ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་ཆེད་འགོད།

481

   ——ཕྲན་གྱི་མིང་ལ་ཁང་གསར་ཚེ་དབང་རིག་འཛིན་ཟེར་ཞིང་།  པིར་མིང་ལ་གཡོག་པོར་འབོད།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།  ༢༠༡༥ལོར་སྐབས་ལྔ་བའི<<ཟླ་ཟེར>>རྩོམ་རིག་བྱ་དགའ་ཐོབ།  དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་དཀྱིལ་དུ་མདོ་སྨད་མགོ་ལོག་གཅིག་སྒྲིལ་དུ་སྐྱེས།    ལས་ཞོར་དུ་བརྩམས་སྒྲུང་གཙོ་བོར་བྱས་ཏེ་སྙན་ངག་དང།  ལྷུག་རྩོམ་དཔྱད་རྩོམ་སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་མང་པོར་བཀོད།    ༢༠༡༢ལོར་སྒྲུང་ཐུང་བསྡུས་དེབ<<ཕ་ཡུལ་གྱི་འཁྲེང་སེམས>>དང་།  ༡༠༡༥ལོར་སྒྲུང་ཐུང་བསྡུས་དེབ་གཉིས་པ་<<སྤྱང་ཀིའི་རྣ་ཚར>>པར་སྐྲུན་བྱས།   ཉེ་ཆར་སྒྲུང་འབྲིང་ཕྱོགས་བསྒྲིགས་ཀྱི་དེབ<<འབྲོག་སྡེ་དང་དབྱར་རྩ་དགུན་འབུ>>ཞེས་པ་དང་སྒྲུང་ཐུང་ཕྱོགས་བསྒྲིགས་<<ཚེ་སྐྱིད་ཀྱི་གནས་ཡུལ་གསུམ་པ>>གཉིས་ཀྱང་པར་སྐྲུན་བྱེད་རྩིས་ཡིན། ད་ལྟ་མགོ་ལོག་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི<<ཤྭ་སྐྱ>>དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པའི་ལས་ཀ་གཉེར་ཞོར་མུ་མཐུད་དུ་དཔེ་ཀློག་དང་རྩོམ་འབྲིའི་ལས་ལ་འཇུག་གིན་ཡོད།

 

གཅེས་ཕྲུག  

 

  ༡

 

     མཚན་མོ་དེར་རིག་སྐྱིད་མལ་སའི་སྟེང་དུ་ཉལ་མ་ཙོག་གིས་རྒྱབ་བསྙེས་ལ་ཁེན་ནས་ལག་ཟུང་གི་འཆང་བའི་ནང་ངོས་ཀྱིས་འཇམ་འཇམ་དང་དལ་དལ་གྱི་ངང་ནས་ད་དུང་འབུར་དུ་དོད་ཡོད་མེད་ཙམ་ཡིན་པའི་ལྟོ་བ་ལ་རེག་རེག་བྱེད་ཀྱིན་ཡོད།    མིག་ཟུང་ཕར་ངོས་ཀྱི་བརྙན་འཕྲིན་འཆར་ཤེལ་ལ་ཕྱོགས་པ་ཙམ་ལས།    སེམས་པ་ནི་བོད་མི་ཚོས་བཤད་རྒྱུན་དུ་ཡུལ་ལྷ་གཞི་བདག་ནི་དུས་སྐད་ཅིག་མར་སྟོང་གསུམ་ལ་བསྐོར་བ་དགུ་རེ་བརྒྱབ་ནས་ཉིན་གཅིག་ལ་ལྕགས་ལྷམ་དགུ་ཐེད་རག་བར་དུ་རྒྱུག་དགོས་ཞེས་པའི་བཤད་སྲོལ་ལྟར་ཁང་མིག་ལས་ཕྱི་ལ་བརྟོལ།    དེ་ལས་ཀྱང་ཡངས་པའི་རྩྭ་ཐང་དང་།   ཆུ་བོ་ཆེན་པོ།    རི་མཐོན་པོ་སོགས་ལ་སྐད་ཅིག་ཀྱང་མ་ཐོགས་པར་མི་ཚོགས་ཀྱི་འདུ་འཛི་དགོད་སའི་གྲོང་ཁྱེར་དུ་འབྱོར།

      གྲོག་ཚང་ལྟར་བརྡོལ་བའི་མི་ཚོགས་ཀྱི་མིག་ཟུང་དག་ནི་མིག་ཤེལ་སྨུག་པོ་དག་གི་འོག་ནས་བསམ་མེད་ཀྱི་བྱིས་པའི་ཚེ་སྲོག་ལ་རྒོལ་བའི་གྲི་མཚོན་རེ་རེ་ལྟར་གཟེངས་འོང་བས།    ཕ་མ་ཚོའི་བྲང་ལ་སྦྱར་བའི་གཅེས་ཕྲུག་དག་མིག་ལམ་ལས་སྐད་ཅིག་ཙམ་བོར་ན་བསམ་དབང་དྲན་དབང་མེད་པར་“ཨ་ཕ་”དང་“ཨ་མ་”ཞེས་འབོད་ཤེས་མཁན་ཚོར་འབོད་དབང་ཙམ་དང་ངུ་སྐད་ཙམ་ཡང་འདོན་ལོངས་མེད་པར་གཤིན་རྗེའི་འཕྲང་དུ་བསྐྱལ་འགྲོ་བའི་འཇིགས་རུང་གི་ཡུལ་གྲུ་ཞིག་ཏུ་ཐོན།   མོས་ཀྱང་རང་གི་བུ་ཕྲུག་བྲང་ལ་དམ་པོར་སྦྱར་ཏེ་མི་ཚོགས་ལས་ཐར་བར་ཇི་ལྟར་འབད་ཀྱང་རླབས་འཕྲེང་བཞིན་ཆད་མེད་དུ་འགུལ་བའི་མི་ཚོགས་ཀྱི་གཡོ་སྐྱོམ་ནི་ཇེ་སྟུག་ནས་ཇེ་སྟུག་ཏུ་གྱུར།  རིག་སྐྱིད་བསམ་གཞིག་འཇིགས་པོ་དེ་ལས་ཕྱིར་དྲངས་པ་ན།    མདུན་ཕྱོགས་ཀྱི་གྱང་ངོས་སུ་བཀལ་བའི་བརྙན་འཕྲིན་འཕྲུལ་ཆས་སུ།    ནང་ལོག་གི་གྲོང་ཁྱེར་ག་གེ་མོ་ནས་ད་སོ་མར་ཨ་མའི་མངལ་ལས་སྐྱེས་པའི་བྱིས་པ་ཞིག་བོར་སོང་བའི་གནས་ཚུལ་ཞིག་ཡུལ་དངོས་ཀྱི་བརྙན་མིག་དང་སྦྲགས་ཏེ་གཏོང་གིན་འདུག    རིག་སྐྱིད་ནེམ་ཞིང་འཕར་བའི་མལ་ཁྲིའི་སྟེང་ནས་ཧོབ་སྟེ་ཁོག་སྟོད་དགྱེ་ནས་བརྙན་འཕྲིན་ལ་གཟབ་ནན་གྱིས་བལྟས།     གསར་འགོད་པའི་གདོང་ལ་སྐྱོ་ཉམས་དང་གཟབ་ནན་གྱི་ཉམས་ཤིག་མངོན་གྱིན་འཇིག་རྟེན་མི་ཡུལ་འདིར་སྐྱེས་ནས་ཆུ་ཚོད་ཁ་ཤས་ལས་མ་འགོར་བར་བྱམས་ལྡན་ཕ་མའི་པང་ལས་ཡ་ང་དང་བག་ཚ་མེད་པར་ཁྱེར་བའི་མི་ངན་ནག་ཉེས་ཅན་དེས་རྐུན་ལག་ཇི་ལྟར་བསྲིང་བའི་བྱ་སྤྱོད་ལ་བརྙན་མིག་གིས་གསལ་སྟོན་བྱས་པར་ཁ་རྡུང་དྲག་པོ་གཏོང་བ་དང་།    མྱུར་དུ་ནག་ཉེས་བཟོ་མཁན་གྱི་གཏེ་བོ་འཛིན་བཟུང་ཐུབ་པར་ས་གནས་དེ་གའི་སྤྱི་བདེ་མི་སྣས་འབད་པ་བྱེད་ཀྱིན་པ་བསྒྲགས་སོང་།    རིག་སྐྱིད་ཀྱི་སྙིང་རླུང་སྟོད་ལ་འཚང་ནས་ལྟོ་བར་རེག་རེག་བྱེད་ཀྱིན་མཁུར་ཚོས་ནས་མཆུ་མའི་དོག་པ་འགའ་མལ་ཐུལ་གྱི་སྟེང་ལ་སིམ།

       ད་ལྟ་ཕྱི་རོལ་དུ་མི་སེམས་ལ་ན་ཟུག་གཏོང་བའི་ཉིན་མོའི་འཛུགས་སྐྲུན་འཕྲུལ་ཆས་ཀྱི་སྒྲ་དང་འཁོར་རིགས་ཀྱི་སྒྲ་སོགས་ཅུང་ཞིག་ཉུང་དུ་སོང་ནས་ལྷིང་འཇགས་ཀྱི་རྣམ་པ་ཞིག་ཤར་འོངས་ཤིང་།     མི་ཚོས་ཁུ་སིམ་ཞེས་པའི་བདེ་སྐྱིད་དེར་རོལ་མྱོང་བྱེད་སྒང་ཡིན་ངེས་ལ།    ལྷག་པར་རྩོམ་ཡིག་འབྲི་བར་དགའ་བའི་རིགས་ལ་འབྲི་དེབ་དང་སྙུ་གུའམ་གློག་ཀླད་ཀྱི་ཕབ་གཞུང་གྲོགས་སུ་བསྟེན་པའི་བར་སྟོང་ཁྱད་པར་བ་ཞིག་ཀྱང་སྟེར་ཚོད་རེད།     ཡིན་ནའང་རིག་སྐྱིད་ལ་མངལ་འཁོར་བ་ནས་བཟུང་ཁུ་སིམ་གྱི་མཚན་མོ་རེ་རེ་སྔར་བཞིན་རྔུར་བ་སྟུག་པོའི་ཁྲོད་ནས་གཉིད་རྐྱང་དང་ཉི་འབྲས་འཆའ་བཞིན་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལ་བལྟ་བའི་ལུས་ལྷོད་སེམས་ལྷོད་ཅིག་ཡེ་ནས་མིན།    མོ་རང་རང་ཉིད་ལ་འཚམ་པའི་སྐྱེས་པ་ཞིག་དང་མ་འཕྲད་པར་གཉེན་སྒྲིག་གི་དུས་ཚོད་འགྱངས་བའི་གྲས་ཡིན།   ན་ནིང་གཟོད་རང་དང་ལས་ཁུངས་གཅིག་ཅིང་ཕ་ཡུལ་གཅིག་པའི་སྐྱེས་པ་ཁ་སྤུ་ཅན་དེར་གཉེན་སྒྲིག་བྱས།

      གཉེན་སྒྲིག་བྱས་རྗེས་མོ་ལ་ད་གཟོད་གར་འོང་འདིར་འོང་མ་ཤེས་པར་བུ་ཕྲུག་ཅེས་པའི་སེམས་ཀྱི་ཁུར་བོ་ཞིག་ནམ་དང་དུས་སུ་མཁའ་དབུགས་ཀྱི་རྒྱུ་བ་བཞིན་ཐོན།     ཁྱིམ་མཚེས་ཚང་གི་སྐྱེས་མ་དེས་བཤད་ན་ཁོ་མོ་གཉེན་སྒྲིག་ནས་ལོ་དྲུག་འདས་ཟིན་མོད་ལྟོ་བར་གྲགས་འགུལ་ཤིག་ཙམ་ཡང་མ་བྱུང་བས།    མོ་དང་བཟའ་ཟླ་གཉིས་ལ་བྲེལ་བ་ཆེན་པོ་ལངས་ནས་དགུན་གནང་སྐབས་སུ་གྲོང་ཁྱེར་གྱི་སྨན་ཁང་ཆེན་མོར་ཕྱིན་དེ་བརྟག་དཔྱད་བྱས།    སྨན་པས་བཤད་ན་མོའི་མངལ་དུ་བུ་ཕྲུག་མི་འཁོར་བ་ནི་མཁལ་མའི་ཟུང་ཅུང་ཟད་ཅིག་ཉམས་ཡོད་པས་ཡིན་པས།    དེ་ལ་ལོ་གཅིག་ཡས་མས་ཀྱི་ཡུན་དུ་སྨན་བཅོས་བྱེད་དགོས་ཚུལ་གླེང་།    ད་ལྟ་སྨན་བཅོས་བྱས་ནས་ལོ་གཅིག་འགོར་ཟིན་མོད་ད་དུང་སྔར་བཞིན་མངལ་དུ་གྲགས་འགུལ་ཤིག་ཙམ་ཡང་མེད་པས་བཟའ་ཟླ་གཉིས་སྔར་ལས་ཀྱང་སེམས་འཚབ་སྐྱེ་བཞིན་ཡོད་ཚུལ་སོགས་གླེང་བས་རིག་སྐྱིད་ཧད་པར་གྱུར།

      རིག་སྐྱིད་ལ་མིང་སྲིང་ཤི་གསོན་བརྒྱད་ཡོད་མོད།     སྔོན་ཆད་ཕ་མ་ཚོས་བུ་ཕྲུག་མངལ་དུ་འཁོར་བར་སྨན་པ་ཞིག་བསྟེན་དགོས་རབས་གང་ན་ཡོད།    དེ་བཞིན་དུ་ཁོ་ཚང་གི་སྡེ་བའི་ནང་དུ་བུད་མེད་རབས་ཆད་གཅིག་ཡོད་པ་ལས་གཞན་པའི་ཁྱིམ་ཚང་ཚོའི་སྦྲ་སྒོ་ན་བྱིས་པ་ཚོས་ཐ་ར་ར་བྱེད་ཀྱིན་ཡོད་པའི་སྣང་བརྙན་ད་དུང་གསལ་ལེར་དྲན།      ད་ལྟ་རིག་སྐྱིད་མོ་རང་གིས་ཀྱང་ཕྱིར་འདང་རེ་བརྒྱབ་ན་ཁྱིམ་ཚང་སུ་ཞིག་དང་བུད་མེད་གང་ཞིག་ལ་བུ་ཕྲུག་མ་སྐྱེས་པར་སྡུག་བསྔལ་མྱངས་རབས་ཀྱི་སྐད་ཆ་ཞིག་གི་དྲི་ཙམ་ཡང་གོ་མ་མྱོང་།    དེ་བས་མོ་ལ་གཉེན་སྒྲིག་བྱས་པའི་ལོ་དེ་ག་ནས་མངལ་འཁོར་བ་ནི་བསོད་ནམས་དང་བདེ་སྐྱིད་ཅིག་ཏུ་སྒོམ་ལོས་ཀྱང་དགོས།     འོན་ཏེ་ད་ལྟའི་དུས་རབས་འདིར་བྱིས་པ་མི་སྐྱེ་བའི་དཀའ་སྡུག་དང་བྱིས་པར་ཚོད་འཛིན་བྱེད་པའི་དཀའ་སྡུག    སྐྱེས་ཀྱང་ནར་སོན་རག་བར་གྱི་རྐྱེན་ངན་སྣ་ཚོགས་ཀྱི་དཀའ་སྡུག་སོགས་འཛད་དུ་མེད་པ་ཞིག་གིས་གཉེན་སྒྲིག་རྗེས་ཀྱི་ཁྱིམ་ཚང་ཞེས་པའི་མདུན་ཕྱོགས་ཀྱི་ལམ་བུ་ཇི་འདྲའི་གུ་དོག་པོ་ཞིག་ཏུ་བཏང་འདུག་ཨང་།

      སྔ་མོར་རིག་སྐྱིད་ལས་ཞུགས་ལ་འགྲོ་བའི་ལམ་བར་དུ་བུད་མེད་ཅིག་གིས་བྱིས་པ་ལོ་ན་གསུམ་བཞི་ཅན་ཞིག་གི་ལག་མགོ་ནས་ཁྲིད་དེ་འགྲོ་བཞིན་པ་དང་འཕྲད།    སྔོན་ཆད་མོའི་སྔོན་དུ་བྱིས་པ་ཆུང་ཆུང་བཅུ་ཕྲག་ཅིག་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད་ནའང་དེ་ལ་སུན་སྣང་ཞིག་ལས་མེད་ཅིང་ལམ་སང་གཡོལ་ནས་བུད་འགྲོ་མོད།    ད་ལྟ་མོས་བྱིས་པ་ཆུང་ཆུང་ཞིག་གི་ངུ་སྐད་གོ་ཚེ་སེམས་སུ་སྙིང་རྗེ་བའམ་ཤ་ཚ་བའི་ཚོར་བ་ཞིག་ཐོན་འོང་ལ།    བྱིས་པ་གང་ཞིག་མིག་ལ་ཐོགས་ཚེ་དེར་ཡང་བལྟ་བསྐྱར་བལྟ་ཤོར་འགྲོ།    ཐ་ན་ཟུར་དུ་སོང་ནས་མར་སྒུར་ཏེ་ལག་པས་རེག་རེག་བྱེད་པ་དང་ཁ་ནས་གཅེས་ཚིག་མང་བོ་ཞིག་ཀྱང་ཤོར་འགྲོ།    དེ་རིང་ཡང་དེ་ལས་མ་འདས་པར་བུད་མེད་དེས་ཁྲིད་པའི་བྱིས་པར་བཅར་ནས་ཕྲག་པར་ལག་པས་རྡེབ་རྡེབ་བྱེད་ཀྱིན་གཅེས་པའི་སྐད་གདང་གིས་“ཨ་རོགས་གསར་བུ་ཆུང་ཆུང་།    གང་ལ་འགྲོ།   གང་ལ་འགྲོ། ” ཞེས་དྲི་བའི་ཚུལ་བཏོན།    བྱིས་པའི་ཨ་མས་ཀྱང་བུ་ཕྲུག་ལ་སྐད་གཉོམ་གཉོམ་གྱིས་“སྲང་བར་ཉུལ་དུ་འགྲོ་ཞེས་ཟློས།    རྩེད་སྤྱད་ཉོ་རུ་འགྲོ་ཞེས་ཟློས།”ཞེས་བསླབ་མོད།   བྱིས་པའི་ད་དུང་སྐད་ཆ་བཤད་མི་ཤེས་པའམ་ཆ་མེད་བྱས་ནས་ཁ་མ་གྲགས།   རིག་སྐྱིད་དགོད་ཀྱིན་ལག་པ་གཡུག་གཡུག་གིས།    “བདེ་མོ་བྱོས།   བདེ་མོ་བྱོས།”  ཟེར་བ་ན།    ཨ་མ་དེས་ “པའེ་པའེ་ཟློས་”ཞེས་བཤད་པས་བྱིས་པ་དེས་ཀྱང་རིག་སྐྱིད་ཀྱི་ཕྱོགས་སུ་ལྟ་བཞིན་ལག་པ་ཆུང་ཆུང་གཡུག་ཙམ་བྱས་ནས་“པའེ་པའེ་” ཞེས་སྨྲས་སོང་།

      རིག་སྐྱིད་རང་གི་གཞུང་ལས་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར་བཞིན་སེམས་སུ་ཨ་མ་འདིས་བྱིས་པ་ཆུང་ཆུང་ལ་རང་སྐད་མི་བསླབ་པར་གཞན་སྐད་ད་མ་དིག་ཅིག་བསླབ་ཚར་འདུག    ཨ་མ་འདི་ནི་བོད་མོ་ངོ་མ་ཞིག་ཡིན་པ་ཤེས་འདུག    བྱིས་པར་རང་སྐད་བསླབ་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་ཡིན་ནམ་སྙམ་བཞིན་རང་གི་ལྟོ་བར་རེག་ཙམ་བྱས།   གཞུང་སྒྲུབ་ཐོག་ཁང་ཆེན་མོའི་སྒོ་རུ་ལས་ཞུགས་ལ་འོངས་པའི་མི་མང་བོ་ཞིག་ཐོན་དང་ཐོན་གྱིན་འདུག་ལ།   ལ་ལས་མཆན་ཞབས་སུ་ཡིག་ཆ་རེ་བཙིར་ནས་བྲེལ་བས་འགྲོ་ཐོག་ཁང་དུ་འཛུལ་བཞིན་པར་བལྟས་ན་ལས་ཁུངས་སུ་གོང་རིམ་མགོ་ཁྲིད་ཅིག་ཐོན་ལ་ཉེ་ཞིང་།    གློ་བུར་དུ་“དེ་འགྲུབ་དགོས་དང་དེ་མེད་ན་མི་ཆོག་”ཅེས་པའི་བཀའ་བཙན་པོ་ཞིག་བུད་ཡོད་པ་དང་འདྲ།    འགའ་རེས་ཞོགས་པའི་ཉི་འོད་འཇམ་པོའི་འོག་ཏུ་འདུ་ཚོམ་འདུ་ཚོམ་བྱས་ནས་ཁ་བརྡ་གློད་ཀྱིན་འདུག་ཅིང་གཞུང་ལས་ཁང་དུ་འཛུལ་བར་སུན་སྣང་སྐྱེ་བཞིན་ཡོད་པ་དང་མཚུངས།

 

 

       རིག་སྐྱིད་གཞུང་ལས་ཁང་དུ་ཐོན་པ་ན་ལས་གྲོགས་དག་ཀྱང་འཕྲོ་རིམ་འཕྲོར་ཐོན།   རྡོ་རྗེ་སྒོ་ནས་ཡར་འཛུལ་མ་ཐག་ནས་རིག་སྐྱིད་ཀྱི་གདོང་ལ་བལྟས་ཏེ་ “ཡ་རིག་སྐྱིད་མིག་ལ་ཆགས་ག་ཉིས་རིམ་བབས་ནས་མདང་ནུབ་ཡང་ལས་ཀ་ལ་བྲེལ་བ་མིན་ནམ།” ཞེས་དགོད་ཞོར་དུ་ལབ་པ་ན།    དེར་ཡོད་ལས་གྲོགས་ཚང་མ་མ་བགྲོས་གཅིག་མཐུན་གྱིས་མོའི་གདོང་ལ་བལྟ་ཙམ་བྱས།   རིག་སྐྱིད་ཀྱི་གདོང་བྱུ་རུའི་མདངས་བཞིན་དམར་པོར་གྱུར་ནས་“མི་ཚང་མ་ཁྱོད་ལྟ་བུའི་ཁྱི་ཞིག་གང་ནས་ཡིན།” ཞེས་ཚིག་རྒྱག་ཙམ་བྱས་མོད།    དོན་དངོས་ཐོག་རྡོ་རྗེའི་སྐད་ཆ་དེའི་མོའི་གནོང་ཐོག་དུ་འཁེལ་བས་གདོང་ནི་སྔར་བས་ཀྱང་དམར་པོ་དམར་རྐྱང་དུ་གྱུར་ཞིང་།    ཐད་ཀར་ལས་གྲོགས་ཚོར་བལྟ་མ་ནུས་པར་མགོ་སྒུར་ནས་མདུན་ཅོག་གི་འཐེན་སྒམ་ནང་ནས་ཅི་ཞིག་འཚོལ་ཁུལ་བྱས།    དེར་མཐུད་ནས་ལས་གྲོགས་བུ་མོ་ཚོ་རིག་སྐྱིད་ཀྱི་ཕྱོགས་དང་སྐྱེས་པ་གཉིས་ཡོད་པ་རྡོ་རྗེའི་ཕྱོགས་སུ་བུད་དེ་ཀུ་རེའི་ཁ་རྒྱལ་རྩོད།  སྐྱེས་པ་ཞིག་གིས།  “རྡོ་རྗེའི་བཤད་པ་དངོས་གནས་བདེན་འདུག    བུད་མེད་ཚོས་མཚན་མོའི་ལས་ཀ་ལས་ཡོད་མེད་ཕྱིར་ཉིན་གདོང་དང་མིག་ལ་བལྟས་ན་ཤེས་ཐུབ་ཀྱིན་འདུག”  དེར་མཐུད་ནས་ཡང་སྐྱེས་པ་ཞིག་གིས།   “དེའི་ག་ལ་ཚད།    མཚན་མོར་ལས་ཀ་ལས་ཡོད་ན་ཕྱིར་ཉིན་གོམ་པ་སྤོ་ཚེ་འཁྱལ་འཁྱོལ་ལྟ་བུ་ཞིག་ཡིན།” བུད་མེད་ཅིག་གིས།“ཧོ་ཧོ།   གོ་ཡང་མ་མྱོང་།    དེས་ན་སྐྱེས་པ་ཚོའི་དེ་དབྱུག་པ་ཞིག་ཡིན་ནི་ཡིན་རྒྱོའི་རེ།”  “ཧ་ཧ་ཧ།” “ཧ་ཧ་ཧ།”

     ཚང་མས་དགོད་སྒྲ་དིར་དིར་བྱེད་བཞིན་པའི་སྐབས་སུ་གཞུང་ལས་ཁང་གི་སྒོ་ཁྲོག་གེར་ཕྱེས་ནས་ཅུའུ་ཀྲང་ནང་དུ་འཛུལ།    ཁང་བའི་ནང་གི་དགོད་སྒྲ་དེ་མུར་བརྙན་འཕྲིན་འཕྲུལ་ཆས་ཀྱི་གློག་སྒོ་གཏན་པ་བཞིན་མཚམས་ཆད་དེ་ལ་ལས་ཙིག་རྟགས་ཡར་དེད་མར་དེད་དང་ཕབ་གཞུང་དུ་དམིགས་ཡུལ་མེད་པར་གནོན་པ་སོགས་གློག་ཀླད་དུ་ཅི་ཞིག་ལས་ཁུལ་བྱེད་པ་དང་།    ལ་ལས་མྱུར་བར་མདུན་ཅོག་སྟེང་གི་ཡིག་ཆ་ལག་ཏུ་གང་ལོན་ཞིག་གི་ཁ་ཕྱེས་ནས་བལྟས།   ཅུའུ་ཀྲང་དགོད་ཙམ་བྱས་ནས་ “ཅི་ཞིག་རེད།    དེ་འདྲའི་དགའ་ཚོར་ཞིག་བྱུང་བ།” ཞེས་འདྲི་བཞིན་ཀྲུའུ་རིན་གྱི་ཟུར་དུ་བཅར།    སྐྱེས་མ་ཚོའི་གདོང་ནི་སྔར་བས་ཀྱང་ཚ་བེར་བེར་གྱིས་ལྕགས་ཐབ་དམར་པོའི་ཟུར་དུ་བསྲོ་དང་འདྲ་བར་གྱུར།    རྡོ་རྗེས་དེ་མུར་ཅུའུ་ཀྲང་ལ་འཛུམ་སྟོན་ཞོར་དུ་ “ཧུ་ཧུ།   ཅང་མ་རེད་ང་ཚོས་ཀུ་རེ་ཤིག་བརྩེས་པ་ཡིན།”ཟེར་ཞོར་ཡར་ལངས་སྟེ།    ཐེངས་གཅིག་བཀོལ་རྒྱུའི་ཤོག་ཕོར་དུ་ཅུའུ་ཀྲང་ལ་ཇ་བླུགས་རྩིས་བྱས་པ་ན།    ཅུའུ་ཀྲང་གིས་ལག་པ་འཕྲེད་དུ་གཡུག་གིན་ “ཇ་མི་བླུགས།    རྗེས་སོར་ལས་ཞུགས་ཀྱི་སྐབས་སུ་འུར་ཆེན་པོ་མ་རྒྱག་ཨ།    རྡོ་རྗེ་དེ་རིང་ཉིན་གུང་གཤམ་བསྐྱོད་དུ་འགྲོ་དགོས་པས་གྲ་སྒྲིག་བྱོས།    ཉིན་གསུམ་ཙམ་དགོས།” ཞེས་བཤད་དེ་སྒོར་བུད།   ཅུའུ་ཀྲང་སྒོར་བུད་མ་ཐག་ནས་རིག་སྐྱིད་ཀྱི་རྡོ་རྗེའི་གདོང་ལ་མིག་ལོག་གིས་བལྟ་བཞིན་ལག་ཟུང་གིས་དམོད་མོ་མཚོན་པའི་སྤར་ཚད་བྱས།  སྐྱེས་མ་གཞན་ཞིག་གིས་ཁུ་ཚུར་གྱི་སྟེང་ལ་ཁུ་ཚུར་བརྒྱབ་ཏེ་ཁྱོད་གཤམ་བསྐྱོད་དུ་འགྲོ་དགོས་པ་ཁྲིགས་སེ་ཡིན་པའི་བརྡ་བསྟན།  ཚང་མས་གཅིག་གི་གཅིག་གི་ངོ་ལ་བལྟ་བཞིན་ཁ་ལག་པས་བཀབ་ནས་ལྐོག་བགད་བྱས།

       ད་ལྟ་གཞུང་ལས་ཁང་དུ་ཤོག་བུ་རེ་ཕར་བསྒྱུར་ཚུར་བསྒྱུར་བྱེད་པའི་སྒྲ་དང་གློག་ཀླད་ཀྱི་ཕབ་གཞུང་དུ་མཛུབ་མོས་གནོན་པའི་ཐག་སྒྲ་ཆུང་ཆུང་རེ་ལས་ཅི་ཡང་མེད་པར་འཇམ་ཐིང་ངེར་གནས།   རིག་སྐྱིད་ཀྱིས་སྟོད་པ་རྫོང་ཨུའི་ཡིག་ཆ་ཞེས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁ་བྱང་དམར་པོ་ཅན་ཞིག་ལ་ཅེར་ནས་ཡོད་མོད།    སེམས་པ་ཡིག་ཆའི་དགོངས་དོན་སྟེང་དུ་བརྟན་པོར་གནས་མི་ཐུབ་པར་ཅི་ཞིག་ལ་ཤོར་འགྲོ།      ད་སྔོན་སྲང་ལམ་དུ་འཕྲད་པའི་བྱིས་པ་ལོ་ན་གསུམ་བཞི་ཅན་དེ་ཡིད་ཡུལ་ལ་འཛུལ།  ལག་གཡོན་པས་མདུན་ཅོག་གི་ཕག་ནས་ལྟོ་བར་རེག་རེག་རེ་བྱེད།  བྱིས་པ་དེའི་སྒོར་ཞིང་དྭངས་པའི་གདོང་དཀར་པོ་དེ་དང་།    ལག་པ་ཚོན་པོ་མཁྲིག་མར་རི་མོ་བབས་པ་དེ་དྲན་པའི་ངོས་སུ་གསལ་གྱི་ལེར་ཤར།    རང་གི་ལྟོ་བའི་ནང་གི་བུ་ཕྲུག་དེ་ནད་མེད་རྐྱེན་མེད་ངང་འཚར་ལོངས་བྱུང་ནས་བྱིས་པ་དེ་འདྲ་ཞིག་ཏུ་ལག་ཆགས་ཡོད་དུས་ནམ་ཞིག་ཡིན་ནམ།    དེ་དུས་རང་གི་བྱིས་པས་ཀྱང་དབྱིན་སྐད་ད་མ་དིག་ཅིག་བརྗོད་སྲིད་དམ།    མ་རེད་མ་རེད།    དབྱིན་སྐད་རྒྱ་སྐད་སོགས་ཅི་ཞིག་བརྗོད་ན་བརྗོད།    རྐྱེན་ངན་གྱིས་མ་ཁྱེར་བའི་བུ་ཕྲུག་ཅིག་ཏུ་ལག་ཆགས་སོང་ན་ཨ་མའི་བསམ་དོན་དེ་ཡིས་འགྲུབ་པ་ཡིན།   འགྲུབ་པ་ཡིན་སོགས་སེམས་སུ་མི་འཆར་དགུ་འཆར་བྱེད་སྒང་དུ།    ལས་གྲོགས་ཤིག་གིས་ “ཁ་སང་མི་དོན་ཅུའུ་ཡིས་སྦྱིན་པའི་ཡིག་ཆ་དེ་མཐོང་ངམ།” ཞེས་པའི་དྲི་བ་ཞིག་གིས་མོའི་མིག་ཟུང་ཡིག་ཆ་དང་སེམས་པ་བུ་ཕྲུག་ཏུ་ཕྱོགས་པའི་བགྱི་བ་དེ་གློད་གྲོལ་དུ་བཏང་།

       ལས་གྲོགས་སྐྱེས་མ་ཞིག་གིས་གློ་བུར་དུ་ “འོ་ཧོ་ཧོ།   བང་པཱ་ཏན།”ཞེས་ཁ་པར་ངོས་སུ་ལྟ་བཞིན་འུར་བརྒྱབ།   ཚང་མས་“ཅི་ཞིག་རེད།   ཅི་ཞིག་རེད།” ཅེས་གདོང་མོ་ལ་ཕྱོགས།   “ཀོང་ཀྲུའུ་གྲོང་ཁྱེར་ནས་བྱིས་པ་བརྒྱུད་འཚོང་བྱས་པའི་ནག་ཚོགས་ཤིག་རྩད་གཅོད་བྱུང་འདུག     ཁོ་ཚོས་ན་ནིང་ནས་ད་ལྟའི་བར་དུ་བསྡོམས་པའི་བྱིས་པ་སྐྱེས་པ་ཐག་པ་ནས་ལོ་གཉིས་གསུམ་ཅན་གྱི་བར་རྐུ་ཐེངས་བཅུ་གསུམ་བྱས་ཤིང་།    དེའི་ནང་གི་བྱིས་པ་གསུམ་མ་གཏོགས་ཚང་མ་བསད་དེ་དོན་སྙིང་འཚོང་བའི་ནག་ཉེས་ཆེན་པོ་གནམ་གྱིས་མི་ཁེབས་པ་བཟོས་སོང་ཞེས་བསྒྲགས་འདུག    དངོས་གནས་འཇིག་རྟེན་འདི་དམྱལ་བ་ཡིན་ནམ།” ཞེས་བཤད་སོང་བས།   ཚང་མ་ཧ་ལས་པར་གྱུར།    རིག་སྐྱིད་ནི་དེ་ལས་ཀྱང་སྙིང་འཕར་ཏེ་ལུས་ཕུང་ཡོངས་རྫོགས་ལ་གློག་འཁྱུད་པ་ལྟ་བུའི་ཚོར་བ་ཞིག་གིས་བཟུང་།    རྡོ་རྗེས་“ཧུན།   ལྟས་ངན་དེ་ཚོ་རེ་རེ་བཞིན་ཐོད་བོའུ་སྤྲོད་དགོས་འདུག     ཉེས་ཅན་འདི་རིགས་མེད་པར་མ་བཏང་ན་མི་ཡུལ་དུ་ཁྲག་གི་འཁོར་ལོ་བསྐོར་ཉེ་བ་མ་ཡིན་ནམ།” ཞེས་སྡང་སེམས་ཆེན་པོ་བསྟན་པ་དང་།   ལག་པས་མེ་མདའ་འཕེན་པའི་ཚུལ་བྱས།    ལས་གྲོགས་འགས་“ངས་སྐད་འཕྲིན་དུ་སྐུར་ཤོག    ངའི་སྐད་འཕྲིན་དུ་སྐུར་ཤོག” ཅེས་བྲེལ་བ་ལངས།   ཚང་མས་རང་རང་གི་ཁ་པར་གྱི་ངོས་སུ་ལྟ་བཞིན་ཁ་ནས་དམོད་མོ་བསྒྲགས།     རིག་སྐྱིད་ཀྱི་གསར་འགྱུར་དེར་ལྟ་མ་བཟོད་པར་སླར་ཡང་འདང་རྒྱག་གི་ནང་དུ་ལྷུང་།

       “ཨ་མའི་གཅེས་ཕྲུག     ཁྱོད་རང་ད་ལྟ་ངའི་ལྟོ་བར་བདེ་བདེ་སྐྱིད་སྐྱིད་བྱས་ཏེ་གཉིད་ནས་སྡོད་དང་ངས་ཁྱོད་རང་གི་ཤ་དང་ཁྲག་གིས་གསོས་ནས་ཆེ་རུ་སྐྱེད་ཆོག    མི་ཡུལ་འདི་ད་ལྟ་འགྱུར་ནས་དམྱལ་བའི་ཡུལ་ལྟ་བུ་ཞིག་ཏུ་ཕྱོགས་ཀྱིན་འདུག་མོད།    ད་ལྟ་ཁྱོད་རང་དེ་ལ་འཇིགས་ག་ལ་དགོས།     ངས་ཉིན་མཚན་གཡེལ་མེད་དུ་ཁྱོད་རང་ཚེ་དང་སྲོག་གིས་བསྲུང་ནས་བསྡད་ཡོད་པས་སེམས་ལྷོད་ལ་བབས་ནས་སྡོད་དང་ཆོག    ཁྱོད་རང་གཉིད་ལས་སད་ཚེ་འགུལ་ཙམ་བྱེད་པའི་ཚོར་བ་ཨ་མས་ཤེས་ཀྱིན་འདུག    དུས་དེར་ཨ་མ་དགའ་ནས་ཁྱོད་ཀྱི་ཕྱི་ངོས་སུ་འཇམ་འཇམ་ངང་བྱིལ་བྱིལ་གཏོང་གིན་ཡོད།    ཡང་ལན་རེར་ཁྱོད་རང་འགུལ་བ་ནི་ཨ་མའི་འགྲོ་འདུག་སྤྱོད་ལམ་མམ་ཟ་འཐུང་གང་རུང་ལས་ཁྱོད་ལ་ཅུང་མི་བདེ་བ་རེ་བཟོས་པ་ཨེ་ཡིན་སྙམ་ཏེ་སྙིང་ན་ནས་ཟ་བཏུང་ལ་བསམ་གཞིག་ཟབ་མོ་དང་གོམ་པ་སྤོས་ནས་འགྲོ་སྟངས།    རྐུབ་སྟེགས་སྟེང་དུ་འདུག་སྟངས།    ལྷག་པར་མཚན་མོར་མལ་ཁྲིའི་སྟེང་དུ་ཉལ་སྟངས་སོགས་ལ་གཟབ་གཟབ་གང་མང་བྱེད་ཀྱིན་ཡོད།     དེ་བས་ཁྱོད་ལ་རེ་བ་ཅི་ཞིག་ཡོད་ནའང་ཨ་མས་དཀའ་བ་སྟོང་དང་ངལ་བ་བརྒྱ་ཁྱད་དུ་བསད་ནས་བསྒྲུབ་ངེས་ཡིན།    གཅེས་ཕྲུག་ལགས།   ད་ལྟ་ཨ་མར་དེ་ལས་ཀྱང་རི་བོ་ལས་ལྕི་ཞིང་རྒྱ་མཚོ་ལས་ཟབ་པའི་སེམས་ཚེགས་ཤིག་ཡོད་པ་ནི་ཁྱོད་རང་མི་ཡུལ་དུ་སླེབས་རྗེས་ཀྱི་བདེ་སྐྱིད་ངང་འཚར་ལོངས་འབྱུང་རྒྱུ་དེ་རེད།     ཨ་མས།   ད་ལྟ་མི་ཡུལ་འདི་ནི་ཨ་མ་ཆུང་དུས་ལྟ་བུའི་བློ་བདེ་བག་ཕེབས་དང་།   ཀུ་ཡངས་ལྷོད་ལྷོད་ཅིག་ཡེ་ནས་མ་ཡིན་པར་མི་ཡིས་མི་ཟ་བའི་མི་གཤིས་གཅན་གཟན་དུ་འགྱུར་བཞིན་པའི་དུས་སྐབས་ཤིག་ཏུ་གདའ་བས།    འདི་ནི་ངའི་ཁྱོད་རང་ལ་སེམས་ཁུར་བྱེད་སའི་དོན་དག་ཆེས་ཆེན་པོ་རུ་གྱུར་ཡོད། ”

