རྫ་ཆུ་ཁའི་བུ་མོ།

1302

རྩོམ་པ་པོ།   ཨ་སྐྱབས་དར་རྒྱས།

 


     སྙིའི་ཞོ་མར་ཐང་དུ་ལུག་ཁྱུ་ནི་སྤྲིན་དཀར་མཆེད་པ་བཞིན་གང་སར་ཁྱབ་འདུག ཚེ་རིང་བསམ་གྲུབ་ཀྱི་སེམས་སུ་དེ་ནི་ཨ་ཤོད་ཁ་བ་ལ་རིའི་རི་སྐེད་དུ་རྒྱུ་བའི་ན་བུན་དང་གཉིས་སུ་མི་འདུག་སྙམ། ལུག་ཁྱུའི་འགྲམ་ན་བུ་མོ་ལང་ཚོ་དར་ལ་བབ་ཅིང་ཡིད་དུ་འོང་བ་ཞིག་གིས་རྫི་གླུ་ལེན་བཞིན་འདུག ཁོས་མེ་ཏོག་སེར་ཆེན་གྱི་སྐེ་རྒྱན་དེ་བཟུང་ནས་བུ་མོའི་མགུལ་དུ་བསྐོན་པའི་ཚེ།   ཁོ་མོ་དགའ་ནས་ཁ་ཡང་ཟུམ་མི་ཐུབ་པར་གད་མོ་བསླུག་བསླུག་ཏུ་དགོད་ཞོར་ལུག་ཁྱུའི་ནང་དུ་བརྒྱུགས  ཁོ་ལ་ཚམ་ཚོམ་ཅི་ཡང་མེད་བུ་མོ་དེའི་རྗེས་སུ་བརྒྱུགས་པ་ན་རྐང་པ་སྤོ་འབུར་ཞིག་ལ་ཐོགས་ནས་ས་ལ་འགྱེལ། ཁོས་མལ་སའི་ནང་དུ་རྐང་ཤད་བྱེད་བཞིན་གཉིད་ལས་སད།  མ་གཞི་འདི་ནི་རྨི་ལམ་ཞིག་ཡིན་ཡང་།   རྨི་ལམ་དུ་ཁོ་ནམ་རྒྱུན་བུ་མོ་ཞིག་ལ་ཐུག་པ་རྨིས། དེ་ནི་ཁོ་བྱིས་པ་ཡིན་དུས་ནས་ད་བར་དུ་རྨིས་མྱངས་བའི་རྨི་ལམ་ཞིག་རེད།

   དེ་རིང་ནི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་དང་པོ་རེད།  ཕྱི་དྲོ་དེར།  གསེར་མདོག་གི་ཉི་འོད་ཀྱིས་གནུབས་ཟུར་ཡུལ་ཚོའི་སྲང་ལམ་རྒྱུ་བཞིན་པའི་མི་ཚོར་ཁུ་སུམ་མེར་དགུན་དུས་འདིར་མཁོ་བའི་དྲོན་ཁོལ་སྩོལ་བཞིན་འདུག  ཕྱོགས་སོ་སོ་ནས་ཡོང་བའི་དད་ལྡན་མང་ཚོགས་ནི་གྲོག་ཚང་བརྡོལ་བ་བཞིན་བླ་རུང་སྒར་དང་། གནུབས་ཟུར་ཡུལ་ཚོའི་སྲང་ལམ་ཁེངས་བྱུང་།  གནུབ་ཟུར་ཡུལ་ཚོའི་སྲང་ལམ་གྱི་གཡས་གཡོན་དུ་རས་གུར་འདྲ་མིན་སྣ་ཚོགས་ཕུབ་སྟེ་ཚོང་ཁང་དང་། ཟས་ཁང་། ཤ་བསྲེགས་བཙོང་མཁན། སྒྲུང་ལེན་མཁན། གཞས་འཚོང་མཁན། གནའ་རྒྱུ་ཉོ་མཁན།  སྤྲང་པོ་སོགས་ཀྱིས་ཁེངས་བྱུང་བས།  གནས་དེ་རུ་སྐད་རིགས་མི་འདྲ་བ་དང་། ཤ་མདོག་མི་འདྲ་བ།  ཆ་ལུགས་མི་འདྲ་བའི་མི་ཚོགས་ནི་ནམ་མཁའི་སྐར་མ་དང།  སའི་རྩི་ཤིང་དང་འདྲ་བ་བྱུང་།

