཚང་གི་བུ་མོ་གཉིས་གཉེན་སྒྲིག་དགོས་པའི་གྲོས་བསྡུར་བྱས་པས་ང་འཐད་པ་བྱུང་། དེའི་ཕྱིར་ན། སང་ཉིན་ང་སྤྲུལ་སྐུ་ཚང་ལ་མོ་ཞིག་བརྟག་ཏུ་འགྲོ་དགོས)ཞེས་རྒན་མོར་དེ་ལྟར་བཤད།

 

 བཅུ་གཉིས།

བུ་མོ་ཚེ་རིང་ཆོས་མཚོ་ཇོ་མོ་བྱས་པའི་གནས་ཚུལ་ཡུལ་སྡེ་ཡོངས་ལ་ཁྱབ་པ་ན། ཀུན་གྱིས་ཡང་བསྐྱར་(སྤྲུལ་སྐུའི་བྱིན་རླབས་ཀྱིས་ཁོ་མོ་བསྐྱབས་འདུག དེ་མིན་ཚེ་ལས་ངན་མ་དེ་ནམ་ཡང་རྙེད་མི་སྲིད)ཅེས་བརྗོད་ཀྱིན་འདུག དངོས་གནས་བུ་མོ་ཚེ་རིང་ཆོས་མཚོ་བཙན་གྱིས་ཁྲིད་སོང་ལ། དེ་རྙེད་པར་སྤྲུལ་སྐུ་གཙོས་པའི་མོ་བ་ཀུན་གྱིས་རོགས་གདན་བྱས་པས།  ད་གཟོད་ཁོ་མོ་ཇོ་མོ་བྱ་ཐུབ་སོང་ཞིང་ཇོ་མོ་བྱས་པའི་གནས་ཚུལ་ཤེས་ཐུབ་སོང་ངོ་།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།