            རིག་སྐྱིད་རྣམ་རྟོག་གི་མཚོ་མོ་དེ་ལས་ཕྱིར་བུད་དུས་ཉིན་གུང་གི་ལས་གྲོལ་བྱེད་པའི་དུས་ཚོད་ལ་སླེབས་འདུག    རྫོང་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོའི་སྒོ་ནས་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་འབུད་ཀྱིན་འདུག་ལ།    སྐྱེས་མ་མང་ཆེ་ཤོས་ནི་གོམས་སྟབས་བྲེལ་བའི་ངང་ནས་འགྲོ་བཞིན་ཡོད་པར་བལྟས་ན།    ཁོ་མོ་ཚོར་ཁྱིམ་ཚང་གི་ལས་ཀ་མང་ཙམ་ཡོད་པ་ཤེས་ཐུབ་སྟེ།   དཔེར་ན། གོང་ཟས་བཟོ་བ།   བྱིས་པ་སློབ་གྲྭ་ལས་བསུ་བ།    བྱིས་པར་ཟུར་ཁྲིད་བྱེད་པའམ་སྦྱངས་བྱ་འབྲི་རུ་འཇུག་པ་སོགས་ཉིན་གུང་གི་ལས་གྲོལ་གྱི་དུས་ཚོད་དེ་ནི་གཞུང་ལས་ནས་གྲོལ་བ་ལས་སྤྱིར་ལས་ཀ་ལས་གྲོལ་བ་ག་ལ་ཡིན་སྙམ་པའི་ཚོར་བ་སྟེར་ཞིང་།    སྐྱེས་པ་རྣམས་ནི་དེ་ལས་ལྡོག་སྟེ་ད་ནིང་ལས་ཞུགས་ལ་ཐོན་པ་བཞིན་དུ་གོམས་སྟབས་དལ་ཞིང་སྒྱུད་ལུག་པའི་སྒོ་ནས་འགྲོ་བ་དང་།    གཅིག་གཉིས་སམ་གཉིས་གསུམ་བྱས་ནས་ཅི་ཞིག་ལབ་སྟེ།    མཚམས་ལ་ལར་ཧབ་ཆ་སྒྲོག་པ་སོགས་ལ་བལྟས་ན་ཁོ་ཚོ་ནི་ཁྱིམ་ལས་ཞེས་པར་འབྲེལ་བ་མེད་པའི་མི་ཡན་གར་བ་ཏག་ཏག་ལོས་ཡིན་སྙམ་པའི་སྣང་བ་ཞིག་སྟེར་བར་བྱེད།    ཡང་ན་གཞུང་སྒྲུབ་ཐོག་ཁང་ཆེན་མོའི་མདུན་གྱི་རྡོ་གཅལ་གྱི་ཐང་ཆེན་དེ་ནི་ཁོ་ཚོར་ཁ་བརྡ་བྱེད་སའི་སྟེགས་བུ་ཞིག་བསྐྲུན་པ་དང་ཡང་འདྲ།    ལྷག་པར་དུ་མགོ་ཁྲིད་ཨེ་ཡིན་སྙམ་པའི་སྐྱེས་པ་ལྟོ་བ་ཆེན་པོ་ཅན་མང་བོ་ཞིག་གིས་ལག་པ་གཉིས་སྐེད་པར་ཕྱི་ལག་མདུད་ནས་ལྟོ་བ་ཕྱིར་འབུར་བ་གཞན་ལ་ངོམ་པ་ནང་བཞིན་དལ་དལ་ལྷོད་ལྷོད་ཀྱི་ངང་ནས་སྲིད་གཞུང་གི་ཟ་ཁང་ཆེན་མོའི་ཕྱོགས་སུ་འགྱིང་འགྲོས་ལྟ་བུའི་ངང་ནས་འགྲོ་བཞིན་ཡོད་པ་ནི།    འཇིག་རྟེན་གཏམ་དཔེར་“ཨ་མའི་བུ་དལ་དགོས།    རྒོད་མའི་བུ་བྲེལ་དགོས།” ཞེས་པའི་སྐད་ཆ་དེར་བསམ་གཟས་ནས་བསྟུན་ཅི་ཐུབ་བྱེད་པ་ལྟར་དུ་གྱུར་འདུག

 

  ༣

      “དེ་རིང་གཟའ་ཉི་མ་རེད་དམ་”ཟེར་ན། བོད་པའི་ལས་བྱེད་པ་མང་པོ་ཞིག་གིས་ ་“འ།   ཅི་ཞིག” ཅེས་ཕ་རོལ་བོས་ཅི་ཞིག་བཤད་པ་ཧ་མི་གོ་བའམ་ཡང་ན་མགོ་ལ་ཕྲུག་ཕྲུག་ཅིག་བྱས་ནས་དུས་ཡུན་རིང་ཙམ་འགོར་བ་ན་ད་གཟོད་ “ཤེན་ཆེས་ཐེན་” རེད་ཟེར་ནས་ལན་འདེབས་པའི་འཛམ་གླིང་རང་བཞིན་གྱི་ཉིན་བདུན་རེའི་ངལ་གསོའི་ཉིན་མོ་རེད།   རིག་སྐྱིད་ཀྱིས་ཉིན་ཁ་ཤས་ཀྱི་སྔོན་དུ་བཟའ་ཟླས་རྒྱ་ནག་སྤོས་ལྡན་གྲོང་ཁྱེར་ནས་ཉོས་ཡོང་བའི་དཔེ་ཆ་གསར་བ་དག་གི་ནང་ནས་སྒྲུང་རིང་ཞིག་ཀློག་མགོ་བརྩམས།    སྒྲུང་རིང་དེ་ནི་དུས་རབས་གསར་བའི་དཔལ་འབྱོར་འགྲན་རྩོད་ཀྱི་ཁྲོད་ནས་མི་ཡི་འདོད་རྔམ་ལ་ཚད་མེད་པའི་སྤྱི་ཚོགས་འཚོ་བ་མཚོན་པའི་བྱུང་རིམ་ཛ་དྲག་ཅན་ཞིག་ཡིན་འདུག    མོས་ཆུ་ཚོད་གཅིག་ཙམ་ལ་བཀླགས་རྗེས་མིག་ལམ་དུ་འདི་ལྟ་བུ་ཞིག་བསྟར་བྱུང་།     “དེ་རིང་ནི་གཟའ་སྤེན་པ་རེད།     སྐྱེས་མ་ཀྲང་གིས་མི་ལོ་བཅུ་ཕྲག་ལྷག་ལ་རྒྱུ་ཤུགས་སེམས་ཤུགས་ཟུང་་གི་རྔུལ་ཆུ་མང་པོ་བཏང་སྟེ་ད་གཟོད་ལུས་ལ་བུ་ཕྲུག་འཁོར་ཞིང་།    ཟླ་དགུར་སྨན་ཁང་ག་གེ་མོའི་བུ་སྐྱེ་ཚན་ཁག་གི་ཆེད་མཁས་པས་ཀུན་སྤྱོད་ཐད་རེ་བ་ཆེན་པོ་བཏོན་པ་ལྟར་གཅིག་གཅིག་གཉིས་གཉིས་ཀྱིས་ཉིན་མཚན་ཀུན་དུ་བསྒྲུབས་ནས་སྐྱེས་པའི་ཝང་ཚང་གི་བུ་ཕྲུག་སྐྱེས་ནས་ལོ་ངོ་གསུམ་དང་ཉིན་གཅིག་འགོར་བའི་ཉིན་མོ་རེད།

             ཁ་སང་གྲོང་ཁྱེར་ཆེན་མོ་དེའི་མིང་དུ་གྲགས་པའི་ཆང་ཁང་དེའི་ནང་ནས་བུ་ཕྲུག་ལོ་འཁོར་མོ་གསུམ་ལོན་པའི་སྐྱེས་སྐར་གྱི་དགའ་སྟོན་ཆེན་པོ་ཞིག་བཤམས་ཤིང་།     དགའ་སྟོན་གྱི་ཐོག་ཏུ་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་མང་པོ་ཞིག་གིས་བུ་ཕྲུག་ལ་རིན་གོང་མཐོ་ཞིང་ཡིད་དུ་འོང་བའི་དེང་རབས་རྩེད་ཆས་གྲངས་མེད་པ་ཕུལ་བ་དང་།    མིང་གྲགས་ཅན་གྱི་གླུ་བ་གླུ་མ་མང་པོ་ཞིག་ཀྱང་གདན་དྲངས་ཡོད་པས།    སྙན་འཇེབས་ཀྱི་གླུ་སྒྲ་དང་ཟས་འདྲེན།  ཇ་འདྲེན་ཆང་འདྲེན་གྱི་ཁྲོད་ནས་ཝང་ཚང་གི་བུ་ཕྲུག་གཅིག་པུ་དེ་ཉིད་སྔོན་གྱི་ལྷ་སྒྲུང་དང་གཏམ་རྒྱུད་ཁྲོད་ཀྱི་རྒྱལ་སྲས་ཤིག་ལྟར་དགའ་སྟོན་གྱི་རྣམ་པ་ཟད་མི་ཤེས་པ་དེའི་ཁྲོད་ནས།   དགོད་སྒྲ་ལྷིང་ལྷིང་སྒྲོག་ཅིང་ཆང་ཕོར་སིང་སིང་གཏུགས་པའི་ཁྲོད་ནས་རྫོགས་ལྡན་དགའ་སྟོན་གྱི་སྟོན་མོའི་ཡོ་ལངས་རྣམ་པར་ཕྱེས།     སྐྱེས་སྐར་གྱི་མཛད་སྒོ་མཇུག་སྒྲིལ་ནས་ཕྱིར་ཁྱིམ་དུ་ལོག་སྐབས་བུ་ཕྲུག་ལ་ཕུལ་བའི་རྩེད་ཆས་སོགས་ཀྱི་ལེགས་སྐྱེས་དག་རླངས་འཁོར་ལྔ་དྲུག་ཅིག་གི་མཇུག་སྒམ་དུ་མ་བརྩིགས་ན་མི་ཆུད་པའི་ཚད་དུ་འདུག    སྐྱེས་མ་ཀྲང་དང་བཟའ་ཟླ་ཝང་གཉིས་ཀྱིས་བུ་ཕྲུག་ལ་དེ་འདྲའི་གཟབ་རྒྱས་ལྡན་པའི་སྐྱེས་སྐར་གྱི་དགའ་སྟོན་ཞིག་བཤམས་ཐུབ་སོང་བས་སེམས་པ་སྤྲོ་བས་ཁེངས་ནས་གདོང་གི་འཛུམ་མདངས་ཀྱི་མེ་ཏོག་ཡལ་བ་མེད་པར་གྱུར།

         དེ་རིང་སྐྱེས་མ་ཀྲང་གི་བཟའ་ཟླ་གནམ་གྲུར་ཞུགས་ནས་གྲོང་ཁྱེར་གཞན་ཞིག་ཏུ་གཞུང་དོན་ཞིག་གི་ཆེད་དུ་བུད་སོང་མོད།   མོས་ཁ་སང་གི་སྤྲོ་སྣང་སེམས་ལ་བཏེགས་ནས་གྲོང་ཁྱེར་དཀྱིལ་སྙིང་གི་རིག་གནས་ཐང་ཆེན་དུ་བུ་ཕྲུག་ཁྲིད་དེ་སྤྲོ་འཆམ་དུ་སོང་།    དེ་རིང་གཟའ་ཉི་མ་ཡིན་པས་དེ་རུ་ཁྱིམ་བདག་མང་པོ་ཞིག་གིས་རང་རང་གི་བུ་ཕྲུག་ཁྲིད་ནས་འཆམ་འཆམ་དུ་ཡོང་ཡོད།    གྲོང་ཁྱེར་གྱི་བྱིས་པ་ཚོར་ནམ་རྒྱུན་ཁང་མིག་དོག་པོ་ཞིག་གི་ནང་ལས་འགྲོ་ས་མེད་པས་ཐང་ཆེན་འདིར་ཐོན་ཚེ་སྤྲོ་སྣང་ཟད་མི་ཤེས་པ་ཞིག་གིས་བརྟས་ཏེ་ཁ་ཕྱོགས་མེད་པར་ག་ས་གང་དུ་རྒྱུག་མདུར་བྱེད་པ་ནི་སྐྱེས་སྐར་གྱི་སྟོན་མོ་གང་ཞིག་གིས་ཀྱང་བརྒྱ་འགྱུར་གྱིས་དགའ་སྣང་འཁོལ་བཞིན་འདུག    རང་རང་གི་གཅེས་ཕྲུག་དག་ལ་དགའ་སྤྲོའི་སྣང་བ་ཇི་ལྟར་རྒྱས་ན་ཕ་མ་ཚོའི་སེམས་པའང་དེ་དང་དེ་བཞིན་སྤྲོ་དགས་ཁེངས་འགྲོ་བས་འདི་ནི་མི་གཞན་གྱི་དགའ་བ་གང་ཞིག་ལས་རང་ཉིད་ལ་དགའ་བ་བསྐྱེད་པའི་འཇིག་རྟེན་འདིའི་དཔེ་གཞི་གཅིག་པུའང་ཡིན་ཚོད་རེད།      ཐང་ཆེན་དེ་རུ་སྐྱེས་མ་ཀྲང་གི་གྲོགས་མོ་ཡིན་ཞིང་རང་གི་བུ་ཕྲུག་ལས་ཟླ་གསུམ་གྱིས་ཆུང་བའི་བུ་མོ་ཆུང་ཆུང་ཞིག་ཁྲིད་པ་དེ་དང་འཕྲད་སོང་བས་སྐྱེས་མ་དེ་གཉིས་ཀྱིས་ཕྱོགས་གཅིག་ནས་ངལ་གསོའི་རྐུབས་སྟེགས་རིང་མོ་ཞིག་གི་སྟེང་དུ་བསྡད་ཅིང་།   ཕྱོགས་གཅིག་ནས་བུ་ཕྲུག་གཉིས་ཀའི་རྩེད་མོ་ལ་བལྟས་ནས་ཡར་མར་གྱི་ཁ་བརྡ་བྱས།     ཉི་འོད་དྲག་པོ་དེས་རྡོ་གཅལ་གྱི་ཐང་ཆེན་ལ་ཚ་བ་བསྣན་པས་མི་ཚོར་རང་ཤུགས་ཀྱིས་སྐོམ་གདུང་ཞིག་སྟེར་འོང་།    གྲོགས་མོས་‘ཁྱོད་ཀྱིས་བུ་ཕྲུག་གཉིས་ལ་ལྟོས་དང་ངས་ཕ་གའི་ཚོང་ཁང་ནས་འཁྱག་དར་རེ་ཉོས་ཡོང་།’ཞེས་ཕར་ཕྱོགས་ཀྱི་ཚོང་ཁང་དེ་བུད་སོང་།     སྐྱེས་མ་ཀྲང་གིས་མི་ཚོགས་ཀྱི་ཁྲོད་ནས་བུ་ཕྲུག་གཉིས་ཀ་རྩེ་བར་བལྟས་ནས་ཡོད་སྐབས་གློ་བུར་དུ་གྲོགས་མོའི་བུ་ཕྲུག་བྱིས་མང་པོ་ཞིག་གིས་གཟུགས་འདྲ་མིན་གྱི་དབུགས་ལྒང་མང་པོ་བཏེགས་བཞིན་པ་ཞིག་གི་ཕྱོགས་སུ་རྒྱུག    སྐྱེས་མ་ཀྲང་མྱུར་བར་ཡར་ལངས་ཏེ་བུ་མོ་ཆུང་ཆུང་བདག་བྱེད་དུ་རྒྱུག

      གྲོགས་མོའི་བུ་མོ་ཆུང་ཆུང་རྒྱུག་བཞིན་པའི་སྐབས་སུ་ཐང་ལ་བརྡབ་པས་སྣ་ནང་ནས་ཁྲག་ཅིག་བུད་ཀྱིན་ངུ་འབོད་དྲག་པོ་བྱས་པས་སྐྱེས་མ་ཀྲང་སེམས་འཚབ་ཆེན་པོ་ལངས་ཏེ་གཙང་ཤོག་གིས་བུ་མོའི་སྣ་སྒོའི་ཁྲག་ཕྱི་བཞིན་‘མ་ངུ་དང་སྐྱོན་མི་འདུག    མ་ངུ་དང་སྐྱོན་མི་འདུག   ཨ་མ་མྱུར་དུ་ཐོན་ངེས།’སོགས་ཟེར་བཞིན་ངུ་ཁ་བསླངས།     མོས་བུ་མོ་པང་དུ་བླངས་ནས་ཕྱིར་བལྟས་པ་ན་དེ་སྔའི་རྩེ་བཞིན་པའི་ས་ན་བུ་ཕྲུག་མཐོང་རྒྱུ་མི་འདུག    མོ་སྨྱོས་པ་ནང་ལྟར་བུ་མོ་པང་ནས་ཕར་རྒྱུག་ཚུར་རྒྱུག་བྱས།    སྐབས་དེར་མི་ཚོགས་ནི་རྒྱ་མཚོའི་རྦ་རླབས་ལྟར་འགྲོ་འོང་གི་འདུག་འགོད་ཇེ་མང་ལྟ་བུར་སོང་བས་མོའི་བུ་ཕྲུག་གར་སོང་ཆ་མེད་དུ་གྱུར།     སྐབས་དེར་གྲོགས་མོའང་ཐོན་དེ་གཉིས་ཀས་ངུ་འབོད་དྲག་པོ་བྱེད་ཀྱིན་མི་ཚོགས་ཀྱི་ཁྲོད་ནས་ལོག་མ་འགྱེལ་གྱིས་བུ་ཆུང་བཙལ་ནའང་རྙེད་པའི་རེ་བ་སྟོང་ཟད་དུ་གྱུར།     དེའི་མཚམས་ཤིག་ནས་སྐྱེས་མ་ཀྲང་མི་ཚོགས་ཀྱི་ཁྲོད་དུ་དྲན་མེད་བརྒྱལ།    གྲོགས་མོ་ནི་དེ་བས་ཀྱང་འཚབ་ཤིང་སྐྲག་ཏེ་ཅི་བྱེད་འདི་བྱེད་མེད་པར་ཀ་བ་ལྟར་འགྲེངས།    པང་གི་བུ་མོ་ཆུང་ཆུང་གིས་ངུ་འབོད་དང་འཕག་ཚག་བྱས།     དེ་དུས་མི་སེམས་བཟང་ཞིག་གིས་ཉེན་རྟོག་པར་ཁ་པར་བཏང་བས་སྐར་གཅིག་གཉིས་ཤིག་གི་ཡུན་ལས་མ་འགོར་བར་ཉེན་རྟོག་མི་སྣ་སླེབས།   ཉེན་སྐྱོབས་རླངས་འཁོར་གྱི་ཉེན་བརྡ་དང་མི་ཚོགས་ཀྱི་སྐད་ཆ་སོགས་ཟིང་ཟིང་ལོང་ལོང་གི་ཁྲོད་ནས་རོ་ལྟར་གྱུར་བའི་སྐྱེས་མ་ཀྲང་སྨན་ཁང་དུ་བསྐྱལ།”

        རིག་སྐྱིད་ཀྱིས་བརྩམས་སྒྲུང་ཀློག་ནས་མཚམས་དེར་ཐོན་པ་ན་སྙིང་རླུང་སྟོད་ལ་འཚང་ནས་དེའི་འཕྲོས་ཀྱི་རྩོམ་ཡིག་ཀློག་ཐབས་བྲལ།     མོས་རང་གི་ལྟོ་བ་ལ་རེག་རེག་བྱེད་ཀྱིན་དབུགས་རིང་འཕྲོ་རིམ་འཕྲོར་ཕྱིར་ཕྱུངས།    རིག་སྐྱིད་ཀྱི་བརྩམས་སྒྲུང་དེ་བཀླགས་པར་འགྱོད་པ་སྐྱེས་པ་དང་དེར་མཐུད་ནས་བཟའ་ཟླས་འདི་འདྲའི་དེབ་ཅིག་ཉོས་པར་ཁོངས་ཁྲོ་ལངས།    མོས་དེ་མུར་སྨན་པའི་སྐད་ཆ་དེ་དྲན་ནས་མྱུར་དུ་ཁོངས་ཁྲོ་ཞི་ཨེ་ཐུབ་བལྟས།   ཁོང་ཁྲོ་ཞེས་པའི་སེམས་ཀྱི་འཕྲོ་འདུ་དེ་ནི་བཅའ་ལག་ཅིག་ཕར་འཇོག་ཚུར་ལེན་བྱེད་པ་ལྟར་དགོས་དུས་སུ་ཤར་རེར་ལེན་ཆོག་ལ།   མི་དགོས་དུས་ཤར་རེར་ཕར་འཇོག་ཆོག་པ་ཞིག་མིན་པ་འདྲ།    གང་ལྟར་མོས་སྨན་པའི་སྐད་ཆ་དེ་དྲན་པའི་སྐབས་སུ་ཁོང་ཁྲོ་ཞེས་པའི་སེམས་བྱུང་དེ་ཉིད་རང་གི་ཡིད་ལ་བླངས་ཚར་བས་མོ་ལ་ཐབས་ཤེས་ཟད།    མོས་དཔེ་དེབ་དེའི་ཁ་ཤེད་ཀྱིས་བསུམ་ཞིང་ཕར་གཡུག   འབོལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ལོག་ནས་སེམས་ཀྱི་ཉ་ཉོག་དག་མེད་པར་འབད་ནའང་།    བརྩམས་སྒྲུང་ནང་གི་སྐྱེས་མ་ཀྲང་གི་གཅེས་ཕྲུག་དེ་ལྟར་སྐར་ཆ་འགའི་དུས་ཡུན་ལ་གར་སོང་ཆ་མེད་དུ་གྱུར་བའི་དོན་དག་དེ་དང་དེའི་འཕྲོར་དོན་དག་དེའི་བརྒྱུད་རིམ་མང་པོ་ཞིག་རང་ཉིད་བརྩམས་སྒྲུང་ཁྲོད་ཀྱི་སྐྱེས་མ་ཀྲང་དངོས་སུ་གྱུར་བ་ལྟར་འཕྲོ་རིམ་འཕྲོར་འཚང་འོང་ནས་ཕྱིར་ཕུད་ཐབས་ཤིག་ཡེ་ནས་མ་བྱུང་།    དེ་བས་མོ་རང་ཡར་ལངས་ནས་ཐོག་ཁང་དེའི་སྒེའུ་ཁུང་གི་ཁར་སོང་ནས་ཕྱི་རོལ་གྱི་རྣམ་པར་བཙན་གྱིས་བལྟས་ནས་བརྩམས་སྒྲུང་གི་བྱུང་རིམ་ལས་ཕྱིར་བུད་ཐབས་བྱས།    ཡིན་ནའང་མོས་མིག་གིས་ཕྱི་རོལ་དུ་ཇི་ལྟར་བལྟས་ཀྱང་སེམས་ཀྱི་ངོས་སུ་ཕྱི་རོལ་གྱི་སྣང་བརྙན་དག་གི་དབྱེ་འབྱེད་ནུས་པ་མེད་པར་སྣང་ལ་མ་ངེས་པར་གྱུར་འགྲོ།    དེ་བས་མོར་ཐབས་ཟད་དེ་གྱོན་པ་དང་དྲུད་ལྷམ་བརྗེས་ནས་སྒོར་བུད་དེ་ཕྱི་རོལ་དུ་གཡེང་བར་སོང་།

 

 

       ད་ནི་རིག་སྐྱིད་ཀྱི་ཚེ་སྲོག་གི་རྟེན་གཞི་ཉག་གཅིག་ཏེ།    ལུས་སུ་ཟླ་བ་བདུན་ཡས་མས་ཤིག་ཁུར་བའི་གཅེས་ཕྲུག་དེ་ཉིད་ཉིན་རེ་ལས་ཉིན་རེར་ཆེར་སྐྱེད་བྱུང་ནས་ལྟོ་བ་ཐེར་ཐེར་དུ་གྱུར་བ་དང་།    མགོ་བོ་སྒུར་ནས་ལས་ཀ་ལས་དགོས་ཚེ་ཤིན་ཏུ་དཀའ་བའི་ཚད་དུ་ཐོན་ཡོད།    ཡིན་ནའང་མོས་ལས་ཁུངས་ལ་ད་དུང་གནང་བ་ཞུས་མེད།   རྒྱུ་མཚན་ནི་གོང་རིམ་གྱི་སྲིད་ཇུས་ལྟར་ན་བྱིས་པ་ཁེར་སྐྱེ་ཡིན་ན་བུ་ཕྲུག་བཙའ་བའི་སྔ་གཞུག་གང་རུང་དུ་ཟླ་བ་དྲུག་སྟེ་ལོ་ཕྱེད་ལ་ལས་ཀར་དགོངས་པ་ཞུ་ཆོག་ཅིང་།    ཁེར་སྐྱེ་མིན་ན་ཁྲིམས་འགལ་དུ་བརྩི་བཞིན་ཡོད་ཕྱིར་ལས་ཀར་གནང་བ་ཕར་ཞོག་ད་དུང་ཆད་པ་ཆེན་པོ་ཡོད་རབས་ཟེར།    མོས་བྱིས་པ་བཙས་རྗེས་དུས་ཚོད་རིང་ཙམ་ལ་སྙོར་སྐྱོང་ཐུབ་ཆེད་དུ་མ་བཙས་སྔོན་ལ་ལྟོ་བ་ཆེ་ནས་གོམ་པའི་འདེགས་འཇོག་བསྒྱུར་དཀའ་བར་གྱུར་ནའང་བྱིས་པ་བཙའ་རན་ཁ་མ་མ་གཏོགས་ལས་ཁུངས་ལ་གནང་བ་ཞུ་རྩིས་མེད།    ཆོད་སེམས་འདི་ནི་མོ་དང་མོ་ལྟ་བུའི་རང་ལུས་རང་ལ་མི་དབང་བའི་གཞུང་ཞབས་པར་ཁས་འཆེ་བའི་ཨ་མ་གང་མང་ཞིག་གི་རེ་བའི་རི་མོའང་ཡིན་ངེས།

     “ཨེ་ཨེ།    གཅེས་ཕྲུག་འཕག་གིན་འདུག    མ་གཅེས་བོ་ཁྱོད་ལ་མི་བདེ་ཅི་ཞིག་ཡོད་པ་མིན་ནམ།    ཡང་ན་ཨ་མར་གཅེས་ལངས་ཀྱིས་འཕགས་པ་ཡིན།    ཚེ་ལ་བར་ཆད་མེད་རྒྱུའི་སྲོག་རྡོག་ཁྱོད།    མི་ཡུལ་དུ་བདེ་བར་ཤོག་དང་ཨ་མས་ཁྱོད་ལ་བྲང་ནུ་མའི་འོ་ཞོ་མངར་མོས་གསོ་ཞིང་ལག་འཇམ་པོ་དར་གྱིས་སྙོར་སྐྱོང་ཡག་པོ་བྱེད་ངེས་ཡིན།    ཨེ་གོ་ཐལ་ཨ་མའི་གཅེས་ཕྲུག” ཅེས་ཁེར་ལབ་བྱེད་ཞོར་དུ་འབྲོག་པའི་མར་ཡོམ་ལྟར་ལྡིར་བའི་ལྟོ་བར་བྱིལ་བྱིལ་བྱེད།     བུ་ཕྲུག་གིས་ཀྱང་མངལ་གྱི་གུར་ཁྱིམ་ནས་ཨ་མའི་གཅེས་སྐད་གོ་བ་ལྟར་དུ་འཕག་མཚམས་བཞག

 

     སྤྱིར་ན་རིག་སྐྱིད་ནི་ཀྲུང་དབྱང་འཕྲིན་ལམ་བཅུ་གཉིས་པ་ལྟ་བུའི་ཁྲིམས་ལུགས་སྐོར་དེ།  ནག་ཉེས་ཐེར་འདོན་བྱེད་པའི་བརྙན་ལ་བལྟ་རྒྱུར་དགའ་མོད།    དེང་གི་དུས་ཀྱི་བརྙན་འཕྲིན་འཕྲིན་ལམ་དེ་དག་གི་ནག་ཉེས་ཐེར་འདོན་དག་གི་ནང་དུ་བསམ་མེད་ཀྱི་བྱིས་པ་རྐུ་འཁྱེར་བྱས་ནས་གཞན་ལ་འཚོང་བ་དང་།    བསད་ནས་མཁལ་མ་སོགས་ནང་ཁྲོལ་ལེན་པ།    བྱིས་པ་བཙན་བཟུང་གིས་ཁྱེར་དེ་ཁྱིམ་བདག་ལ་རྒྱུ་ནོར་མང་པོ་མི་སྤྲོད་ན་ད་ལྟ་ཉིད་དུ་འཆི་ལམ་དུ་རྫོང་རྒྱུ་ཟེར་བ་སོགས་བལྟས་པ་མིག་གིས་མི་བཟོད་ཅིང་།   མྱངས་ན་སེམས་པ་སྲེག་པའི་སྦྱོར་བ་སྐྱུག་བྲོ་བ་མང་པོས་ཁེངས་འོངས་པས་མོར་བརྙན་འཕྲིན་ལ་བལྟ་བའི་ཡི་ག་མེད་ཅིང་།    ཉེ་སྔོན་གྱི་བརྩམས་སྒྲུང་དེའི་ནང་གི་དོན་དག་དེ་དྲན་ན་བརྩམས་སྒྲུང་ཀློག་པའི་སྤོབས་པའང་མེད་པར་གྱུར།    དེ་བས་མོས་<<ཁྱེའུ་དུས་སློབ་གསོའི་མན་ངག>> ཅེས་པའི་ཨི་ཐ་ལིའི་མཛངས་མ་མོན་ཐེ་སོ་རི་ཡིས་མཛད་པའི་སློབ་གསོའི་བསྟན་བཅོས་གྲགས་ཆེན་དེར་ལྟ་ཀློག་བྱེད་ཀྱིན་ཡོད།    མོས་ཀློག་གིན་ཀློག་གིན་བྱིས་པར་སློབ་གསོ་ཚད་ལྡན་ཞིག་གཏོང་རྒྱུ་ལོས་དཀའ་སྟེ།    ད་ལྟའི་དུས་ནི་བྱིས་པ་བདེ་བླགས་ངང་བཙའ་རྒྱུ་དང་བཙས་ནས་ཨ་མ་དང་མཉམ་དུ་བདེ་འཇགས་ངང་འཚོ་ཐུབ་པའང་ཇི་འདྲའི་དཀའ་ཨང་སྙམ་པའི་དྲི་བ་ཞིག་གིས་ཀླད་པའི་སྒོ་མོ་ཡང་ཡང་བརྡུང་འོངས།

        རིག་སྐྱིད་བཟའ་ཟླ་གཉིས་བདེ་སྐྱིད་རྟགས་ཅན་གྱི་མལ་ཁྲི་གོང་ཆེན་དེའི་སྟེང་དུ་ཉལ་ནས་ཁ་བརྡ་གཅིག་གཉིས་ཤིག་བྱས་མཚམས་སུ་བཟའ་ཟླས་འཕོངས་ཀྱི་ཆེ་ས་རང་ལ་བསྐོར་ནས་ཧུར་སྒྲ་དང་བཅས་གཉིད་སོང་།    རིག་སྐྱིད་གཡས་གཡོན་གང་དུ་ཉལ་ནའང་ལྟོ་བ་ཆེར་འབུར་རྐྱེན་མི་བདེ་བས་གན་རྐྱལ་དུ་གཉིད་རྒྱུ་ལས་ཐབས་མེད།    བཟའ་ཟླའི་རྔུར་སྒྲ་ལས་ཅི་ཡང་ཐོས་རྒྱུ་མེད་པའི་ལྷིང་འཇགས་ཀྱི་མཚན་མོ་དེར་རིག་སྐྱིད་ཡང་བསྐྱར་བསམ་གཞིག་གི་ནང་དུ་ཤོར།    གྲོགས་མོས་བཤད་ན་ཁྱོད་ནི་ལོ་ན་སུམ་ཅུའི་ནང་ཡིན་པས་མངལ་སྦྲུམ་པ་འགོར་བའི་གྲས་ཡིན།    དེ་ཕྱིར་བུ་ཕྲུག་བདེ་བླགས་ངང་བཙའ་ཐུབ་རྒྱུ་ཤིན་ཏུ་དཀའ།    དེ་བས་སྨན་ཁང་ཆེན་མོ་ཞིག་ཏུ་སོང་ནས་ལྟོ་བ་བཤས་ཏེ་བུ་ཕྲུག་ལེན་པའི་བཤའ་བཅོས་བྱས་ན་མ་བུ་གཉིས་ཀ་བདེ་ཐང་ཡིན་པས་དེ་ལྟར་བྱས་ན་ལེགས།    རབ་ཡིན་ན་ཞོར་དུ་སྐྱེ་རྒྱུན་ཡང་བཅད་ན་བཟང་བ་ལས།    བུ་ཕྲུག་གཉིས་བཙས་ན་ཁྲིམས་འགལ་ཡིན་པས་མི་ཚད་ཐེངས་དང་པོ་དེ་བཤའ་བཅོས་ཀྱིས་བཙས་ན་ཐེངས་གཉིས་པ་ཅིས་ཀྱང་བཤའ་བཅོས་དགོས།

      དེ་ལྟར་ན་མི་ཞིག་གི་ལྟོ་བ་ཡང་དང་བསྐྱར་དུ་གཡག་བཤའ་བཤའ་བྱས་ན་ཕྱི་ནས་བདེ་ཐང་ཞིག་འོངས་རྒྱུ་དཀའ་མོ་རེད་སོགས་སེམས་པ་དཀར་དཀར་གྱིས་བཤད་པ་དག་སླར་ཡང་མཚན་མོའི་ནག་དུབ་ཏུ་འོད་དཀར་པོས་བྲིས་པ་བཞིན་ཀླད་པར་ཤར།   སྔོན་ཆད་ཡུལ་མི་ཚོས་བཤད་སྟངས་ཤིག་སྟེ།   “བྱིས་པ་ཟེར་ནོ་ལྕི་བ་བཏང་བཏང་བྱས་ནས་རྩེབ་ཆོག་ནི་རེད།” ཅེས་པ་ལ་ད་ལྟ་ཐོག་མར་ལུས་ལ་སྦྲུམ་ཐུབ་མིན་གྱི་དཀའ་ཁག   བར་དུ་མངལ་ལས་སྐྱེ་ཐུབ་མིན་གྱི་གནད་དོན།    ཐ་མར་བདེ་བླག་ངང་འཚར་ལོངས་ཐུབ་མིན་གྱི་དཀའ་ཁག་སོགས་འགལ་རྐྱེན་རྣམ་པ་སྣ་ཚོགས་ཀྱིས་མི་ཚེ་རྫོགས་འགྲོ་བ་འདི་དངོས་གནས་ཅི་ཞིག་ལན་པ་ཡིན་ནམ།    འཇིག་རྟེན་འཁོར་བར་སྙིང་བོ་མེད་ཅེས་པ་འདི་ལྟ་བུ་ཞིག་ལ་ཟེར་བ་ལོས་ཡིན།    རང་ཉིད་སྒར་ཁྲ་ཁྲའི་ནང་གི་བཙུན་མ་མགོ་རྡོ་ཞིག་ཡིན་ན་ཆོག་པ་ལ་ཨང་སོགས་བསམ་གཞིག་སྣ་མང་གི་ངང་ནས་འཁོར་བའམ་མིག་སྔའི་གནས་སྟངས་འདིར་ཞེན་པ་ཞིག་ཀྱང་ལོག་ཡོང་།

      བཟའ་ཟླའི་འཕོངས་ཚོས་ནི་སྔར་བས་ཀྱང་ཆེ་ཆེ་ལྟར་བྱས་ནས་རིག་སྐྱིད་ལ་གཏད་དེ་རྨི་ལམ་གྱི་ཞིང་ཁམས་སུ་ཉུལ་གྱིན་འདུག     རིག་སྐྱིད་གན་རྐྱལ་དུ་ཉལ་ནས་མིག་གཉིས་ཇི་ལྟར་བཙུམ་ནའང་སྒོ་ལྔའི་ཤེས་པ་ནང་དུ་འགུགས་པའི་གཉིད་དེ་ནི་རླུང་གིས་དེད་པའི་སྤྲིན་པ་བཞིན་གང་ཞིག་ཡལ་སོང་ནས་ཕྱིར་འགུགས་ཐབས་མེད་པ་འདྲ།

༢༠༡༥ལོའི་སྤྱི་ཟླ་བརྒྱད་པའི་སྟོད་དུ་དྲུག་ཆེན་སུམ་མདོ་གྲོང་རྡལ་དུ་བྲིས།

 

 

མགྲོན་པོ་ཞིག་གི་གསང་བ།  

 

      དབྱར་གཞུང་གི་ཆར་ཆུ་མོད་པོ་དེས་རི་ཐང་ཡོངས་རྫོགས་རློན་ཆབ་ཆབ་ཏུ་བཏང་།   རློན་ཆབ་ཆབ་ཏུ་བཏང་བས་རྒོད་ལུང་གི་མདའི་ཐང་དུ་རུ་བསྡད་ཡོད་པའི་ཆོས་མཆོག་ཚང་གི་ལྷས་རའི་སྔོ་རྩྭ་དག་རྐང་གཅིག་ཀྱང་མཐོང་དུ་མེད་པའི་མི་ཚད་ནོར་གྱི་རྨིག་རྗེས་ཀྱིས་འདམ་འབག་ཤིན་ཏུ་རྫོབ་པོར་ཆགས་ཤིང་།    ཉི་མ་དྲོ་ཐེངས་རེ་རེར་འདམ་འབག་དག་སྲ་མོ་ཤིང་ལྟ་བུར་གྱུར་ནས་ནོར་ལུག་དང་མི་གང་ཡིན་གྱིས་སྟེང་དུ་སྤོས་ཚེ་ཐྲིག་ཐྲིག་གི་སྒྲ་གྲགས་ཀྱིན་གདའ།   ཆོས་མཆོག་གི་བཟའ་ཟླ་ཚེ་རིང་སྒྲོན་གྱིས་ནམ་རྒྱུན་ལྟར་ཞོགས་པའི་འབྲི་འོ་འཇོ་བའི་ཤག་ཤག་གི་དབྱངས་རྟ་ཞིག་ཅུང་བྲེལ་འཚུབ་ཀྱི་རྣམ་པས་ལྷས་རར་སྐྱིལ་གྱིན་ཡོད་ལ།   ཤག་ཤག་གི་སྒྲ་དང་འགྲོགས་ནས་འབྲི་མོའི་སྦོ་རྩིད་འོག་གི་འདམ་འབག་ཐོག་ཏུ་འོ་མའི་ཟེགས་མ་ཕྲ་མོས་གྱ་གྱུའི་རི་མོ་ཞིག་ཀྱང་ཕབ་ཀྱིན་ཡོད།

     “ཨ་མ།   བེའུ་གྭ་ཐོ་ཕུད་ཨེ་རན།”   “རན་མ་གཅེས།”  “རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།།    འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབས་པར་མཛོད།།་་་་་་”   “བེའུ་ཆུང་གྭ་ཐོ་ཨ་མའི་ཟུར་ལ་རྒྱུག    བེའུ་ཆུང་གྭ་ཐོ་ཨ་མའི་ཟུར་ལ་རྒྱུག”བེའུ་ཆུང་དག་གིས་རྔ་མ་རིལ་རིལ་གཡུག་གིན་རང་རང་གི་ཨ་མའི་ཕྱོགས་སུ་འཐེན་པ་དང་།   འབྲི་མོ་དག་གིས་ཀྱང་རང་རང་གི་ཕྲུ་གུའི་ཕྱོགས་སུ་བལྟས་ནས་ངུར་སྐད་སྒྲོག  ཚེ་རིང་སྒྲོན་མ་བུ་གཉིས་དང་ལྷས་རའི་འབྲི་མོ་མ་བུ་དག་གི་མ་བཅོས་སེམས་ལས་འཕྱུར་བའི་བརྩེ་དུང་གི་རོལ་དབྱངས་ཤིག་གིས་དབྱར་གཞུང་གི་ཞོགས་པ་དེར་གཟི་བྱིན་གསར་བ་ཞིག་སྩོལ་བར་བྱེད།

        ད་ལྟ་སྦྲའི་ཁ་ཚུབ་ཀྱི་ཉི་ཐིག་དེ་སྦྲ་ལེབ་ཀྱི་མ་ཁྱིམ་ཕྱོགས་ཀྱི་ཧྲག་འདབས་ནས་ཡར་བརྩིས་པའི་རེ་བའི་རྩིབ་མ་གསུམ་པའི་སྟེང་དུ་ཐོན་འདུག    བཟའ་མི་གསུམ་པོ་སྒྱེད་པའི་ཕར་ཚུར་དུ་བསྡད་ནས་ཞོགས་ཇ་ལ་རོལ།    སྤྱིར་ད་ཚོད་ལ་ཞོགས་ཇ་ཞེས་ཐོགས་མིན་ཅུང་དཀའ་མོད་འབྲོག་པ་དག་གིས་དབྱར་ཁར་འབྲི་མོ་བཞོ་བ་དང་ནོར་ལུག་ལྷས་ནས་ཕུད་པ། ལྕི་བ་འཕེན་པ་སོགས་ལས་མང་ཙམ་གྲུབ་རྗེས་ད་གཟོད་ནང་ཇ་འཐུང་རྒྱུ་ལས་དུས་ཚོད་མེད་པས་ཁོ་ཚོར་མཚོན་ན་གང་ལྟར་ཞོགས་ཇ་ཟེར་རྒྱུ་ལས་འོས་མེད།  ཆོས་མཆོག་དང་ཚེ་རིང་སྒྲོན་གཉིས་ཀྱིས་ལོ་ངོ་བདུན་གྱི་ཡར་སྔོན་དུ་རང་དབང་རང་འཐད་ཀྱིས་གཉེན་སྒྲིག་བྱས་པ་ཡིན་པས་འབྲོག་སྡེ་འདིར་མཚོན་ན་ཕ་མས་བཀོད་སྒྲིག་གི་འོག་ཏུ་གཉེན་བཙན་སྒྲིག་བྱས་པའི་རྒྱ་ལས་ཐར་མཁན་ཉུང་ཤས་ནང་གི་གཅིག་ཡིན།