    ང་ནི་གནུབ་ཟུར་ཡུལ་ཚོའི་མངགས་གཏོང་ཁང་གི་ཉེན་རྟོག་པ་ཞིག་ཡིན།  མཚམས་ཤིག་ལ།  ངས་བོད་ལྭ་་མིག་ལ་མཛེས་ཤིང་ལུས་ལ་རན་པ་གྱོན་པའི་བུ་མོ་ཞིག་མཐོང་བྱུང་། མོའི་དཀར་ཞིང་དམར་ཤ་ཆགས་པའི་ཞལ་རས་དང་།  བྱ་རྒོད་ཀྱི་གཤོག་ཟུང་བརྐྱངས་འདྲའི་སྨིན་མའི་འོག་ཏུ།  ནག་ཅིང་འོད་འཁྱུག་པའི་མིག་ཟུང་དེར་བལྟས་ཀྱིན་བལྟས་ཀྱིན་ངའི་དམར་ཆུང་སེམས་པ་དབང་མེད་དུ་ཁོ་མོར་ཤོར་སོང་།

    ངས་སྐད་གདངས་ཆུང་ངུའི་ཀུན་དགའ་ལ་”ཨ་རོགས།  ལྟོས་དང་།  ཕར་ཕྱོགས་སུ་རྫ་ཆུ་ཁའི་མཛེས་མ་ཞིག་ཡོང་གིན་འདུག”ངས་དེ་ལྟར་ཟེར་ཞོར་མགྱོགས་པོར་མོའི་རྗེས་དེད།

   གྲོགས་པོ་ཀུན་དགས་ཀྱང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་བླངས་ཏེ་མོ་པར་ཞིག་བརྡབས་སོང་། “གྲོགས་པོ། པར་འདི་ལ་ལྟོས་དང་། ཅི་འདྲ་འདུག”

“ངོ་མ་ཡག་གི”

“བུ་མོ་འདིས་གཟུགས་ཁོ་ནས་ཀྱང་སྐྱེས་པ་མང་པོ་དབང་པོ་ཤོར་དུ་འཇུག་རྒྱུ་རེད།  ཧ་ཧ”

གྲོགས་པོ་ཀུན་དགས་ཡང་བསྐྱར་དེ་ལྟར་ཀུ་རེ་རྩེ་ཞོར། “གྲོགས་པོ་ཚེ་རིང་བསམ་གྲུབ།  ད་ཐེངས་གོ་སྐབས་འདི་འཆོར་དུ་མ་འཇུག” ཟེར།

    ངས་པར་ནང་གི་ཁོ་མོར་ཡང་བསྐྱར་གཟབ་ལྟ་ཞིག་བྱས་པ་ན།  པར་ནང་གི་མཛེས་མ་དེའི་བོད་གོས་ཀྱི་གློ་ཟུར་དུ་དངུལ་གྲི་ཐུང་ཐུང་བྱུ་རུའི་ཁྲ་ཅན་ཞིག་བཏགས་འདུག་ལ།  བོད་གོས་ཀྱི་ཕུ་ཐུང་ཆེ་ལུགས་དང་།  བོད་ཞྭའི་འཐེབ་མོག་འཇོག་སྟངས་གང་ལ་བལྟས་ཀྱང་།  མོ་ནི་རྫ་ཆུ་ཁའི་བུ་མོ་ཞིག་ཡིན་པ་ལས་སླ་མོའི་ངང་ནས་རྟོགས་ཐུབ།

     ངས་མགྱོགས་མྱུར་མི་ཚོགས་ཁྲོད་དུ་མོ་ལ་མིག་ཉུལ་བྱས་པ་ན།  ཁོ་མོས་ཚོང་ཁང་ཞིག་གི་ནང་དུ་བྲེལ་བ་མེད་པར་ཚོང་རྫས་ལ་ལྟ་བཞིན་འདུག་ཅིང་།  མོ་དང་མོའི་གྲོགས་མོ་གཉིས་ཀྱིས་ཅི་ཞིག་ལབ་བཞིན་ཚོང་ཁང་གཞན་པ་ཞིག་གི་ནང་དུ་འཛུལ་སོང་།  ངས་མོའི་ཡིད་དབང་འཕྲོག་པའི་རྒྱབ་གཟུགས་ལ་ལྟ་ཞོར་དུ་རྗེས་དེད་ནས་ཚོང་ཁང་དེ་རུ་སོང་།

    ང་ནི་གཟུགས་རིང་ཞིང་ཤ་མདོག་ཀྱང་སྨུག་ནག་ཡིན་པས་གྲོགས་པོ་ཚོས་ནམ་རྒྱུན་ང་ལ་ཁམས་པའི་ཕོ་གསར་ཞེས་འབོད་པ་དང་།  རང་གིས་ཀྱང་དེ་ལྟར་རློམ་ཡོད་པས།  ཚམ་ཚོམ་ཅི་ཡང་མེད་པར་ཚོང་ཁང་དུ་ཅ་ལག་ཉོ་བར་ཡོང་མཁན་ཞིག་ཏུ་བརྫུས་ཏེ་མོའིའགྲམ་དུ་སོང་། བུ་མོ་དེས་ཁ་ཕར་འཁོར་ཏེ་ཚོང་ཁང་ནང་དུ་ལག་ཤུབས་ཤིག་ཉོ་བཞིན་འདུག