     དེའི་ཕྱིར་ཆུང་འདྲེས་ཀྱི་ཟོལ་མེད་བརྩེ་དུང་ཅིག་གིས་ནམ་ཡང་དམ་པོར་བསྡམས་ཡོད་པས་ཁྱིམ་ཕྱི་ནང་གི་ལས་ཀ་ཅི་འདྲ་ལྕི་ནའང་།   ཟད་དུ་མེད་པའི་འབྲོག་པའི་ལས་གང་འདྲ་དཀའ་ནའང་ཁོ་ཚང་གི་འཚོ་བའི་བར་གསེང་དག་ཏུ་དགོད་སྒྲ་ཞིག་གིས་རྒྱུན་ཆད་ཀྱིན་མེད།     ལྷག་པར་དུ་གཉེན་སྒྲིག་པའི་ལོ་གཉིས་པར་བུ་མོ་སྙིང་ལ་རྗེ་བོ་ཞིག་སྐྱེས་པ་དང་ལོ་བཞི་བར་ཡང་བསྐྱར་བུ་ཆུང་དཀར་ཞིང་ཚོ་བ་ཞིག་སྐྱེས་པ་ཡིས་ཁྱིམ་ཚང་ཆུང་ཆུང་འདིར་སྤྲོ་སྣང་གཞན་ན་མེད་པ་ཞིག་སྦྱིན་པར་བྱས།    “དེ་རིང་འབྲི་སྐམ་རོག་ཕྲ་མ་རྒྱུག་(འབྲི་མོས་འདོད་པ་སྤྱོད་པའི་མིང་།)གིན་འདུག   མདང་ནུབ་རྡང་བཅད་ནས་བུད་སོང་བས་ཡར་མ་གཉིས་གསུམ་ཞིག་གིས་མགོ་བསྣུན་བྱས་འདུག་པས་ད་ནངས་བཞོ་རྒྱུ་མི་འདུག”

      ཚེ་རིང་སྒྲོན་གྱིས་གཏུལ་མའི་སྟེང་དུ་འོ་ཇ་དཀར་པོ་བླུགས་ཤིང་སྟེང་དུ་འབྲི་མར་སེར་བོ་ལྟེམ་མེར་འཁྱིལ་བ་ཞིག་བཟའ་ཟླ་ལ་བསྲིང་ཞོར་དུ་དེ་ལྟར་བཤད།“འབྲི་སྐམ་རོག་ཕྲ་མ་ཁྱོད་མོ་གཞོན་ཡིན་དུས་ང་མཐོང་བ་ལྟར་དུ་ཁྱི་གཡག་རྒྱ་རའི་རྗེས་སུ་བརྒྱུག་སོང་ཟིག་མོ།   ཧ་ཧ།” ཆོས་མཆོག་གིས་ཚེ་རིང་སྒྲོན་གྱི་གདོང་ལ་བལྟ་བཞིན་བཤད།  “ཧོ་ཧོ་ཡ།    འབྲི་སྐམ་རོག་ཕྲ་མ་ངེད་གཉིས་རང་སར་སྡོད་དུ་མི་འཇུག་མཁན་ཁྱི་གཡག་རྒྱ་ར་ཁྱེད་གཉིས་ལོས་ཡིན།    ཁྱི་གཡག་རྒྱ་རས་ད་ནངས་ལྷས་འདབ་ན་འབྲི་མོའི་ཟེ་བར་ལྡག་གིན་སྲུང་ནས་གང་དུའང་འགྲོ་རུ་འཇུག་གིན་མི་འདུག    དེ་ནི་ཁྱོད་ཀྱིས་སྔོན་ཆད་ང་བསྲུངས་ནས་གསར་བུ་གཞན་ཞིག་བཏུད་དུ་མི་འཇུག་པ་དང་ཨ་ན་མ་ན་རེད།”   “ཧ་ཧ་ཧ།    ངས་ཁྱོད་ལ་སྔོན་ཆད་ལྡག་ནི་ཕལ་ཆེར་མ་མྱོང་བ་མིན་ནམ།”   “ཧ་ཧ་ཧ།    ཁ་བསྐྱལ་བ་དང་ལྡག་པ་གཅིག་འདྲ་ལོས་ཡིན།    སྐབས་དེར་ཁྱོད་ལ་ད་ལྟ་འདྲ་བའི་ཁ་སྤུ་རྩུབ་མོ་ཞིག་མི་འདུག་པ་བཟང་སོང་བ་ལས་ངའི་མཆུ་ཏོ་སྦྲིད་པར་བཏང་ཡོད་ངེས།”    “ཧ་ཧ་ཧ།”  “ཧ་ཧ་ཧ།” དེ་རིང་ཡང་ཆོས་མཆོག་ཚང་གི་སྦྲ་ཁྱིམ་ལས་བདེ་སྐྱིད་ཀྱི་དགོད་སྒྲ་ཞིག་དུ་བ་དང་མཉམ་དུ་ཁ་ཚུབ་ལས་མཆེད་འོང་།   བུ་མོ་ཆུང་ཆུང་གིས་མོ་ཁྱིམ་གྱི་སྒྱེད་རྩ་ནས་ཞོགས་ཟས་ཟ་ཞོར་དུ་ཐེ་གེ་རྩེད་ཀྱིན་ཡོད་པས་ཕ་མ་གཉིས་ཀྱི་སྐད་ཆ་ལ་སྣང་འཇོག་ཡེ་ནས་བྱེད་ཀྱིན་མེད།   ཡ་ཁྱིམ་གྱི་དཀྱིལ་སྨད་ཙམ་ནས་ཧྲག་འདབས་ལ་བཅར་ཏེ་བསྙལ་བའི་ལོ་ངོ་གསུམ་ལ་ལོན་མ་ལོན་གྱི་བུ་ཆུང་ད་དུང་རྨི་ལམ་གྱི་ཞིང་ཁམས་འགྲིམ་གྱིན་ཡོད།    དོན་གྱིས་བསྙལ་བའང་མིན་ཏེ།    ནུབ་མོར་ཚེ་རིང་སྒྲོན་གྱི་རུམ་ན་ཉལ་བའི་བུ་ཕྲུག་ལ་ཞོགས་པར་ཨ་མ་ལངས་སྐབས་སུ་གོས་འཁྱག་པོ་བཀབ་མི་བྲ་བར་མོས་རང་གི་གྱོན་པ་གཞན་ཞིག་མལ་ཆས་སུ་བྱས་པ་དེ་གོན་ནས་བུ་ཆུང་མདང་ནུབ་ཀྱི་མལ་སའི་ནང་དུ་ཉལ་འདུག་པ་དེ་རེད།    བྱེད་སྟངས་འདི་ནི་འབྲོག་པའི་ཨ་མ་ཚོས་རྒྱུན་ལྡན་གྱི་བུ་ཕྲུག་སྙོར་སྟངས་ཤིག་ཡིན་པས་དབྱར་ཁ་ལྟ་ཅི་དགུན་སྤྲེལ་ལུག་གཉིས་ཀྱི་སྒང་ལའང་དེ་ལྟར་ཡིན།

        ཉིན་དེར་ཆོས་མཆོག་གིས་འཕྲུལ་རྟའི་འཕོང་དུ་མར་ཡོམ་ཞིག་བཅིངས་ནས་རྫོང་མཁར་དུ་འཚོང་བར་བུད་སོང་།   ཁོ་རང་རྫོང་མཁར་དུ་འགྲོ་ཐེངས་རེ་རེར་ནུ་བོ་ཡོད་སར་མར་ཆུར་རམ་ཤ་རེ་ཁྱེར་ནས་འགྲོ་སྲིད།    དེ་རིང་ཡང་དེ་ལས་མ་འདས་པར་ཉིན་གུང་ཙམ་དུ་མར་ཡོམ་བཙོང་ཐུབ་སོང་བ་ནས་ཁྱིམ་ལ་མཁོ་བའི་ཅ་ལག་ཙག་ཙིག་རེ་ཉོས་རྗེས་ནུ་བོ་ཡོད་སར་ཆས།    ནུ་བོའི་ཁང་བ་ནི་རྫོང་མཁར་གྱི་དཀྱིལ་ནས་བར་ཅུང་དོག་མོ་ཞིག་ཏུ་འགྲོ་དགོས་ལ།    བར་དེའི་གཡས་གཡོན་ཀུན་དུ་ཁང་བ་གཅིག་འདྲ་མང་པོ་བསྟར་ཕྲེང་བྱས་ནས་ཡོད་པས།    དང་ཐོག་ཐེངས་མང་པོར་ནུ་བོའི་ཁང་བ་མ་ཤེས་པར་དགོད་ཁ་མང་ཙམ་བསླངས་མྱོང་།    ད་ལྟ་ཁོའི་སེམས་སུ་ཁང་ཤར་གང་ཞིག་གི་ཁང་སྒོ་གང་ཡིན་པ་སོགས་གསལ་བོར་བཟུང་ཡོད་པས་ཤར་རེར་བསྐྱོད་ཆོག་ཆོག་ཡིན།    ཁོ་རང་ནུ་བོའི་སྒོ་འགྲམ་དུ་ཐོན་པ་ན་འཕྲུལ་རྟའི་དུང་བརྡ་ཞིག་མནན་ཞོར་བབས་པ་ན་ནུ་བོ་དེ་མ་ཐག་སྒོར་བུད་བྱུང་ལ།    ནུ་བོའི་རྗེས་སུ་རྒྱ་མི་གདོང་དཀར་པོ་དཀར་རྐྱང་ཡིན་པའི་གསར་བུ་ཞིག་བུད་བྱུང་།    ནུ་བོ་ཁོ་གཉིས་ཀྱིས་ཕན་ཚུན་མཚམས་འདྲི་ཞིག་བྱས་པ་དང་བསྟུན་ནུ་བོས་གསར་བུ་དེར་རྒྱ་སྐད་ཀྱིས་ཅི་ཞིག་བཤད་པ་ན།    གསར་བུ་དེས་འཛུམ་མདངས་སྟོན་བཞིན་ཆོས་མཆོག་གི་སྔུན་དུ་བྲེལ་བས་འོང་ནས་ལག་པ་བསྲིང་བཞིན་“你好,你好”ཞེས་བཤད་ཞོར་ལག་འབྲེལ་བྱས་བྱུང་།   ཆོས་མཆོག་གིས་དབ་ཅིག་ལག་པ་བསྲིང་རྒྱུ་བརྗེད་པས་ངོ་ཚ་བ་དང་བཅས་བྲེལ་བས་ངང་ནས་ལག་པ་བསྲིངས་ཏེ་སྒྲ་ཧ་ཅང་མི་དག་པའི“你་་་好”ཞེས་སྨྲ་བཞིན་ཕ་རོལ་བོའི་ལག་པ་ཤིན་ཏུ་མཉེན་ཞིང་འཇམ་པ་དེ་ཆེ་ཞིང་རྩུབ་པའི་མཛུབ་མོ་དག་གིས་སྡོམ་ཙམ་བྱས།

         ཉིན་གུང་དེར་ཆེ་མཆོག་གིས་ནུ་བོའི་ཁྱིམ་ནས་ཟ་མ་ཟ་ཞོར་དུ་བརྙན་འཕྲིན་ལ་བལྟ་བ་དང་ནུ་བོ་ལ་ཕ་ཡུལ་གྱི་གནས་ཚུལ་འགའ་རེ་ཁ་བརྡ་བྱས།   ནུ་བོས་ཕྱོགས་གཅིག་ནས་ཁོ་ལ་ཁ་བརྡ་བྱེད་པ་དང་ཕྱོགས་གཅིག་ནས་གདོང་དཀར་པོ་ཅན་གྱི་རྒྱ་མི་དེར་ཁ་བརྡ་མང་པོ་ཞིག་བྱེད་ཀྱིན་འདུག    ནུ་བོས་ནམ་རྒྱུན་རང་གི་ཕུ་བོ་ཁྱིམ་དུ་ཐོན་ཚེ་མྱུར་བར་བརྙན་འཕྲིན་གྱི་འཕྲིན་ལམ་མཚོ་སྔོན་བོད་སྐད་ཀྱི་སྟེང་དུ་འཇོག   དེ་ནི་ཕུ་བོ་ལ་མཚོན་ན་དེང་རབས་འཕྲུལ་ཆས་ཀྱི་ངོ་མཚར་ལྟད་མོ་ཉག་གཅིག་ཡིན་པས་ཤིན་ཏུ་དགའ་བོ་བྱེད་ཅིང་།   སྒམ་འདི་ལྟ་བུ་ཞིག་ལས་མིའི་འགུལ་སྐྱོད་དང་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་མིག་མདུན་དུ་སྐྱེལ་འོང་བར་ཧ་ཅང་ངོ་མཚར་དུ་འཛིན།    ཁོས་ནུ་བོ་དང་རྒྱ་མི་ཁ་ངོ་དཀར་པོ་ཅན་གཉིས་བར་གྱི་ཁ་བརྡ་གཅིག་ཀྱང་མི་གོ་བས་བརྙན་འཕྲིན་ནང་གི་དམག་འཁྲུགས་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དེར་ཧད།

    སྔོན་ཆད་ཁོ་རང་ཆུང་དུས་སུ་དབྱར་ཁ་རེ་རེར་རྫོང་ཐོག་གི་མི་སྐོར་རེ་ཆེད་དུ་འོང་ནས་རུ་དཀྱིལ་དུ་གུར་ཕུབ་སྟེ་མཚན་མོར་ཡུལ་མི་ཚོས་“ཏེན་ཡུར”ཞེས་འབོད་པའི་དམག་འཁྲུགས་ཀྱི་གློག་བརྙན་རེར་བལྟ་མྱོང་བ་དག་ནི་རྒྱ་སྐད་ཁོ་ན་ཡིན་པས་ཚིག་གཅིག་ཀྱང་མི་གོ་མོད་དེ་ལ་བལྟ་རྒྱུར་ཤིན་ཏུ་དགའ།    དེ་རིང་གི་བརྙན་འཕྲིན་ནང་གི་དམག་འཁྲུགས་ཀྱི་རྣམ་པ་ནི་སྔོན་ཆད་ཀྱི་དམག་འཁྲུགས་དང་ཕལ་ཆེར་འདྲ་མོད་སྐད་ཆ་ཡོད་ཚད་བོད་སྐད་ཡིན་པས་གཟུགས་དང་སྒྲ་གཉིས་ཅུང་ལྡོག་ཟླའམ་ཡ་མ་གཟུགས་ཤིག་གི་སྣང་བ་སྟེར།    ཁོ་ཚོའི་སྐད་ཆ་ནི་བོད་སྐད་ཁོ་ན་ཡིན་མོད་ས་འདིའི་ཡུལ་མི་ཚོའི་སྐད་དང་བསྡུར་ན་མི་འདྲ་ས་མང་པོ་ཞིག་འདུག་པ་དང་སྐད་ཆ་བཤད་པ་མགྱོགས་དྲག་པས་ཆ་ཚང་ཞིག་གོ་མི་ཐུབ།

 

  ༢

             དགོང་མོར་ཚེ་རིང་སྒྲོན་གྱིས་ལག་པ་ཐོད་པར་བཞག་ནས་ཉི་འོད་གཡོལ་ཏེ་སྨད་ཕྱོགས་ཀྱི་ལམ་ཁར་ཡང་ཡང་བལྟས།    སྒོ་ཁྱི་དོམ་ནག་གིས་ཟུག་སྐད་རེ་འབྱིན་ཙམ་གྱིས་མྱུར་བར་སྒོར་བུད་ནས་མར་ཕྱོགས་སུ་བལྟས།   མཚམས་ཤིག་ཏུ་བུ་མོ་ཟླ་མཛེས་ཀྱིས“ཨ་མ།   ཨ་མ།   འཕྲུལ་རྟ་ཅན་ཞིག་འོང་གིན་འདུག    ཨ་ཕ་ཡིན་ནམ” ཞེས་ཟེར་བཞིན་སྒོ་ནས་ནང་དུ་རྒྱུག་འོང་།    “ཕལ་ཆེར་ཡིན་ངེས་རེད།    ཨ་ཕས་ཁྱོད་ལ་ཀ་ར་ཉོས་ཡོད་ངེས་རེད།” ཅེས་ཟེར་ཞོར་མ་བུ་གཉིས་ཀ་སྒོར་རྒྱུག    སྨད་ཕྱོགས་ཀྱི་སྐྱ་ལམ་ཁེར་དོད་ཀྱི་སྟེང་དུ་འཕྲུལ་རྟ་ཅན་ཞིག་དལ་བུར་ཡར་འོང་གིན་འདུག་ལ་ཚེ་རིང་སྒྲོན་གྱིས་སྐྱ་ཚུགས་ཀྱིས་རང་གི་བཟའ་ཟླ་ཡིན་པར་ཐག་བཅད།   བུ་མོས་དགའ་སྤྲོའི་ཙེད་ལྡིང་བྱས།    ཨ་མའི་གདོང་ལ་འཛུམ་མདངས་མངོན།

      འཕྲུལ་རྟ་ཅན་དེ་ཡར་འོང་གིན་འོང་གིན་འཕོངས་ན་ནག་ཡོར་རེ་ཅི་ཞིག་ཡོད་པ་མཐོང་།    ཚེ་རིང་སྒྲོན་གྱི་སེམས་སུ་མར་ཡོམ་གྱིས་གོང་མ་ཁུག་པར་ཕྱིར་ཁྱེར་ནས་འོང་བ་ཡིན་རྒྱུ་རེད་སྙམ།    ཡིན་ནའང་བལྟས་ཀྱིན་བལྟས་ཀྱིན་མར་ཡོམ་ལྟ་བུའི་དམའ་མོ་ཞིག་མིན་པར་ཕལ་ཆེར་བཟའ་ཟླའི་འཕོངས་སུ་མི་ཞིག་བཞག་ནས་འོང་གིན་པ་རྟོགས།    “དེ་རིང་ཨ་ཕའི་འཕོངས་སུ་ཁྱོད་ཀྱི་ཨ་ཁུ་བཞག་ནས་འོང་གིན་པ་མིན་ནམ།    བྱིས་པའི་མིག་རྣོ་བས་ལྟོས་དང་།”  ཞེས་བུ་མོ་ཟླ་མཛེས་པང་དུ་བླངས་ནས་མཐོན་པོར་བཀྱགས་ཏེ་ལྟ་རུ་བཅུག    “ཨ་ཕའི་འཕོངས་སུ་མི་ཞིག་འདུག   རྒྱ་ལྭ་གྱོན་མཁན་ཞིག་འདུག    ཨ་ཁུ་ཁུ་པོ་ཡིན་རྒྱུ་རེད།   སྐྱིད་ལ།   སྐྱིད་ལ།”  ཅེས་ཨ་མའི་པང་ནས་མར་ལྡིང་སྟེ་འུར་བརྒྱབ།   ཅང་མ་འགོར་བར་འཕྲུལ་རྟའི་ལྡིར་སྒྲ་དང་བཅས་ཆོས་མཆོག་ནོར་ལྷས་དང་ཐག་ཉེ་སར་ཐོན།     བུ་མོ་ཟླ་མཛེས་ལུ་གུ་རྩེད་ལྡིང་བྱེད་པ་བཞིན་ཨ་ཕ་བསུ་རུ་རྒྱུག    ཨ་མ་དང་བུ་མོ་གཉིས་ཀྱིས་མ་ཤེས་པ་དེ་ཁྱི་དོམ་ནག་གིས་ཤེས་ཡོད་པ་འདྲ།     ལྕགས་ཐག་སྦོམ་པོའི་ནང་དུ་སིལ་སྒྲ་གྲགས་བཞིན་འཐེན་ཞིང་ངར་སྒྲ་བསྒྲགས།   ཚེ་རིང་སྒྲོན་མྱུར་བར་སྒོ་ཁྱིའི་ཕྱོགས་སུ་སོང་སྟེ།   “ཡ་དོམ་ནག   ཁ་རོག་ལ་སྡོད།    རང་མྱིའང་མི་ཤེས་སམ།    ཁ་རོག་ལ་སྡོད།” ཅེས་ལག་པས་རབ་རབ་བྱེད་ཀྱིན་ཁྱི་བཀག     ཡིན་ནའང་དོམ་ནག་གིས་བདག་པོར་དེ་འདྲ་སྣང་འཇོག་མི་བྱེད་པར་གནམ་ལ་ལྡིང་བཞིན་འཐེན།     སྒོ་ཁྱི་དོམ་ནག་གི་རྔམ་ཟིལ་ལས་ཆེ་མཆོག་གི་འཕོངས་ཀྱི་མགྲོན་པོ་དེ་ཅུང་མིན་ན་ས་ལ་ལྡིང་།     ཆེ་མཆོག་གིས་ “ལྡིང་མི་ཉན།   ལྡིང་མི་ཉན།” ཞེས་བཤད་ནའང་འཕོངས་ཀྱི་རྒྱ་མིས“ལྡིང་ནས་ཕྲོས་ཤིག    ལྡིང་ནས་ཕྲོས་ཤིག” ཅེས་པར་མ་གོ་ན་རབ་རེད།    སྐབས་དེར་མགྲོན་པོ་སྒོ་ཁྱི་འཇིགས་པོ་དེར་ཧད་ཅིང་།    ཨ་མ་དང་བུ་མོ་གཉིས་གདོང་དཀར་པོ་ཅན་གྱི་མགྲོན་པོ་དེར་ཧད།

    རྒྱ་མི་གདོང་དཀར་པོ་ཅན།   ལག་པ་འཇམ་པོ་ཅན་དེ་དེ་ལྟར་ནུ་བོའི་བཀོད་སྒྲིག་བཞིན་ཆེ་མཆོག་གིས་འཕྲུལ་རྟའི་འཕོངས་ལ་བཞག་ནས་ཁོ་ཚང་ལ་འོང་།    བོད་སྐད་ཚིག་འབྲུ་གཅིག་ཀྱང་མི་གོ་བའི་མི་དེ་དེ་ལྟར་བོད་པ་ཆེ་མཆོག་ཚང་ལ་མགྲོན་དུ་ཐོན།   རྒྱབ་ཁུག་རིང་བོ་ཁོ་ཚང་གི་ཆུ་ཟོམ་འདྲ་བ་ཞིག་ཁུར་བའི་མི་དེ་དེ་ལྟར་མ་བོས་མགྲོན་པོ་དངོས་ཀྱིས་ཁོ་ཚང་ལ་སླེབས།

    གདོང་དཀར་པོ་ཅན་ཁྱི་དོམ་ནག་གི་རྔམ་ཟིལ་ལ་སྐྲག་ནས་མགྱོགས་པོར་ཁྱིམ་དུ་འཛུལ་སྐབས་ཟོམ་འདྲ་བའི་རྒྱབ་ཁུག་གི་མགོ་སྦྲ་སྒོར་ཐོགས་ཏེ་སྒོ་ལམ་དུ་གན་རྐྱལ་ལ་རྫོགས།    “ཧ་ཧ་ཧ་་་་་་” “ཧ་ཧ་ཧ་་་་་་” ཁོ་ཚོ་ཚང་མ་དགོད་ཁ་གཏིང་ནས་ཤོར།   ཆེ་མཆོག་གིས་བཟའ་ཟླ་དང་བུ་མོ་གཉིས་ལ“མ་དགོད།   མ་དགོད།” ཟེར་གྱིན་མགྲོན་པོ་ཁུག་མ་དང་མཉམ་དུ་ཡར་བསྐྱོར། “ཨ་ན་མ་བྱས་སམ།   ཨ་ན་མ་བྱས་སམ།”  “་་་་་་   ་་་་་་”  “ཨ་ན་བྱས་མ་སོང་།”ཟེར་རམ།   ཡང་ན“སྐེད་ཚིགས་ཕུད་ཐལ།” ལྟ་བུ་གང་ཞིག་ལན་བཏབ་པ་བཟའ་མི་གསུམ་པོས་གང་ཡང་མ་གོ  གདོང་དཀར་པོ་དང་ཁ་སྤུ་མེད་པའི་མཆུ་ཏོ་ལས་སེར་ཞད་ཅན་གྱི་སོ་ཕྲེང་སྟོན་ཚུལ་ལ་བལྟས་ན་ཨ་ན་ཅི་ཡང་མ་བྱས་པ་དང་འདྲ། ཚེ་རིང་སྒྲོན་དང་བུ་མོ་གཉིས་ཀྱིས་ཀྱང་དགོད་ཁ་ཤོར་བ་བཙན་གྱིས་བཟོད་བསྲན་བྱས།

     མགྲོན་པོ་ངོ་མི་ཤེས་པ་ཞིག་ལ་ཐོགས་མར་འཕྲད་སྐབས་དགོད་པ་ནི་གཞན་ལ་བརྩི་བཀུར་མེད་པའི་ཀུན་སྤྱོད་ཅིག་ཡིན་པས་ན།   ཚེ་རིང་སྒྲོན་གྱིས་སེམས་ནས་རང་གིས་རང་ལ་སྡིགས་དམོད་ཅིག་བྱས།   ཁོ་ཚོ་དེ་ལྟར་འཕྲོ་རིམ་འཕྲོར་ཁྱིམ་དུ་འཛུལ།    གདོང་དཀར་པོ་ཅན་མ་ཁྱིམ་གྱི་དཀྱིལ་ནས་ཀྲོང་ངེར་ལངས།    ཆེ་མཆོག་གིས་ཡ་ཁྱིམ་ཕྱོགས་སུ་བུད་དགོས་པའི་ལག་བརྡ་བསྟན།    གདོང་དཀར་པོ་ཅན་དགོད་ཞོར་དུ་སྒྱེད་པའི་ཡར་ནང་ནས་ཡ་ཁྱིམ་དུ་བུད།   ཆེ་མཆོག་དང་བཟའ་ཟླ་གཉིས་ཡང་བསྐྱར་ཅུང་ཟད་ཧད་པར་བཏང་།    འབྲོག་ཁྱིམ་ནས་ཡ་ཁྱིམ་ནས་མ་ཁྱིམ་མམ་ཡང་ན་མ་ཁྱིམ་ནས་ཡ་ཁྱིམ་དུ་འགྲོ་དགོས་ཚེ་སྒྱེད་པའི་ཞོལ་ནས་འགྲོ་རྒྱུ་ལས་སྒྱེད་པའི་གོང་ནས་བུད་སྲོལ་གཏན་ནས་མེད་ལ།    གལ་ཏེ་བུད་ན་ཐབ་ལྷ་མནོལ་འགྲོ་ཟེར།    ཆེ་མཆོག་གིས་མྱུར་བར་རིག་པ་སྒྲིམ་སྟེ།   “རྒྱ་འདྲེ་བོད་ལ་མི་གནོད་ཟེར་བ་རེད།   སྐྱོན་ཡོད་པ་མ་རེད།”  ཟེར་གྱིན་མགྲོན་པོའི་རྒྱབ་ཀྱི་ཁུག་མ་རིང་བོ་ལེན་རོགས་བྱས་ནས་ཡ་ཁྱིམ་གྱི་ཧྲག་རྩར་བཞག་ཅིང་གོ་ཁའི་བྱང་གདན་དཀར་པོའི་སྟེང་དུ་སྡོད་ཅེས་པའི་ལག་བརྡ་བསྟན།

     གདོང་དཀར་པོ་ཅན་གྱི་མགྲོན་པོས་ད་དུང་རྐུབ་སྟེགས་ཤིག་གང་དུ་ཡོད་པར་གཡས་ལྟ་གཡོན་ལྟ་བྱེད་ཀྱིན་འདུག    དེར་ཆེ་མཆོག་གིས་རྩུབ་ཅིང་ནག་པའི་ལག་པ་ཡིས་མགྲོན་པོའི་གྲུ་མོ་ནས་བཟུང་སྟེ་གོ་ཁའི་བྱང་གདན་གྱི་ཟུར་དུ་ཁྲིད་ནས་འདིར་སྡོད་ཅེས་པའི་བརྡ་བསྟན།    གདོང་དཀར་པོ་ཅན་གྱི་མགྲོན་པོས་འཛུམ་མདངས་དང་བཅས་ད་གཟོད་ཧ་གོ་སྟེ་གདན་དཀར་པོ་དེའི་སྟེང་དུ་འཕོངས་བཞག་ཅིང་རྐང་བ་གཉིས་རྐུབ་སྟེགས་ཀྱི་སྟེང་དུ་སྡོད་པའི་ཚུགས་ཀ་ལྟར་བསྡད།    ཚེ་རིང་སྒྲོན་ཡང་བསྐྱར་ཅུང་མིན་ན་དགོད་ཁ་ཤོར།    བུ་མོ་ཟླ་མཛེས་ཀྱིས་སྒྱེད་པུའི་ཞོལ་ནས་མཛུབ་མོ་ཆུང་ཆུང་ཁར་བཅུག་ནས་མགྲོན་པོའི་ཚུགས་ཀར་ཧད་པར་གྱུར།

   གདོང་དཀར་པོ་ཅན་གྱི་མགྲོན་པོ་དེ་ཆེ་མཆོག་ཚང་གི་སྒོ་ལ་ཐོན་པ་ནས་ཁྱིམ་དུ་འཛུལ་བ་དང་།    གདན་ལ་སྡོད་པ།    ཇ་འཐུང་བ་སོགས་ཡོད་ཚད་ཀྱི་སྐབས་སུ་ཁྱིམ་བདག་ཚང་ལ་ག་བྱེད་འདི་བྱེད་མེད་པའི་གནས་སུ་བསྐྱལ་མོད།    ཁོའི་གདོང་དཀར་པོ་ལ་འཛུམ་མདངས་ཤིག་མངོན་མངོན་དུ་འདུག་པས་ཆེ་མཆོག་བཟའ་ཟླ་གཉིས་ཀྱི་སེམས་ལ་བདེ་བ་ཞིག་སྟེར།

    མགྲོན་པོ་འདི་འཇིག་རྟེན་གཞན་ཞིག་ནས་ཐོན་པ་ལྟར་སྦྲའི་ནང་གི་ཕྱོགས་ཀུན་དུ་ངོ་མཚར་བའི་ངང་ནས་བལྟ་བ་དང་མཚམས་དང་མཚམས་སུ་ལག་གཡོན་པའི་ཁུ་ཚུར་ལག་གཡས་པའི་ཐལ་མོའི་ནང་དུ་བཅུག་ནས་སྟོན་པར་བྱེད།    བཟའ་མི་གསུམ་པོས་དེ་ནི་ཅི་ཞིག་གི་དོན་ཡིན་པ་ཡེ་ནས་མ་གོ  དགོང་མོ་ནོར་འདོགས་པའི་གོ་སྐབས་དང་བསྟུན་ནས་ཚེ་རིང་སྒྲོན་གྱིས་བཟའ་ཟླར་མགྲོན་པོ་མཚར་བོ་དེ་སུ་ཞིག་ཡིན་པ་དང་།    ངེད་ཚང་ལ་འོང་དོན་སོགས་དྲིས་མོད།   ཆེ་མཆོག་ལའང་དྲི་བ་དེ་དག་ལ་ལན་གསལ་བོ་གང་ཡང་འདེབས་རྒྱུ་མེད་པར་ནུ་བོས་ངེད་ཚང་ལ་ཉིན་ཁ་ཤས་སུ་སྡོད་དུ་འཇུག་དགོས་ཞེས་པ་ཙམ་རེད།

     ཚེ་རིང་སྒྲོན་ལྷག་པར་ཡ་མཚན།    མགྲོན་པོ་རང་ཁྱིམ་དུ་ཁྲིད་འོང་ནས་དེའི་དོན་དག་གང་ཡང་མི་ཤེས་པ་ཞིག་མོའི་མི་ཚེའི་སྟེང་དུ་འཕྲད་མ་མྱོང་།   “གང་ནས་འོང་བ་མི་ཤེས་ལ།   གང་དུ་འགྲོ་བ་མི་ཤེས།    དོན་དག་ཅི་ཡིན་མི་ཤེས་པ་ཞིག་ཁྲིད་ཡོང་ནས་རྐུན་མ་ཞིག་མིན་ནམ།” ཚེ་རིང་སྒྲོན་གྱིས་ཀུ་རེ་དང་དོན་དངོས་འདྲེས་མའི་ཚུལ་དུ་ལབ།    “ཧ་ཧ་ཧ།    ངེད་ཚང་ལ་རྐུ་རྒྱུ་ཞིག་ཡོད་པ་རྟ་ནོར་གཉིས་རེད།    ཁོས་རྟ་ནོར་གྱི་སྐེ་ལ་འབྱར་དགོས་སམ་སྒྱུད་པར་འབྱར་དགོས་ཙམ་ཡང་ཤེས་མི་སྲིད་པས་ཇི་ལྟར་རྐུ།”  ཆོས་མཆོག་གིས་གཡག་རྒྱ་ར་འདོགས་ཞོར་དུ་སྨྲས།   “གལ་ཏེ་སྒྱུད་པར་འབྱར་ཚེ་རྐང་ཕྲ་ཡིས་གསོད་པའམ་རྨས་རྒྱུ་རེད།    དེ་དུས་ངེད་ཚང་གིས་མི་སྟོང་འཇལ་མི་དགོས་སམ།”   བཟའ་ཟླས་ཀྱང་ཀུ་རེས་ཚུལ་དུ་ལན་བཏབ།    “རྐུན་མ་རྐུ་ས་ནས་ཤི་ན་‘མཛོ་རྒན་རྩྭ་ཟ་ནས་འོབ་ལ་འདྲིལ་བ་རེད།’   མི་སྟོང་ཞིག་གང་ནས་དགོས།    དེ་དུས་ཁོའི་རྒྱབ་ཁུག་ཆེན་པོ་དེའང་ངེད་ཚང་ལ་རག་པ་མིན་ནམ།”  “ཧ་ཧ་ཧ།”  “ཧ་ཧ་ཧ།” ཡང་བསྐྱར་དགོད་སྒྲ་ཞིག་ཆོས་མཆོག་ཚང་གི་ནོར་ལྷས་ནས་མཆེད་དེ་དབྱར་གཞུངགི་སྲོད་ཀའི་ལྷིང་འཇགས་ཀྱི་མཁའ་དབུགས་ལ་འདྲེས།

     མགྲོན་རྩིས་ཆེ་བའི་ཁྱིམ་ཚང་འདིས་ནུབ་ཟས་སུ་ཤ་བཙོས།    ཁ་རླངས་ཐུ་ལུ་ལུ་བྱེད་པའི་ལུག་ཤ་ཚོ་རྩིབ་སྡེར་མ་གང་གི་སྟེང་དུ་གྲི་ཆེན་པོ་བཞག་པ་ཞིག་གདོང་དཀར་པོ་ཅན་གྱི་མགྲོན་པོའི་མདུན་དུ་བཞག   མགྲོན་པོའི་མིག་ཤེལ་དུ་ཤའི་ཁ་རླངས་ཀྱི་ཆུ་ཟེགས་ཆགས།   མགྲོན་པོས་མིག་ཤེལ་བླངས་སྟེ་ཟུར་དུ་བཞག་ནས་མདུན་གྱི་ཟས་ལ་ངོ་མཚར་བའི་ཚུགས་ཀ་སྟོན།  ཆེ་མཆོག་གི་རྩུབ་ལ་ཆེ་བའི་ལག་པས་སྡེར་མའི་ནང་གི་རྩིབ་མ་ཞིག་བླངས་ཏེ་མགྲོན་པོའི་ལག་ཏུ་འཇོག་ཞོར“ཟོ་ཟོ།    འཁྱམ་མ་བྱེད་ཨང་།” ཟེར་བཞིན་འཛུམ་མདངས་བསྟན།    ཚེ་རིང་སྒྲོན་གྱིས་ཀྱང་མ་ཁྱིམ་ནས་ཚུར་སྐེ་བསྲིངས་ཏེ།   “ཟོ་ཟོ།    འཁྱམ་མ་བྱེད་ཨང་།” ཟེར།    མགྲོན་པོས་བཟའ་ཟླ་གཉིས་ཀྱི་གདོང་ལ་རེས་མོས་ཀྱིས་ལྟ་བཞིན་ཅིག་ཅིག་བཤད།   འཛུམ་མདངས་ཡང་ཡང་བསྟན།   མགྲོན་པོའི་ལག་པ་དཀར་པོ་འཇམ་པོ་དེའི་སྤགས་ཧ་ཅང་སྲབ་པ་འདྲ།    ཁ་རླངས་ཐུ་ལུ་ལུ་བྱེད་པའི་རྩིབ་མ་དེས་ལག་པ་སྲེག་ཏེ་ཅུང་མིན་ན་ཤ་གྲི་དང་བཅས་པ་ལག་ནས་ཤོར།    ཆེ་མཆོག་གིས་ “སྲེག་སོང་ངམ།   སྲེག་སོང་ངམ།”ཟེར་བཞིན་ཤ་ལ་ཕུ་བཏབ།    མགྲོན་པོ་དེ་བས་ཀྱང་ཡ་མཚན་པ་འདྲ།

 

  ༣

       མཚན་མོ་དེར་ཐོག་མར་ལག་པ་སྲེག་སླ་ཞིང་གཞུག་ནས་ཟ་ལྟོ་ཆུང་བའི་མགྲོན་པོས་ནུབ་ཟས་དེ་བྱེའུས་རྒུམ་བུ་འཐུ་བ་ལྟ་བུ་ཞིག་ལས་མ་ཟོས་པས་ཆེ་མཆོག་བཟའ་ཟླ་གཉིས་ལ་སེམས་ཁྲལ་བྱུང་།    དེར་མཐུད་ནས་ཡང་བསྐྱར་སེམས་ཁྲལ་ཞིག་བྱུང་བ་ནི།   ཁོ་ཚང་གི་མཆོད་སྟེགས་སྟེང་གི་བརྒྱད་སྟོང་བའི་ཤོག་བུ་ལྟར་དཀར་བའི་ཁ་ངོ་ལག་པ་ཅན་འདིར་མལ་ཆས་གཙང་མ་ཞིག་མེད་པ་དེ་རེད།

     “ཨ་ཁུ་ཚོའི་གྱོན་པ་ལེན་རྒྱུ་ལས་འོས་མེད་པ་རེད་དམ།” “ཨ་ཙི་ག་ནས་རུང་།”  “དེས་ན་ཅི་བྱེད།”  “ཐབས་ཤེས་ཤིག་ཡོ་གི་ན་དགུང་སྔོན་པོ།” “བཛྲསཏྭཧཱུཾཿ  ཨེ་མི་དྲག”   ཁོ་ཚང་ལ་གྱོན་ཆས་ཆེས་གཙང་མར་བརྩི་བ་ཞིག་ཡོད་པ་ནི་བླ་མ་དང་གྲྭ་བ་གང་ཞིག་ཁྱིམ་དུ་གདན་དྲངས་ཏེ་སྐུ་རིམ་བསྒྲུབ་པའི་ཚེ་བཀོལ་བའི་གཡང་སུ་(བྱང་བུ་དཀར་པོ་མལ་ཐུལ་ལྟ་བུའི་མིང་།)དང་ཤ་བཟན་བཤས་པའི་པགས་སྟན་འཇམ་པོ་དེ་ཁོ་ན་རེད།    མལ་ཆས་དེ་ནི་དུས་བཞིའི་རུ་བ་སྐྱེས་སྤོར་གང་གི་སྐབས་སུའང་རྡོག་འོག་ཏུ་མི་འགོམ་ཞིང་།    ཁྱིམ་གྱི་ཡ་དོའི་སྟེང་དུ་བརྩིགས་ནས་ཡོད་པ་དེ་ཡིན།

      ཁོ་ཚོ་ཉལ་ལ་ཉེ་བའི་སྐབས་སུ་བཟའ་ཟླ་གཉིས་ཀྱིས་ངག་ནས་“ཨོཾབཛྲསཏྭཧཱུཾཿ  ཨོཾབཛྲསཏྭཧཱུཾཿ་་་་་་” ཞེས་ཁ་ཡིས་མིག་མིག་གིས་བགྲང་ཞོར་དུ་དོ་བོ་ཀློག་མགོ་བརྩམས།  སྐབས་དེར་མགྲོན་པོས་ཀྱང་རང་གི་རྒྱབ་ཁུག་རིང་བོ་དེའི་ཁ་ཕྱེ་བཞིན་ཆེ་མཆོག་བཟའ་ཟླ་གཉིས་ལ་ཅི་ཞིག་བཤད་བྱུང་ལ།    ལུས་དང་ལག་པས་གང་དུ་ཉལ་རྒྱུ་རེད་ཟེར་བའི་བརྡ་བསྟན།   བཟའ་ཟླ་གཉིས་ཀྱིས་མགྲོན་པོའི་སྐད་ཆ་གཅིག་ཀྱང་མ་གོ་ནའང་ལག་བརྡ་ལས་ཉལ་ས་གང་ཡིན་འདྲི་བཞིན་པ་ཤེས།    ཁོ་གཉིས་ཀྱིས་ཀྱང་ལག་བརྡས་ཡ་ཁྱིམ་གྱི་སྟོད་ཕྱོགས་ཀྱི་ཧྲག་འདབས་དང་ཉེ་བར་ཁ་ཡར་འཁོར་ནས་ཉལ་དགོས་པའི་བརྡ་བསྟན།    མགྲོན་པོས་ཡང་བསྐྱར་ལག་གཡོན་པའི་ཁུ་ཚུར་ལག་གཡས་པའི་ཐལ་མོའི་ནང་དུ་བཅུག་ནས་སྟོན་པར་བྱེད་ཅིང་མགོ་བོ་གུག་གུག་བྱེད་ཀྱིན་སེར་ཞད་ཅན་གྱི་སོ་སྒོ་ཡང་ཡང་སྟོན།

     མགྲོན་པོས་ཁུག་མའི་ནང་ནས་གློག་ཆས་སམ་ཅི་ཞིག་ཡིན་མི་ཤེས་པའི་འདྲ་མིན་མང་པོ་ཞིག་བླངས་བྱུང་བ་དང་།    དེར་མཐུད་ནས་ལྕགས་ཐུར་འགའ་དང་གྲུ་བཞི་ཤོ་འདྲ་ལྟེབས་པའི་རས།    ཁུག་མ་ཆུང་ཆུང་དུ་ཅི་ཞིག་བརྫང་ནས་ཁོ་ཚང་གི་གྲོད་ཐུམ་གྱི་མར་རྡོག་ལྟར་ཐག་ཐག་ཏུ་གྱུར་བ་སོགས་མང་པོ་ཞིག་བླངས།   དེ་བཞིན་དུ་དཀར་ཞིང་མཉེན་པའི་མཛུབ་མོ་དག་གིས་ལྡེམ་མྱུར་ལྡན་པའི་ངང་ནས་ལྕགས་ཐུར་དག་གི་སྟེང་དུ་རས་ཞིག་གི་ཟུར་དང་སྣེ་མོ་མདུད་པ་དང་སྦྱར་བ་ལྟ་བུའི་སྒོ་ནས་མལ་ཁྲི་ཕྲ་མོ་ལྕགས་ཀྱི་རྐང་བ་དྲུག་ཅན་ཞིག་དེ་མ་ཐག་ཏུ་ལས་སོང་།    ཆེ་མཆོག་བཟའ་ཟླ་གཉིས་ཀྱི་སེམས་ཁུར་ཆེན་པོ་གཅིག་ཞི་བར་གྱུར་བ་དང་ཁོའི་ལག་ལས་ལ་ཧད་ནས་དོ་བོ་ཕྱར་བས་འགེབ་རྒྱུའང་བརྗེད།    དེ་ལས་ཀྱང་ཡ་མཚན་པ་ཞིག་ནི།    ཁུག་མ་ཆུང་ཆུང་དུ་ཅི་ཞིག་བརྫང་ནས་ཐག་ཐག་ཏུ་གྱུར་བ་དེ་མགྲོན་པོའི་མལ་ཆས་ཡིན་འདུག    འོ་མ་རེད།    ཆེ་མཆོག་བཟའ་ཟླ་གཉིས་ཀྱིས་དེའི་མིང་ལ་མལ་ཆས་ཟེར་ཐབས་ཡེ་ནས་མི་འདུག    དེ་ནི་རས་ཀྱི་ཁུག་མ་རིང་བོ་ཞིག་རེད་ཟེར་བ་ལས་འོས་མེད།   ཡིན་ནའང་མགྲོན་པོ་གདོང་དཀར་པོ་ཅན་དེ་ཁུག་མ་རིང་བོ་དེའི་ནང་དུ་འཛུལ་ནས་ཁོ་ཚང་གི་སྦྲའི་ཀ་ར་བཞིན་དྲང་ཤར་རེར་ཉལ་སོང་།   ཚེ་རིང་སྒྲོན་བཟའ་ཟླ་གཉིས་ཀྱིས་གཅིག་གིས་གཅིག་གི་གདོང་ལ་བལྟས་ནས་ངོ་མཚར་བ་དང་ཀ་ར་ལྟ་བུའི་ཉལ་སྟངས་དེར་དགོད་ཁ་ཞིག་ཀྱང་ཤོར།   ཁོ་ཚང་གི་ངོ་མཚར་བའི་མགྲོན་པོ་དེ་ལྟར་ཉལ་རག་བར་དུ་བལྟས་རྗེས་མ་སྒྱེད་ཀྱི་རྩ་རུ་སྔར་ནས་གོ་གཉིད་དུ་ཤོར་བའི་བུ་མོ་ཟླ་མཛེས་མལ་སར་བསྙལ།

      སྤྱིར་མགྲོན་པོ་མེད་ཚེ་བཟའ་མི་གསུམ་ག་ཡ་ཁྱིམ་གྱི་སྨད་ཕྱོགས་སུ་མཉམ་དུ་ཉལ་རྒྱུར་གོམས་ཡོད་མོད།    དོ་ནུབ་མགྲོན་པོ་ཡོད་པས་བཟའ་ཟླ་གཉིས་མཉམ་དུ་ཉལ་རྒྱུར་ངོ་ཚར་འཛིན།    ཆེ་མཆོག་མགྲོན་པོའི་མར་གཤམ་གྱི་གླང་ཆའི་ཟུར་དུ་ཉལ་ཞིང་།    ཚེ་རིང་སྒྲོན་མ་བུ་གཉིས་མ་ཁྱིམ་གྱི་སྨད་ཕྱོགས་སུ་ཉལ།   ཕྱི་རོལ་ན་ནོར་ནག་གིས་ལྡད་སྒྲ་འབྱིན་པའི་སྒྲ་ཙམ་ལས་ཅི་ཡང་གྲགས་སུ་མེད་པར་འཇིག་རྟེན་འདི་དབེན་ཐིང་ངེར་གནས་ཤིང་།   མཁའ་དབྱིངས་ན་རྒྱུ་སྐར་ཁྲི་ཕྲག་མང་པོས་རང་འོད་གཉོམ་པོ་རེ་འབྱིན་བཞིན་མཚན་མོའི་མུན་ནག་ལ་ཡི་མུག་གི་ལྐོག་ཤུབས་འདོན་པ་ལྟར་གནས།   ཚེ་རིང་སྒྲོན་གྱིས་མིག་བཙུམ་ནས་རང་ཉིད་གཉིད་དུ་བསྐུར།  ཡིན་ནའང་དེ་རིང་རང་ཁྱིམ་ལ་གློ་བུར་སླེབས་པའི་མགྲོན་པོ་ངོ་མཚར་བ་དེའི་ཚུགས་ཀ་དང་བྱེད་སྟངས་སོགས་ཡང་བསྐྱར་ཀླད་པའི་ངོས་སུ་རེ་རེ་བཞིན་ཤར་ནས་གཉིད་མ་ཁུག    མོའི་སེམས་སུ་དོ་ནུབ་མགྲོན་པོའི་མལ་ཁྲི་དེའི་རྐང་བ་ཕྲ་མོ་དེ་དག་ལས་གང་ཞིག་ཆག་ཏེ་ཐང་ལ་མ་བརྡབ་ན་ལེགས།    ལྕགས་ཐུར་དག་གི་སྟེང་གི་རས་སྟན་དེ་གང་ཞིག་ནས་ཐེད་པའམ་གང་ཞིག་ནས་གཤགས་ཏེ་སྒྱེ་མོའི་ནང་གི་གསར་བུ་འདི་ཐང་ལ་མ་བརྡབ་ན་བཟང་ཨང་སྙམ་བཞིན་སེམས་ཁུར་བྱེད་ཀྱིན་མཆོད་མེའི་འོད་མདངས་ཀྱི་འོག་ནས་ཡ་ཁྱིམ་གྱི་མགྲོན་པོའི་ཕྱོགས་སུ་མིག་ཞགས་རེ་འཕེན་དགོས་བྱུང་ལ།    རྣ་བས་དབང་བོའང་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་ཡ་ཁྱིམ་དུ་གཡར་དགོས་ཐུག

          ཕྱིར་ཉིན་ཞོགས་པའི་སྐྱ་མདའ་མ་བཀྱག་གོང་ཚེ་རིང་སྒྲོན་ནམ་རྒྱུན་ལྟར་གཉིད་ལས་སད།    མོ་བྲེལ་བའི་ངང་ནས་ཡར་ལངས་ཏེ་ཡ་ཁྱིམ་གྱི་མགྲོན་པོའི་ཉེ་སར་སོང་ནས་བལྟས།  མགྲོན་པོའི་མལ་ཁྲིའི་ལྕགས་མ་ཆག་ལ་རས་ཀྱང་མ་ཐེད་མ་གཤག་པར་ནག་ཤར་རེར་ཡོད་པས་མོའི་སེམས་བདེ་ལ་བབས་ནས་ལྷས་རར་ཞོགས་ལྕི་འཕེན་དུ་བུད་སོང་།   མོ་སྒོར་བུད་མ་མཚམས་ནས་ཁྱི་དོམ་ནག་གིས་ཟུག་སྐད་ཅིག་འབྱིན།    མོས“ཡ།   དོམ་ནག” ཅེས་སྨྲས་མ་ཐག་ཟུག་སྐད་ཐག་གེར་ཆད།    ཁྱི་དོམ་ནག་གིས་ཁ་སང་དགུང་མོ་ཁྱིམ་དུ་མགྲོན་པོ་ཆ་མེད་ཅིག་ཐོན་པ་དེ་ད་དུང་གཞན་དུ་མ་སོང་བར་ཁྱིམ་ལ་ཡོད་པར་ཞེ་སྡང་ཞི་མེད་ཚོད་འདུག    འབྲོག་ཁྱི་དག་ནི་རྫི་གསང་ཤིན་ཏུ་གསལ་ཞིང་ཁྱིམ་ཚང་དེའི་སྒོ་ཕྱི་ནང་གི་རྒྱུ་ནོར་ཡོད་ཚད་རང་གི་ཡིན་པར་སྙམ་པའམ།    བདག་པོའི་དོན་དུ་རང་སྲོག་འབེན་ལ་བཞག་ནས་རྒྱུག་ཕོད་པའི་ཁོག་དཔུང་དང་དཔའ་ངར་ཅན་ཞིག་ཡིན།   མོས་བདེ་ཅག་འཁྱུག་པའི་ངང་ནས་ནོར་རྡང་གི་ཕྱོགས་གཅིག་ནས་བཟུང་སླེ་བོའི་ནང་དུ་ལྕི་བ་འཕེན་ཞོར་དུ་བསམ་པ་མྱུར་འགྲུབ་མ་བཏོན།    ཡིན་ནའང་སེམས་པ་དེ་འདྲའི་ལྷོད་དུ་བབས་མི་ཐུབ་པ་ཞིག་ནི།    མདང་ནུབ་བཟའ་ཟླས་བཤད་ན།    མགྲོན་པོ་དེ་ནི་ཉིན་མང་ཙམ་ལ་ཁོ་ཚང་ནས་འདུག་རྒྱུ་རེད་ཅེས་ཟེར་བས།    ཁྱི་དོམ་ནག་གིས་མགྲོན་པོར་འཇིགས་སྐྲག་སློང་ངེས་སྙམ་ནས་སེམས་ཁུར་བྱས།

      ཞོགས་པའི་ཉི་ཟེར་དེ་ནི་གསེར་གྱི་དྲ་བ་ཞིག་མཁའ་ནས་དཔྱངས་པ་ལྟར་དབྱར་གཞུང་གི་རྩྭ་ཐང་དུ་སྙོམས་པོར་ཤར་རེར་འཕྲོས་བྱུང་བས།    ཟིལ་བ་ཁྲོམ་ཁྲོམ་དུ་འཕྱུར་བའི་རྩྭ་རྩི་ཏོག་དང་མེ་ཏོག་གི་ཞིང་ཁམས་འདི་ནས་འོད་འཚེར་ཞིང་བསིལ་ལ་ལྷོད་པའི་མཁའ་དབུགས་ཤིག་གིས་རི་ལ་ཐང་མེད་པར་བཟུང་།    མགྲོན་པོས་ཞོགས་ཇའང་མ་འཐུང་བར་ཕར་གའི་སྒང་འབུར་ཆུང་ཆུང་བུམ་པའི་ལྟོ་བ་ལྟ་བུ་ཞིག་ཡོད་པའི་ཐོག་ཏུ་འགོས།    མགྲོན་པོ་སྒོར་བུད་ཁར་ཆེ་མཆོག་གིས་ཁྱི་དོམ་ནག་གི་མགོ་ལྤགས་ལ་བཟུང་ནས་མནན་བསྡད་པ་ཡིན།    ཡིན་ནའང་ཁྱི་དོམ་ནག་གིས་ད་དུང་རི་འབུར་དེའི་ཕྱོགས་སུ་མཚམས་དང་མཚམས་སུ་གློག་ཞགས་འཁྱུག་པ་ལྟ་བུའི་མིག་ཟུང་གིས་ངམ་ནག་གིས་ལྟ་བ་དང་གངས་རི་ལྟར་དཀར་ཞིང་ལྕགས་ཀྱི་མདུང་རྩེ་ལས་རྣོ་བའི་མཆེ་བ་གཙིགས་བཞིན་ཟུག་སྐད་དྲག་པོ་རེ་འབྱིན་འོང་།

       ཚེ་རིང་སྒྲོན་གྱིས་ནོར་ནག་ལྷས་ནས་ཕུད་རྗེས་ཀྱི་ལྕི་བ་འཐུ་ཞོར་དུ་གདོང་དཀར་པོ་ཅན་གྱི་མགྲོན་པོའི་ཕྱོགས་སུ་ཡང་ཡང་བལྟས།     མོའི་སེམས་སུ“ཁོ་རང་སྒང་འབུར་དེའི་ཐོག་ཏུ་བུད་ནས་ཅི་ཞིག་ལ་རྒྱང་ལྟ་བྱེད་ཀྱིན་ཡོད་དམ།     ངེད་ཚང་གི་རྟ་ནོར་ལ་རྫི་བོ་བྱེད་བསམ་པ་ཨེ་ཡིན།    མིག་ཤེལ་དེའི་འོག་ནས་རྒྱང་རིང་རྒྱང་རིང་ཞིག་ན་ཡོད་པའི་རི་སྤྱང་དེའི་འགྲོ་འདུག་ལ་ལྟ་བ་ཡིན་ནམ།    གལ་ཏེ་ངེད་ཚང་ལ་འདི་འདྲའི་རྫི་བོ་ཞིག་ཡོད་ན་སྒོ་ཕྱུགས་ཀྱི་འཕེལ་ཁ་སྔར་ལས་རྒྱས་སྲིད་ལ།    རང་ཉིད་ཀྱི་ལས་ཚེགས་ཀྱང་ཤིན་ཏུ་ཇེ་ཡངས་སུ་སོང་བ་མིན་ནམ།”  “ཧུ་ཧུ།” དེ་འདྲ་ཞིག་ག་ལ་ཡིན་སྙམ་ནས་མོ་རང་ཁེར་དགོད་ཅིག་ཤོར། “ཡང་ན་དེའུ་འབུར་དེའི་ཐོག་ནས་རང་གིས་སྔོན་ཆད་གཉེན་སྒྲིག་མ་བྱས་གོང་ཆེ་མཆོག་ལ་རྒྱང་ལྟ་གྲངས་མེད་བྱས་པ་བཞིན་མགྲོན་པོ་འདིས་ཀྱང་ཐག་རིང་ཐག་རིང་ཞིག་ན་ཡོད་སྲིད་པའི་རང་གི་དགའ་གྲོགས་གང་ཞིག་ནས་འོངས་མིན་ལ་ལྟ་བ་ཡིན།     གལ་ཏེ་ཁོའི་དགའ་གྲོགས་དེ་རྒྱང་རིང་རྒྱང་རིང་ཞིག་ནས་འདིར་ཐོན་ན་ཇི་འདྲའི་མཛེས་མ་ཞིག་ཡིན་ངེས།    གདོང་ནི་ཁོ་ལས་དཀར་ཞིང་ལག་པའང་ཁོ་ལས་དཀར་ལ་མཉེན་པ་ཞིག་ཡིན་ངེས་པས་ལྷ་མོ་མི་ཡུལ་དུ་བབས་པ་ལྟ་བུ་ཞིག་ཅིས་ཀྱང་ཡིན་ངེས།

    དེ་དུས་ཁོ་གཉིས་ངེད་ཚང་ལ་མགྲོན་པོ་བྱས་དེ་སྡོད་སྲིད་དམ།    གལ་ཏེ་བསྡད་ན་མགྲོན་པོའི་མལ་ཁྲི་ལྕགས་ཀྱི་རྐང་བ་ཕྲ་བུ་ཅན་དེས་ཐེག་མི་སྲིད་ལ།    མལ་ཐུལ་སྒྱེ་མོ་འདྲ་བ་དེའི་ནང་དུ་ཁོ་གཉིས་ཀ་ག་ལ་ཆུད།”  མོའི་རྣམ་རྟོག་གི་འགྱུ་བ་ཡོད་ཚད་སྒང་འབུར་སྟེང་གི་མགྲོན་པོའི་སྟེང་དུ་ཤོར་བས་གློ་བུར་ལྕི་བ་ཞིག་གི་སྟེང་དུ་བརྫིས་དེ་རྐང་འདྲེད་ཅིག་ཤོར་བ་ན་ད་གཟོད་རང་སེམས་རྣལ་དུ་བབས།

 

  ༤

      ད་ལྟ་ཆེ་མཆོག་བཟའ་ཟླ་གཉིས་ཀྱི་སེམས་ཁུར་ཆེས་ཆེ་ཤོས་ནི་ཁྱི་དོམ་ནག་དང་མགྲོན་པོ་གདོང་དཀར་པོ་ཅན་གཉིས་བར་གྱི་འབྲེལ་བ་རེད།    མགྲོན་པོ་ཐོན་པའི་ཉིན་གཉིས་པ་ནས་ཚེ་རིང་སྒྲོན་གྱིས་ཁྱི་དོམ་ནག་ལ་སྐེ་ཐག་སྦོམ་ཞིང་སྲ་བ་ཞིག་བརྗེས་པ་དང་ཕུར་བ་མི་ལུས་ཀྱི་ཚད་ལྟ་བུ་ཞིག་བརྡབས་པ་སོགས་ཤིན་ཏུ་སྲ་བ་བྱས།    ཡིན་ནའང་གལ་ཏེ་ཉིན་ཞིག་ཤོར་སོང་ཚེ་མགྲོན་པོ་ལག་པ་མཉེན་མོ་ཅན་དེའི་གྱོན་པ་སྲབ་མོའི་འོག་གི་ཤ་མཉེན་མོ་དག་ཤོག་སྐྱ་ཚེར་མས་གཙབ་པ་ལྟར་བྱེད་ངེས་པས་ན།    བཟའ་ཟླ་གཉིས་ཀྱིས་གྲོས་བསྡུར་གང་མང་བྱས་མཐར་མགྲོན་པོ་འདི་ཞག་གཅིག་ཞག་གཉིས་ཀྱི་མགྲོན་པོ་ལམ་འགྲོ་བ་ལྟ་བུ་ཞིག་མིན་ཚོད་འདུག་ཕྱིར།    ད་ནི་རང་ཁྱིམ་གྱི་མི་ལྟར་ཁྱི་དོམ་ནག་ལ་ཁ་ཟས་འཕེན་པ་དང་གཅེས་སྐད་ཀྱིས་བོས་ཏེ་སེམས་པ་སྟོན་ཐབས་བྱེད་རྒྱུ་ལས་འོས་མེད།

     ཡིན་ནའང་མགྲོན་པོས་ཁྱི་དོམ་ནག་ལ་ཁ་ཟས་འཕེན་དུ་འཇུག་རྒྱུ་བཟའ་ཟླ་གཉིས་ཀྱིས་དགོད་བྲོའི་གར་ཆུང་ཞིག་འཁྲབ་པ་ལྟ་བུའི་ཁ་བརྡ་ལག་བརྡས་སྟོན་ཐུབ་མོད།    གཅེས་སྐད་ཀྱིས་འདི་དང་འདི་ལྟར་བོས་ཞེས་པའི་གོ་བརྡ་འཕྲོད་ཐབས་མ་བྱུང་།    དང་ཐོག་མགྲོན་པོས་ཁྱི་དོམ་ནག་ལ་ཁ་ཟས་འཕེན་པ་ནི་རྡོ་འབེན་ལ་ཕོག་པ་ལྟར་དོམ་ནག་ཇེ་བཙན་དུ་གྱུར་ཏེ་གནམ་ལ་ལྡིང་བཞིན་ཤུགས་ཀྱིས་འཐེན་པ་དང་ངར་སྐད་སྒྲོག    སྐབས་དེ་དག་ཏུ་མགྲོན་པོ་སྐྲག་ནས་སྟོད་ལྭའི་འདབས་ཁ་ལྷབ་ལྷབ་ཀྱིས་འདར་གྱིན་ཡོད་པ་ཚེ་རིང་སྒྲོན་གྱིས་མཐོང་།    ཚེ་རིང་སྒྲོན་ལ་ལྷག་པར་སྙིང་རྗེ་ཞིག་གམ་གདུང་སེམས་ཤིག་སྐྱེས།    ཡིན་ནའང་བཟའ་ཟླ་གཉིས་ཀྱི་ཁ་བརྡ་དང་ལག་བརྡས་ཁྲོད་ནས་ཉིན་རེར་ཐེངས་མང་པོར་ཁྱི་དོམ་ནག་ལ་ཟས་འཕེན་དུ་བཅུག

     ཉིན་འགའ་འགོར་རྗེས་སུ་ཁྱི་དོམ་ནག་གིས་མགྲོན་པོ་འདི་ཁྱིམ་ཚང་ལ་གནོད་སྐྱེལ་མཁན་ཞིག་མིན་པའི་གསང་བ་བརྟོལ་བ་ལྟར་རིམ་བཞིན་ཇེ་འཇམ་ནས་ཇེ་འཇམ་དུ་གྱུར།    གདོང་དཀར་པོ་ཅན་གྱི་མགྲོན་པོ་ཤིན་ཏུ་དགའ་བཞིན་འདུག    དེའི་རྗེས་སུ་ཁོས་རང་གི་ཟ་མ་ཆ་གསུམ་དུ་བགོས་པའི་ཆ་གཅིག་ཙམ་རེ་ཁྱི་དོམ་ནག་ལ་སྦྱིན་བཞིན་འདུག་པས་མི་ཚད་མིས་མི་གོ་བའི་སྐད་ཆ་གང་མང་ཞིག་ཁྱི་དོམ་ནག་ལ་ལབ་ཀྱིན་འདུག    ཆེ་མཆོག་བཟའ་མི་ཚོས་ཚིག་གཅིག་ཀྱང་མི་གོ་ནའང་ཁྱི་དོམ་ནག་གིས་ཚིག་དོན་གང་རུང་རེ་རྟོགས་པ་ལྟར་རྔ་མ་གཡུག་གཡུག་གིས་དགའ་བའི་ཚུལ་རེའང་སྟོན་གྱིན་གདའ།    ད་ནི་ཆེ་མཆོག་བཟའ་ཟླ་གཉིས་ཀྱི་སེམས་པ་གཞི་ནས་ལྷོད་ལ་བབས་པས་སོ་སོར་ཤུགས་རིང་རེ་འདོན་རྒྱུ་བྱུང་།

      མགྲོན་པོ་འདིས་ཁོ་ཚང་གི་བུ་མོ་ཟླ་མཛེས་ལ་ཤིན་ཏུ་གཅེས་གཅེས་བྱེད་ཀྱིན་འདུག    དང་ཐོག་བུ་མོའང་ཁྱི་དོམ་ནག་ལྟར་གདོང་དཀར་པོ་ཅན་ལ་ལུས་སེམས་གཉིས་ཀ་མི་བཅར་བར་ཧ་ཅང་དོགས་འཛེམ་མམ་སྐྲག་པའི་ཚུལ་དུ་གདའ་མོད།    གདོང་དཀར་པོ་ཅན་གྱི་མགྲོན་པོའི་ཁུག་མ་ཆེན་པོ་དེའི་ནང་དུ་མོས་ད་སྔ་ལྕེ་ཡིས་མྱངས་པ་ལྟ་ཅི་མིག་གིས་མཐོང་ཡང་མ་མྱོང་བའི་ཀ་ར་མངར་མོ་དང་།    ད་སྔ་སེམས་ལའང་ཤར་མ་མྱོང་བའི་གློག་ཆས་ཀྱི་རྩེད་སྤྱད་སྣ་ཚོགས་འདུག་པས་མི་རིང་བར་བུ་མོ་དང་ཁྱི་དོམ་ནག་གཉིས་ཀྱིས་མགྲོན་པོ་འདི་རང་གི་ཁྱིམ་མི་ལྟར་སྙིང་ཉེ་ཉེ་བྱེད།    ཁྱི་དོམ་ནག་གིས་མགྲོན་པོའི་སྐད་མི་གོ་བ་ལྟར་བུ་མོས་ཀྱང་ལག་པ་འཇམ་པོ་ཅན་གྱི་མགྲོན་པོའི་སྐད་ཆའི་དོན་གཅིག་ཀྱང་མི་གོ     ཐ་ན་ཁོ་མོ་དང་ཁོ་མོའི་ཕ་མ་གཉིས་ཀྱིས་ཀྱང་ཟ་ས་ཉལ་ས་སྦྲ་ནག་གཅིག་གི་ཐུ་འོག་ཏུ་གྱུར་པའི་མི་དེའི་མིང་ལ་ཅི་ཟེར་ཙམ་ཡང་མི་ཤེས།    ཆེ་མཆོག་གིས་མགྲོན་པོའི་མིང་ལ་ག་རེ་ཟེར་ཐེངས་འགའ་རེར་དྲིས་མོད།    མགྲོན་པོས་ཁོའི་སྐད་ཆའི་ནང་དོན་མི་གོ་བས་མིང་ཤེས་ཐབས་མ་བྱུང་།    ཁོ་ཚོར་བཀོད་པ་གཞན་མ་ཡོད་པར་ད་ལྟ་ཆེ་མཆོག་བཟའ་ཟླ་གཉིས་ཀྱིས“མགྲོན་པོ”ཞེས་པའི་སྤྱི་མིང་དེ་མི་སྒེར་ལ་འབོད་ཀྱིན་པ་དང་བུ་མོས་ཤ་མི་ཉེ་ཞིང་རུས་མི་གཏོགས་པ་མ་ཟད་མི་རིགས་ཀྱང་མི་གཅིག་པའི་མི་དེར་“ཨ་བུ”ཞེས་འབོད་ཀྱིན་ཡོད།

     ཕ་མ་གཉིས་ཀྱིས་“མགྲོན་པོ”ཞེས་འབོད་ཅིང་།    བུ་མོས་“ཨ་བུ”ཞེས་འབོད་སའི་མགྲོན་པོ་དེ་ཁོ་ཚང་གི་ཕར་གའི་སྒང་འབུར་བུམ་པའི་ལྟོ་བ་ལྟ་བུ་དེའི་སྟེང་དུ་འགོས་རྒྱུར་ཤིན་ཏུ་དགའ་བར་སྣང་།    ད་ལྟ་ཁྱི་དོམ་ནག་ལ་སྐྲག་མི་དགོས་པས་ཁོ་རང་ཁྱིམ་ནས་ཇི་ལྟར་བུད་པའང་མི་ཤེས་པར་སྒང་འབུར་དེའི་ཐོག་ཏུ་བུད་འགྲོ་བས་དེ་ནི་བྱིའུ་དག་གིས་སྒུམ་བུ་འཐུས་ནས་ལྟོ་བ་འགྲངས་རྗེས་ཆོན་མགོ་འམ་བྲག་ཐོག་སོགས་ཅུང་མཐོ་ས་ཞིག་ཏུ་བུད་པར་བྲེལ་བ་ལྟར་དུ་འདུག   ཡང་ན་སྒང་འབུར་དེའི་སྟེང་ནས་མི་མངོན་པའི་དར་ཐག་རིང་མོ་ཞིག་གིས་མགྲོན་པོའི་ལག་པར་སྦྲེལ་དེ་འཐེན་གྱིན་ཡོད་པ་ལྟར་དུ་སྣང་།ཁོས་མཐོ་རྒྱུ་མེད་པའི་སྒང་འབུར་དེའི་སྟེང་ནས་ཡང་སྙིང་གང་ཞིག་ལ་ལྟ་བཞིན་ཡོད།    ཅི་ཞིག་མཐོང་གིན་ཡོད།    སྒང་འབུར་དེའི་སྟེང་ནི་སའི་གོ་ལའི་ཡང་རྩེར་སྙམ་གྱིན་ཡོད་དམ་ཡང་ན་བྱེད་པོ་གང་ཞིག་གིས་ཁོ་ལ་ཆེད་དུ་བཞེངས་པའི་ཁྲི་དེ་ད་ལོ་ལག་སོན་བྱུང་བར་སྙམ་པ་ཡིན།     ཡང་ན་་་་་

      མགྲོན་པོ་སྒང་འབུར་དེའི་སྟེང་དུ་འགོས་པར་དགའ་བ་དེས་ཆེ་མཆོག་ཚང་ལ་སྟབས་བདེ་ཞིག་བསྐྲུན་པ་ནི་ཇ་ཐོག་དག་ཏུ་སྒང་འབུར་དེར་ཁ་གཏད་དེ།   “ཀིས་་་་་་ཇ་འཐུང་དུ་ཤོག     ཇ་འཐུང་དུ་ཤོག”ཅེས་ཐེངས་འགར་འབོད་ཀྱིན་ལག་གཡུག་འགའ་རེ་བྱས་ན་ཁོ་རང་ཁྱིམ་དུ་འོང་བ་དེ་རེད།   དེ་ནི་སྐད་ཆའི་ནང་དོན་གོ་བའམ་ལག་བརྡ་ལ་བསྟེན་པ་ཡིན་མི་ཤེས།   མགྲོན་པོ་ལ་ཁྱི་དོམ་ནག་གིས་སྙིང་ཉེ་ཉེ་བྱེད་པའི་རྗེས་ནས་ཁོ་རང་སྒོར་བུད་རྒྱུར་སྐྲག་མི་དགོས་པས་ཤར་སྐྱ་རངས་ཀྱི་སྐྱ་མདའ་དང་པོ་བཀྱགས་པའི་ཅོ་གའི་དྲུག་འགྱུར་ཐོག་མ་གྲགས་པའི་དུས་ནས་ཡར་ལངས་སྟེ།   སྒོར་བུད་ནས་ལྷས་དང་ཐག་ཉེ་བའི་ཆུ་ཤུར་ཆུང་ཆུང་དེའི་ཁ་བརྒྱུད་ནས་ལུང་གཞུང་གི་ཆུ་ཆེན་ལ་ཐུག་པའི་བར་དང་།    ཡང་མཚམས་རེར་ཁོ་དང་སྐེ་སྦྲེལ་བྱས་པ་ལྟ་བུའི་སྒང་འབུར་ཐོག་ཏུ་བུད་འགྲོ།

    ཆེ་མཆོག་གིས་མིག་འབྱེད་ཐུབ་ལ་མི་ཐུབ་ཀྱི་ངང་ནས་མགྲོན་པོ་ཡར་ལངས་པར་བལྟ་ཙམ་རེ་བྱས་ནས་སླར་ཡང་མལ་ཆས་མགོ་ལ་འཐེན་ནས་ཧུར་དིར་རེར་གཉིད་འགྲོ།  ཆེ་མཆོག་ལ་ཨ་རག་གི་བཟི་ཁ་ལྟ་བུའི་ཞོགས་པའི་གཉིད་ངལ་དེ་མེད་ན་ཁོས་མགྲོན་པོ་དེ་འདྲའི་སྔ་མོ་ཞིག་ལ་ལངས་ནས་ཅི་བྱེད་པར་བསམ་བློ་ཞིག་གཏོང་ངེས།   ཐ་ནའང་རང་གི་བཟའ་ཟླ་དང་མཉམ་དུ་ནམ་གསལ་ལ་མ་གསལ་སྐབས་སུ་ལངས་ནས་སྒོར་བུད་པར་རྣམ་པར་རྟོག་པ་ཞིག་གཡོ་ངེས།    ཉི་མའི་འོད་ཀྱི་ཟེགས་མ་རེ་རེ་ཁ་ཚུབ་དང་སྦྲ་མྱུག་དག་ལས་དར་སྐུད་འཐེན་པ་ལྟར་བརྟོལ་ནས་ཁྱིམ་ནང་དུ་བཀྲ་ཤིས་འོད་ཀྱི་སྣང་བས་འཁྱུད་པའི་སྐབས་སུ་ཆེ་མཆོག་ད་གཟོད་གཉིད་ལས་སད་སྲིད།    ཁོས་ཐོག་མར་མགྲོན་པོའི་མལ་སར་བལྟ་ལ།   བལྟ་ཐེངས་རེར་མལ་ཆས་དག་ཡག་པོར་བལྟབས་པའམ་ཁུག་མ་ཆུང་ཆུང་དེའི་ནང་དུ་བསྡུས་ཏེ་སྔ་མོ་ཞིག་ནས་ཕྱི་ལ་བུད་སོང་།    ཆེ་མཆོག་གི་སེམས་སུ་“ཉིན་མཚན་ཁོར་མོ་ཡུག་ཏུ་ལས་ཀ་མཐེ་ཆུང་གི་སེན་མོ་ལྟ་བུ་ཞིག་ཀྱང་ལས་མི་དགོས་པའི་མི་འདི་ནང་མོ་སྐྱིད་སྐྱིད་བྱས་ནས་ཉལ་མི་འདུག་པར་ཅི་ཞིག་གིས་བདས་པ་ལྟར་ལངས་འགྲོ་བ་འདི་དངོས་གནས་ངོ་མཚར་བ་ཞིག་རེད།    ཁོས་ཡང་སྙིང་ཕྱི་ལ་སོང་ནས་ཅི་ཞིག་བྱེད་ཀྱི་ཡོད་དམ།     ཁོ་དང་མི་གཞན་ཞིག་ནི་འབྲེལ་འདྲེས་མེད་པས་ཁོས་ཡང་སྙིང་རི་དང་ཐང་ནས་ཅི་ཞིག་འཚོལ་གྱིན་ཡོད།” སོགས་བསམ་ནས་ཉལ་མ་ལངས་ཀྱིས་འདང་རྒྱག་གི་ནང་དུ་ལྷུང་སྲིད་ལ།   མཇུག་མཐར་རང་གིས་རང་ལ་ལན་གང་ཡང་གདབ་རྒྱུ་མེད་པར་གྱུར་འགྲོ།   ཉིན་ཞིག་ཁོ་མགྲོན་པོ་རྒྱུན་དུ་འགྲོ་སའི་སྒང་འབུར་དེའི་ཐོག་ཏུ་སོང་སྟེ་ཞིབ་མོ་ཞིག་བལྟས་ནའང་ས་ཙིག་ཁུང་ལྟ་བུ་ཞིག་བསྐོས་པའམ་རྩི་ཤིང་དང་མེ་ཏོག་རྐང་གཅིག་བཅད་གཏུབ་བྱས་པ་ལྟ་བུའི་རྗེས་ཤུལ་གང་ཡང་མཐོང་རྒྱུ་མེད་པས་གཅིག་ན་མགྲོན་པོར་ཡིད་ཆེས་ཆེ་ཙམ་བྱུང་བ་དང་།    གཉིས་ན་ཁོ་རང་སྒང་འབུར་དེར་དགའ་བ་དེ་ཙམ་ཞིག་ཡོད་པ་ཅི་ཡིན་སྙམ་ནས་སྔར་བས་ཀྱང་ངོ་མཚར་བར་གྱུར།

    ཉིན་དེར་ཆེ་མཆོག་རི་སྒང་དུ་ནོར་ལ་བུད་སོང་།     ཚེ་རིང་སྒྲོན་གྱིས་ལྷས་འདབས་སུ་ཨོང་བ་སྡུད་ཀྱིན་ཡོད།    བུ་མོ་ཟླ་མཛེས་སྦྲ་འདབས་བཀྱག་པའི་བསིལ་འོག་ཏུ་བསྙལ་བའི་ནུ་མོ་ཆུང་ཆུང་ལ་བལྟ་ཞོར་དུ་རྩེད་ཀྱིན་གདའ།    སྐབས་ཤིག་ཏུ་ད་ཅིའི་འོད་མདངས་དྲོན་མོ་ངོམས་མེད་དུ་འབྱིན་པའི་གནམ་ངོ་གློ་བུར་དུ་འཐིབས་ཤིང་འབྲུག་སྒྲ་འཇམ་པོ་ཞིག་ཀྱང་གྲགས་འོང་བར་བལྟས་ན་ཆར་ཤ་ཞིག་ཐོན་རྒྱུ་ཡིན་པར་ཐེ་ཚོམ་མི་འདུག     ཆེ་མཆོག་གིས་ནམ་རྒྱུན་རི་སྒང་དུ་ཆར་ལྭ་ཁྱེར་ནས་འགྲོ་སྲོལ་ཡོད་པས་ཚེ་རིང་སྒྲོན་གྱིས་སེམས་ཁུར་མི་དགོས།    ཡིན་ནའང་སྒང་འབུར་ཐོག་ཏུ་སོང་བའི་མགྲོན་པོ་ནི་ལུས་པོར་ཆར་ལྭ་ཕར་ཞོག་མགོ་ལ་ཞྭ་མོ་ལེགས་པོ་ཞིག་ཀྱང་གྱོན་མེད་པས།    མོས་ཕྱོགས་གཅིག་ནས་བྲེལ་བའི་ངང་ནས་ཨོང་སྤུངས་དག་སྡུད་པ་དང་ཕྱོགས་གཅིག་ནས་མགྲོན་པོ་ལ་“ཀིས་་་་་་ ཆར་བ་འབབ་ལ་ཉེ་བས་མྱུར་མོར་ཁྱིམ་དུ་ལོག་ཤོགས།” “ཀིས་་་་་་ ཆར་བ་འབབ་ལ་ཉེ་བས་མྱུར་མོར་ཁྱིམ་དུ་ལོག་ཤོགས།” ཅེས་དང་ནམ་རྒྱུན་ཟ་མ་ཟ་རན་དུས་ལྟར་ལག་གཡུག་ཡང་ཡང་བྱས།    ཡིན་ནའང་ཐེངས་འདིར་ཟ་མ་ཟ་རན་པའི་དུས་དང་མི་འདྲ་བར་མགྲོན་པོ་འོང་འཆར་མི་འདུག་པས་མི་ཚད།     ཁོས་ཚེ་རིང་སྒྲོན་གྱི་འབོད་སྒྲ་ཐོས་ཀྱིན་པའི་བརྡ་ལ་ཚུར་ལག་པས་གཡུག་གཡུག་བྱེད་ཀྱིན་འདུག    ཚེ་རིང་སྒྲོན་ལ་འུར་ལངས།    “ཁོ་རང་རློན་པར་ཆགས་ན་ང་ཚོ་དང་མི་འདྲ།     ང་ཚོ་ཕྱི་རོལ་ནས་རློན་པ་ཇི་ལྟར་ཆགས་ན་ནང་དུ་འོང་ནས་གྱོན་པ་ངན་ངོན་ལབ་ལོབ་བརྗེ་ཆོག་མོད།    མགྲོན་པོ་གདོང་དཀར་པོ་ཅན་ལག་པ་མཉེན་མོ་ཅན་འདིར་ངེད་ཚང་ལ་འོས་འཚམས་ཀྱི་གྱོན་ཆས་གཙང་མ་ཞིག་ཡེ་ནས་མེད་པས་ཅི་བྱེད།    ཁྱིམ་ནས་གྱོན་ཆས་རློན་པ་མ་བརྗེས་ན་ལུས་ལ་ཚ་བ་རྒྱས་ཏེ་འཆམ་པ་ཕོག་ངེས་རེད།” སོགས་སྙམ་བཞིན་སེམས་ཁུར་བྱས།    ཅང་མ་འགོར་བར་ཆར་བ་ཤག་ཤག་ཏུ་བབས།