    ངས་དེ་མ་ཐག་གོ་སྐབས་དམ་འཛིན་བྱས་ཏེ”ཨ་རོགས།  བུ་མོ། ཁ་པར་ཨང་གྲངས་ཤིག་སྟེར་རོགས”ཞེས་བཤད། མོས་ཅུང་མི་འཐད་པའི་ཉམས་ཀྱིས་ང་ལ་ཐེངས་ཤིག་བལྟས་ནས”ང་ལ་ཁ་པར་མེད”ཟེར་ཞོར་ཁ་ཕར་འཁོར་ཏེ་རུམ་ནས་སྒོར་ཁུག་བླངས་ཤིང་ཚོང་བདག་ལ་ལག་ཤུབས་ཀྱི་རིན་པའི་སྒོར་མོ་བྱིན། ངས་སླར་ཡང་ཨུ་ཚུགས་ཀྱིས”ཁྱོད་ཀྱི་ཁ་པར་ཨང་གྲངས་ཤིག་སྟེར་རོགས། འདི་ན་མི་མང་པས་སྟབས་དེ་འདྲ་མི་བདེ།  ང་ཁྱོད་ལ་བཤད་རྒྱུ་ཞིག་འདུག”ཅེས་བཤད་པ་ན། མོས་ཁ་མི་གྲག་པར་ཡང་བསྐྱར་ང་ལ་ཐེངས་ཤིག་བལྟས་བྱུང་།

     ངས་ནི་ཉིན་དེར་ལུས་ལ་ཚ་རུ་གྱོན་པ་མ་ཟད། ད་རུང་མིག་ཤེལ་ནག་པོ་ཞིག་ཀྱང་བརྒྱབ་ལ། སྐེ་རུའང་སྐེ་དཀྲུས་མཐུག་པོ་ཞིག་གིས་དཀྲིས་ཡོད།  སེམས་སུ་མོས་ང་ནི་ཁམས་པའི་ཕོ་སར་ཞིག་ཏུ་འདོད་ཡོད་དམ།   དེ་ལྟར་བསམ་ཞོར་མོ་དང་བར་ཐག་ཆེས་ཉེ་ས་ནས་བལྟས་པ་ན།    མོའི་སྐད་ཆ་བཤད་ཤེས་པ་ལྟ་བའི་མིག་ཟུང་ལ་ཐེ་ཚོམ་གྱི་ཉམས་ཤིག་མངོན་ཏེ།    སླར་ཡང”ང་ལ་ཁ་པར་མེད”ཅེས་ཟེར།     དེ་ནི་ཅི་འདྲའི་ཚིག་ཐག་ཆོད་པའི་སྐད་ཆ་ཞིག་རེད་ཨང་།

     ངས་སྒོ་འགྲམ་དུ་ལམ་བཀག་སྟེ་བསྡད་པས། མོའི་གྲོགས་མོ་དེས་མོའི”ཁ་པར་ཨང་གྲངས་ནི135་་་་་་་”ཞེས་ལབ་བྱུང་།  ངས་མོས་སྐད་ཆ་བཤད་སྟངས་དང་གདོང་གི་ཉམས་ལས་དེ་ནི་ང་ལ་མགོ་གཡོག་གཏོང་བཞིན་པ་ལོས་ཤེས། དེའི་དུས།  ཕྱི་དྲོའི་ཆོས་གྲོལ་བས་ཚོང་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་པའི་མི་ནི་ཇེ་མང་ནས་ཇེ་མད་དུ་སོང་།

    ངས་འདི་འདྲའི་མི་ཚོགས་མང་པོ་ཞིག་གི་གྲལ་ནས་ཆ་རྒྱུས་མེད་པའི་བུ་མོ་དེའི་ཁ་པར་ཨང་གྲངས་ལ་རེ་སྟེ་ལམ་བཀག་ནས་འདུག་སྲོལ་མེད་པས། མོས་ཁ་པར་ཨང་གྲངས་མ་སྦྱིན་ཡང་ངས་ལམ་བཟུར། བུ་མོ་དེས་ང་ལ་ཕྱི་མིག་ཙམ་ཡང་མི་བལྟ་བར་མི་ཚོགས་མང་བའི་གནུབ་ཟུར་ཡུལ་ཚོའི་སྲང་ལམ་དུ་བུད་སོང་། ཨ་ཙི།  ངའི་སེམས་པ་ནི་བུ་མོ་དེ་དང་མཉམ་དུ་གང་ཞིག་ལ་བུད་སོང་བ་དང་འདྲ་ཞིང་། མོས་ངའི་སེམས་པ་གང་ཞིག་ལ་ཁྱེར་སོང་བ་དང་ཡང་འདྲ།