    མོ་དེ་བས་ཀྱང་སེམས་འཚབ་སྟེ་སྦྲ་སྒོའི་ཕྱར་བ་བཀྱག་ནས་མགྲོན་པོའི་ཕྱོགས་སུ་བལྟས།    ད་ལྟ་མགྲོན་པོ་ལྟ་ཅི་སྒང་འབུར་དེའང་ཆར་སྨུག་གིས་གཡོལ་བས་མཐོང་མི་ཐུབ།    མོས་སྦྲ་སྒོའི་ཕྱར་བའི་འོག་ནས་མགྲོན་པོའི་ཕྱོགས་སུ་ཡང་ཡང་བལྟ་བ་ནི་རང་གི་མཛའ་བོའམ་དགའ་གྲོགས་འདང་རྩིས་ཅན་ཞིག་ཆར་ཆུའི་ཁྲོད་དུ་ལུས་པ་དང་ཀུན་ནས་མཚུངས།    མཚམས་ཤིག་ཏུ་མགྲོན་པོ་ནོར་ལྷས་ཀྱི་ཕར་ཙམ་ན་འོང་གིན་འདུག་མོད།    ཁོ་རང་ཆར་བས་རློན་པར་གཡོལ་བའི་གོམ་པ་བྲེལ་མོས་ཁྱིམ་སྙེག་ནས་འོང་བ་མ་ཡིན་པར།    འོང་ཞོར་དུ་མགོ་བོ་གནམ་ལ་གཏད་པ་དང་ལག་གཉིས་བྱ་ཡི་གཤོག་པ་ལྟར་བསྐྱངས་ཤིང་རྐང་འོག་ནས་“ཆལ་ཆལ།   ཆལ་ཆལ།”ཞེས་བསམ་བཞིན་ཆུ་མཆོད་དུ་འཇུག་པ་ལྟར་ས་ལྡིང་གནམ་ལྡིང་བྱེད་ཀྱིན་འོང་གིན་འདུག    ཚེ་རིང་སྒྲོན་ཐོག་མར་སྐྲག་སྣང་ཞིག་སྐྱེས་ནས་བལྟ་ཡག་ཅིག་བྱས་མོད་སྨྱོས་པ་ནི་མིན་པར་ཐག་ཆོད་པས་དལ་གྱིས་སེམས་པ་ལྷོད་ལ་བབས།     མགྲོན་པོའི་སྐྲ་དང་གདོང་།    ལུས་ཀྱི་གྱོན་པ་ཡོངས་རྫོགས།    རྐང་མགོའི་ལྷམ་སོགས་རློན་པ་རློན་རྐྱང་དུ་ཆགས་ཏེ།   གང་ས་གང་ནས་ཆུའི་ཐིག་པ་འཛར་འཛར་དུ་བབས་ཀྱིན་ཡོད་མོད་གདོང་ལ་དགའ་བའི་འཛུམ་མདངས་སྔ་ན་མེད་པ་ཞིག་མངོན་གྱིན་ཁྱིམ་དུ་འཛུལ།    ཚེ་རིང་སྒྲོན་གྱིས་མྱུར་བར་ཐབ་ལ་ཨོང་བ་དེད་དེ་ས་སྒྱེད་ཀྱི་ཁོལ་ཁུང་ལས་ཕུ་བྱས་ནས་མྱུར་དུ་མེ་འབར་བར་བྱས།

 

     སྔོ་ཞིང་དྭངས་པའི་ནམ་མཁར་སྤྲིན་དཀར་ཐར་ཐོར་ཞིག་གི་རི་མོ་བྲིས་ཤིང་།    གསེར་མདོག་གི་ཉི་མ་ཤར་ཕྱོགས་ཀྱི་རི་རྩེ་ནས་ཐག་ཚད་གཉིས་ཙམ་དུ་ཐོན་དེ་འོད་ཀྱི་ཟེགས་མ་ལྷོད་ཀྱི་ལེ་བ་ཞིག་སྔོ་ལྗང་གི་རི་ལུང་ཀུན་ཏུ་བབས་པའི་སྔ་དྲོ་དེར།    མགྲོན་པོ་གདོང་དཀར་པོ་ཅན་དེ་རུའི་མདུན་ཕྱོགས་ཀྱི་ལུང་ཆུ་ཆུང་ཆུང་དེ་བརྒྱུད་ནས་ཐད་ཀར་སྒང་འབུར་གྱི་ཕྱོགས་སུ་མ་སོང་བར་ཚེ་རིང་སྒྲོན་གྱི་མིག་ལམ་ནས་ཡལ་བར་གྱུར།     མོ་རང་གིས་འོ་མ་དཀྲོག་ཞོར་དུ་ཐེངས་མང་པོར་སྒོར་བུད་ནས་སྒང་འབུར་གྱི་ཕྱོགས་སུ་བལྟས་མོད་རི་ཁའི་དར་ལྕོག་ལྟར་སྒང་འབུར་གྱི་སྟེང་དུ་ཀྲོང་ངེར་འགྲེང་བར་དགའ་བའི་མགྲོན་པོའི་གཟུགས་རིས་མ་མཐོང་།    མོར་མཚར་སྣང་འཚབ་སྣང་གཉིས་ལྡན་གྱི་ཚོར་བ་ཞིག་གིས་མགྲོན་པོ་གང་ལ་སོང་བར་བསམ་བློ་གཏོང་རྒྱུ་ཤོར།

     “དེ་རིང་ཆེ་མཆོག་ཡུལ་དུ་མེད་པས་མགྲོན་པོས་ཁོ་ཚང་གི་ནོར་ལ་ལྟ་རྟོགས་བྱེད་དུ་སོང་བ་ཡིན་ནམ།     མགྲོན་པོར་གདོང་དཀར་པོ་ལྟ་བུའི་གཤིས་རྒྱུད་དཀར་པོ་ཞིག་ཡོད་ན་དེ་རིང་མོ་ལ་རོགས་ཤིག་བྱེད་དུ་སོང་བ་ཡིན་ནམ།   ཧུ་ཧུ།    དེ་འདྲ་ཡིན་ན་རང་ལ་བཟའ་ཟླ་ལྟ་བུའི་ལས་ཚེགས་བསྟུང་བའི་སྐྱེས་པ་གཞན་ཞིག་ཀྱང་ཡོད་སོང་བས་རང་ཉིད་ནི་གཏམ་རྒྱུད་ཁྲོད་ཀྱི་ཁྱོ་ག་གཅིག་ལ་ཆུང་མ་མང་པོ་ཡོད་པའི་ལྡོག་ཟླར་སོང་བས་ཅི་འདྲའི་སྐྱིད་ཨང་།    དེ་འདྲ་ཡིན་ན་མཚན་མོ་ངས་ཁོ་གཉིས་ཀ་ཇི་ལྟར་རུམ།    གཅིག་གཡས་དང་གཅིག་གཡོན་དུ་རུམ་ན་ཆོག་གམ།   འོ་མ་རེད།    དེ་འདྲ་ག་ལ་ཉན་ཇི་འདྲའི་ངོ་ཚ་བ་ལ། ” སོགས་བློས་བསླངས་སམ་རྣམ་རྟོག་གི་འགྱུ་བ་སྣ་ཚོགས་ཤིག་བྱུང་བས་གདོང་མདོག་དམར་པོར་ཆགས་ཤིང་ཁ་ཏོན་གྱི་འདོན་འཕྲོའང་ཆད།     མོས་དེ་ལྟར་མགྲོན་པོ་དང་འབྲེལ་བའི་ཡར་མར་མང་པོ་ཞིག་ལ་སེམས་གཡེང་བས་འོ་མ་ཇི་ལྟར་དཀྲོག་པའང་མ་ཤེས་པར་ཚར་སོང་།    མོ་ཡང་བསྐྱར་མྱུར་བར་སྒོར་བུད་ཅིང་གདོང་ལ་ལག་པ་བཞག་ཏེ་འོད་གཡོལ་ནས་ནོར་ཁྱུའི་ཕྱོགས་སུ་བལྟས་མོད་མགྲོན་པོ་རེད་སྙམ་པ་ཞིག་མཐོང་ཡུལ་དུ་མི་སྣང་།    མོར་ལྷག་པར་འཚབ་སྣང་ཞིག་ལངས་ཏེ་ཁྱི་དོམ་ནག་ལ་ལྟོ་བླུད་པ་དང་ཆུར་བ་ཉི་མར་འཇོག་པ་སོགས་ལས་ཙག་ཙིག་དག་མྱུར་དུ་གྲུབ་པར་བྱས་ཐོག་གཡག་རྒྱ་རིས་ཞོན་ནས་ནོར་ཁྱུའི་ཕྱོགས་སུ་ཤར་རེར་སོང་།

     མོ་ནི་ད་ལྟ་མི་གཞན་གྱིས་བལྟས་ན་ནོར་རྫི་ཞིག་གི་ཚུགས་ཀ་ལྟ་བུ་ཡིན་པ་ལས་མིག་དང་སེམས་ཀྱིས་ནོར་ལ་བལྟས་མེད་པར་མགྲོན་པོ་འཚོས་ཡོད།    མོས་ཕྱོགས་གང་སར་བལྟས་ནའང་མགྲོན་པོའི་གཟུགས་རིས་ད་དུང་མ་མཐོང་།    དེ་ནི་མོ་ལ་མཚོན་ན་ནོར་ཁྱུར་སྤྱང་ཀི་བརྒྱུགས་ཏེ་བེའུ་ཆུང་ཆུང་ཁ་ཤས་བསད་པ་ལས་ཀྱང་འཚུབ་ཆ་ལངས་བྱེད་ཅིག་ཏུ་གྱུར།    མོས་ནོར་ཁྱུ་བསྐྱུར་ནས་རྒོད་ལུང་གི་གདོང་ཆེས་མཐོ་ས་དེར་བུད་ཅིང་ཕྱོགས་བཞིར་བལྟས།    རྒྱང་རིང་གི་རི་རྒྱུད་དག་ནི་ལྟེབ་གཉེར་མང་བོ་ཆགས་པ་ལྟར་གཅིག་གི་འཕྲོར་གཅིག་བུད་ཅིང་བརྩེགས་རིམ་མང་པོའི་གྲུབ་པའི་ཕ་མཐའ་གཞལ་དུ་མེད་པ་ཞིག་ཏུ་མཐོང་བས་མོས་རང་གི་ཁ་ཏོན་དུ་“གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན།།”ཞེས་པའི་ཚིག་ཏེ་དྲན་ཞིང་།    བདེ་བ་ཅན་གྱི་ཞིང་ཁམས་ནི་མིག་གིས་མཐོང་མི་ཐུབ་པའི་ཐག་རིང་ཐག་རིང་ཞིག་ཏུ་ཡོད་སྲིད་ལ།    ངེད་ཚང་གི་མགྲོན་པོའང་ཐག་རིང་ཐག་རིང་གི་རི་བོ་ཞིག་གི་ཕར་རྒྱབ་ཏུ་བུད་སོང་བའི་སྣང་བ་འཆར།    མོ་ལ་དེ་བས་ཀྱང་སྐྱོ་སྣང་ཞིག་ཐོལ་གྱིས་བྱུང་བ་ནི་ལྷོ་ཕྱོགས་ཀྱི་རི་བོ་མཐོན་པོ་དེའི་ཐོག་ཏུ་སྤྲིན་པ་དཀར་ནག་འདྲེས་མ་ཞིག་འཕྱུར་བ་དང་ཅི་འདྲའི་འདྲ་ཨང་།   དེའི་ཕྱིར་མོའི་མིག་ལམ་གྱི་རྒྱང་རིང་གི་རི་རྒྱུད་དག་ནི་རབ་རིབ་ནས་རབ་རིབ་ཏུ་གྱུར་ཏེ་མཐར་མར་ཕྱོགས་རི་སྐེད་ཀྱི་ནོར་ཁྱུའང་གསལ་བོ་ཞིག་མི་མཐོང་།    སྐྱོ་སྣང་ནི་དེ་བས་ཀྱང་ཆེ་རུ་ཕྱིན་ཏེ་ད་ཅིའི་སྤྲིན་པ་དཀར་ནག་འདྲེས་མ་དེ་ཇེ་ཆེ་ནས་ཇེ་ཆེར་སོང་ནས་གནམ་གྱི་ཕྱེད་ཀ་བཀབ་ཟིན་པ་ལྟར་མོའི་རྣམ་ཤེས་ཚོགས་དྲུག་སྐྱོ་སྣང་གིས་བཟུང་ནས་རྟོག་པ་གཞན་འཆར་ཡུལ་མེད་པ་ལྟར་དུ་བཏང་།

    ཕྱི་དྲོར་ཚེ་རིང་སྒྲོན་གྱིས་འཚབ་བེ་འཚུབ་བེའི་ངང་ནས་ནོར་ཁྱུ་རི་འདབས་སུ་བསྐོར་ནས་ཁྱིམ་དུ་ལོག    མོ་ལྷས་འདབས་སུ་ཐོན་པ་ན་མགྲོན་པོ་སྦྲ་སྒོར་བུད་དེ་རང་ལ་བལྟས་འདུག་པས་མོའི་སེམས་ལ་སྤྲོ་སྣང་སྨྲ་མི་ཤེས་པ་ཞིག་སྐྱེས་པ་ནི་ཆུང་དུས་མོ་ཕྱི་ལ་རྫི་བོར་སོང་ནས་ཡུལ་དུ་ལོག་ཐེངས་རེ་རེར་ཨ་མས་སྦྲ་སྒོ་ནས་མདུན་བསུ་བའི་རྣམ་པ་དེ་ལྷང་ངེར་དྲན་དུ་བཅུག

    “ཨ་ཙི་ཁྱོད་དེ་རིང་གང་དུ་སོང་།”   “ངས་ཁྱོད་ཐག་རིང་ཐག་རིང་ཞིག་ཏུ་བཞུད་སོང་བ་ཨེ་ཡིན་སྙམ།”  “ཕོ་བ་ལྟོགས་ནས་ཤི་སོང་ངམ།”   “ངས་མྱུར་མོར་ཇ་སྐོལ་འོང་།” སོགས་ཁེར་བཤད་ཡིན་ལ་ཁེར་བཤད་མིན་པའི་སྐད་ཆ་དག་བཤད་ཞོར་དུ་ཇ་བསྐོལ་བར་བྲེལ།   མགྲོན་པོས་ཀྱང་མོ་ལ་སྐད་ཆ་རེ་ཟུང་ལབ་ཀྱིན་འདུག་མོད་ཕན་ཚུན་ཅི་ཡང་མི་གོ་བས་ཕྱོགས་གཉིས་ཀས་གདོང་ལ་འཛུམ་རེ་སྟོན་རྒྱུ་ལས་ཐབས་ཟད།   ཚེ་རིང་སྒྲོན་གྱི་སེམས་སུ་མི་དང་མི་འཕྲད་ཀྱང་སྐད་ཆ་ཚིག་གཅིག་མི་གོ་བ་ནི་མི་དང་ནོར་འཕྲད་པ་ལས་ཀྱང་ཐབས་རྡུགས་སུ་འདུག་པས་ཁོ་ཚོའི་སྡེ་བའི་བཀྲ་འཕེལ་ཚང་གི་བྱིས་པ་ལྐུགས་པ་དེར་གདོང་སེམས་ལྷག་ཏུ་སྐྱེས།

     ཚེ་རིང་སྒྲོན་གྱིས་ཉིན་གང་བོར་སེམས་ཁུར་བྱས་པའི་མགྲོན་པོ་རང་ཁྱིམ་དུ་ཐོན་པས་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་གདོང་ལ་འཛུམ་མདངས་སྔ་ན་མེད་པ་ཞིག་མངོན་ཡོད།   མོས་གཏུལ་མའི་སྟེང་དུ་འོ་ཇ་དཀར་པོ་ཁ་ལ་འབྲི་མར་སེར་བོ་ལྟེམ་མེར་འཁྱིལ་བ་ཞིག་བླུགས་ཏེ་མགྲོན་པོར་སྙིང་ཉེ་ཉེའི་ངང་ནས་བཏེགས་པ་ནི་རང་གི་བཟའ་ཟླ་ལོས་ཡིན་སྙམ་པ་ཞིག་ཏུ་འདུག    མགྲོན་པོས་ཁ་སྔོན་གཏུལ་མ་ཇི་ལྟར་ལྡག་པ་དང་རྩམ་པ་ཇི་ལྟར་བརྫི་བ་སོགས་མ་ཤེས་པར་ཁོ་ཚོར་དགོད་ཁ་ཆེན་པོ་བསླངས་མྱོང་ནའང་།    ད་ལྟ་འབྲོག་པ་ཞིག་ལྟར་གཏུལ་མའི་ཁའི་འབྲི་མར་ཕུ་ཡིས་དེད་བཞིན་ཧུར་དིར་རེར་འོ་ཇ་ཞིམ་པོ་དེ་འཐུང་བཞིན་འདུག    དེའི་འཕྲོར་མོས་བྱིས་པ་གཉིས་དང་རང་ཉིད་ལའང་གཏུལ་མ་བྱས་ནས་ཚང་མས་མཉམ་གཅིག་ཏུ་བཟའ་བཏུང་ལ་རོལ།    འདི་ནི་འབྲོག་པ་ཚོས་དབྱར་གཞུང་གི་ཉི་མ་རིང་བའི་དུས་སུ་ཉིན་གཅིག་ལ་ཇ་ཐུན་བཞི་འཐུང་སྲོལ་ཡོད་པའི་གསུམ་པའི་དུས་ཚོད་ཡིན་མོད།    དེ་རིང་ཁོ་ཚོའི་ཁ་ལ་ཉིན་གུང་གི་ཟས་རག་མེད་པས་གུང་ཇའི་ཚབ་ཀྱང་ཡིན།     རྩམ་པ་ཟ་སྐབས་སུ་མགྲོན་པོས་རྒྱུན་སྲོལ་ལྟར་བུ་མོ་ཟླ་མཛེས་ལ་རྩེ་ཞོར་དུ་སྒོར་བུད་དེ་ཁྱི་དོམ་ནག་ལ་ཟན་ཆང་འགའ་འཕངས།    ཁྱི་དོམ་ནག་གིས་རྔ་མ་གཡུག་གཡུག་བྱེད་ཀྱིན་ལྕགས་ཐག་གི་མགོར་རྩེད་ལྡིང་བྱེད།

      དོ་ནུབ་ཆེ་མཆོག་ཡུལ་དུ་མ་སླེབས་པས་ཁོ་ཚོས་ནུབ་ཟས་ཟོས་རྗེས་སྒོར་བུད་དེ་གཅིན་རེ་བཏང་ནས་སྔ་ཙམ་ནས་ཉལ།     མགྲོན་པོ་གདོང་དཀར་པོ་ཅན་སྔར་བཞིན་ཡ་ཁྱིམ་གྱི་སྟོད་ཕྱོགས་ཀྱི་སྦྲ་འདབས་དང་ཉེ་བར་བཅར་དེ་མལ་ཁྲི་སུག་བཞི་མའི་སྟེང་དུ་ཉལ་བ་དང་།   ཚེ་རིང་སྒྲོན་གྱིས་བྱིས་པ་གཉིས་ཀ་ཡ་ཁྱིམ་གྱི་སྨད་ཕྱོགས་སུ་ཆེ་མཆོག་གི་ཉལ་ས་རུ་བསྙལ་བ་དང་རང་ཉིད་མ་ཁྱིམ་གྱི་སྨད་ཕྱོགས་སུ་ཉལ།    དོ་ནུབ་སྦྲའི་ཕྱི་རོལ་ན་ཁྱི་དོམ་ནག་གི་ཟུག་སྐད་མེད་པས་རྐུན་མ་སོགས་མིའི་འགྲོ་འདུག་དང་རི་སྤྱང་གི་རྒྱུ་བ་མེད་པ་ཤེས་ཐུབ་ཅིང་།     སྒོ་ཕྱུགས་དག་ལའང་གྲགས་འགུལ་ཅི་ཡང་མེད་པར་བལྟས་ན་རང་རང་གི་སར་སེམས་པ་ལྷོད་ལ་བབས་ནས་སྐྱིད་ཉལ་བྱས་ཡོད་པར་ཤེས།   དོ་ནུབ་ནི་ཇི་འདྲའི་ལྷིང་འཇགས་ཤིག་རེད་ཨང་།     སྦྲ་ཁྱིམ་དུ་བྱིས་པ་ཆུང་བས་གཉིད་བཤད་ཐན་ཐུན་ཞིག་དང་ཡ་ཁྱིམ་ཕུགས་ཀྱི་མཆོད་མེའི་མེ་ལྕེར་འབུ་མེ་ལྕེབས་རེའི་གཤོག་པ་བརྡར་བའི་ཚག་སྒྲ་ཤིག་ལས་ཅི་ཡང་ཐོས་རྒྱུ་མི་འདུག    ཚེ་རིང་སྒྲོན་ལ་མཚོན་ན་དོ་ནུབ་ནི་གཉིད་ཡེ་ནས་མི་ཁུག་པའི་མཚན་མོ་ཞིག་རེད།     མོའི་སེམས་སུ་“དོ་ནུབ་ཡ་ཁྱིམ་གྱི་མགྲོན་པོ་དེ་ཨ་མཆོད་བཞིན་དུ་ཉལ་རྒྱུ་ཡིན་ནམ།     སྔོན་ཆད་རང་ཉིད་མོ་རྐྱང་ཡིན་པའི་སྐབས་སུ་གསར་བུ་འགའ་ཁོ་ཚང་ལ་མགྲོན་པོའི་ཚུལ་དུ་ཞག་སྡོད་བྱེད་ལ།    མགྲོན་པོ་དེ་དག་གི་སེམས་ན་མཚན་མོར་ཐབས་ཅི་ཡོད་ཀྱིས་མོ་རང་གི་སར་བཅར་རྒྱུའི་དམིགས་ཡུལ་ཁོ་ན་ལས་གཞན་གྱི་དོན་དག་གང་ཡོད་ནི་ཁ་གཡར་ས་ཁོ་ན་ཡིན་ངེས།    འཇིག་རྟེན་གཏམ་དཔེ་རུའང་ ‘ཤ་དང་ཞི་ལ་མཉམ་དུ་བཞག་ན་མི་ཟ་བའི་དཔེ་མེད’ཟེར་བ་མིན་ནམ།   དོ་ནུབ་གདོང་དཀར་པོ་དང་ལག་པ་མཉེན་མོ་ཅན་གྱི་སྐྱེས་པ་འདི་དལ་གྱིས་འཇབ་ཀྱིན་འཇབ་ཀྱིན་རང་གི་ཟུར་ལ་འོང་ངེས།    འོང་ནས་ཀྱང་རུམ་ཁ་ནས་འཐེན་ཙམ་འཐེན་ཙམ་བྱེད་ངེས།     དེ་དུས་རང་གིས་ཅི་བྱེད།”སོགས་བསམ་གྱིན་བསམ་གྱིན་གཉིད་ཀྱི་སྣང་བ་སྔར་ལས་ཀྱང་ཡལ་བར་གྱུར།    སྐབས་དེར་ཚག་སྒྲ་ཆེ་ཙམ་ཞིག་གྲགས་པ་དང་དུས་མཚུངས་སུ་མེ་ལྕེབས་ཚེ་ཟད་ཅིག་གིས་མཆོད་མེ་ནག་ཚུབ་བེར་བཏང་།    ད་ནི་སྦྲ་ཁྱིམ་དུ་རང་གི་སྣ་ཙམ་ཡང་མི་མཐོང་ཞིང་སྔར་ལས་ཀྱང་ལྷིང་འཇགས་སེར་གྱུར་ཏེ་ཡ་ཁྱིམ་གྱི་མགྲོན་པོའི་དབུགས་འབྱིན་རྔུབ་ཀྱང་ཐོས་པ་ལྟར་དུ་སྣང་།

     “སྟོན་ནམ་རྟ་བོས་མི་ཆོད།”དང་“སྟོན་ནམ་ཁུག་མགོ་བཅོ་བརྒྱད།”ཅེས་པའི་དཔེ་ལྟར་མཚན་ལམ་རིང་མོ་དེ་ཚེ་སྒྲོན་སྐྱིད་ལ་མཚོན་ན་སྟོན་ནམ་བཅུ་བརྩེགས་ཤིག་གི་སྣང་བ་བྱུང་བ་སུས་ཤེས།  ཡིན་པ་ནི་ད་ལྟ་དབྱར་གཞུང་ཡིན་པས་ཉིན་རིང་ལ་མཚན་ཐུང་།   དེ་ལས་ལྡོག་སྟེ་ཡ་ཁྱིམ་གྱི་མགྲོན་པོར་སྦྲ་མིག་གི་སྲུབས་ཆུང་རེ་རེ་ལས་བརྟོལ་བའི་མཁའ་དབུགས་དྭངས་མོ་དང་།    འཛེར་སྒྲས་དབེན་པའི་དོ་ནུབ་ལྟར་གྱི་མཚན་མོ་རེ་རེར་སུ་དང་གང་གིས་བསྒྲུན་དུ་མེད་པའི་བདེ་ཚོར་འཛད་དུ་མེད་པ་ཞིག་འབྱིན་བཞིན་ཡོད་ཙ་ན།    ཁོ་ལ་འཇིག་རྟེན་གྱི་འདོད་པའི་ཡོ་བྱད་གཞན་ཞིག་གི་དགོས་མཁོ་ཡེ་ནས་མེད་པ་ལྟར་གཉིད་ཀྱི་བདེ་བར་རོལ་བཞིན་གདའ།

 

     མདང་ནུབ་ནམ་སྨད་ཙམ་ནས་ཆར་བ་བབས་ཏེ་ད་ནངས་ནམ་གསལ་རྗེས་ད་གཟོད་ཡུན་གྱིས་ཡུན་གྱིས་འབབ་མཚམས་ཆད།    དེ་ནི་རྩྭ་རྩི་ཏོག་དང་སྣ་བརྒྱའི་མེ་ཏོག་གི་ཚོགས་ལ་བསམ་བཞིན་ལུས་ཁྲུས་ཐེངས་གཅིག་བྱས་པ་ལྟར་རང་རང་གི་ས་ན་ལུས་ལ་མཉེན་ཆ་འཁྱུད་ཅིང་།     གདོང་ལ་ཟེར་མདངས་ངོམས་བཞིན་ས་གཞི་ཡོངས་སྨུག་གྱི་ལེར་ཆགས་འདུག་པ་ནི་ཚེ་རིང་སྒྲོན་གྱིས་འབྲི་མོའི་འོ་མ་ཤག་ཤག་ཏུ་འཇོ་ཞོར་དབྱངས་སུ་གྱེར་བའི་“མནན་ན་ནེམ་ཞིང་བཏེགས་ན་འཕར་བྱེད་པའི།།    བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག”ཅེས་པའི་བདེ་སྨོན་གྱི་ནང་དོན་དང་ཇི་འདྲའི་མཚུངས་ཨང་།    ཅོ་ཀའི་དྲུག་འགྱུར་ཁྲོད་ཀྱི་ཞོགས་པ་དེ་ནི་དེ་ལྟར་བཅུ་དྲུག་ལང་ཚོས་སྒེག་པའི་གཞོན་ནུ་མ་ཞིག་གི་བྲང་གི་འོ་འཛིན་བཞིན་དུ་ནེམ་མེར་གྱུར་བར་གདོང་དཀར་པོ་ཅན་གྱི་མགྲོན་པོ་ནི་དེ་བས་དགའ་ལྷང་ལྷང་ངང་དུ་རྩྭ་རྩི་ཏོག་གི་ཟིལ་བའི་རླབས་རྩེ་སྐྱོམས་བཞིན་ཕར་ཕྱོགས་ཀྱི་སྒང་ལ་སྙེག    མགྲོན་པོས་སྒང་འབུར་སྙེག་པ་ནི་ཚེ་རིང་སྒྲོན་གྱི་བཞོ་དབྱངས་ལ་བསམ་བཞིན་བར་ཆད་བྱེད་པ་འདྲ།     མོས་ལྷས་ར་ནས་ལས་ལ་བྲེལ་ཞོར་མགྲོན་པོའི་འགྲོ་འདུག་ལ་ལྟ་ཞིང་མདང་ནུབ་ཀྱི་ཚོར་བ་དག་ཡིད་ལ་འཚང་བ་སོགས་ཀྱིས་ངག་ལས་གྱེར་བའི་བདེ་སྨོན་ཐེངས་ཁ་ཤས་ལ་ཆད།    ཆད་མ་མཐུད་ཀྱི་བདེ་སྨོན་གྱི་དབྱངས་རྟ་དེ་རེས་འཇགས་རེས་ལངས་ཀྱི་ཆུ་བོའི་རླབས་གཉེར་བཞིན་ཞོགས་པའི་ལྷས་རར་བསྐྱིལ།

 

      འབྲོག་པ་ཚོའི་ཞོགས་ཇ་ནི་དོན་གྱིས་ཞོགས་ཇ་ཞེས་འབོད་ཆོག་མིན་མི་ཤེས་ཏེ།    ཞོགས་པར་ལྷས་ར་ནས་ལྕི་བ་འཕེན་པ་དང་འོ་མ་འཇོ་བ།   སྒོ་ཕྱུགས་འཕུད་པ་སོགས་ལས་ཀ་མོད་པོ་དག་གིས་ཆུ་ཚོད་དགུ་ཡས་མས་ཤིག་ལས་ཇ་འཐུང་རྒྱུའི་ཐབས་མེད།

      དེ་རིང་ཡང་དེ་ལས་མ་འདས་པར་ཚེ་རིང་སྒྲོན་གྱིས་ལྷས་ར་ནས་ལས་ཀ་དག་འགྲུབ་རྗེས་སྒང་འབུར་སྟེང་གི་མགྲོན་པོ་ལ་བོས་ཤིང་ལག་པ་གཡུག་གཡུག་གིས་ཞོགས་ཇ་འཐུང་བར་འབོད་བརྡ་བཏང་བ་རེད།    དེ་རིང་གི་ཞོགས་ཇའི་སྐབས་སུ་ཚེ་སྒྲོན་སྐྱིད་ཀྱིས་མགྲོན་པོར་ཁ་བརྡ་མོད་པོ་ཞིག་བྱེད་འདོད་ཀྱི་ཚོར་བ་ཤུགས་དྲག་ཅིག་སྐྱེས་ནའང་ཁོ་མོ་དང་མགྲོན་པོ་གཉིས་ཀྱི་བར་དུ་ཡོད་པའི་སྒྱེད་པུ་ནི་རི་བོ་མཐོན་པོ་ཞིག་གིས་བར་ཆོད་པ་ལྟར་ཕན་ཚུན་ཁ་བརྡ་བྱེད་རྒྱུའི་བརྡ་མི་འཕྲོད།   དེའི་ཕྱིར་ཚེ་སྒྲོན་སྐྱིད་ཀྱི་ནང་སེམས་ལས་བརྡོལ་བའི་་བརྗོད་འདོད་ཀྱི་སྐད་ཆ་ཡོད་ཚད་ནང་ཇ་དང་མཉམ་དུ་ཁོག་ཏུ་མི་མིད་ཀ་མེད་བྱུང་།

      སྔ་དྲོར་མི་རྣམས་ཀྱིས་ནམ་མཁའ་སྔོན་པོ་ཡིན་ཞེས་པའི་གཏན་ཚིགས་དེར་དགག་པ་གཏོང་བ་ནང་བཞིན་བར་སྣང་ཡོངས་ལྟུག་ཅིང་ནག་པའི་སྤྲིན་པ་དཀར་ནག་འདྲེས་མ་ཞིག་གིས་བཟུང་འདུག་པར་བལྟས་ན་ཕྱི་དྲོར་ཆར་བ་འབབ་རྒྱུའི་ལྟ་གོན་ལ་ཞུགས་པར་སྣང་།    ཞོགས་ཇ་འཐུང་ཚར་རྗེས་མགྲོན་པོ་ལ་བྲེལ་སྣང་ལྟ་བུ་ཞིག་གིས་ཚེ་སྒྲོན་སྐྱིད་ལ་ཅིག་ལབ་ཀྱིན་འདུག    མོ་ཟུར་དུ་སོང་ནས་ཉན་ནའང་ཅི་ཡང་མ་གོ་བས་ལྷག་ཏུ་བྲེལ་འཚབ་ལངས།    མགྲོན་པོས་མོས་ལག་མགོར་བཟུང་ནས་མ་ཁྱིམ་གྱི་ཨོང་སྤུངས་ཟུར་དུ་ཨོང་བ་གང་བླུགས་ཏེ་ཡར་བསླངས་ཡོད་པའི་འགྱིག་སྒྱེའི་ཟུར་དུ་ཁྲིད་ནས་ལག་བརྡ་བྱས།   རློན་ཞད་ཆགས་པའི་མགྲོན་པོའི་ལག་པ་མཉེན་མོ་དེས་མོའི་ལུས་ཡོངས་ལ་ཚོར་བ་ཁྱད་པར་བ་ཞིག་གློག་འཁྱུག་པ་ལྟར་རྒྱུག   མོས་ད་དུང་ཅི་ཡིན་ཧ་མ་གོ་བར་དགོད་ཁ་ཤོར།    མོ་དང་མགྲོན་པོ་གཉིས་ཀ་དགོད་ཁ་ཤོར་ནས་རེ་ཞིག་ཁྱིམ་དུ་སྐྱེས་པ་དང་བུད་མེད་ཟུང་གི་དགོད་སྒྲས་ཁེངས།   བྱིས་པ་གཉིས་ཀྱིས་ཀྱང་“ངུ་བའི་ངོ་ལ་བལྟས་ན་ངུ་རྒྱུ་འོང་།    དགོད་པའི་ངོ་ལ་བལྟས་ན་དགོད་རྒྱུ་འོང་།”ཞེས་པའི་དཔེ་ལྟར་ས་ལྡིང་གནམ་ལྡིང་གིས་ཧ་བགད་བྱས།

      མཚམས་ཤིག་ཏུ་མགྲོན་པོས་ཨོང་སྤུངས་ཀྱི་རྒྱབ་ཕྱོགས་ཀྱི་ཧྲག་འདབས་ནས་འགྱིག་སྒྱེ་སྟོང་བ་ཞིག་མཐོང་བ་བཟུང་དེ་མོ་ལ་བསྟན།    མོས་ཀྱང་མགོ་བོ་ནང་དུ་གུག་གུག་བྱས་ནས་“ངས་མི་གོ་མོད་ཁྱོད་ཀྱིས་འགྱིག་སྒྱེ་འདིས་ཅི་ཞིག་བྱེད་བསམ་ན་བྱོས།” ཞེས་བཤད།    མགྲོན་པོས་ཀྱང་སྐད་ཆའི་ནང་དོན་གོ་བ་ལྟར་འགྱིག་སྒྱེ་བཟུང་ནས་མར་གཤམ་གྱི་ཆུ་ཁུག་བརྒྱུད་ནས་བུད་སོང་།     ཚེ་རིང་སྒྲོན་གྱི་སེམས་སུ་“མགྲོན་པོས་སྒྱེ་སྟོང་ཞིག་ཁྱེར་ནས་གང་དུ་འགྲོ།    རི་སྒང་ནས་ཨོང་བ་སྒུམ་ནས་རང་ཉིད་ལ་རོགས་བྱེད་བསམ་པ་ནི་མིན་འགྲོ།   ཧུ་ཧུ།” མོར་ཁེར་དགོད་ཤོར།     སྔ་དྲོ་དེར་ཚེ་རིང་སྒྲོན་གྱིས་སྒང་འབུར་ཕྱོགས་སུ་ཡང་ཡང་བལྟས་ནའང་མགྲོན་པོ་མ་མཐོང་།    མགྲོན་པོ་ཆུ་བྱེའུའམ་ཡང་ན་འདམ་བྱེའུ་ཞིག་ལྟར་ཆུ་ཤུར་འདམ་ཤུར་ཉུལ་ནས་བུད་སོང་བ་ཁོ་ཐག་རེད།

      ཉིན་གུང་ཙམ་དུ་ཆེ་མཆོག་ཀྱང་ཡུལ་དུ་འབྱོར།    སྤྱིར་ཆེ་མཆོག་ཡུལ་གཞན་དུ་སོང་ནས་མཚན་མོ་མ་ཐོན་ན་ཕྱིར་སླེབས་ཚེ།    “ཡ་མདང་ནུབ་ཁྱི་ཁ་ཨེ་འུར་ཐལ།    མྱི་རྐུན་འདྲ་མ་ཡོང་ངམ།”ཞེས་ཀུ་རེ་དང་མངོན་སུམ་འདྲེས་མའི་ངང་ནས་འདྲི་སྲིད་མོད།    དེ་རིང་དེའི་ཕྱོགས་ཀྱི་ཚིག་གཅིག་ཀྱང་མི་གླེང་།     ཚེ་རིང་སྒྲོན་གྱི་སེམས་སུ་མཚར་སྣང་སྐྱེས།    བཟའ་ཟླས་སྐྱེས་པ་མི་རྐྱང་ཞིག་ཁྱིམ་ལ་ཉལ་དུ་བཅུག་ནས་མཚན་མོར་ཡུལ་ལ་མི་ལོག་པས་མི་ཚད།    སྐྱེས་པ་དེའི་མ་རབས་ཀྱི་སྤྱོད་པ་བྱས་སམ་ཞེས་པའི་དྲི་བ་ཡང་མི་འདོན་པས་མི་ཚད།    མགྲོན་པོ་དེ་ནི་ངའི་སྲུང་མ་གོ་ཆོད་ཅིག་ལྟ་བུར་བརྩི་འདུག་སྙམ།

      གོང་ཇ་འཐུང་ལ་ཉེ་སྐབས་མགྲོན་པོའི་སྐྲ་འདབས་ནས་དངུལ་ཆུ་འཛུམ་བཞིན་འགྱིག་སྒྱེ་ཁ་གང་བ་ཞིག་ཁུར་ནས་ཡུལ་དུ་ཐོན།    མགྲོན་པོས་ཆེ་མཆོག་ཡུལ་དུ་ཐོན་པར་སྤྲོ་དགའི་འཛུམ་མདངས་སྟོན།    ཆེ་མཆོག་བཟའ་ཟླ་གཉིས་ཡ་མཚན་ནས་མྱུར་བར་འགྱིག་སྒྱེའི་ཁ་ཕྱེས་ནས་བལྟས།     ཁ་ཕྱེས་པའི་སྐད་ཅིག་མར་ཁོ་གཉིས་དེ་ལས་ཀྱང་ཡ་མཚན་དེ་གཅིག་གིས་གཅིག་གདོང་ལ་བལྟས་ནས་བགད།   མགྲོན་པོས་ཁོ་གཉིས་ཅིའི་དོན་དུ་འདི་འདྲའི་དགོད་ཁ་ཤོར་བ་ཡིན་སྙམ་ནས་ཡ་མཚན་སྐྱེས་དེ་དགོད་ཁ་ཤོར།    ཁོ་གསུམ་གས་གཅིག་གིས་གཅིག་གདོང་ལ་བལྟས་ནས་ལྷག་ཏུ་དགོད་ཁ་ཤོར།    བྱིས་པ་གཉིས་ཀྱིས་ཁོ་གསུམ་གྱི་ཚུགས་ཀར་བལྟས་ཏེ་དགོད་རྒྱུ་ཐོན།    དེ་རིང་ནི་ཆེ་མཆོག་ཚང་གི་སྒོ་ཕྱི་ཁྱིམ་གང་དུའང་སྔར་ལས་ལྷག་པའི་དགོད་སྒྲ་མང་ཞིང་།   དགོད་སྒྲ་དེ་དག་ཀྱང་སྤང་ཐང་གི་ནམ་མཁར་རླུང་བུ་བསིལ་བོ་ཞིག་གིས་ཁྱེར་བཞིན་འདུག    དགོད་སྒྲའི་ཁྲོད་ཀྱི་འཚོ་བ་ནི་མིའི་རིགས་ཀྱི་འཚོ་བའི་ཁ་དོག་མཆོག་ཏུ་གྱུར་བ་དེ་ཡིན་མོད།    དགོད་སྒྲ་དེ་ཉིད་བདེ་སྐྱིད་དུ་བརྩི་ཐུབ་མིན་ནི་སོ་སོས་འཇིག་རྟེན་གྱི་གནས་ལུགས་གང་རུང་ལ་བསམ་གཞིག་གི་ཟུར་ཁ་རྣོ་མིན་གྱིས་གཏན་ཁེལ་བ་ཨེ་ཡིན།

      ཉིན་ཁ་ཤས་ཀྱི་རྗེས་ཀྱི་ཞོགས་ཇ་འཐུང་རྗེས་ཤིག་ལ་མགྲོན་པོ་གདོང་དཀར་པོ་ཅན་དེས་ཆེ་མཆོག་བཟའ་ཟླ་གཉིས་ལ་ཅི་ཞིག་བཤད།    ཅི་ཞིག་བཤད་པ་མི་གོ་ཡང་ལག་པའི་བརྡ་ལ་བལྟས་ན་ད་ནི་ཁོ་རང་ཕྱིར་འགྲོ་རྒྱུ་ཡིན་ཞེས་ཟེར་བ་ཧ་གོ    ཆེ་མཆོག་བཟའ་ཟླ་གཉིས་ཀྱིས་དོན་དེ་ཤེས་མ་ཐག་ཏུ་ཕངས་སེམས་དང་གདུང་སེམས་གང་ཡིན་མི་ཤེས་པ་ཞིག་ཐོལ་གྱིས་བྱུང་།    ལྷག་པར་དུ་ཚེ་རིང་སྒྲོན་ནི་སྔོན་ཆད་རང་ཉིད་གནས་ལ་འགྲོ་བའི་ནང་མོ་ལྟར་ཚོར་བ་སྐྱོ་ལྷང་ངེ་བ་ཞིག་གིས་ལུས་སེམས་ཡོངས་སུ་བཟུང་།     བཟའ་ཟླ་གཉིས་ཀྱིས་ཁོ་ལ་ད་དུང་ཉིན་ཁ་ཤས་ལ་སྡོད་ཅེས་བཤད་ཀྱང་ཁོས་མི་གོ   གལ་ཏེ་གོ་ནའང་འདུག་མིན་མི་ཤེས།     མགྲོན་པོ་ཞེས་པ་གང་ལྟར་འགྲོ་རྒྱུ་ཞིག་ལས་གཏན་སྡོད་ཅིག་ཡིན་མི་སྲིད།  མགྲོན་པོ་རང་ཉིད་ཀྱང་གནས་འདིར་འབྲལ་རྒྱུར་སྐྱོ་བ་ཞིག་སྐྱེས་བཞིན་ཡོད་པ་འདྲ་སྟེ།    གདོང་དཀར་པོའི་ངོས་སུ་སྔོན་ཆད་མེད་པའི་སྐྱོ་ཉམས་ཤིག་ཤར་འདུག་པ་ཚེ་རིང་སྒྲོན་ལ་ལྷག་ཏུ་གསལ།    ལྷག་པར་དུ་ཁུག་མ་རིང་བོའི་ནང་དུ་སྡུད་གསོག་རྒྱག་པའི་ཞོར་དུ་དབུགས་རིང་ཁ་ཤས་འབྱིན་སོང་བས་ཀྱང་ཁོའི་སེམས་ཀྱི་ཚོར་བ་རྟོགས་ཐུབ།    མགྲོན་པོ་གློ་བུར་དུ་འགྲོ་རྒྱུ་ཡིན་པ་ཤེས་པས་ཚེ་རིང་སྒྲོན་གྱི་ལག་ལ་ལས་ཀའང་མི་འོང་།    མོ་རང་དོན་དག་གང་ཞིག་ཡོད་ཁུལ་གྱིས་སྒོ་ལ་རེ་བུད་པ་དང་ཡང་ནང་ལ་འཛུལ།    ཡང་ཅ་ལག་གང་ཞིག་ལ་རེག་རེག་རེ་བྱས་ཤིང་ཕར་ལ་འཇོག     མགྲོན་པོས་ཁུག་མ་རིང་བོ་དེའི་ནང་ལ་མུ་མཐུད་དུ་སྡུད་གསོག་བརྒྱབ།    ཁོ་ལ་གློག་ཆས་ཀྱི་རྩེད་སྤྱད་སྣ་ཚོགས་ཡོད་པ་ཚང་མ་བུ་མོ་ཟླ་མཛེས་ལ་སྦྱིན།

       ཟླ་མཛེས་དགའ་ནས་མཆོང་ལྡིང་བྱས།    མགྲོན་པོས་སྔོན་ཆད་ཁོ་ཚང་ལ་འོང་བའི་དུས་སྐབས་ལྟར་ཁུག་མ་རིང་བོ་དེའི་ནང་དུ་མལ་ཆས་ཀྱི་གཙོའི་ཅ་ལག་ཡོད་ཚད་བསྡུས་ཏེ་མི་གཟུགས་ལྟར་ཡར་ལ་བསླངས།    སྡུད་གསོག་ཚར་མཚམས་སུ་མགྲོན་པོས་ཁུག་མའི་གློ་ཁུག་ཅིག་གི་ནང་ནས་བརྒྱ་ཤོག་བསྡམས་བརྩེགས་ཅན་མཐུག་པོ་ཞིག་ཆེ་མཆོག་གི་ལག་ཏུ་བཞག་ནས་བཟའ་ཟླ་གཉིས་ལ་བཀའ་དྲིན་ཞུ་བའི་ཚུལ་བསྟན་པ་དང་ཁ་ནས་ཡང་མང་བོ་ཞིག་བསྐྱར་ཟློས་བྱས།    ཆེ་མཆོག་གིས་“འདི་ཅི་ཞིག་ཡིན་ནམ།     ང་ལ་མི་དགོས།     ངེད་ཚང་ལ་མི་དགོས།     ཁྱོད་ཀྱིས་ངེད་ཚང་ལ་བསྡད་པའི་གླ་ཆ་སྟེར་བ་ཡིན་ཟེར་ན་དངོས་གནས་མི་དགོས།    འདི་མགྲོན་ཁང་མིན།” ཞེས་བཤད་ཀྱིན་མགྲོན་པོའི་ལག་ཏུ་ཕར་བཞག    མགྲོན་པོ་ལ་མཚོན་ན་ཁོ་ཚང་ནི་འཛམ་གླིང་སྟེང་སྐར་མའི་རིམ་པ་ཆེས་མཐོ་བའི་དེས་པེའི་རྒྱལ་ཁབ་ཀྱི་མགྲོན་ཁང་དང་པོ་ལས་ཀྱང་རྩིས་ཚོད་ཆེ་ཤས་ཆེ།    མགྲོན་པོས་ཅིས་ཀྱང་ལེན་དགོས་པའི་ཚུལ་གྱིས་ཆེ་མཆོག་གི་ལག་ལ་ནན་གྱིས་ཕར་བརྫང་།    སྐབས་དེར་ཚེ་རིང་སྒྲོན་ཡང་ཐོན་ནས་མགྲོན་པོའི་ལག་ཏུ་ཕར་བརྫང་རོགས་བྱས།

      ཁོ་ཚོས་དེ་ལྟར་ཅ་ལག་འཕྲོག་རེས་བྱེད་པ་ལྟར་བརྒྱ་ཤོག་བསྡམས་བརྩེགས་ཅན་དེ་ནོག་རེས་བྱེད་སྐབས་སུ་ཚེ་རིང་སྒྲོན་གྱིས་མགྲོན་པོའི་ལག་པ་འཇམ་པོར་ཐེངས་མང་རེག་སོང་།   མགྲོན་པོས་སྒོར་དག་ཕྱིར་རྩ་བ་ནས་ལེན་ཁ་མ་ཉན་པས་མཐར་བཟའ་ཟླ་གཉིས་ལ་ཐབས་ཟད།     ཚེ་རིང་སྒྲོན་གྱིས་ཁོ་ཚང་གི་གཞིས་ནིང་སྟོན་ཁར་གཡག་ལྔ་བཙོང་བའི་སྐབས་སུ་སྒོར་མོ་བསྡམས་བརྩེགས་འདི་ལས་ཉིས་ལོག་སུམ་ལོག་ཆུང་བ་ཞིག་རིག་པ་ལས་ད་ལྟའི་བར་དུ་མཐོང་ཡང་མ་མྱོང་།

     མགྲོན་པོ་འགྲོ་ཁར་བྱིས་པ་ཆུང་ཆུང་པང་དུ་ཐེངས་འགར་བླངས་པ་དང་བྲང་ལ་ཡང་ཡང་གླན།    བུ་མོ་ཟླ་མཛེས་གནམ་ལ་ཐེངས་མང་བཀྱགས་པ་དང་བྲང་ལ་གླན་ནས་དུས་ཡུན་རིང་ཙམ་བསྡད།     ཚེ་རིང་སྒྲོན་གྱི་ལག་པར་འཆང་ནས་གཡུག་གཡུག་འགའ་བྱས་རྗེས་བྲང་གླན་ནས་ལག་པ་གཉིས་ཀྱིས་རྒྱབ་ནས་རྡེབ་རྡེབ་འགའ་བྱས།     ཚེ་རིང་སྒྲོན་གྱི་རྐང་མཐིལ་ནས་སྤྱི་གཙིག་གི་བར་ཚ་ཤད་ཅིག་རྒྱུག་ནས་ལུས་ཡོངས་སྦྲིད་པར་གྱུར།    མོར་སྐྱོ་བའི་ཚོར་བ་དང་ངོ་ཚ་བ་གཉིས་མཉམ་དུ་བསྡོང་བས་མི་ཚེ་འདིར་ཚོར་བ་འདི་འདྲའི་ཡ་མཚན་ཞིག་ག་ལ་སྐྱེས་མྱོང་།    ཡང་གཅིག་བཤད་ན་མོར་ཅི་ཁག་སྟེ།     ཆེ་མཆོག་ཕུད་པའི་སྐྱེས་པ་ཞིག་གིས་འདི་ལྟར་བྲང་དང་བྲང་སྦྱར་ནས་པང་བ་ཞིག་ག་ལ་སྲིད།    མགྲོན་པོ་གདོང་དཀར་པོ་ཅན་གྱིས་ཞོགས་ཟས་ཟ་སྐབས་ཆེད་དུ་གྲ་སྒྲིག་བྱས་ཡོད་པའི་ཟན་ཆང་དེ་ཁྱི་དོམ་ནག་འཕངས་ནས་བཀའ་དྲིན་ཞུ་བཞིན་འདུག    འདི་ནི་མི་ལ་ལག་འབྲེལ་དང་བྲང་གླན་པའི་ཚབ་ཡིན་ངེས།    དེ་ནས་ཁུག་མ་རིང་བོ་དེ་ཁུར་ནས་སྔོན་ཆད་ཁོ་ཚང་ལ་ཐོན་པའི་དུས་ལྟར་ཆེ་མཆོག་གི་འཕྲུལ་རྟས་འཕོངས་དུ་ཞོན་ནས་ལམ་ལ་ཆས་སོང་།     ཡིན་ནའང་ཁོས་ཁུག་མ་རིང་བོས་གཞོག་ནས་ཕྱིར་བལྟས་ཡང་ཡང་བྱེད་པ་དང་ལག་གཡོན་པས་གཡུག་གཡུག་མང་ཙམ་བྱེད་ཀྱིན་འདུག    བུ་མོ་ཟླ་མཛེས་ཀྱི་མཁུར་ཚོས་གཉིས་སུ་མུ་ཏིག་ལྡོག་པོ་ལྟ་བུའི་མཆུ་མ་འཐོར།     ཚེ་རིང་སྒྲོན་སྦྲ་སྒོར་ཀ་བ་བཙུགས་པ་ལྟར་འགྲེང་ནས་འཕྲུལ་རྟ་མིག་གིས་མི་མཐོང་སར་བཞུད་རག་བར་བལྟས་ནས་ཡོད།

      མགྲོན་པོ་གདོང་དཀར་པོ་ཅན།    ལག་པའི་སྐྱི་པགས་འཇམ་པོ་ཅན།    གཤིས་ཀ་འཇམ་པོ་ཅན་དེ་དེ་ལྟར་བུད་སོང་།    ཁོས་དེ་ལྟར་བཟའ་ཚང་གང་བོར་དྲན་ཤིང་སྐྱུར་མོ་ཞིག་བཞག་ནས་བུད་སོང་།     ཁོས་དེ་ལྟར་ཁོ་ཚང་ལ་ཡོངས་བའི་དམིགས་ཡུལ་མ་མཤད་ཅིང་།    ཉིན་བཞིན་ཕྱི་ལ་འགྲོ་བ་དང་སྒང་འབུར་བུམ་པའི་ལྟོ་བ་ལྟ་བུ་དེའི་སྟེང་དུ་བུད་ནས་ཅི་ཞིག་ལ་བལྟ་བ།    ཉིན་རེར་གར་སོང་ཡང་མི་གོ་བར་ཆུ་འོབ་དང་ཤིང་རྫོབ།    བྲག་གསེང་སོགས་གང་དུ་སོང་བའང་མི་ཤེས་པར་གསང་བ་རུམ་གང་བསྐྱིལ་ནས་བུད་སོང་།

༢༠༡༥ལོའི་སྤྱི་ཟླ་༡༡པའི་སྨད་དུ་ཟི་ལིང་སྤྱི་ཚོགས་རང་ལུགས་སློབ་གླིང་དུ་གྲུབ།

ཤོ་བ་འཚོལ་བ། 

 

 

“ཡ།   ཡང་དོན་སྙིང་མེད་པའི་ལས་ཀ་གང་ཞིག་ལ་མདུར་གྱིན་ཡོད།” “ས་ཁུང་གི་འཕྱི་བ་བྱེད་པ་ལས་ཕྱིའི་འཇིག་རྟེན་ལ་ལྟད་མོ་རེ་བལྟས་པས་ལོས་དགའ།” “ཧུན། ‘སོང་ནས་ལྷམ་ཐེད་པ་ལས་བསྡད་ནས་སྟན་ཐེད་པས་དགའ་’ཞེས་པ་གོ་ཨེ་མྱོང་།” “དེ་ནི་འཇིག་རྟེན་འཁོར་བར་ཞེན་པ་ལོག་པའི་དབེན་གནས་བསྟེན་པའི་གྲྭ་བ་ལ་ཟེར་བ་ལས།   ཁྱོད་དང་ངེད་གཉིས་ལྟ་བུའི་འདོད་ཆགས་ཆུ་ཁོལ་ཁོལ་དང་།    ཞེ་སྡང་སྦྲུལ་འཁྱིལ་འཁྱིལ་བྱེད་ཀྱིན་པའི་མི་ནག་ཅིག་ལ་ཟེར་བ་མ་རེད་ཤ་ཉེ།” “  སོང་ནས་ལྷམ་ཐེད་ན་འཇིག་རྟེན་པ་ཡིན་པས་མ་ཁྱབ་ལ།   བསྡད་ནས་སྟན་ཐེད་ན་གྲྭ་བ་ཡིན་པས་མ་ཁྱབ།   ཁྱོད་ཀྱིས་མེས་པོའི་སྐད་ཆའི་ཉིང་བཅུད་ཀྱི་གཏམ་དཔེ་འདི་ལ་གོ་བ་ལོན་གྱིན་མི་འདུག” “ཧ་ཧ་ཧ།” “ཧ་ཧ་ཧ།”

“་་་་་་”

                 རྡོ་རྗེ་དང་ཚེ་རིག་གཉིས་རྫོང་མཁར་གྱི་ལྷོ་སྣེའི་ཇ་ཁང་ཞིག་གི་ནང་དུ་བསྡད་དེ་མངར་ཇ་འཐུང་བཞིན་དེ་ལྟར་ཁ་བརྡ་བྱེད་ཀྱིན་འདུག    ཁོ་གཉིས་ནི་སྐྱེ་ས་མི་གཅིག་རོང་འབྲོག་གི་ས་གཉིས་ཡིན་མོད།   ཆུང་བའི་དུས་ནས་སློབ་གྲོགས་ཡིན་ལ།   རྗེས་སུ་སློབ་ཆེན་ཡང་སློབ་གླིང་གཅིག་ནས་བཏོན་པ་ཡིན་པས་གྲོགས་པོ་འདང་ཅན་ཡིན།   དེས་མི་ཚད་སློབ་མཐར་ཕྱིན་རྗེས་ཀྱང་ཕ་ཡུལ་གྱི་རྫོང་མཁར་དེར་ལས་ཀ་བགོས་པས་ཁོ་གཉིས་ལ་ལས་དབང་གི་སྦྲེལ་ཐག་དམ་པོ་ཞིག་གིས་ཆད་མེད་དུ་མཐུད་ཡོད་པ་འདྲ།   རྡོ་རྗེ་ལ་གྲོགས་མང་པོ་མེད།    ཁོའི་གཟུགས་པོ་རིད་ཅིང་རིང་ཐུང་འབྲིང་ཙམ་ཡིན་པ།   སྨུག་མདོག་གི་གདོང་ན་ཆེ་ཆུང་རན་ཞིང་།  ཆག་ག་མེད་མེད་པའི་མིག་ཟུང་དང་།   སྣ་སྣེ་ཅུང་རིང་བས་གཞོགས་གཡས་གཡོན་ནས་བལྟས་ན་ལྷག་ཏུ་རིང་བའི་ཉམས་སྟེར་བ།    ཁ་ཡི་འཇོན་མི་བདེ་བ་མེད་མོད་ཡ་ཁའི་མདུན་སོ་གཉིས་འཚང་རྒྱག་བྱས་ཏེ་ཟུར་གྱིས་སྐྱེས་ཤིང་།   སོ་གཞན་དག་ལ་སེར་ཤ་ཅུང་རེ་དོད་དེ་ཡོད།    ཡ་ཁ་དང་མ་ནེའི་ངོས་སུ་ཁ་སྤུ་སྲབ་མོ་ཞིག་སྐྱེས་ཡོད་མོད་གདོང་ལ་སྨུག་མདངས་ཅུང་ཆེ་བས་དེ་འདྲ་མི་གསལ།    སྐྲ་ལ་འཇིལ་ལི་ཆགས་ཡོད་མོད་རྒྱུན་དུ་ཉི་ཞྭ་མཆུ་རིང་ཞིག་གོན་ཡོད་པས་སྐྲ་ཚུགས་བསྒྲིབས་ཡོད་པ་སོགས་སྤྱིར་མི་དེ་འདྲ་མི་དགའ་ས་ཞིག་མིན་མོད།   ཁོའི་སློབ་གྲོགས་དང་ལས་གྲོགས།   ཕ་ཡུལ་གཅིག་པ་སོགས་གང་ཡིན་ཡང་ཁོ་ལ་ཁ་ཙམ་ལས་རྒྱུན་དུ་གཅེས་གཅེས་དུང་དུང་བྱེད་མཁན་མང་བོ་མེད་པ་ནི་ཁོའི་གདོང་གི་དོན་དག་ཅིག་མ་ཡིན་པར་གཙོ་བོ་ཁོའི་གཤིས་ཀ་ལ་རག་ལས་ཡོད།

       ཁོ་ལ་རིག་གནས་ཡོན་ཚད་ཅུང་ཡོད་པ་ཞིག་ཡིན་རབས་ཟེར་མོད།   ཁོས་རྒྱུན་དུ་མི་སུ་དང་སུ་ཡིན་ལ་ཁ་སོད་ཚིག་སོད་ལྟ་བུ་དང་།   གཞན་ལ་འཇོན་ཐང་ཅུང་རེ་ཡོད་ན་ཕྲག་དོག་བྱེད་པའི་རྣམ་པ་ནམ་ཡང་མངོན་ཡོངས་བས་གྲོགས་པོ་ཚོས་ཁོར་འདང་རྩིས་ཇེ་ཞན་ནས་ཇེ་ཞན་ཡིན།    དེ་བས་ད་ལྟ་ཚེ་རིག་ལྟ་བུའི་རེ་ཟུང་ལས་ཁོ་དང་མཉམ་དུ་ཇ་ཁ་ཆང་ཁ་ནས་ལྷོད་ལྷོད་བྱེད་མཁན་ཡང་མང་པོ་ཡོད་ཚོད་མ་རེད།   གཟུགས་མེད་ཀྱི་བར་ཐག་དེས་ཁོ་དང་སྤྱི་ཚོགས་འདི་ཅུང་མི་མཐུན་པའམ་དེ་འགྲོགས་སར་མི་འགྲོ་བའི་ཚོར་བ་ཞིག་གིས་གཙེས་འོང་ནས་ཁོས་གྲོགས་པོ་གསར་བ་རེ་སྒྲིག་འདོད་མོད།    “གདོང་རྒས་པའི་རི་མོར་བསུབ་རྒྱུ་མེད།    ལས་སྔོན་བསགས་འབྲས་བུར་བསྒྱུར་རྒྱུ་མེད།” ཅེས་པའི་གཏམ་དཔེ་ལྟར་ཕ་རོལ་བོ་ཁྱད་དུ་གསོད་པ་དང་ཕྲག་ཏོག་གི་ལས་དེ་གང་ཞིག་ནས་ཐོན་པའང་མི་ཤེས་པར་ཁོ་ལ་འབྱར་ཏེ་ཡོད་པས་གྲོགས་པོ་དེ་དང་དེ་ཡང་མི་འགྱངས་པར་རང་ཉིད་དང་བཀྱེད་འགྲོ།

       སུམ་ཐོག་གི་ཇ་ཁང་དེ་ནས་མར་སྲང་ལམ་དུ་བལྟས་ན་མི་དང་འཁོར་རིགས་མང་བོ་ཞིག་ཁོམ་ལོང་མེད་པར་ཡར་འགྲོ་མར་འགྲོའི་རྒྱུན་ཆད་ཀྱིན་མི་འདུག    ཚེ་རིག་གིས་མངར་ཇ་ལ་ཧུབ་བྱེད་ཀྱིན་ཕྱིའི་འདུ་འཛི་ལ་བལྟས་ནས་ “ཨ་རོགས་‘གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག   ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག   མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།    གཅིག་ལ་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག།’ ཟེར་བ་ཅིའི་མ་བདེན།    ད་ལྟ་ངེད་གཉིས་འདིར་ལྷོད་ལྷོད་ཀྱིས་བསྡད་ཡོད་པ་ལས་ཕྱིའི་འཇིག་རྟེན་ནི་དངོས་གནས་ཁོམ་ལོང་ཞིག་ཡོད་ཀྱི་མི་འདུག” ཅེས་མདུན་ཐད་དུ་བསྡད་དེ་སྒེའུ་ཁུང་ལས་ཁོ་ལྟར་ཕྱི་ལ་བལྟ་བཞིན་པའི་རྡོ་རྗེའི་རྣ་བར་འཕངས།    རྡོ་རྗེས་དེ་མ་ཐག་ཏུ་ཁ་ཚུར་འཁོར་ཏེ་ཚེ་རིག་གི་གདོང་ལ་བལྟས་ནས་ “དགེ་འདུན་ཆོས་འཕེལ་གྱིས་མཁས་མཁས་ཀྱི་སྐད་ཆ་དེ་རིགས་ལ་དགའ་བོ་མེད།    འཇིག་རྟེན་ཐམས་ཅད་བང་འགྲན་ནས་རྒྱུག་པ་ཡིན་ན་ངེད་གཉིས་ལྟ་བུའི་ལྷོད་ལྷོད་ཀྱིས་བསྡད་ཡོད་པའི་རིགས་ནི་འཇིག་རྟེན་ཐམས་ཅད་ཀྱི་ཁོངས་སུ་མི་འདུ་བ་ཡིན་ནམ།”  “ཧ་ཧ།   དེ་ནི་ཁྱོད་མི་ཆུང་གིས་གནམ་ངོར་མཆིལ་མ་བཏབས་པ་མ་ཡིན་ནམ།   དེས་ན་ངེད་གཉིས་འདིར་བསྡད་དེ་ལྷོད་ལྷོད་བྱས་པ་འདི་བདེ་བའི་ཆེད་མིན་ནམ།” “དེས་ན་ངེད་གཉིས་འཕོང་འབོལ་ཁྲིའི་སྟེང་དུ་བཞག་ནས་རྒྱུག་ཚུལ་ཅིག་ཁྱོད་ཀྱིས་ཞོག་དང་།”  “བདེ་བ་སྙེག་ཕྱིར་རྒྱུག་ཅེས་པ་འདི་ལུས་ཁོ་ན་ལ་གོ་བ་མ་རེད།    ལུས་བསྡད་ཀྱང་སེམས་བདེ་བའི་ཆེད་དུ་སྐད་ཅིག་ཙམ་ཡང་སྡོད་ལོང་མེད་པར་རྒྱུག་གིན་པ་མ་ཡིན་ནམ།”  “དེས་ན་ཁྱོད་ལ་བསྡད་དང་རྒྱུག་པའི་གཞི་མཐུན་ཡོད་པར་ཐལ།    དཀར་དང་ནག་པའི་གཞི་མཐུན་ཡོད་པར་ཐལ།    ཕོ་དང་མོ་ཡི་གཞི་མཐུན་ཡང་ཡོད་པར་ཐལ།   ཧ་ཧ་ཧ།” “ཁྱོད་ཀྱིས་དེ་འདྲའི་ཨུ་ཚུགས་ཀྱི་གླེན་བཤད་མ་རྒྱག    ངས་ནམ་རྒྱུན་ཁྱོད་རང་དེ་ལྟ་བུ་ཞིག་ཡིན་པས་ད་གཟོད་རང་གིས་རང་མི་གྲས་ནས་ཕུད་འགྲོ་བ་རེད་ཟེར་བ་མིན་ནམ།”  ཁོ་གཉིས་ཀྱིས་སྐད་ཆ་བཤད་ནས་མཚམས་དེར་སླེབས་པ་ན་ཞབས་ཞུ་མ་ཇ་སྣོན་པར་ཐོན་པས་རྡོ་རྗེའི་མིག་ཟུང་མོར་ཤོར་བས་བཤད་མཚམས་ཆད།

      ཇ་ཁང་གི་ཟུར་ངོས་གཞན་ཞིག་ནས་ཡང་ཁོ་གཉིས་དང་འདྲ་བར་མི་འགའ་ཞིག་གིས་ཧ་བགད་དང་སྐད་ཆ་བསྲེས་མ་ཞིག་གྲགས་འོངས།    ཁོ་གཉིས་ཀྱིས་མ་བགྲོས་གཅིག་མཐུན་གྱིས་དེའི་ཕྱོགས་སུ་མིག་མདའ་འཕངས།   ཇ་ཁང་ནི་ནམ་ཡང་རོལ་དབྱངས་དང་དགོད་སྒྲས་ཁྱབ་པའི་གནས་ཤིག་ཡིན་པས་མི་རྣམས་ཕྱིའི་ཟང་ཟིང་གི་འུར་སྒྲ་ལ་གཡོར་ནས་ནང་དུ་འོང་ནའང་ཁ་ཁུ་སིམ་པོ་ཞིག་གི་ཚོར་བ་ནམ་ཡང་སྟེར་མི་ཐུབ།   དེའི་ཕྱིར་ཚེ་རིག་གཅིག་པུ་ཡིན་ཚེ་གློག་ཀླད་ཁུར་ནས་ཇ་ཁང་ཁང་མིག་ཅན་ཞིག་གི་ནང་དུ་བུད་འགྲོ་བར་ཁག་ཅི་ཡོད།

      རྡོ་རྗེས་གོང་ནས་ཚེ་རིག་ལ་ཡང་གང་ཞིག་ལ་མ་ཁོམ་པར་འདུར་གྱིན་ཡོད་ཟེར་བར་ཁག་མི་འདུག་སྟེ།    ཚེ་རིག་ནི་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་ཡིན་པས།    གཞུང་དོན་དུ་ཉིན་རྒྱུན་རྫོང་མཁར་གྱི་ཚོགས་འདུ་སྣ་ཚོགས་དང་།    སྲིད་གཞུང་དང་འབྲེལ་བའི་བྱེད་སྒོ་མང་པོ།   ཡུལ་ཚོ་དག་ཏུ་གཤམ་བསྐྱོད་སོགས་སུ་འགྲོ་དགོས་པ་དང་།    གཟའ་མཇུག་གི་ངལ་གསོའི་དུས་ཚོད་སོགས་སུ་སྒེར་དོན་དུ་རྩོམ་ཡིག་གི་རྒྱུ་ཆ་འཚོལ་སྡུད་ཅེས་དམངས་ཁྲོད་དུ་ཐེངས་མང་པོར་འགྲོ་བཞིན་ཡོད།

      རྡོ་རྗེ་ནི་དེ་ལས་ལྡོག་སྟེ།    སློབ་ཆུང་དེ་རུ་ནམ་ཡང་བྱིས་པ་འགའི་མདུན་དུ་ལངས་ནས་སློབ་ཁྲིད་ཅིག་བྱེད་རྒྱུ་ལས་ཕྱི་ལ་འགྲོ་རྒྱུ་ཤིན་ཏུ་ཉུང་།    ཚེ་རིག་གིས་ནམ་ཡང་ “སྤྱི་ཚོགས་ནི་སློབ་གྲྭ་ཆེན་མོ་ཞིག་ཡིན།” ཞེས་པའི་བཤད་ཚུལ་དེར་བདེན་ཁ་སྟེར་བཞིན་ཡོད་དེ།    ཁོ་རང་སློབ་ཆེན་དངོས་གཞི་ནས་མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་འདོན་རྒྱུའི་གོ་སྐབས་མ་བྱུང་མོད།    ལས་ཀའི་ཁྲོད་དང་།    ངལ་གསོའི་ཁྲོད་གང་དུའང་མི་སུ་དང་སུ་ཞིག་ལ་ཐུག་འཕྲད་བྱུང་ཚེ་དེ་དང་དེར་འབྲེལ་བའམ་དཔག་ཏེ།    ཁོར་ཡུག་དང་མིའི་ཞྭ་ལུས་གོས་སྟབས། དེ་དང་དེའི་ལས་ཀ་གཙོ་བོ་སོགས་ཀྱི་ཕྱོགས་ནས་དྲི་བ་སྣ་ཚོགས་འདྲི་མཁན་ཞིག་ཏུ་གྱུར་བས།    ཁོའི་གཞན་དང་གཞན་གྱི་ཁ་ནས་ཤེས་བྱ་མང་པོ་ཞིག་ཉིན་བཞིན་ལེན་ཀྱིན་ཡོད།    དེས་ནི་ཁོ་ལ་འཇིག་རྟེན་གྱི་ལྟ་རྒྱ་དང་ཐོས་རྒྱ་ཆེ་ནས་ཆེ་རུ་སྐྱེད་པར་མ་ཟད།    དེས་ནི་དེ་འདྲའི་དགའ་ཕྱོགས་ཤིག་ཀྱང་བསྐྲུན་པས་ན་རྩོམ་ཡིག་འབྲི་བར་དགའ་བའི་ཁོ་ལྟ་བུ་ཞིག་ལ་མཚོན་ན་ཉིན་རྒྱུན་སྤྱི་ཚོགས་ཀྱི་སློབ་གྲྭ་ཆེན་མོ་ནས་སློབ་ཁྲིད་མི་ཉུང་བ་རེ་རག་གིན་ཡོད།

      དེའི་ཕྱིར་ཚེ་རིག་གིས་རིག་གནས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་ན་མི་ཚེ་གཅིག་ཏུ་སློབ་གྲྭར་འགྲོ་དགོས་ན་དཀའ་ལ།    དཔེ་ཀློག་དང་དྲ་འཇུག་ཁོ་ནས་ཀྱང་མི་འོང་བར་འགྲོ་ས་འདུག་ས་ཚང་མ་ནས་བློ་རིག་སྒྲིམ་ཏེ་མཉམ་འཇོག་དགོས་པའི་བསམ་བློ་དང་སྤྱོད་པ་ཞིག་ཆགས་དགོས་པར་འདོད་ཀྱིན་ཡོད་ལ།    དེ་ལྟར་ན།   ས་པཎ་ཀུན་དགའ་རྒྱལ་མཚན་གྱིས། “ལེགས་བཤད་བྱིས་པ་དག་ལས་ཀྱང་།།   མཁས་པ་རྣམས་ནི་ཡོངས་སུ་ལེན།།” ཞེས་པའི་དགོངས་པ་དང་།    “མྱི་ངན་པའི་ཚིག་ལ་ཉན་རྒྱུ་དང་།     ཤིང་སྒུར་རུའི་ནང་ལ་མཁོ་ཤིང་ཡོད།” ཅེས་པའི་འཇིག་རྟེན་གཏམ་དཔེ་དེ་གཉིས་དངོས་སུ་ལག་ལེན་དུ་འདེབས་ཀྱིན་ཡོད་པས་ན།    ད་ལྟ་ཁོ་ནི་ས་གནས་ཆུང་ཆུང་འདིའི་རྩོམ་པ་པོ་རྩེ་གྲས་སུ་ཆགས་ཡོད།

 

 

      ལུང་དཀར་འབྲོག་སྡེ་ནི་གནས་རི་གཉན་པོ་གཡུ་རྩེའི་རི་རྒྱུད་ཀྱི་འདབས་ཀྱི་སྤང་ལྗོངས་སུ་མཚེར་ས་སྤོས་ཏེ་ཡོད།    གངས་བྲག་འཐབ་པའི་རྫ་རི་སྨུག་པོ་དེའི་སྐེ་ནས་སྨུག་པ་དཀར་པོ་ཞིག་གིས་ཡོངས་སུ་དཀྲིས་ནས་མཁའ་དབྱིངས་སུ་དར་དཀར་བཞིན་བརྐྱངས་བ་ཐོལ་གྱིས་འཕྱུར་བའི་སྤྲིན་པ་དེ་དང་འདྲེས་ཏེ་གསེར་མདོག་གི་ཉི་མ་ཡང་རེས་གསལ་རེས་མོག་ཏུ་བཏང་འདུག    དབྱར་གཞུང་གི་སྔ་དྲོ་ནི་འབྲོག་སྡེ་འདིའི་བསོད་ནམས་ཀྱི་དཔལ་དུ་ཤར་བ་ནང་བཞིན་མཁའ་དབུགས་དྭངས་མོ་ཞིག་གིས་བསིལ་བསིལ་དུ་བཏང་བས་ཡོད་ཚད་ལ་བརླན་གྱི་སྣུམ་ཞགས་ཤིག་འཁྱིལ་ནས་ཡོད།    ཉིན་དེར་ཚེ་རིག་ལས་ཁུངས་ཀྱི་གཤམ་བསྐྱོད་དུ་མངགས་པ་ལྟར་ཁོ་དང་ལས་གྲོགས་ཁ་ཤས་ཞོགས་པར་རྫོང་མཁར་ནས་ལམ་ལ་ཆས།    རྩྭ་སྔོན་གྱིས་ཡོངས་སུ་ཁེབས་པའི་རི་ལུང་དུ་ཀྱག་ཀྱོག་ཏུ་བསྐྲུན་པའི་སྣུམ་ལམ་དེར་ཞུགས་ནས་ལུང་དཀར་ཡུལ་ཚོའི་ཕྱོགས་སུ་བསྐྱོད་ཀྱིན་གདའ།    “ང་ཚོས་ད་ཐེངས་ཀྱི་སྲིད་ཇུས་དྲིལ་སྒྲོག་ཏེ་ཡུལ་ཚོར་སྤེལ་རྒྱུ་ཅུང་ཁག་པོ་འདུག་སྙམ།    རྒྱུ་མཚན་ནི་ཡུལ་ཚོའི་འབྲོག་པ་དག་དབྱར་སར་རུ་སྤར་ནས་གྲོང་རྡལ་དང་ཁ་ཐག་རིང་དུ་ཕྱིན་ཡོད་ངེས།” “སྐྱོན་མེད་དེ་ཡུལ་ཚོའི་གྲོང་དཔོན་ནི་ཐབས་བཀོད་ཅན་ཞིག་ཡིན་པས་མི་མང་བོ་ཞིག་བསྡུ་ཐུབ་པར་ཡིད་ཆེས་ཡོད།” “མི་མང་བོ་བསྡུ་ཐུབ་མིན་གྲོང་རྡལ་གྱི་དཔོན་པོར་རག་ལས་ཡོད།

      ང་ཚོས་དེར་སེམས་ཁུར་བྱེད་པ་ལས་མང་ཚོགས་ལ་སྲིད་ཇུས་ཀྱི་དྲིལ་སྒྲོག་འདི་ཇི་ལྟར་ཁ་གསལ་ཞིང་དོན་གོ་བ་ཞིག་ཐུབ་མིན་དེ་གཙོ་བོ་མིན་ནམ།” ལས་གྲོགས་ཚོའི་རླངས་འཁོར་གྱི་མདུན་བསྐྱོད་ཀྱི་འགྲོས་དང་བསྟུན་ནས་ཐེངས་འདིའི་གཤམ་བསྐྱོད་ཀྱི་དོན་དག་རྣམས་ལ་ཁ་བརྡ་བྱེད་ཀྱིན་ཡོད་མོད།   ཚེ་རིག་གིས་ནི་ལས་གྲོགས་ཚོའི་ཁ་བརྡ་དག་སྣང་ལ་མ་ངེས་པར་བཏང་འདུག    ཁོས་རླངས་འཁོར་གྱི་ཤེལ་སྒོ་མར་ཕབ་ནས་བསིལ་བསིལ་དུ་རྒྱུ་བའི་རླུང་བུའི་རེག་བྱ་མྱོང་བ་དང་།  བེེཌྱར་ཞུན་མའི་ཚོན་གྱིས་བྱུགས་པ་ལྟ་བུའི་དབྱར་གྱི་སྣུམ་ཞག་འཁྱིལ་བའི་ཕྱིའི་ཁོར་ཡུག་གི་མཛེས་སྡུག་ཉམས་སུ་མྱོང་བཞིན་ལས་ཞོར་གྱི་རྩོམ་ཡིག་གི་རྒྱུ་ཆ་བསྡུ་བའི་ཕྱོགས་ལ་སེམས་ཀྱི་རྟ་ཕོ་རང་དབང་མེད་པར་ཤོར།    དེ་ནི་ཚེ་རིག་གིས་ཐེངས་འདིའི་གཞུང་དོན་ལ་གཙིག་ཆེན་མ་བྱས་པ་མིན་ལ།   ལས་གྲོགས་ཚོར་ཁ་ཡ་མ་བྱས་པའང་དེ་བས་ཀྱང་མིན་མོད།    ཁོ་ལ་ལས་ཞོར་གྱི་རྩོམ་འབྲིའི་སྤྲོ་སྣང་ངམ་གོམས་འདྲིས་ཤིག་གིས་ནམ་ཡང་གཏོང་གིན་མེད་པས།    དེའི་ཕྱོགས་ལ་བསམ་གཞིག་བྱེད་རྒྱུ་ནི་རྣམ་ཤེས་ཀྱིས་རང་ལ་དྲན་ཤེས་ཀྱི་སྒོ་མོ་ཐག་ཐག་བརྡུང་བ་དང་ཁྱད་པར་མེད་པར་མཚམས་དང་མཚམས་སུ་དེའི་ཕྱོགས་ལ་གོ་མེད་ཚོར་མེད་ངང་ཁྲིད་འགྲོ།

      ཉེ་བའི་ཟླ་ཁ་ཤས་ཀྱི་སྔོན་ནས་བཟུང་ཁོའི་ཀླད་པར་དམངས་ཁྲོད་ཀྱི་ཤོ་བཤད་ལ་རྒྱུས་ལོན་དང་ཞིབ་འཇུག་ཅིག་བྱས་ཏེ་དཔྱད་རྩོམ་ཞིག་འབྲི་བའི་འདུན་པ་ཤར་མྱོང་མོད།    སྐབས་དེར་ཁོས་ལས་ཞོར་དུ་<<ལག་པའི་ཕྱི་ནང་ཤ་རེད།>>ཅེས་པའི་སྒྲུང་འབྲིང་ཞིག་འབྲི་བཞིན་ཡོད་པས་དུས་ཚོད་ཀྱི་ཁོམ་ལོང་གིས་ལག་ལེན་གྱི་རྟ་ཁ་བསྒག་སོང་།   ཉེ་ཆར་སྒྲུང་འབྲིང་དེ་བྲིས་ཟིན་མཚམས་དུས་དེབ་ཁང་ཞིག་གིས་ཚུར་འབྲེལ་གཏུགས་བྱས་པ་བརྒྱུད་ད་ལོའི་དེབ་གསུམ་པའི་སྟེང་འགོད་རྒྱུའི་ཐག་བཅད་དེ་བསྐུར་ཚར་མ་ཁད་ཡིན་པས།    ད་ནི་ཁོས་ཡུན་རིང་སེམས་ལ་བརྣགས་པའི་དཔྱད་རྩོམ་འདི་འབྲི་འདུན་གྱི་ཚོར་རླབས་ཡང་ནས་ཡང་དུ་འཕྱུར་གྱིན་ཡོད།

       ཚེ་རིག་ཆུང་ཆུང་བྱིས་པ་ཡིན་དུས་ཤོག་དྲ་རྩེ་སྐབས་སུ་གསར་བུ་འགས་ཀུ་རེའི་ཚུལ་དུ་ཤོ་འབོད་རེ་ཟུང་བྱེད་པ་ད་ལྟའང་ཁོས་དྲན་གྱིན་འདུག    སྐབས་དེ་ཤེད་ནས་ཤོ་འབོད་ཅེས་པ་འདི་མཚར་སྣང་ལྡན་པའི་སྐད་ཆ་ཞིག་ཡིན་པར་སྙམ་པས་ཁོས་ཆེད་དུ་གསར་བུ་འགའ་རེར་བརྗོད་སྟངས་ཁྱད་མཚར་བོ་དེ་རིགས་འདྲི་མྱོང་མོད།    ཁོར་ཚོར་ཡང་ཀུ་རེའི་ཚུལ་དུ་ཁ་ཤས་རེ་ལས་ལབ་རྒྱུ་ལས་མེད།   དེས་ན་ང་ཚོའི་སྡེ་བའི་ནང་གི་སུ་ཞིག་གིས་ཤེས་པ་རེད་ཅེས་དྲིས་ཚེ་ཡང་ཁོ་ཚོར་འདི་དང་འདིས་ཤེས་ཟེར་བའི་བྱ་བྲག་གི་མི་གསལ་བོ་ཞིག་བཤད་དུ་མེད།    ཚེ་རིག་གིས་ད་ལྟ་འདང་བརྒྱབ་ན་ཤོ་འབོད་ནི་ཁོ་རང་ཆུང་དུས་ཤིག་ནས་ཉམས་དང་ཉམས་བཞིན་པ་ཡིན་པ་ཤེས་ཐུབ།    དེ་བས།   ཉེ་ཆར་ཁོའི་རང་སྡེའི་ལོ་ལོན་དང་མི་མང་བོ་ཞིག་ལ་ཕ་ཡུལ་གྱི་ཤོ་བཤད་ཤེས་མཁན་ཡོད་མེད་དྲིས་ཚེ་ཁོ་ཚོའི་སར་ཅུང་ཟད་ཙམ་རེ་ལས་ཤེས་མཁན་མེད་ལ།   དེ་ཡང་ཤིན་ཏུ་དཀོན་པའི་ཚད་དུ་ཡོད་རབས་ཐོས་པས་ཁོའི་སེམས་པའི་དྲོད་རླབས་ཏེ་ཆུ་འཁྱག་གིས་བསུབས་ཅིང་བསུབ།    དེའི་ཕྱིར་ཁོའི་རྫོང་འདིའི་ཡུལ་ཚོ་གཞན་དང་གཞན་དུ་ཤོ་བཤད་ཤེས་མཁན་ཡོད་མེད་ཀྱི་རྩད་བཅད་ཚེ་མང་བོ་ཞིག་གིས་ལུང་དཀར་སྡེ་བ་སོགས་སུ་ཤོ་བཤད་ཤེས་མཁན་ཅུང་ཟད་རེ་ཡོད་རབས་ཟེར་བ་ཐོས།