     ང་དང་གྲོགས་པོ་ཚོས་དགོང་ཟས་རོལ་བའི་དུས་སུ།  ངས་ཁ་པར་ནང་གི་པར་ལ་ལྟ་ཞོར།  “གསར་བུ་ཚོ།  དེ་རིང་ང་མཛེས་མ་ཞིག་དང་ཕྲད་བྱུང་། ཕལ་ཆེར་སེང་ལྕམ་འབྲུག་མོའི་རྣམ་སྤྲུལ་ཡིན་རྒྱུ་རེད”ཟེར་བ་ལ།གྲོགས་པོ་ཚོས་ཀྱང་ཟས་ཟ་ཁོམ་མེད་པར”ངས་བལྟ། ངས་བལྟ”ཟེར་ནས་འཕྲོག་རྩོད་བརྒྱབ་བྱུང་། ཚང་མས་ཀྱང”བུ་མོ་མཛེས་མ་ཞིག་རེད”ཟེར་ནས་མགོ་ལྕོག་ལྡེམ་བྱེད།

     ངའི་སེམས་སུ་ད་དུང་མིང་མི་ཤེས་པའི་བུ་མོ་དེ་དང་གཅིག་ཐུག་ན། ངེས་པར་དུ་མོའི་ཁ་པར་ཨང་གྲངས་ཤིག་ཅིས་ཀྱང་ལེན་ཐབས་བྱ་དགོས་སྙམ། བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་གཉིས་པ་དང་། ཉིན་གསུམ་པ། ཉིན་བཞི་པའི་དུས་ཚོད་སོགས་རིམ་གྱིས་འདས་སོང་།  ངས་ཉིན་རེ་བཞིན་གྲོགས་པོ་ཀུན་དགའ་དང་མཉམ་དུ་གནུབས་ཟུར་ཡུལ་ཚོའི་སྲང་ལམ་དང་།  ཚོང་ཁང་།  ཇ་ཁང་།    ཐ་ན་ཞིང་སྒྲུབ་འཚོགས་སའི་སྐོར་ལམ་སོགས་གང་སར་བུ་མོ་དེ་བཙལ་དུ་སོང་།

     འོན་ཀྱང་།   མི་ཚོགས་ཀྱི་ཁྲོད་དུ་ངས་མོའི་གྲིབ་མ་ཙམ་ཡང་མ་མཐོང་བས་ངའི་རེ་བ་ནི་ཆུ་ཡི་ཝུ་བ་བཞིན་སྟོང་བར་གྱུར་སོང་།  ངས་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་གཉིས་པའི་ཆོས་ཁྲིད་ཀྱི་སྐད་ཆ་ཞིག་ཡིད་ལ་དྲན་ཡོང་། འཁོར་བའི་ཉེས་དམུགས་བཤད་པའི་སྐབས་ཤིག་ལ། མཁན་པོ་ལགས་ཀྱིས་ཁྱོད་ཀྱི་འདོད་པ་ཐོག་ཏུ་མི་ཁེལ་བ་དང།  མི་འདོད་པ་སྟེང་དུ་ཡོང་བའི་སྡུག་བསྔལ་ཞེས་པ་ནི་ངའི་ད་ལྟ་དངོས་སུ་མྱོང་བཞིན་པ་མ་ཡིན་ནམ།

     ཨ་ཤུ། དྲང་མོར་བཤད་ན།  ང་སླར་ཡང་ལས་དབང་ཞེས་པར་ཡིད་ཆེས་བྱ་དགོས་བྱུང་། ང་མོ་དང་ཐུག་འཕྲད་ཀྱི་འདུན་པ་ཇི་ལྟར་ཇེ་ཆེར་སོང་ན། མོ་དང་མི་འཕྲད་པའི་བར་ཐག་དེ་ལྟར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་འདྲ།  ལོ་རེའི་བདེ་ཆེན་ཞིང་སྒྲུབ་ལ་ཡོང་བའི་མི་འབོར་ནི་ཁྲི་བཅོ་ལྔ་ལས་བརྒལ་ཡོད།  ངས་མི་འབོར་ཁྲི་བཅུ་ལྷག་གི་ནང་དུ།  ངའི་སེམས་པ་སྐད་ཅིག་ལ་འཕྲོག་པའི་རྫ་ཆུ་ཁའི་བུ་མོ་དེ་གང་ནས་འཚོལ་དགོས།