      དེའི་ཕྱིར་ཚེ་རིག་ལ་མཚོན་ན་ཐེངས་འདིའི་གཤམ་བསྐྱོད་ནི་“མདའ་གཅིག་གིས་འབྲོང་དགུ་ཨེ་སོད་”ཀྱི་ཧམ་སེམས་ཆེན་པོ་ཞིག་ཡོད་པ་སྨོས་ཅི།    ཁོས་སྔ་ཙམ་ནས་ལུང་དཀར་སྡེ་བའི་ནང་དུ་ཤོ་བཤད་ལ་སུ་ཞིག་གིས་བཟང་བ་ས་ཕྱོགས་དེ་དང་འབྲེལ་བའི་ལས་བྱེད་པ་སོགས་མང་བོ་ཞིག་ལ་དྲིས་ཡོད་མོད།    སྡེ་བའི་ནང་གི་མི་ག་གེ་མོ་ཞིག་གིས་སྔོན་ཆད་ཤོ་བཤད་ཅུང་ཟད་ཅིག་ཤེས་ཟེར་མཁན་རེ་ཐོས་ཟེར་བ་ཙམ་ལས་དངོས་སུ་གསལ་བོ་ཞིག་ཤེས་མཁན་མེད་པས།    ཚེ་རིག་གིས་དུས་རབས་གསར་བའི་དཔལ་འབྱོར་དང་ཚན་རྩལ་གྱི་རྦ་རླབས་ཁྲོད་ནས་དམངས་ཁྲོད་ཀྱི་ཤོ་བཤད་དང་ཤོ་བཤད་ལྟ་བུའི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་གོ་མེད་ཚོར་མེད་ངང་ཆུ་ལ་ཆུ་བུར་ཐིམ་པ་ལྟར་མེད་འགྲོ་བ་མཐོང་ནས་ལྷག་ཏུ་བྲེལ་བ་སྐྱེས།    གནས་ཚུལ་དེས་ཚེ་རིག་གི་སེམས་པ་རྟ་རྒོད་མཐུར་ལས་ཤོར་བ་ལྟར་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་ལ་ཤོར་ཞིང།    རླངས་འཁོར་གྱིས་རི་ཆུ་མང་པོ་སྐད་ཅིག་སྐད་ཅིག་གིས་རྗེས་སུ་བསྐྱུར་བ་ལས་ཀྱང་མགྱོགས།   ཚེ་རིག་གི་སེམས་ཀྱི་བྲེལ་བ་དང་སྣུམ་ལམ་ཐོག་ཏུ་ཅི་ཞིག་མ་དོས་པར་མདུན་ནས་མདུན་དུ་རྒྱུག་པའི་རླངས་འཁོར་གྱི་འགྲོས་གཉིས་ནི་ཇི་འདྲའི་འདྲ་ཨང་།

       ཕྱི་དྲོ་ཁོ་ཚོས་ཡུལ་ཚོ་གྲོང་རྡལ་ལས་ཉིན་དེའི་སྲིད་ཇུས་དྲིལ་སྒྲོག་གི་ལས་ཀ་འགྲུབ་མ་ཐག་ཚེ་རིག་གིས་ཟིན་བྲིས་དེབ་དང་གློག་ཀླད་གཉིས་རྒྱབ་ཁུག་གི་ནང་དུ་བཅུག་ཅིང་།   ཡུལ་ཚོའི་ལས་བྱེད་པ་ངོ་ཤེས་དེར་འཕྲུལ་རྟ་ཞིག་གཡར་དེ་ལུང་དཀར་སྡེ་བའི་ཕྱོགས་སུ་སྙེག    ད་ལྟ་གཉན་པོ་གཡུ་རྩེའི་རྩེ་མོ་དགུང་ལ་སྙེག་པའི་རྫ་རི་དག་ལ་གྲིབ་ཆེན་གུག་མགོ་བརྩམས་ཤིང་།    གངས་སྤུངས་དག་ལ་ནུབ་ཀྱི་ཉི་ཟེར་ཕོགས་པས་གསེར་འོད་ཆེམ་ཆེམ་འཕྲོ་བར་བྱེད།    ཚེ་རིག་ཆུང་དུས་མང་བོ་གོ་མྱོང་ཞིང་།    ལན་རེར་ཅི་སྙམ་འདི་སྙམ་མེད་པར་ལད་མོའི་སྒོ་ནས་ལེན་མྱོང་བའི་ “རྫ་ཁྲ་ཡག་རྫ་ལུང་ཁུག་ན།།” ཞེས་དང་།   “རྫ་ཡ་རིའི་རྩེ་མོ་བྲག་རེད།།    རྫ་མ་རིའི་རྩེ་མོ་མདུང་རེད།།”   ཅེས་སོགས་རྫ་རིའི་མཛེས་པ་བཤད་པའི་གླུ་མང་བོ་ཞིག་ཡོད་པ་ནི་སོ་སོའི་ཕ་ཡུལ་གྱི་རྣམ་པ་མངོན་པར་མཚོན་པའི་བརྩེ་དུང་གི་སྙན་ངག་རེ་རེ་ཡིན་པར་སྙམ་བཞིན་བྱིས་དུས་ཀྱི་ཕྱིར་དྲན་ཁྲོད་དུ་ལུང་དཀར་སྡེ་བའི་རུ་འདབས་སུ་ཐོན།    ད་ནི་རུ་ནང་དུ་དེ་འདྲའི་འགྲོ་རྐྱང་ཞིག་ག་ནས་ཡིན།    སྟག་འདྲ་གཟིག་འདྲའི་འབྲོག་པའི་སྒོ་ཁྱི་དག་ནི་ལྕགས་ཀ་རིང་བོ་མི་ལུས་ཀྱི་ཚད་ལྟ་བུའི་ངོས་ནས་ལྕགས་ཐག་སྦོམ་པོ་རྩིད་ཐག་བཞིན་འཐེན་སྲིད་ལ།    ཁྲོ་གཉེར་གྱི་གདོང་སྤགས་མིག་གིས་མི་བཟོད་པ་བགྲད་དེ་ང་རོ་དྲག་པོ་སྒྲོག་པས་གལ་ཏེ་ཤོར་སོང་ན་གླག་གིས་རི་བུང་ཁྱེར་བ་བཞིན་བྱེད་སྲིད་པས་ཁོས་རུ་འདབས་ཀྱི་ཐག་ཅུང་རིང་བོའི་ས་ནས་འཕྲུལ་རྟ་ལས་བབས་ཏེ་བསོད་རྡོར་ཚང་གང་ཡིན་དང་ཁྱི་ཁ་བཙན་མིན་གྱིས་རུ་མྱུག་འདྲི་ས་ཞིག་སྒུག    ཚེ་རིག་གློ་བུར་དུ་ཧད་པར་གྱུར།   ཕ་གིའི་སྡེ་བ་འདི་འབྲོག་སྡེ་ཞིག་དང་ཡེ་མི་འདྲ།    རུས་སྦལ་ས་ལ་བགྲད་འདྲའི་སྦྲ་ནག་གཅིག་ཀྱང་མཐོང་དུ་མེད་པས་རྩྭ་ཐང་འདི་ལ་གསོན་ཉམས་ཤིག་ཡེ་ནས་མེད་པར་གྱུར་ལ།   རས་གུར་དཀར་པོ་དག་གི་ཁ་ཚུབ་ལས་ལྕགས་ཀྱི་དུད་ཁུང་ཁོ་ན་གནམ་ལ་བསྟན་ནས་བུད་འདུག    དེ་བཞིན་དུ་འབྲོག་རྩྭ་ཐང་གི་རུ་སྡེའི་མཁའ་དབྱིངས་ན་མཉམ་སྒྲོག་རོལ་དབྱངས་ལྟ་བུར་གྱུར་བའི་སྒོ་ཁྱིའི་ཟུག་སྐད་གཅིག་ཀྱང་ཐོས་རྒྱུ་མེད་པར་ལྷིང་འཇགས་སེར་ཡོད་པས་ད་ནི་འབྲོག་པའི་རྣམ་པ་ཡོངས་སུ་འགྱུར་ནས་ལྟར་མི་འདོད་པ་ཞིག་ཏུ་གྱུར་ཟིན་པ་རྟོགས།

      དེ་བས་འབྲོག་པའི་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་ཞིག་ཀྱང་འདི་དང་འདི་ལྟར་འགྱུར་འགྲོ་བ་གདོད་མི་ཟ་བས།    དེ་རིང་ཤོ་བཤད་ཅིག་ཤེས་མཁན་རྙེད་དཀའ་རྒྱུ་རེད་སྙམ་པའི་ཡུ་མིག་གི་ཚོར་བ་ཞིག་བསེར་བུ་དང་མཉམ་དུ་ཚེ་རིག་གི་ཡིད་ངོས་སུ་ལྡང་འོང་།    སྐབས་དེར་མར་ཕྱོགས་ནས་འཕྲུལ་རྟ་ཞོན་པའི་འབྲོག་པ་ཞིག་ཡུལ་ཚོར་སོང་ནས་ཕྱིར་ལྡོག་པ་ཨེ་ཡིན་སྙམ་པ་ཞིག་སླེབས་བྱུང་།   ཚེ་རིག་གིས་མྱུར་བར་ལག་པ་གཡུག་ཏེ་བཀག   “ཨ་རོགས།    སྐུ་ཁམས་བདེ་མོ།”  “བདེ་མོ།    ཁྱོད་སུ་ཡིན།” “ང་རང་རེའི་རྫོང་ཐོག་གི་ཡིན།    མིང་ལ་ཚེ་རིག་ཟེར།     ཁྱེད་ལ་འདྲི་རྒྱུ་ཞིག་ལ།    བསོད་རྡོར་ཚང་གང་རེད།    རུ་བ་འདི་དག་གི་ཁྱི་ཁ་བཙན་ནམ།” “འོ་འོ།    བསོད་རྡོར་ཚང་ང་དང་ལྷན་དུ་ཤོག་དང་སྟོན།   ཁྱི་ཞིག་ཡོད་ནི་མ་རེ་མགོ་གྱེན་ལ་བཀྱག་མཁན་མེད།   འགྲོ།” ཞེས་བཤད་སོང་།    ཚེ་རིག་མཚར་སྣང་ཆེན་པོ་ཞིག་དང་ལྷན་དུ་འབྲོག་པ་དེར་འགྲོགས་ནས་རུ་ནང་དུ་ཆས།

 

 

      བསོད་རྡོར་ཚང་གུར་བ་ཁྲ་ལམ་མེ་བའི་རུ་སྐོར་དེའི་སྟོད་ཕྱོགས་སུ་འདུག   ཁོ་ཚང་གི་གུར་དང་བར་ཐག་གོམ་པ་བཅོ་ལྔ་ཙམ་ཡོད་པའི་ས་རུ་ཁྱི་ནག་པོ་ཞིག་བཏགས་ཡོད།    བཏགས་ཡོད་པའང་ཞིབ་བལྟ་ཙམ་མ་བྱས་ན་མི་ཤེས་ཏེ་ཕར་བལྟས་ན་ཁྱི་ཞིག་ཉལ་འདུག་པ་དང་ཟུར་དུ་ཤིང་ཕུར་ཞིག་བརྡབས་ཡོད་པ་ཙམ་ལས།    ཚེ་རིག་ཆུང་དུས་ཀྱི་འབྲོག་པའི་རུ་བའི་སྒོ་ཁྱི་ལྟར་ལྕགས་ཐག་ཏུ་ཙིར་སྒྲ་གྲགས་པའི་སྐོར་འཐེན་ལྟ་ཅི་ཡར་ལངས་ཏེ་ཟུག་སྐད་ཅིག་ཀྱང་མི་འདོན།    ཁྱི་རྒན་གྱིས་ཚེ་རིག་ནི་ཁོ་ཚང་གི་ནང་མི་ཞིག་ཏུ་བརྩིས་པ་ཡིན་ནམ།   ཡང་ན་བསོད་རྡོར་ཚང་ཁོ་ལ་འབྲེལ་བ་ཅི་ཡང་མེད་སྙམ་ནས་ཇུས་གཏོགས་མ་བྱས་པ་ཡིན།   གང་ལྟར་ཚེ་རིག་ད་ཅིའི་འབྲོག་པ་དེས་བསོད་རྡོར་ཚང་ལ་བོས་ནས་ “ཁྱེད་ཚང་ལ་འགྲུལ་བ་ཞིག་ཐོན་ཐལ།” ཞེས་པའི་སྐད་ཆ་དེའི་དྲིན་གྱིས་བསོད་རྡོར་ཚང་གི་ཁྱིམ་དུ་འཛུལ།

      ཕྱི་ན་སྒོ་ཁྱིས་འགོག་རྒོལ་མེད་པ་བཞིན་དུ་ནང་ནའང་དེ་འདྲའི་འགྲུལ་རྩིས་ཡག་པོ་མི་འདུག དེ་ནི་མི་ཁྱི་གཉིས་ཀ་མི་ལ་སུན་པ་ཡིན་ནམ།    འགྲུལ་བ་མགྲོན་པོ་ལ་སུན་པ་ཡིན།   ཁྱིམ་བདག་མ་ཁོའི་རྗེས་སུ་ཁྱིམ་ལ་འཛུལ་ནས་ “ཡ་སྡོད་” ཅེས་པའི་སྐད་ཆ་ཚིག་གཅིག་པུ་རེད།    ཚེ་རིག་ཡ་ཁྱིམ་གྱི་དཀྱིལ་དུ་ས་གདན་རྙིང་བ་ཞིག་བཏིང་ཡོད་པའི་ཐོག་ཏུ་བསྡད་དེ་རྒྱབ་ཁུག་ཟུར་དུ་འཇོག་ཞོར་མོ་ལ། “བསོད་རྡོར་མེད་དམ་གང་ལ་བུད་སོང་།” ཞེས་དྲིས་པ་ན།    ཁྱིམ་བདག་མས་ཐབ་ལ་ཨོང་བ་ཞིག་བླུགས་ཞོར་དུ་ “ཁོ་ཁྱིམ་མཚེས་ཚང་ལ་རུ་ཉུལ་དུ་བུད་སོང་།     དོན་དག་ཅི་ཞིག་ཡིན།” ཞེས་ཕྱིར་དྲི་བ་ཞིག་བཏོན་སོང་བས་ཚེ་རིག་གིས་ད་ཅི་ཁྱིམ་བདག་མར་རང་ཉིད་ངོ་སྤྲོད་དང་དོན་དག་གང་ཞིག་གི་ཆེད་དུ་ཁྱེད་ཚང་ལ་འོང་བ་སོགས་གང་ཡང་མ་བཤད་པར་ཐད་ཀར་“བསོད་རྡོར་ཡོད་དམ་”ཞེས་པའི་སྐད་ཆ་ཞིག་བཤད་སོང་བར་འགྱོད་པ་ཞིག་ཤོར་བས་ད་གཟོད་གཉིད་ལས་སད་པ་ལྟར་མྱུར་དུ་རང་ཉིད་ཀྱི་མིང་དང་གང་གི་ཡིན་པ།

       ད་ཐེངས་ཀྱི་དོན་དག་སོགས་འཕྲོ་རིམ་འཕྲོར་བཤད་པ་ན།  ད་གཟོད་ཁྱིམ་བདག་མའི་གདོང་ལ་འཛུམ་ཞད་ཅིག་ཐོན་སོང་།   དེ་བས།   ཚེ་རིག་གི་སེམས་ཡང་ཅུང་ལྷོད་ལ་བབས་ནས་གུར་ནང་གི་ཅ་ལག་དག་ལ་མིག་བཤེར་བྱས།    ཁྱིམ་གྱི་ཡ་ཕུགས་ཐད་དུ་དོ་བོ་ཆུང་ཞིང་དམའ་བ་ཞིག་བརྩིགས་པ་འགྱིག་ཁྲའི་ཆུ་ཤོག་ཅིག་གིས་བཀབ་ཡོད་པས་སྔོན་གྱི་སྒྲོ་བའི་འཕོང་གྲུ་བཞི་མའི་རི་མོའི་རྩིག་པ་གད་ལ་བབས་པ་ཞིག་ཡེ་ནས་མི་མཐོང་ལ།    དེ་བཞིན་དུ་ཁྱིམ་དཀྱིལ་དུ་སྒྱེད་པུ་སེར་བོ་གོ་དུང་དུ་མེ་འབྲུ་ཆོག་པ་ཡང་མ་ཡིན་ལྕགས་ཐབ་ནག་པོ་དུད་ཁུང་ཅན་ཞིག་བཙུགས་པ།    མ་ཁྱིམ་གྱི་མར་ཕུགས་སུ་ཁྲོག་ལེབ་ཀྱི་རྩིག་པའི་ནང་དུ་ཨོང་བ་བྱུར་བུར་གཏམས་པ་དེ་རིགས་ཀྱང་མཐོང་དུ་མེད་པར་ཤུལ་དུ་འགྱིག་གི་སྒྱེ་མོ་ཆེན་པོ་ལྔ་དྲུག་ཅིག་གི་ནང་དུ་ཨོང་བ་བླུགས་ནས་ཡར་བསླངས་ཏེ་གཅིག་ལ་གཅིག་ཁེན་ནས་གྱེན་དུ་བསླངས་ཏེ་བཞག་པ།    ཡ་ཁྱིམ་གྱི་མར་ཕུགས་སུ་གླང་ཆ་ཞེས་རྟ་སྒ་དང་གླང་སྒའི་སྔ་རུའི་རི་མོ་གཅིག་མཚུངས་སུ་བབས་པ་དེ་རིགས་ཀྱང་ཡེ་ནས་མེད་པར་འགྱིག་ཤོག་གིས་བཀབ་པའི་དོ་བོ་ཆུང་ཆུང་ཞིག་གི་འོག་ནས་གྱོན་ཆས་རེ་ཟུང་བུད་པ་སྟེ་མདོར་ན་ཁོ་རང་ད་ལྟ་འབྲོག་ཁྱིམ་ཞིག་ཏུ་དཀྱིལ་དྲུང་གིས་བསྡད་ཡོད་པའི་ཚོར་བ་ཞིག་ཅིས་ཀྱང་སྟེར་མ་བྱུང་བས་ཡ་མཚན་དང་ཕངས་སེམས་འདྲེས་མ་ཞིག་ཐོལ་གྱིས་ཐོན།    “སྒོ་ནས་བལྟས་ན་སྦྲ་ནག་མེད་པའི་རས་གུར་གྱི་འབྲོག་སྡེ་དང་།    སྒོ་ཁྱི་ནད་པ་ལྟ་བུ།   ནང་དུ་ཐོན་ཚེ་སང་ཉིན་གང་ཞིག་ཏུ་འགྲོ་རན་པ་ལྟ་བུའི་ཅ་ལག་ཉུང་ཉུང་།   ནང་མིར་ཡང་མགྲོན་རྩིས་མེད་པར་ཐེ་ཚོམ་ལྟ་བུ་ཞིག་གི་ཁྲོད་དུ་ལུས་པ་སོགས་གང་དང་གང་ལ་བལྟས་ཀྱང་འབྲོག་པའི་གནའ་སྲོལ་ཞེས་པ་ལོ་ངོ་འདི་དག་གི་རིང་ལ་གང་ཞིག་ཏུ་འཕུར་སོང་བ་ལྟ་བུའི་ཉམས་སྣང་སྟེར་བས་ན།    ད་ནི་དམངས་ཁྲོད་ཀྱི་བསམ་པའི་རིག་གནས་མང་དག་ཅིག་ཤོར་ཚར་བ་སྨོས་མེད་ཡིན་ཕྱིར།   ཤོ་རྩེད་ཅེས་པའང་སྔ་མོ་ནས་དོར་ཚར་བས་ད་ཐེངས་རང་ཉིད་ལག་སྟོང་མཆན་ལ་བཙིར་ནས་ཕྱིར་འགྲོ་དགོས་མི་ཐུག་གམ་” སྙམ་པའི་དངང་འདར་གྱི་ཚོར་བ་ཞིག་རང་དབང་མེད་པར་བྱུང་།    ཁྱིམ་བདག་མས་ཚེ་རིག་ལ་དཀར་ཡོལ་འཁྲུད་ཞོར་དུ་“དེས་ན་ངས་བསོད་རྡོར་ལ་འབོད་འོངས།    ཁྱེད་ཀྱིས་ཇ་དལ་འཐུང་བྱོས་དང་།” ཞེས་བཤད་པས་ཚེ་རིག་ལ་ད་གཟོད་འབྲོག་པའི་མགྲོན་རྩིས་ཀྱི་ཚོར་བ་ཕྲན་བུ་ཞིག་བྱུང་བས། “ཡ་ཡ།   བཀའ་དྲིན་ཆེ་” ཞེས་ཁ་ནས་ཐེངས་འགར་ཤོར།

     གཏུལ་མའི་སྟེང་ལ་འོ་ཇ་དཀར་པོ་བླུགས་ཤིང་འབྲི་མར་སེར་པོ་ཞག་ལྡེམ་མེར་འཁྱིལ་བའི་དཀར་ཡོལ་དེས་ཚེ་རིག་གི་བྱིས་དུས་ཀྱི་འབྲོག་སྡེ་ལྷག་ཏུ་དྲན་པའི་ངོགས་སུ་སྐྱེལ་འོངས།    ཡིན་ནའང་སྡོད་ཁྱིམ་རས་གུར་དཀར་པོ་དེ་དང་ནང་གི་ཅ་ལག་དག་གིས་ཁོ་རང་གི་སེམས་ཁམས་ཡང་ཡང་དཀྲུགས་པ་ནི་ད་ལྟ་ལག་པ་གཡས་པའི་གོང་མཛུབ་ཀྱིས་གཏུལ་མ་དཀྲུགས་བཞིན་པ་དང་འདྲ།    སྦྲང་དཀར་རྩམ་པ་དང་།    བརྔོས་ཆུར།   འབྲི་མར་སེར་བོ་གསར་བ་གསུམ་གཞི་གཅིག་ཏུ་བསྣོལ་ཏེ་ལྕེ་ཐོག་ཏུ་བླངས་པ་ནི་རྫོང་མཁར་གྱི་བྲོ་སྨན་སྣ་ཚོགས་ཀྱིས་བསྒྱུར་བའི་ཟས་རིགས་དག་ལས་བརྒྱ་འགྱུར་གྱིས་ཞིམ་ཞིང་མངར།    རོ་བཅུད་ནི་དེ་བས་ཀྱང་ངོ་།།    གཏུལ་མ་ཞིམ་པོ་དེ་ལྡག་མ་ཚར་གོང་དུ་ཁྱིམ་བདག་མ་ཕྱིར་ཐོན་ཞིང་།     དེའི་འཕྲོར་ཅང་མ་འགོར་བར་རྒད་པོ་ཞིག་སླེབས་བྱུང་།    ཁོ་རང་ཁྱིམ་དུ་འཛུལ་བ་ན་གདོང་ལ་འཛུམ་མདངས་ཤིག་རྒྱས་བཞིན་ “ཡ་ཁྱེད་རང་དཀའ་ཨེ་བྱུང་།” ཞེས་སྐད་ཆ་ཡིད་དུ་འཐད་པ་ཞིག་བཤད་བྱུང་བས།    ཚེ་རིག་ནི་བདག་པོའི་མདུན་གྱི་ཧྭ་པར་ཤ་རྡོག་ཅིག་སྦྱིན་པ་ལྟར་ཤིན་ཏུ་དགའ་ནས།   “མ་དཀའ་ཐལ།   མ་དཀའ་ཐལ།    ཨ་ཁུ་ཁྱེད་རང་བདེ་མོ་ཡིན་ནམ།” ཞེས་ངོ་ཤེས་རྙིང་བ་ཞིག་ལོས་ཡིན་སྙམ་པའི་ཁམས་བདེའི་སྐད་ཆ་དྲིས།    བསོད་རྡོར་ཚེ་རིག་གི་མར་ཟུར་གྱི་གོ་འདབས་སུ་སྐྱིལ་དྲུང་གོར་གོར་ཞིག་བཅས་ནས་བསྡད་བྱུང་ལ།   དེར་མཐུད་ནས་ཚེ་རིག་གི་མིང་དང་།   ཕ་ཡུལ།   ལས་ཀ་སོགས་དྲིས།    ཚེ་རིག་ནི་བསོད་རྡོར་དང་རྫོང་གཅིག་པའི་ཡུལ་ཚོ་གཞན་པ་ཞིག་གི་འབྲོག་ཕྲུག་ཅིག་ཡིན་ཕྱིར་ཁོས་རང་གི་སྡེ་བ་དང་ཕ་རྒན་འདས་པོའི་མིང་སོགས་བཤད་པ་ན་བསོད་རྡོར་ན་གཞོན་གྱི་དུས་སུ་རང་གི་ཕ་རྒན་ངོ་ཤེས་ཡིན་རབས་ཟེར་བས་ཁོ་གཉིས་ལ་ལྷག་ཏུ་འདང་འདུན་ཞིག་བྱུང་།    ཁྱིམ་བདག་མ་ནི་ཁོ་གཉིས་ལ་ཇ་འདྲེན་ཞོར་དུ་ཁྱིམ་ཕྱི་ནང་གི་ལས་ཀ་ལ་བྲེལ་བཞིན་འདུག

     དེ་ནས་ཚེ་རིག་གིས་རང་ཉིད་འོངས་དོན་གླེང་མགོ་བརྩམས།   “ང་རང་ནི་ཆུང་དུས་དམངས་ཁྲོད་ནས་ལག་ཆགས་པ་ཡིན་པས།     རྟ་ནོར་ལུག་གསུམ་དང་སྦྲ་ནག་གྲུ་བཞི་ལ་དུང་བ་གཞན་ལས་ལྷག་པ་ཞིག་ཡོད་པ་ཡིན།    ཧུ་ཧུ།”

“ལོས་ཡིན་ལོས་ཡིན།    ད་ལྟ་ཁྱེད་ལྟ་བུའི་འབྲོག་པའི་བུ་ཕྲུག་རེ་ཟུང་མ་གཏོགས་ང་ཚོའི་མི་རབས་མི་རྒྱུད་ཚང་མ་སྦྲ་ནག་གྲུ་བཞི་ལས་ལག་ཆགས་ཤིང་།  རྟ་ནོར་ལུག་གསུམ་གྱི་དྲིན་གྱིས་མི་ཚེ་ཕུད་པ་རེད།  ཡིན་ནའང་ཉེ་བའི་ལོ་ངོ་འགའི་སྔོན་ནས་འབྲོག་པའི་བུ་ཕྲུག་འགས་རྒྱལ་ཁབ་ཀྱི་ལས་བྱེད་ལོན་པ་ན་རང་ས་རང་ཡུལ་ལ་དགའ་བ་ཡོད་པ་ཕར་ཞོག     ད་དུང་འབྲོག་པ་གླེན་པ་ཚོ་ཞེས་མིག་ལམ་དུ་མི་འཇོག་པའི་སྣང་ཚུལ་ཡང་ཡོད་འདུག    དེ་ནི་དངོས་གནས་‘དྲིན་ཆེན་ལ་དྲིན་ལོག   གཡང་ལར་རྡོ་ལོག་’ཅེས་པའི་དཔེ་ལས་མ་འདས་སྙམ།”   “རེད་རེད་ཨ་ཁུ།     མི་དེ་རིགས་ནི་དངོས་གནས་རང་རིགས་ཀྱི་བླ་རྫོད་མཁན་ཁོ་ན་རེད།

      ང་ལྟ་བུ་ནི་ད་ལྟ་རང་གི་ཕ་ཡུལ་གྱི་ཕྱི་ནང་གསང་གསུམ་ལ་ཇེ་དུང་ནས་ཇེ་དུང་རེད། དཔེར་ན།     རྫས་དུད་སྣ་ཚོགས་ཀྱིས་དབེན་པའི་དུས་བཞིའི་ཁོར་ཡུག་དང་།    གཡང་གི་སྒོ་ཟོག་ཚོའི་ལྷད་མེད་ཀྱི་ཐོན་སྐྱེད།    ལྷག་པར་དུ་ཨ་སྒྱུ་གཡོ་སྒྱུའི་འཁོར་ལོ་མི་བསྐོར་བའི་འབྲོག་མིའི་མི་གཤིས་ཡག་པོ་སོགས་ལ་ནམ་ཡང་ཡི་རངས་སྐྱེ་བཞིན་ཡོད།”  “གཅེས་ཕྲུག་ད་ལྟ་འབྲོག་པའི་མི་གཤིས་ཀྱང་སྔོན་ཆད་ཅིག་ལ་བལྟས་ན་བརྒྱ་འགྱུར་གྱིས་ཇེ་ཞན་ལ་འགྲོ་གི་འདུག     སྔོན་ཞིག་ལ་འབྲོག་པ་ཞིག་ལ་‘སྐྱེས་ཉིན་བཤད་ན་ཤི་ཉིན་ཡོད་’མོད་ད་ཆ་‘དེ་རིང་བཤད་ན་སང་ཉིན་ཡོད་དཀའ་’འདུག    ལྷག་པར་དུ་ཕུ་ནུའི་ནང་དམེའི་ཕྱོགས་ནས་རྩྭ་ས་ལག་མཐིལ་ལྟ་བུ་ཞིག་གི་ཆེད་དུ་བུ་སྤུན་བར་ལ་ཁ་ཡ་ཆད་པ།     ཕྱུགས་ཟོག་གཉིས་གསུམ་རེའི་བོར་སྟོར་གྱི་ཆེད་དུ་དམེ་འཁྲུགས་ཤོར་བ།    གཅིག་གིས་གཅིག་ལ་ཡིད་རྟོན་མེད་པར་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་ཞིག་ལ་ལོག་གིན་འདུག”  བསོད་རྡོར་བཤད་མཚམས་དེར་ཐོན་དུས་གདོང་མདོག་ཀྱང་སྐྱོ་ཉམས་ཀྱིས་ཁེངས་ཤིང་དབུགས་རིང་ཞིག་བཏོན།  ཚེ་རིག་གིས་བསོད་རྡོར་ལ་སེམས་གསོའི་ཚུལ་དུ་“འོ་ཡ་ད་དེ་འདྲ་ཞིག་ཡིན་ངེས་རེད།

       སྤྱིར་རོང་དང་འབྲོག་པ་མེད་པར།   གྲོང་དང་གྲོང་ཁྱེར་མེད་པར་ཕྱིའི་དཔལ་འབྱོར་གྱི་ཆ་དང་ནང་མི་ཡི་གཤིས་ཀ་ཡི་ཆ་གང་ནས་ཀྱང་འགྱུར་བ་བྱུང་དང་འབྱུང་བཞིན་པ་རེད།    འདི་ནི་འཇིག་རྟེན་མི་རྟག་པའི་རང་བཞིན་ཡིན་པས་སུས་ཀྱང་ཕན་ནུས་ལྡན་པའི་འགོག་རྒོལ་ཞིག་དཀའ་བ་རེད།”  ཅེས་བཤད་དེ་བསོད་རྡོར་གྱི་སེམས་པ་ཅུང་བདེ་ལ་བབས་པའི་རེ་བ་བྱས།     སྐབས་དེར་ཨ་ཁུ་བསོད་རྡོར་ཡང་སེམས་ཁམས་ལྷོད་ལ་བབས་པ་ལྟར།    “ད་དེ་ཚོ་མི་བཤད།  འཇིག་རྟེན་གཏམ་དཔེར་ཡང་།    ‘སྡེ་མཐའི་རྒན་མོས་སྡེ་དོན།    གཡག་གུ་ཅན་གྱིས་སྐྱ་སྐོར།’  ཞེས་པའི་དཔེ་རེད།   དེ་བས་‘རང་སྔུན་གྱི་རི་མོ་དེད།    རང་རྒྱབ་ཀྱི་ཁ་བ་སྤྲུག་’ཐུབ་ན་ཆོག་པར་བྱེད་པ་ལས་འོས་མེད།”   ཅེས་ཚེ་རིག་གི་དཀར་ཡོལ་ནང་དུ་འོ་ཇ་ཞིག་བསྣན་ཞིང་རང་གིས་ཀྱང་ཇ་ལ་ཧུབ་འགའ་བྱས།

 

 

      བསོད་རྡོར་དང་ཚེ་རིག་གཉིས་ཀྱིས་ཡར་མར་གྱི་ཁ་བརྡ་མང་པོ་ཞིག་བྱས།    ཁ་བརྡའི་ཁྲོད་ནས་ཚེ་རིག་ལ་ཡང་བསྐྱར་སྤྱི་ཚོགས་ཀྱི་སློབ་གྲྭ་ཆེན་མོ་ནས་དྲི་བ་དང་བསམ་ཚུལ་གང་འདོད་དུ་འདོན་ཆོག་པའི་སློབ་ཐུན་ཆེས་ཡག་པོ་ཐེངས་གཅིག་ཐོབ།   དེ་ནི་ད་ཅི་ཟོས་པའི་སྦྲང་དཀར་རྩམ་པ་དང་འབྲི་མར་སེར་བོའི་རོ་བཅུད་ཀྱི་སྟེང་དུ་བསྣན་པའི་ཡག་གི་ཐོག་ལ་རྒྱན་ཞིག་སྟེ།   འདི་ནི་འབྲོག་ཁྱིམ་མ་གཏོགས་གང་ནས་ཀྱང་ཐོབ་དཀའ་བ་ཞིག་རེད་ལ།   འདི་ནི་ཚེ་རིག་སྐྱེ་སའི་ཕ་ས་ཕ་ཡུལ་གྱི་ཁོར་ཡུག་མ་གཏོགས་གྲོང་དང་གྲོང་ཁྱེར་ནས་རྙེད་མི་སྲིད་པ་ཞིག་ཀྱང་ལོས་ཡིན།

      ཚེ་རིག་ལ་རྒད་པོ་བསོད་རྡོར་གྱི་རང་བཞིན་དྲང་བོས་ལུས་སེམས་ལྷོད་ལ་བབས་སུ་བཅུག་པས་ད་ནི་རང་ཉིད་འདིར་ཡོང་དོན་གྱི་སྐད་ཆའི་དངོས་གཞིར་བབས་དགོས།    ཚེ་རིག་གིས་རྒྱབ་ཁུག་ལས་སྒྲ་སྡུད་འཕྲུལ་སྙུག་བླངས་ནས་ཁོ་གཉིས་བར་གྱི་དྲེག་པ་ཆགས་པའི་རྩམ་སྒམ་གྲུ་བཞིའི་སྟེང་དུ་བཞག་ཅིང་པང་ནང་དུ་འབྲི་དེབ་ཀྱི་ཁ་ཕྱེས་ནས་ཁོ་རང་གི་འོང་དོན་དངོས་གླེང་མགོ་བརྩམས།    “ང་རང་ད་ཐེངས་ཁྱེད་ཚང་ལ་འོང་དོན་ནི་ང་ཚོའི་གནའ་མིའི་སྲོལ་རྒྱུན་རིག་གནས་མང་པོའི་ཡ་གྱལ་ཤོ་འབོད་དམ་ཤོ་བཤད་ལ་རྒྱུས་ལོན་ཞིག་བྱེད་དུ་འོང་བ་ཡིན།     ངས་རང་ས་གནས་ཀྱི་མི་མང་པོར་འདིའི་སྐོར་གྱི་ཤེས་རྟོགས་ཡོད་པ་སུ་ཞིག་འདུག་པའི་གནས་ཚུལ་མང་པོ་དྲིས་ནའང་ཁྱེད་ཀྱི་དགའ་ཞིག་ཡོད་རབས་མ་ཐོས་པས།    ད་ཐེངས་ཁྱེད་རང་ཆེད་དུ་བཙལ་ནས་འོང་བ་ཡིན།”   “ཧ་ཧ།    ང་རང་ནི་ཁོ་ཚོས་བཤད་པ་ལྟར་གྱི་ཙ་ཡ་ཞིག་ག་ནས་ཡིན།”  “ཧུ་ཧུ།    ཁྱེད་ཀྱིས་དེ་འདྲའི་ཁེངས་སྐྱུང་མི་བྱེད་རོགས།    ད་ཅི་ངེད་གཉིས་ཀྱིས་གོང་ནས་ཁ་བརྡ་བྱས་པ་ལྟར་རང་རེའི་དམངས་ཁྲོད་ཀྱི་རིག་གནས་གསོན་ཉམས་ཅན་མང་པོ་ཞིག་ལོ་རྒྱུས་ཀྱི་རླུང་བུས་དེད་དེ་མི་མངོན་འཇའ་བཞིན་ཡལ་དང་ཡལ་བཞིན་པ་དེ་འདྲ་རེད།    དེ་བས་ད་ལྟ་ཉིད་ནས་མྱུར་སྐྱོབས་སམ་མི་རིགས་རིག་གནས་ཀྱི་བང་མཛོད་དུ་ཉར་ཚགས་ཙམ་གྱི་ལས་ཀའང་ཨེ་འགྲུབ་བལྟ་རྒྱུའི་དུས་ལ་ཐོན་སོང་བ་འདི་རེད།”   “རེད་རེད།   གཅེས་ཕྲུག    ཁྱེད་ཀྱིས་འདི་ལྟར་ང་ཚོ་འབྲོག་པའི་འཚོ་བའི་ཁྲོད་ཀྱི་དོན་ཆུང་དག་ལའང་བརྩི་མཐོང་བླ་མེད་གནང་བ་ནི་‘མྱི་རྒྱུད་བཟང་པོའི་གདོང་རྒྱུད་དང་།   གོས་ཆེན་བཟང་བོའི་དྲ་རིས’རེད་སྙམ་པས་དངོས་གནས་ཡག་པོ་རེད་འདོད། ”

      “ང་དེ་འདྲའི་བཟང་བོ་དང་དགའ་ཞིག་ཡེ་ནས་མིན་མོད།    རང་གི་ཕ་ཡུལ་འདི་ནས་ཉིན་རེ་ལས་ཉིན་རེར་ཅི་ཞིག་བོར་འགྲོ་བ་དང་ཡལ་འགྲོ་བའི་ཚོར་བ་ཞིག་གིས་ནམ་ཡང་མི་གཏོང་བར་འདུག    དེ་བས་སློབ་ཆེན་མཐར་ཕྱིན་ནས་ད་ལྟའི་བར་གྱི་ལོ་ངོ་བདུན་བརྒྱད་ཅིག་གི་རིང་འདིར་ལས་བྲེལ་གྱི་ཞོར་དུ་ཕ་ས་ཕ་ཡུལ་གྱི་དམངས་ཁྲོད་རིག་གནས་ཀྱི་ཕྱོགས་ནས་ཡིག་ཐོག་ཏུ་བཀོད་དེ་དཔྱད་པ་འགའ་རེ་བྲིས་པ་ཡིན་ལ།    དཔེར་ན།   དམངས་ཁྲོད་གཏམ་དཔེ་བསྡུ་བསྒྲིགས་དང་དཔྱད་པ།    དམངས་གླུ་དང་ལ་གཞས་ཀྱི་དཔྱད་པ།    ཁེད་ཀྱི་དཔྱད་པ།    འབྲོག་པའི་འུར་ཆའི་ངོ་སྤྲོད་དང་ཕན་ནུས།    སྦྲ་ནག་གི་རིན་ཐང་སོགས་འགའ་རེ་བྲིས་པ་ཡིན་མོད་དེ་རིང་ལྟར་དམངས་ཁྲོད་དུ་ཟབ་ཞུགས་དེ་འདྲ་མ་ཐུབ་པར་ཐམས་ཅད་ཁང་མིག་ཅིག་གི་ནང་ནས་བྲིས་པ་ཡིན།