      ངས་ཉིན་འདི་དག་ལ་ཁ་ལག་གཙང་མར་བཀྲུས་ཤིང་། བོད་ལྭ་གྲ་དག་གྱོན་ཏེ་ཚུགས་ཀ་ཕུད་ནས་མི་ཚོགས་ཀྱི་ཁྲོད་དུ་མོ་བཙལ་དུ་སོང་མོད། མཐའ་འབྲས་ནི་ལུས་སེམས་གཉིས་ཀ་སྡུག་ལ་གཏོད་པའི་མནར་གཅོད་ཀྱི་གོ་རིམ་རང་པོ་ཞིག་ལས་མ་འདས།

2

     ཚེ་རིང་བསམ་གྲུབ་ཀྱིས་ཇི་ལྟར་བསམ་བློ་གཏོང་ཞོར་ཉིན་དེར་མཐོང་བའི་རྫ་ཆུ་ཁའི་བུ་མོ་དེ་ནི་སྔོན་ཆད་ཁོའི་རྨི་ལམ་དུ་རྨིས་པའི་ལུག་རྫི་བུ་མོ་དེ་རེད་སྙམ།  བླ་རུང་སྒར་གྱི་བདེ་ཆེན་ཞིང་སྒྲུབ་ནི་ཉིན་བརྒྱད་ལ་འཚོགས་བཞིན་ཡོད།  བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་ལྔ་པའི་ཉིན།  ཞོགས་པའི་ཉི་ཟེར་དྲོན་མོ་ང་ཚོའི་སྡོད་ཁང་དུ་འཕྲོས་བྱུང་། སྡོད་ཁང་ནང་གྲོགས་པོའི་ཚོས་དུ་བ་འཐེན་པའི་དྲི་མ་དང་། ཝུ་ཆང་འཐུང་བའི་སྐྱུར་དྲིས་ཁེངས་འདུག

     ང་མགྱོགས་མྱུར་མལ་ལས་ལངས་ཏེ། གནུབ་ཟུར་ཡུལ་ཚོའི་སྲང་ལམ་ནས་བདག་གི་སེམས་པ་འཕྲོག་པའི་རྫ་ཆུ་ཁའི་བུ་མོ་དེ་བཙལ་བར་ཕྱིན།   ང་ཕོ་ལོ་ཉེར་གཅིག་ཐོག་ཧུ་པེ་ཞིང་ཆེན་དམག་སྡེ་བརྒྱད་པ་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་ཞུགས་བྱས། ཕོ་ལོ་ཉེར་གཉིས་ཐོག་ངའི་ད་ལྟའི་ཆུང་མ་ལྷ་མོ་དང་གཉེན་སྒྲིག་བྱས་པས།  ད་ལྟ་ང་ལ་བུ་མོ་ཆུང་ཆུང་ཞིག་ཀྱང་ཡོད།

    ངས་མོ་ཤེས་འདོད་པའི་འདུན་པ་མེ་ལྕེ་བཞིན་དྲགས་ཏུ་མཆེད་བྱུང་།  ང་མོར་ཐུག་འདོད་པའི་ཞེན་ཆགས་གློག་ཞགས་བཞིན་ཤུགས་ཀྱིས་འཁྱུག་བཞིན་གདའ།   མོ་མཐོང་བས་ང་རང་བསམ་གཞིག་གི་རྒྱ་རུ་ཚུད་སོང་།ཉི་མ་ནི་ཨ་ཤོད་ཁ་བ་ལ་རིའི་ཕྲག་སྟེང་ནས་ནུབ་རིར་བཞུད་ལ་ཉེ། རླུང་བུ་ལྡོམ་པོ་ཞིག་ཀྱང་འཁྱག་སིབ་བེར་གང་ཞིག་ནས་གཡུགས་བྱུང་། དེ་རིང་། ངའི་ཆུང་མ་ལྷ་མོ་ཁྲིད་དེ་ཆོས་ཞུ་རུ་ཡོང་ཡོད།

     ཕྱི་དྲོ། ཆོས་ཚོགས་གྲོལ་རྗེས་ང་ཚོ་གནུབ་ཟུར་ཡུལ་ཚོའི་སྲང་ལམ་བརྒྱུད་ནས་མར་ཡོང་།  ང་སྔོན་མ་བྱས་ནས་ཡོང་གིན་ཡོད། སྲང་ལམ་གྱི་དཀྱོགས་མཚམས་ཤིག་ཏུ་ངའི་མིག་ལམ་དུ་་རྫ་ཆུ་ཁའི་བུ་མོ་དེ་མངོན་བྱུང་། ཐེངས་འདིར་ཡར་སྔོན་དང་འདྲ་བར་མོའི་ངའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་པ་ཞིག་རེད། འོན་ཀྱང་ངའི་རྒྱབ་ཕྱོགས་སུ་ཆུང་མ་དང་བུ་མོ་ཡོང་གིན་ཡོད་པས་ངའི་ཅི་ཞིག་བྱ།

     བསམ་ཡུལ་ལས་འདས་པ་ཞིག་ལ། མོ་ངའི་ཕྱོགས་སུ་ཡོང་ནས”ཁྱོད་གང་ལ་འགྲོ”ཟེར། དེ་ནི་ང་ལ་མཚོན་ན་ཅི་འདྲའི་དགའ་འོས་པ་དང་རྙེད་པར་དཀའ་བའི་རྨི་ལམ་ནང་གི་བུ་མོ་དང་ཁ་བརྡ་བྱེད་པའི་གོ་སྐབས་ཤིག་ཡིན་ཡང་།  ངའི་ཆུང་མ་དང་བུ་མོ་རྒྱབ་ཏུ་བཞག་ནས་ཆ་རྒྱུས་མེད་པའི་བུ་མོ་ཞིག་དང་ཁ་བརྡ་བྱེད་སྲོལ་མེད་པས།  ང་མདུན་དུ་ཤར་རེར་འགྲོ་ཞོར་”ང་ཡུལ་ཚོའི་ཐོག་ཏུ་འགྲོ་ནི་ཡིན”ཞེས་སྐད་ཆུང་ངུའི་ལན་ཞིག་ཕྱིན་པ་ལས་ཐབས་བཀོད་ཅི་ཡང་མ་བྱུང་། མོའི་སྐད་སྒྲ་ཡང་ཤིན་ཏུ་དམའ་བས་ཆུང་མས་ཅི་ཡང་གོ་མི་འདུག་པ་དང་།འདུ་འཛུས་ཁེངས་པའི་སྲང་ལམ་དུ་བུ་མོ་ཁྲིད་དེ་ལྟད་མོར་གཡེང་ཞོར་རྗེས་སུ་ཡོང་གིན་འདུག

      ངས་གོ་སྐབས་དེ་དང་བསྟུན་ནས་རྒྱབ་ཕྱོགས་སུ་ཕྱིར་མིག་ཅིག་བལྟས་པ་ན།  རྫ་ཆུ་ཁའི་བུ་མོ་དེ་ཅུང་ཧ་ལས་པའི་ཉམས་ཀྱིས་ད་དུང་ས་དེ་རུ་ཁ་ཕྱིར་འཁོར་ཏེ་ངའི་རྒྱབ་གཟུགས་ལ་བལྟས་ནས་འདུག   འོན་ཀྱང་ང་ལ་ཐབས་བཀོད་ཅི་ཞིག་ཡོད། ང་རང་མུ་མཐུད་དུ་མདུན་ལ་འགྲོ་དགོས་བྱུང་།

      བླ་རུང་སྒར་ནས་གསེར་རྟ་རྫོང་ཐོག་ཏུ་འགྲོ་བའི་སྣུམ་ལམ་ཐོག་ཏུ་ངས་འཇེབ་འཁོར་བསྐོར་ཏེ་ཆུང་མ་དང་བུ་མོ་གཉིས་ཁྱིམ་དུ་བསྐྱལ། ལམ་བར་དུ་ཆུང་མས་ང་ལ་”ཁྱོད་ཀྱི་ལས་དོན་དཀའ་འམ” “ཟ་མ་ཨེ་བཟང་གི” “སྲང་བར་དུ་རླངས་འཁོར་བསྐོར་ན། མི་མང་བས་དོན་དག་འདྲ་འབྱུང་བར་དོགས་ཟོན་དགོས་”ཞེས་སྤྱི་ལེ་བཅུ་བདུན་ལྷག་གི་རིང་ལ་སྐད་ཆ་མང་པོ་ཞིག་བཤད་ཀྱང་། ངས་”ཨུན།”དང་”ཡ”ཞེས་ལན་སྟབས་བདེ་རེ་བཏབ་པ་ལས་ཆུང་མའི་སྐད་ཆ་ནི་་རྣ་རྒྱབ་ཏུ་ལྡང་བའི་རླུང་བུ་བཞིན་སྣང་མེད་བྱས།

     དེ་རིང་ངའི་ཡིད་དབང་འཕྲོག་པའི་བུ་མོས་ང་ལ་རང་འགུལ་གྱིས་གཏམ་ལན་བྱེད་དུས། ངས་ཁོ་མོའི་མིང་ཞིག་ཀྱང་འདྲི་མ་ཐུབ་པར་རྒྱབ་ཏུ་བསྐྱུར་དགོས་བྱུང་བ་ལ་ཕངས་སེམས་སྐྱེས།  ངའི་སེམས་པའང་དགུན་གྱི་ཁ་བ་བཞིན་གྲང་ཤུར་ཤུར།འཁྱག་སིབ་སིབ་ཏུ་གྱུར།