     རྗེས་སུ་བསམ་བློ་བཏང་ན་དམངས་ཁྲོད་ཀྱི་རིག་གནས་ནི་སྟན་ཐོག་ལ་བསྡད་དེ་འབྲི་བ་ལས་ཆེད་དུ་རིག་གནས་དེའི་འབྱུང་ཡུལ་ལ་དངོས་སུ་སོང་ནས་རྒྱུས་ལོན་བྱས་ན་ད་གཟོད་ལེགས་ཙམ་འོང་བའི་ངེས་ཤེས་སྐྱེས་ནས་ཁོམ་ལོངས་དང་བསྟུན་ཏེ་ཟབ་ཞུགས་བྱེད་རྩིས་ཡིན།”  “འོ་འོ་ང་ཚོ་‘ཁྱི་མགོ་རྡེར་ནང་དུ་འཇོག་’མཁན་ཁྱོད་དང་ཁྱོད་ལྟ་བུའི་རེ་གཉིས་ཤིག་ལས་ཡོད་མི་སྲིད།    ངེད་ཚང་གི་ཁྱིམ་མཚེས་ཚང་གི་བུ་ཡང་ལོ་འགའི་སྔོན་ནས་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ཡོད་མོད།   ལོ་འཁོར་མོའི་ནང་དུ་ཡུལ་ལ་ལོག་རྒྱུ་ཤིན་ཏུ་དཀོན་ཞིང་།   ཐེངས་རེ་འགའ་ཙམ་ལ་འོང་ནའང་བཟའ་ཟླ་རྒྱ་མིན་བོད་མིན་ཞིག་ཁྲིད་དེ་རྒྱ་སྐད་ཁོ་ན་རྒྱག་པ་ལས་ང་ཚོ་ལ་ཁ་ཡ་ཙམ་ཡང་བྱེད་ཀྱི་མི་འདུག” བསོད་རྡོར་གྱི་སྐད་ཆ་དེའི་ཚིག་མཇུག་བུད་མ་ཐག་ཏུ།   བཟའ་ཟླས་ཀྱང་མ་ཁྱིམ་ནས་ཨོང་བ་ཞིག་ཐབ་ལ་དེད་ཞོར་དུ། “བུ་ཚ་དེ་རྒྱ་རུ་འགྱུར་ཚར་བ་རེད།    ན་ནིང་ཡུལ་བར་ཐེངས་གཅིག་འོང་སྐབས་སུ་ང་ནོར་དེད་དུ་འགྲོ་བ་དང་འཕྲད་བྱུང་བས་ངས་ཁོ་ལ་‘ཨེ་དཀའ་ཐལ་’ཞེས་སྨྲས་མོད།   ཁོས་ངག་ལས་རྒྱ་སྐད་ཅིག་ཤོར་བ་དང་དེའི་འཕྲོར་ད་གཟོད་འཐད་ལ་མི་འཐད་པའི་ངང་ནས་‘མ་དཀའ་ཐལ།’ཞེས་སྨྲས་སོང་།

       ཧུ་ཧུ་ཧུ།” ཚེ་རིག་གིས་སྐད་ཆ་དེ་ཐོས་རྗེས་སེམས་གཏིང་ནས་དགོད་རྒྱུ་ཞིག་ཁོང་ནས་ཐོན་ཏེ་ཧུབ་བྱེད་ཀྱིན་པའི་འོ་ཇ་ཁམ་འབུ་གང་དེ་ཤེད་ཀྱིས་ཕྱིར་ཕོས་ནས་ལྕགས་ཐབ་ངོས་སུ་སིར་སྒྲ་གྲགས།   དེ་དང་མཉམ་དུ་བསོད་རྡོར་བཟའ་ཟླ་གཉིས་ཀྱང་དགོད་ཁ་ཤོར་ནས་ཚང་མ་ཧབ་ཆ་དིར་རེར་སོང་།    ཚེ་རིག་གི་སྔགས་ཕུ་འདེབས་པ་ལྟ་བུའི་ཁ་ནང་གི་ཇ་ཕྱིར་གཅོལ་པ་དེས་མདུན་གྱི་ལྕགས་ཐབ་ངོས་སུ་སིར་སྒྲ་གྲགས་པར་བལྟས་ན་ཁོ་ལ་དེ་ལས་ཀྱང་ཐག་ཉེ་བའི་རྒད་པོ་བསོད་རྡོར་གྱི་གདོང་ལ་ཇ་མཆོད་ཡོད་པ་སྨོས་ཅི་དགོས་མོད།    བསོད་རྡོར་གྱིས་གདོང་བ་ལག་པས་ཕྱིས་མ་བྱུང་།    དེ་ནི་ཁོས་མགྲོན་པོ་ངོ་ཚ་རུ་མི་འཇུག་པའི་རྩིས་ཚོད་ཡིན་ནམ་ཡང་ན་མཐོ་སྒང་གི་ཙག་རླུང་དང་།    ཉི་འོད་སོགས་ཀྱིས་གཙེས་ཤིང་མནར་བའི་བཞིན་རིས་ནག་པོ་དེར་ཚོར་བ་ཤུགས་དྲག་མེད་པས་མ་གནོད་པ་གང་ཡིན་མི་ཤེས།    ཚེ་རིག་གིས་དགོད་ཁར་བཙན་སྲོན་བྱེད་ཞོར་དུ་ “ཐུགས་རྒྱལ་མ་བཞེངས།   ཐུགས་རྒྱལ་མ་བཞེངས།   ང་འདི་དགོད་ཁ་ཤོར་ཚེ་སྲོན་མི་ཐུབ་པའི་མི་ཞིག་ཡིན་པ་རེད།”  ཅེས་ཟེར་ཞོར་དུ་མ་ཁྱིམ་གྱི་བདག་མོའི་ཕྱོགས་ལ་མིག་ཟུར་ཅིག་འཕངས་ནས་དགོངས་དག་ནི་བཟའ་ཟླ་གཉིས་ཀར་ཞུས་པ་ཡིན་པའི་བརྡ་བསྟན།    བསོད་རྡོར་འདུག་ལྡབ་ཅིག་བྱས་ནས།  “དེ་ལ་སྐྱོན་ཅི་ཞིག་ཡོད།    འཇིག་རྟེན་གཏམ་དཔེར་ཡང་‘སེམས་ཅན་དགའ་ན་དགེ་བ་ཡིན།   ཕ་མ་དགའ་ན་དྲིན་ལན་ཡིན་’ཟེར་བ་མིན་ནམ།    དགོད་སྒྲ་ནི་འཇིག་རྟེན་འདིར་ཆེས་མཁོ་བ་ཞིག་ཡིན་མོད།   ད་ལྟའི་དུས་རབས་འདིར་ང་ཚོ་ཆུང་དུས་ལྟར་གྱི་རྩེ་རྩེ་དགོད་དགོད་ཅིག་མཐོང་དཀོན་པོ་རེད།”  ཅེས་སྤྱི་ཚོགས་རིག་པ་ཞིབ་འཇུག་པ་ཞིག་གི་སྐད་ཆ་ལྟ་བུ་ཞིག་བཤད་པས་ཚེ་རིག་གི་སེམས་ལ་ཤིན་ཏུ་འཐད་སོང་།    དཔལ་འབྱོར་འགྲན་རྩོད་ཀྱི་དབང་གིས་མི་རྣམས་ལ་བག་གཡེང་སྤྲོ་རྩེད་ཀྱི་ཁོམ་ལོངས་མེད་པ་དང་།    མི་དང་མིའི་བར་ལྷད་མེད་ཀྱི་མཛའ་མཐུན་ཇེ་ཞན་ནས་ཇེ་ཞན་དུ་གྱུར་ཏེ་ད་ལྟ་ཕན་ཚུན་འཛུམ་ཙམ་སྟོན་པར་ཡང་བཅོས་མས་ཀུན་ནས་བསླད་བཞིན་པའི་རྣམ་པ་དེས་སྙན་ངག་པ་དང་རྩོམ་པ་པོ་མང་བོས་<<དགོད་སྒྲས་དབེན་པའི་འཇིག་རྟེན།>>ཞེས་པ་དང་།   <<ཤུགས་ཀྱིས་ཕྱུང་བའི་འཛུམ་ཆུང་།>>   <<དགོད་སྒྲ་འཚོལ་བའི་བརྒྱུད་རིམ།>> ལྟ་བུ་མང་བོ་ཐོན་པ་དང་།   རང་ཉིད་ཀྱིས་ཀྱང་<<ཧ་བགད་ལ་སེར་སྣ་མ་བྱེད།>>ཅེས་པའི་སྙན་ངག་ཅིག་དང་།    <<བྱིས་དུས་ཀྱི་དགོད་སྒྲར་འཁྲེང་བའི་རྣམ་ཤེས།>>ཞེས་པའི་སྒྲུང་འབྲིང་ཞིག་ཀྱང་བྲིས་མྱོང་བ་མ་ཡིན་ནམ།

       གང་ལྟར་ཁོ་ཚོའི་ཧ་བགད་དེས་ཕན་ཚུན་གྱི་བར་ཐག་རབ་ཅིག་ཇེ་ཉེར་བཏང་བ་ལྟར་གྱི་སེམས་ཁམས་ཤིག་བསྐྲུན་པས་ན་ཚེ་རིག་གིས་མུ་མཐུད་དུ་ཤོ་ཡི་སྐོར་གྱི་དྲི་བ་དྲིས།   “ཤོ་རྩེད་འདི་ཁྱེད་རང་ཆུང་དུས་སུ་རང་རེའི་སར་གཙིགས་འཛིན་ག་ཚོད་གནང་གིན་འདུག    ཡང་ན་ཤོ་རྩེ་མཁན་མང་པོ་འདུག་གམ།”  “ང་རང་ཆུང་དུས་སུ་དེང་གི་ཤོག་བུའི་རྩེད་སྤྱད་ལྟ་བུའི་རྩེད་ཆས་སྣ་ཚོགས་མི་འདུག་པས་སྐྱེས་པ་ཚོས་ཁོམ་ལོང་དང་བསྟུན་ནས་ཤོ་དང་།    འཇིག་དེད་དེ་རྩེ་བ་དང་།    བུད་མེད་ཚོས་སྒ་འཕེན་པ་སོགས་ཀྱིས་རྩེ་བ་རེད།    ཡིན་ནའང་ཤོ་ནི་འཇིག་དེད་མཁན་འདྲ་བའི་རྩེད་མཁན་མང་པོ་མེད།    དེ་ནི་ཤོ་ལ་རབ་ཡིན་ན་རི་དྭགས་ཤྭ་བའི་རྡིང་སུག་གིས་བྱས་པའི་ཤོ་མིག་དང་།   དེ་མ་ཡིན་ཡང་སྒོ་ཕྱུགས་ཀྱི་རུས་པས་བཟོས་པ།    ཤོ་རྡེའུ་མང་པོ།   བྱང་བུའི་གདན་སོགས་ཚང་དགོས་རྒྱུ་མང་པོ་ཡོད་པས་ཡིན་ནམ།     ཡང་ན་ཤོ་རྩེད་བྱེད་པར་ཤོ་འབོད་དགོས་ལ་ཤོ་འབོད་ཡག་པོ་བྱེད་མཁན་ནི་དངོས་གནས་ཁ་མཁས་པོ་དགོས་པས་དེ་ནི་མི་ཡོད་ཚད་ཀྱིས་འཇོན་རྒྱུ་ཞིག་ཕལ་ཆེར་མ་ཡིན་པས་ང་ཚོ་ཆུང་དུས་ནས་ཤོ་རྩེད་མཁན་ལྟོས་འཇོག་གིས་མང་པོ་མེད།” “རེད་རེད།    ཁྱོད་རང་ཆུང་དུས་ནས་ཤོ་རྩེད་པར་དགའ་ཞིང་།   ཁ་མཁས་དེ་ཚོའི་གྲས་སུ་ཇི་ལྟར་གྱུར་བ་རེད།”  “ཧུ་ཧུ།   ང་རང་ཁ་མཁས་པོ་དེ་འདྲ་མིན་ནའང་ཤོ་སོགས་རྩེད་རིགས་གང་ལའང་ཤིན་ཏུ་དགའ་བའི་མི་ཞིག་ཡིན།    རྩེ་བར་དགའ་བས་རྗེས་སོར་བཟའ་ཟླས་ཀྱང་‘ཁྱོད་ཀྱིས་རྩེད་རྒྱུ་ཞིག་ལས་ཅི་ཤེས།’ཞེས་ང་ལ་ཁ་མཚར་རྩེ་བ་རེད།   ཧུ་ཧུ།”  ངེད་གཉིས་མཉམ་དུ་དགོད་བཞིན་ཁྱིམ་བདག་མའི་ཕྱོགས་སུ་བལྟས།    མོ་རང་གི་ངོ་མདོག་དམར་པོར་གྱུར་བཞིན་འཛུམ་མདངས་ཤིག་བསྟན།   བསོད་རྡོར་གྱིས་མུ་མཐུད་དུ་ “ང་རང་ཆུང་དུས་སུ་ཕ་དྲིན་ཆེན་ནི་སྤྱིར་ཁ་མཁས་པོ་ཅན་ཞིག་ཡིན་པས་སྡེ་བའི་ནང་གི་གྱོད་འདུམ་འགྲིག་དང་།    གཉེན་གྱི་སྟོན་བཤད་སོགས་བཤད་པ་གང་ལའང་བསུ་འགྲོ་བ་ཞིག་ཡིན་ལ།    ཤོ་རྩེད་ལ་ཆེས་དགའ་ཞིང་ཤོ་འབོད་བྱེད་ཚེ་མི་མང་གིས་བསྐོར་ནས་ལྟད་མོ་བལྟ་ས་ལྟ་བུ་ཞིག་ཡིན་པ་ངས་ད་དུང་དྲན་གྱིན་འདུག

      ཡིན་ནའང་ང་རང་ཆུང་དུས་སུ་དགོན་པར་གྲྭ་བ་བྱེད་དུ་མངགས་པས་ཤོ་འབོད་ཆེད་དུ་སྦྱོང་མ་མྱོང་ལ།    ཕྱིས་སུ་དུས་འགྱུར་གྱི་དབང་གིས་ཁྱིམ་ཐབས་མི་བཅའ་ག་མེད་དུ་གྱུར།    དེ་དུས་ཕ་རྒན་དྲིན་ཆེན་ཡང་ལོ་ན་ཅུང་མཐོན་པོར་སླེབས་ཡོད་པས་ཤོ་རྩེད་དེ་འདྲ་མི་རྩེད་མོད།    ངས་ནི་གང་ལྟར་ཕ་དྲིན་ཆེན་གྱི་ངག་ལས་གོ་ལོ་ཐོས་ལོས་ཅུང་རེ་ཤེས་པ་ཡིན།    ཡིན་ནའང་དེའི་རྗེས་ནས་ཤོ་རྩེད་རྩེ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་རང་ཉིད་ཀྱང་ལོ་ཉི་མ་ནམ་ཚས་དེད་དེ་ཡོད་ཚད་བརྗེད་ངེས་ཀྱི་རྐུན་པོས་བཅོམས་ཟིན།    ཤུ།”  ཞེས་དབུགས་རིང་ཞིག་བཏོན་པར་བལྟས་ན་བསོད་རྡོར་གྱིས་མི་ཚེ་འདིར་བདེ་སྡུག་ཀྱག་ཀྱོག་གི་འཚོ་བ་མང་པོ་ཞིག་ཐོད་པའི་ཐོག་ན་འཕྲེད་དུ་དོད་པའི་ཆུ་གཉེར་ལྟ་བུའི་རི་མོ་དག་གི་ནང་དུ་བསྡུས་ཡོད་པ་རྟོགས་ཐུབ་ལ།    ད་ལྟ་ཕྱིར་དྲན་བྱེད་པའང་བདེ་སྡུག་རེས་སུ་འཁོར་བའི་ཚོར་འདུའི་གཅུ་ལོག་ཅིག་ཡིན་པའང་ཤེས་ཐུབ།

 

 

      ཉིན་དེར་བསོད་རྡོར་གྱིས་ཕྱིར་དྲན་གྱི་སྒོ་མོ་ཕྱེས་ཏེ་ཤོ་མིག་གམ་ཤོ་རྡེའུ་བཟོ་བྱེད་ཀྱི་རྒྱུ་ཆ་ནས།    ཤོ་མིག་ཇི་ལྟར་ཕབ་པ།    ཤོ་རྩེད་ལ་ཚང་དགོས་པའི་ཆ་རྐྱེན་གཞན་དང་གཞན།   ཇི་ལྟར་རྩེ་བ་སོགས་ཀྱིས་མཚོན་པའི་རང་ཉིད་ཀྱི་བག་ཆགས་ངོས་སུ་ཡོད་རིགས་དག་“ཁ་ཁོག་པས་མ་གསང་།   གློ་རྒྱུ་མས་མ་བསྐུང་”བར་ཚེ་རིག་ལ་བཤད།    ཚེ་རིག་གིས་ཀྱང་སློབ་དཔོན་ཆེན་མོ་ཞིག་གིས་རིག་གཞུང་ག་གེ་མོ་ཞིག་འཆད་ཁྲིད་བྱེད་པར་ཉན་པ་བཞིན་དུ་ནན་ཏན་གྱིས་ཉན་པ་དང་།    སྒྲ་སྙུག་ཏུ་ཕབ་ཞོར་དུ་དཀྱིལ་ཀྲུང་དུ་བསྡད་པའི་པུས་མོའི་སྟེང་ནས་ཁ་ཕྱེས་པའི་འབྲི་དེབ་ཀྱི་སྟེང་དུ་དབུ་མེད་འཁྱུག་བྲིས་ཀྱི་ཟིན་བྲིས་གང་ཟིན་ཡི་གེར་བཏབ།   ལྷག་པར་དུ་བསོད་རྡོར་གྱིས་འོ་ཇ་ལ་ཧུབ་རིང་བོ་རེ་བྱེད་ཀྱིན་ཤོ་འབོད་གསུམ་ནས་བཅོ་བརྒྱད་ཀྱི་བར་དུ་རེ་རེ་བཞིན་འབོད་སྐབས་སུ།    ཚིག་གི་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ཡོད་པས།    མདུན་ཐད་ཀྱི་ཚེ་རིག་སྐབས་རེར་གནའ་བོའི་གླིང་སྒྲུང་གི་ཁྲོད་དུ་ཁྲིད་འགྲོ་ལ།    མཚམ་རེར་རི་ཆུ་ནགས་གསུམ་གྱི་མཛོད་དུ་གྱུར་བའི་མཐོ་སྒང་གི་འབྲོག་སྡེ་ཆེན་པོ་ཞིག་གི་མངལ་དུ་སྦྲུམ་འགྲོ།

      མཚམས་རེར་དགོད་བྲོ་ནས་ཁ་ལག་པས་བསུམ་རྒྱུར་ཐུག་ལ།    མཚམས་རེར་ངོ་ཚ་ནས་མ་ཁྱིམ་གྱི་བདག་མོའི་ཕྱོགས་སུ་མིག་ཟུར་འཕེན་ཞོར་གདོང་མདོག་དམར་ཆུང་བྱུ་རུའི་ཁ་དོག་ཏུ་བཏང་འགྲོ།    ལྷག་པར་དུ་ཤོ་མིག་བཅུ་དྲུག་གི་འབོད་པར།    “རིག་་་་་རིག་་་་་རིག    ཨ་རིག་རུ་བའི་རི་མགོ་རིག་ས།   མ་རིག་རུ་བའི་རུ་ཞོས་རིག་ས།    ཧོར་གླིང་ཉི་གའི་རྒྱབ་རི་རིག་ས།    འཛམ་བུ་གླིང་གི་ས་ཆ་རིག་ས།    ཀིས་་་་་་རོང་ཚའི་དམར་ལེབ།”  ཞེས་པས་རྫོང་ཆེན་བཞི་དང་རྫོང་ཆུང་བཅོ་བརྒྱད་ཕབ་པར་གྲགས་པའི་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱི་རྟོགས་བརྗོད་ལས་གླིང་དཀར་པོ་ཆེས་ཕམ་ཉེས་སུ་གཏོང་མཁན་ནི་ཧོར་གླིང་གཡུལ་འགྱེད་ཡིན་པ་དྲན་འོངས་ལ།    དམེ་བཟའ་འབུམ་སྐྱིད་ཀྱིས་བདུད་ཡུལ་ནས་གེ་སར་ལ་བརྗེད་ཆུ་བླུད་པར་ཁོང་ཁྲོ་ལངས་པ།    བུ་རྒོད་པོ་སྟག་ཕྲུག་འདྲ་ཞིང་སྟག་ཤ་ར་ལྷ་ཕྲུག་འདྲ་བའི་རོང་ཚ་དམར་ལེབ་ཀྱི་གཙོས་གླིང་གི་གཅེས་ཕྲུག་མང་པོའི་ཚེ་སྲོག་ཤོར་བའི་ཕངས་སེམས་དག་ཆུ་མིག་ལྟར་བརྡོལ་བ།    རང་རེའི་ཕ་ས་འདི་གླིང་དཀར་པོ་ཆགས་ཡུལ་ཡིན་པར་བསམ་གཞིག་གཏོང་རྒྱུ་ཡོད་པ།   མཚོ་བོད་མཐོ་སྒང་འདི་གོ་ལ་རིལ་མོའི་ཆེས་མཐོ་ས་ཡིན་པ་སོགས་བསམ་གཞིག་གི་སྒོ་མོ་འབྱེད་བྱེད་ཀྱི་རིག་གནས་ཤིག་ཡོད་པའི་ངོས་ཟིན་ཐོབ་པ་དང་།    ཤོ་མིག་བཅུ་བདུན་གྱི་འབོད་སྟངས་“ཀིས་་་་་་བེ་རེ་་་་་བེ་རེ་་་་་བེ་རེ     བེ་སིང་སང་ང་རྟ་བདུན་ཡོད།   བེ་རེ་སང་ང་མཛོ་བདུན་ཡོད།    རྟ་བདུན་ཁྲམ་པས་ཁྱེར་ཐ་ཟེ།    ལྡོང་བེ་རེའི་རྟ་ཁྱུ་དེད་ནི་བོ།   བློན་ཚ་ཞང་འདན་མ་ངུ་ཉེ་རེ།    ངི་ཉེའི་ནང་གི་ང་རང་ཡིན།    འབྲོང་མ་ཤི་ཐོད་ཀོ་བཀོག་ནི་བོ།    བློན་སྡུག་གཅོད་ཤན་པ་ངུ་ཉེ་ཡིན།    ངི་ཉེའི་ནང་གི་ང་རང་ཡིན་།    ཀིས་་་་་་བེ་རེ།” ཞེས་པས་རང་ཉིད་མཐོན་པོར་སྤུར་བའི་ཆེ་བརྗོད་ཀྱི་ཟིལ་ཤུགས་ཆེན་པོ་ངོམས་པ་དེས་ནི་ཕྱོགས་གཅིག་ནས་རང་ཉིད་རང་ལ་ཡིད་ཆེས་པའི་མེས་པོའི་སྙིང་སྟོབས་མཐོང་ཞིང་།    ཕྱོགས་གཅིག་ནས་ཚིག་གི་བརྗོད་པ་གང་དང་གང་ལ་ཀུ་རེ་དང་དགོད་སློང་བའི་སྒྱུ་རྩལ་ཞིག་གིས་མི་སེམས་དབང་མེད་དུ་འགུགས་པར་བྱེད་པའི་འདྲེན་ཤུགས་ལ་ཡིད་སྨོན་ཤོར་དུ་བཅུག

      ད་ནི་གསེར་མདོག་གི་ཉི་མས་གནམ་ལ་སྙེག་པའི་གཉན་པོ་གཡུ་རྩེའི་རྫ་རིའི་རྩེ་མོར་དམར་སེར་ལི་ཁྲིའི་ཁ་དོག་གི་ཚོན་རྩི་བྱུགས་ཀྱིན་ནུབ་རིར་བཞུད་པར་བྲེལ་གྱིན་འདུག་ལ།    རྫི་བོ་དག་གིས་གཡས་གཡོན་གྱི་ལུང་བ་དག་ལས་རྟ་ནོར་ལུག་གསུམ་ལྷས་རའི་ཕྱོགས་སུ་ཕབ་ཀྱིན་ཡོད།     ཚེ་རིག་གིས་བསོད་རྡོར་བཟའ་ཟླ་གཉིས་ལ་བཀའ་དྲིན་ཡང་ཡང་ཞུས་ཏེ་ཕྱིར་ལམ་ལ་ཆས་གྲབས་བྱས།    བསོད་རྡོར་བཟའ་ཟླ་གཉིས་ཀྱིས་ཀྱང་གཉེན་ཉེ་ཞིག་རང་ཁྱིམ་དང་བྲལ་བ་ལྟར་བརྩེ་བརྩེས་ངང་ནས་“རྗེས་སོར་ཁོམ་སྐབས་བྱུང་ཚེ་ཅིས་ཀྱང་ངེད་ཚང་ལ་ཤོག”ཅེས་བོད་མི་རིགས་ཀྱི་མགྲོན་རྩིས་དངོས་མཚོན་པའི་སྐད་ཆ་དག་གིས་ཚེ་རིག་ལ་སྔར་བས་སེམས་འགུལ་ཐེབས་ནས་“ཡ་ཡ།    རྗེས་སུ་ངས་ཁོམ་སྐབས་བཙལ་ནས་ཁྱེད་ཚང་ལ་འོངས་ངེས་ཡིན།”ཞེས་འབྲལ་མི་བཏུབ་པ་ལྟ་བུའི་ངང་ནས་འཕྲུལ་རྟ་ལ་ཞོན་དེ་བསིལ་གྲིབ་ཁྲོད་ཀྱི་འབྲོག་སྡེ་དང་བྲལ་ནས་ལམ་ལ་ཆས།

     སྐབས་དེར་ཕར་ཕྱོགས་ཀྱི་རུ་བར་ཕྱོགས་ཏེ་གཤར་འོང་བའི་ནོར་ནག་གི་རྗེས་ནས་བུ་མོ་ཞིག་གིས་“ནོར་ནག་ཆུང་རྫ་མགོའི་ཟིལ་བ་རེད།།    དེའི་ནོར་རྫི་འཛམ་གླིང་ཉི་མ་རེད།།    ལུག་གཡང་དཀར་ནམ་མཁའི་སྐར་མ་རེད།།    དེའི་ལུག་རྫི་བཅོ་ལྔའི་དུང་ཟླ་རེད།།    རྟ་འདོ་བ་མཚོ་ཁའི་མེ་ཏོག་རེད།།    དེའི་རྟ་རྫི་མཚོ་ནང་ནོར་བུ་རེད།།”ཅེས་པའི་གླུ་སྐད་སྙན་མོ་ཞིག་འབྲོག་རུ་བའི་དགོང་མོའི་བསིལ་འཇམ་གྱི་རླུང་བུ་འགྲོགས་ཏེ་མཆེད་འོངས་པས།    ཚེ་རིག་གི་འཕྲུལ་རྟའི་འཁོར་སྒག་མནན་ཏེ་གླུ་སྐད་ཀྱི་ཕྱོགས་སུ་ཡང་ཡང་བལྟས།    ཉི་མ་ནུབ་རིར་བཞུད་པའི་མུན་པའི་ལྟ་གོན་དེས་གསལ་བོ་ཞིག་མི་མཐོང་མོད།    རྟ་སྔོ་སྔོ་ཞོན་ཞིང་།    སྐེ་རགས་གློ་ཁ་བཅིངས་པའི་བུ་མོ་ཞིག་གི་གཟུགས་རིས་གསལ་ལ་མི་གསལ་བ་ཞིག་ནོར་ནག་རྗེས་སུ་བག་ཕེབས་ཀྱི་ངང་ནས་འོངས་ཀིན་འདུག་པ་མཐོང་བས་ཚེ་རིག་ནི་ཐོ་ཡོར་ཞིག་ལྟར་གནས་དེ་རུ་གྲགས་མེད་འགུལ་མེད་ཀྱི་ངང་ནས་ཡུན་རིང་དུ་ལུས།    “བུ་མོ་དེ་བསོད་རྡོར་ཚང་གི་ཡིན་ནམ།”    “ང་རང་དོ་ནུབ་བསོད་རྡོར་ཚང་དུ་ཞག་མལ་བྱས་ནས་མོ་དང་མཉམ་དུ་ཁ་བརྡ་ཞིག་གློད་རྒྱུ་བྱུང་ན་ཅི་མ་རུང་།”  “མོ་ནི་གྲོང་དང་གྲོང་ཁྱེར་གྱི་བུ་མོ་ངོ་གཉིས་མ་དག་ལྟ་བུ་ཞིག་གཞལ་ཡང་མིན་པར་དྭངས་གཙང་གཡོ་སྒྱུས་མ་བསླད་པའི་བོད་པའི་བུ་མོ་ཞིག་ཡིན་ངེས།”བསམ་གཞིག་དེ་དག་གིས་ཚེ་རིག་ཡུལ་གང་ཞིག་ཏུ་ལས་ཅི་ཞིག་བསྒྲུབ་བཞིན་ཡོད་པ་ཡེ་ནས་མི་དྲན་པར་གྱུར་ལ།    ས་སྲོད་ཀྱི་སྨག་རུམ་གྱིས་ཁོ་དང་ཐག་མི་རིང་བའི་འབྲོག་སྡེ་དེ་ཉིད་ཡུན་གྱིས་གཡོག་བྱུང་།

     སྨད་ཕྱོགས་ཀྱི་གཞུང་ལམ་ནས་རླངས་འཁོར་ཞིག་གི་གློག་གིས་ཁོའི་མིག་ལམ་དུ་བརྒྱབ་པ་མིན་ན་ཁོ་རང་རྣམ་རྟོག་གི་འཇིག་རྟེན་ལས་ཕྱིར་འབུད་ཐུབ་མིན་མི་ཤེས།    ཚེ་རིག་གིས་མྱུར་དུ་འཕྲུལ་རྟ་ཞོན་ཏེ་ཡུལ་ཚོ་གྲོང་རྡལ་གྱི་ཕྱོགས་སུ་ལམ་ལ་ཆས།    ཡིན་ནའང་སེམས་པ་ནི་ཅི་ཞིག་གིས་དམ་པོར་བཏགས་པ་ལྟར་བསོད་རྡོར་ཚང་དང་ད་ཅིའི་བུ་མོ་གླུ་སྐད་སྙན་མོ་ཅན་དེའི་ཟུར་ནས་ལེན་ཐབས་མ་བྱུང་།

     མཚན་མོ་དེར་ཚེ་རིག་ལ་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་སོང་།    ད་ལྟ་ཁོ་དང་ཨ་ཁུ་བསོད་རྡོར།    གཞན་འབྲོག་པའི་སྐྱེས་པ་སྟག་འདྲ་བ་འགའ་ཞིག་གིས་བྱང་བུ་དཀར་པོ་ཐང་ལ་བཏིང་ཞིང་།    ཤྭ་བའི་ལྡིང་སུག་གིས་གྲུབ་པའི་ཤོ་ཡག་པོ་གསུམ་དང་།   ལྕང་ལྕུག་མང་པོ་རྡེའུ་མང་པོ་སོགས་གྲ་སྒྲིག་ཚགས་སུ་ཚུད་པ་བྱས་ཏེ།    དགའ་དགའ་སྤྲོ་སྤྲོའི་ངང་ནས་ཤོ་རྩེད་ཀྱི་མགོ་རྩོམ་གྱིན་འདུག    ཚེ་རིག་གིས་མགོ་བོ་བཏེགས་ནས་ཤོ་རྩེད་མཁན་ཁོ་ཚོའི་གཡས་གཡོན་དུ་བལྟས་པ་ན།    འབྲོག་པའི་བྱིས་པ་དང་ན་གཞོན་བུད་མེད་མང་པོས་རུབ་རུབ་ཀྱིས་ལྟད་མོ་ལྟ་བཞིན་པ་དང་།   མཚམས་རེར་གཅིག་གིས་གཅིག་གི་རྣ་རྩར་ལྐོག་བཤད་བྱེད་ཀྱིན་བཞིན་གྱི་མེ་ཏོག་ཅིར་ཡང་འཛུམ་གྱིན་འདུག    ལྷག་པར་དུ་གླུ་སྐད་སྙན་མོ་ཅན་གྱི་བུ་མོ་དེ་རང་གི་རྒྱབ་ཕྱོགས་སུ་ཉེ་བར་བཏུད་ནས་ངོ་ཚའི་ཟོལ་དང་བཅས་རང་ཉིད་ཤོ་རྩེད་ལས་རྒྱལ་བར་སེམས་ཁུར་བྱེད་པ་དང་འདྲ།   ཚེ་རིག་དེ་བས་ཀྱང་སྤྲོ་སྣང་འཕེལ་ཏེ་ལག་པ་བརྡར་བརྡར་དང་སྤར་ཁྱིམ་དུ་ཕུ་ཁ་ཤས་བཏབས་ནས་གྲ་སྒྲིག་བྱས།    སྐབས་དེར་ཨ་ཁུ་བསོད་རྡོར་གྱིས།   ཁ་སྤུ་བྱིལ་བྱིལ་ཞིག་བྱས་ཤིང་མིད་པ་བསལ་ཏེ་སྐད་གསེང་མཐོན་པོས་ “ཆད་་་་་་་ཆད་་་་་་ཆད།    ཕོ་ཆད་ག་བ་སྟག་ལ་ཆད།   མོ་ཆད་ག་བ་གཟིག་ལ་ཆད།    ཆད་ཆད་པོའི་རིང་ང་ཆད་ད་ད།    ཉ་ལྕོང་མོའི་རིང་ང་རི་གུ་གུ    ཀིའི་་་་་་ཆད།” ཅེས་བྱང་དཀར་གདན་གྱི་དཀྱིལ་དུ་ཤོ་མིག་དག་ཐ་རེར་གཏོར་བ་ན་ཤོ་རྩེད་མཁན་དང་ལྟད་མོ་བ་ཚང་མས་མིག་རིག་རིག་གིས་ཤོ་རྡེའུ་ལ་བལྟས་ཤིང་།    ལ་ལ་བགད་པ་དང་ལ་ལས་ཁ་མཚར་ཀུ་རེ་རྩེ་བ།   ལ་ལས་“ཡག་པོ་བབས་སོང་།   ཨ་མའི་བུ།    ཀིས་ཧིས་་་་་་ཧིས་་་་་་”ཞེས་སོགས་འུར་བརྒྱབ་པ་ནི་རྩྭ་ཐང་གི་ལྷིང་འཇགས་དཀྲོག་པའི་རོལ་དབྱངས་ཤིག་དང་མཚུངས།    དེ་ལྟར་ཤོ་རྩེད་མཁན་རྣམས་ཀྱིས་རེས་མོས་ཀྱི་སྒོ་ནས་སོ་སོས་ཤོ་འབོད་ཀྱི་ཚིག་གི་སྒྱུ་རྩལ་སྣ་ཚོགས་ཀྱིས་འཕངས་པ་དང་མཚམས་ཤིག་ཚེ་རིག་གི་རེས་ལ་འཁོར།

     ཁོས་ཡང་བསྐྱར་རྒྱབ་ཕྱོགས་ཀྱི་བུ་མོ་དེའི་གདོང་ལ་མིག་ཟུར་གྱིས་གཅིག་བལྟས་པས་བུ་མོས་ཀྱང་མིག་བརྡ་སྙིང་རྗེ་བོ་ཞིག་བསྟན་བྱུང་བས་ཚེ་རིག་ལ་ལྷག་ཏུ་སྤྲོ་སྣང་ཆེན་པོ་ཞིག་དང་འཕེལ་ཏེ་ལག་གཡས་ཀྱི་སྤར་ཁྱིམ་དུ་ཤོ་རྣམས་བཟུང་ནས་མཐོན་པོར་བཏེགས་སྟེ་གཡུག་གཡུག་བྱེད་ཀྱིན་སྐད་གསེང་མཐོན་པོས་“ཀིས་་་་་ཅ་ལ་་་་་་ཅ་ལ་་་་་་ཅ་ལ།    ཕོ་བཅུ་ཕོ་ལ་བཅུ།    མོ་བཅུ་མོ་ལ་བཅུ།   སྲེག་པ་རྡོ་ལ་བཅུ།   རི་བོང་སྐྲ་ལ་བཅུ།    དབྱར་ཆུ་བཟང་བོ་ན་དམར་གི་གཞུང་ན་ཡོད།    དགུན་ཆུ་བཟང་བོ་འཁྱག་དར་གི་སྦུབ་ན་ཡོད།    བཅུ་མོ་ཤད་ཀི་ཤོག   གླག་མོ་འཕུར་གི་ཤོག   ཀིས་་་་་་ཅ་ལ། ”ཞེས་ཤོ་མིག་དག་བྱང་གདན་གྱི་སྟེང་དུ་ཐར་སེར་འཕངས་པ་ན་དངོས་གནས་བཅུ་ཞིག་བབས་འདུག་པས་དེར་ཡོད་ཚང་མ་ཀི་དིར་འུར་དིར་གྱིས་གང་།    ཚེ་རིག་གི་མགོ་ནང་དུ་ཚ་ཤད་ཅིག་རྒྱུག་པའི་ཚོར་བ་བྱུང་བའི་མུར་མིག་གཉིས་དལ་གྱིས་ཕྱེས་པ་ན་ཁོའི་ཟུར་དུ་ལྭ་བ་དཀར་པོ་གྱོན་པའི་མི་མང་པོ་ཞིག་ཡར་ལངས་ནས་ཡོད་ལ།    ཚང་མས་རྒྱ་སྐད་ཀྱིས་དགའ་འབོད་བྱེད་ཀྱིན་འདུག    དེ་ནི་ཞིང་ཆེན་ག་གེ་མོའི་སྨན་ཁང་ཨང་གཉིས་པའི་ནང་རེད་ལ།    ཁབ་ཆེན་གྱི་འགྱིག་ཁུག་ཁ་གང་བ་ཞིག་ཐུར་དུ་གནར་ནས་ལག་གཡས་པའི་རྩ་གསེང་བརྒྱུད་ནས་ལུས་ལ་བབས་ཀྱིན་འདུག་ཅིང་།    མགོ་བོ་ནི་ཅི་ཞིག་གིས་གཅུད་ནས་བ་མ་ཞིག་ལྟར་བྱས་ཡོད་འདུག   རྐང་བའི་མཐིལ་ནས་སྤྱི་བོའི་གཙུག་གི་བར་དུ་རྒྱ་མ་སྟོང་ཕྲག་ཅིག་བསྣན་ནས་ཡོད་པའི་ཚོར་བ་ལྕིད་ཏིག་གེ་བ་ཞིག་གིས་ཡོངས་སུ་བཟུང་འདུག

      ད་ལྟ་ཚེ་རིག་གི་ཀླད་པའི་ནང་དུ་རབ་རིབ་ཅིག་ཤར་འོང་བ་ནི་རྒད་པོ་བསོད་རྡོ་གྱི་བདུན་དོ་ལོའི་ཤོ་འབོད་ཀྱི་“ཏ་ཆེན་དོ་ལོ་ཏོས་གི་རི།    གཉན་ཆེན་ཐང་ལ་དབུས་ཀྱི་རི།    དབུས་ཀྱི་རི་ནག་མཐོན་པོ་འདི།”  ཞེས་པའི་རི་ཆེན་ཞིག་གིས་རང་ཉིད་མནན་འདུག་པ་མིན་ནམ་སྙམ་པ་ཞིག་ཤར།   དངོས་གནས་ཡིན་པ་རེད།    རང་ཉིད་ཀྱིས་ད་ལྟ་ཉིད་ནས་མགོ་བོ་བཏེགས་སྟེ་མདུན་ན་ཡོད་པའི་མི་དག་ལ་གོས་དཀར་པོ་ཏག་ཏག་གྱོན་དགོས་པའི་རྒྱུ་མཚན་དང་།    རང་ཉིད་ཀྱིས་ཁ་ཡིས་ཆུ་འཐུང་ན་ཆོག་པ་ལས་ལུས་ཀྱི་རྩ་ལམ་ལ་ཁབ་ཀྱིས་བཤོ་དགོས་དོན་མེད་ཚུལ།    ལག་པ་འདི་འདི་ལྟར་ཁྱི་ཕུར་བ་ལ་བཏགས་པ་ལྟར་ཡང་ག་ལ་རུང་སྟེ།    ཐག་ཐག་གིས་གློག་ཀླད་དུ་རྩོམ་ཡིག་གཏགས་དགོས་པས་ཅི་ལ་ཁོམ།   འདི་ལྟར་སྙམ་མུར་མདུན་གྱི་མི་དག་ལས་སུ་ཞིག་གིས་“ཚེ་རིག   ཚེ་རིག” ཅེས་འབོད་ཀྱིན་པ་ཐོས་མོད།     ཨ་ལན་ཞིག་སྟེར་རྒྱུ་ནི་བྱིས་པས་གླང་ཆེན་གྱི་རྔ་མ་ནས་འཐེན་པ་ལྟར་ཁོག་ནས་ཁ་རུ་འབུད་མི་ཐུབ་པར་འདུག   ཚེ་རིག་རང་ཉིད་ཀྱི་སྟེང་ལ་ཁོང་ཁྲོ་ལངས།    རང་ཉིད་འདི་འདྲའི་ནུས་མེད་ཅིག་ཏུ་གྱུར་བར་ཁོང་ཁྲོ་ལངས།    ཨ་ལན་ཙམ་ཡང་སྦྱིན་མི་ནུས་ན་རང་ཉིད་རྗེས་སོར་མི་ཡུལ་དུ་ཇི་ལྟར་གསོན་པར་འགྱུར་ཐུབ་སྙམ་ནས་ལྷག་ཏུ་ཁོང་ཁྲོ་ལངས།

 

༢༠༡༥ ལོའི་སྤྱི་ཟླ་༥ བའི་ནང་དུ་གཅིག་སྒྲིལ་རྫོང་ན་གཞོན་པའི་བྱ་འགུལ་ལྟེ་གནས་ཀྱི་ཐོག་ཁང་དུ་གཅིག་སྒྲིལ་ས་ཆའི་ཁོར་ཡུག་དང་རི་ཆུའི་རིག་གནས་འཚོལ་སྡུད་སྒྲིག་རྩོམ་གྱི་སྐབས་སུ་ཞོར་གྱིས་གྲུབ་པར་བྱས།

 

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།