3

       གནུབ་ཟུར་ཡུལ་ཚོའི་སྲང་ལམ་དུ་ཚོང་ཁང་མང་པོ་ཡོད་ལ། ནམ་རྒྱུན་ཞིང་སྒྲུབ་འཚོགས་པའི་དུས་སུ། ཚོང་རྫས་འདྲ་མིན་འཚོང་བའི་ཚོང་པ་ཡང་ཧ་ཅང་མང་།  ང་ཐེངས་དང་པོར་རྫ་ཆུ་ཁའི་བུ་མོར་ཐུག་སའི་ཚོང་ཁང་དུ་སོང་།  ཚོང་ཁང་དུ་སྣུམ་ཚོན་རི་མོ་འདྲ་མིན་བཤམས་འདུག  སྣུམ་ཚོན་རི་མོ་ལས་བོད་པའི་བུ་མོ་དེས་ངའི་ཡིད་དབང་སྐད་ཅིག་ལ་ཕྲོགས།

    ངའི་སེམས་སུ་ནམ་རྒྱུན་རང་གི་རྨི་ལམ་དུ་རྨི་བའི་ལུག་རྫི་བུ་མོ་དེ་དྲན་པ་དང་། ལུག་རྫི་བུ་མོ་དེ་དང་སྣུམ་ཚོན་རི་མོ་རུ་བྲིས་པའི་བུ་མོ་གཉིས་ལ་དབྱེ་བ་ཅུང་ཙམ་ཡང་མི་འདུག ལྟོས་དང་།སྣུམ་ཚོན་རི་མོའི་ཐོག་གི་བུ་མོ་དེས་ཀྱང་ལུག་ཁྱུ་ཞིག་གི་འགྲམ་དུ་གླེང་བུ་གཏོང་གིན་འདུག ངས་རིན་གོང་ཡང་མ་གཏམ་པར་སྣུམ་ཚོན་རི་མོ་དེ་ཉོས།

    ངས་ད་རུང་གྲོགས་པོ་ཀུན་དགའ་ལ་སྣུམ་ཚོན་རི་མོ་འདི་ག་འདྲ་འདུག བུ་མོ་འདི་རྫ་ཆུ་ཁའི་བུ་མོ་དང་འདྲ་པོ་འདུག་གམ་ཅེས་དྲིས།  ཀུན་དགའ་དགོད་ཞོར་དུ་འདྲ་པོ་འདུག་ཟེར།  ངས་སྣུམ་ཚོན་རི་མོའི་ཐོག་གི་བུ་མོར་ལྟ་ཞོར་སེམས་སུ་རྫ་ཆུ་ཁའི་བུ་མོ་དེ་དྲན་འོངས།  དེ་རིང་ང་ནི་གྲོགས་པོ་ཚོ་དང་མཉམ་དུ་གནུབ་ཟུར་ཡུལ་ཚོའི་སྲང་ལམ་དང་།  བླ་རུང་སྒོ་ཆེན་བར་གྱི་གཞུང་ལམ་ཐོག་ཏུ་ཡར་འགྲོ་མར་འོང་བྱས་ཏེ་བསྡད།

    མཚམས་ཤིག་ལ།  གྲོགས་པོ་ཀུན་དགས་ཧ་ཅང་དགའ་བའི་ཉམས་ཀྱིས་ང་ལ་ལྟ་ཞོར”ཨ་རོགས། གོ་སྐབས་དམ་འཛིན་གྱིས་དང་།  ཁྱོད་ཀྱིས་མཐོང་བྱུང་ངམ་།  ཁྱོད་ཀྱི་ཡིད་འཕྲོག་མ་ཕེབས་ཡོང་གིན་འདུག”ཟེར།ངས་ཡར་བལྟས་པ་ན། རྫ་ཆུ་ཁའི་བུ་མོ་དེ་ཏག་ཏག་བླ་རུང་སྒོ་ཆེན་གྱི་ཕྱོགས་སུ་ཡོང་གིན་འདུགདེ་རིང་མོས་བོད་ལྭ་ནག་པོའི་ཞིག་གྱོན་འདུག་པ་དང་།  སྔར་བཞིན་ཁ་ཐུམ་ཁྲ་ཁྲ་དེ་ཡང་གྱོན་འདུག་པས་ཁོ་མོའི་ཞལ་རས་ཆ་ཚང་མི་མཐོང་ཡང་།  བྱུ་རུའི་སྐེ་རྒྱན་ཆུང་ཆུང་དེ་སྔོན་མ་ལས་ཀྱང་མིག་ལ་མཛེས་པ་ཞིག་རེད།

   ང་རིན་པོ་ཆེ་རྩ་ཆེན་ཞིག་མཐོང་བ་དང་འདྲ་བར་མོའི་རྗེས་བསྙེགས། དེ་རིང་མོས་ང་མཐོང་བ་ན། མོ་དང་མོའི་གྲོགས་མོ་གཉིས་ཀྱིས་གོམ་པ་ཇེ་མགྱོགས་སུ་བཏང་བྱུང་།  ངས་ཀྱང་གོམ་པ་ཇེ་མགྱོགས་སུ་བཏང་སྟེ”ཁྱོད་ཀྱི་མིང་ལ་ཅི་ཟེར། ང་ལ་ཁ་པར་ཨང་གྲངས་ཤིག་སྟེར་དང་།  ངའི་ཁྱོད་ལ་སྐད་ཆ་ཞིག་འཆད་འདོད”ཅེས་ལབ།

    མོས་དང་ཐོག་དང་འདྲ་བའི་ཟུར་མིག་གིས་གཅིག་བལྟས་ནས”ངའི་མིང་ལ་བདེ་སྐྱིད་ཟེར།  ང་ལ་ཁ་པར་མེད”ཅེས་སྨྲས་བྱུང་།  ང་སླར་ཡང་ཁོ་མོ་དང་མཉམ་དུ་འགྲོ་ཞོར”ཁྱོད་ཀྱིས་ང་ལ་རྫུན་ལབ་ཀྱིན་འདུག ངས་ཁྱོད་ལ་སེམས་གཏིང་ནས་དོན་དག་ཅིག་བའཆད་འདོད་པ་ཡིན”ཞེས་བཤད།

    “ངས་ཁྱོད་ལ་རྫུན་བཤད་པ་མིན། ངོ་མ་ཡིན།”ད་ཐེངས་མོའི་སྐད་ཆ་བཤད་སྟངས་ལས་ངས་དེ་ནི་དྲང་གཏམ་ཞིག་ཡིན་པ་ཤེས་བྱུང་། ངས་མགྱོགས་མྱུར་གླེང་གཞི་གཞན་པ་ཞིག་བཙལ་ཏེ། “ཁྱོད་ཚོ་ནམ་ཕ་ཡུལ་དུ་འགྲོ་རྒྱུ་ཡིན”ཞེས་དྲིས་པ་ཡིན།

   “ང་ཚོ་ཐག་རིང་ནས་ཡོང་བས་ཞིང་སྒྲུབ་གྲོལ་མ་ཚར་བར་འདུག་རྒྱུ་ཡིན།”

  “ཁྱོད་ཚོ་གང་དུ་བསྡད་ཡོད”

  “གནུབ་ཟུར་ཡུལ་ཚོའི་གཞུང་ལས་ཁང་གི་འགྲམ་དུ་ཁང་པ་ཞིག་གླས་ནས་བསྡད་ཡོད”

 “ཡ་ཡ།  བཀའ་དྲིན་ཆེ”

     ངེད་གཉིས་ཀྱིས་དེ་ལྟར་ཁ་བརྡ་བྱེད་ཞོར་བླ་རུང་སྒོ་ཆེན་བརྒལ་ཟིན་པ་དང་།  ད་དུང་ཡར་སོང་ན་བླ་རུང་སྒར་གྱི་དགེ་བསྐོས་ཚོས་ལམ་གྱི་གཡས་གཡོན་ནས་བལྟས་འདུག་པས།   མོ་ཅི་ཞིག་ལ་ངོ་ཚ་བ་ལྟར”ཁྱོད་ང་དང་འགྲོགས་ནས་མ་ཡོང་དང་།  དགེ་བསྐོས་ཚོས་ཀྱང་ང་ཚོ་ལ་བལྟས་འདུག”ཟེར།

    ངས་ཀྱང་ཁག་མི་འདུག་སྙམ་ནས་དེ་མ་ཐག་ཁོ་མོར”བདེ་མོ་བྱོས”ཟེར་ཞོར་ཁ་ཕྱིར་འཁོར་ཏེ་སོང་།  ང་ནི་མོ་དང་མཉམ་དུ་གོམ་པ་ཁ་ཤས་ལས་མ་སོང་བ་དང་།  མོས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ང་ལ་སྐད་ཆ་ཚིག་འགའ་ལས་མ་བཤད་ན་ཡང་།དེ་ནི་དེ་འདྲའི་བབ་ཆགས་ཤིང་རྣ་བར་སྙན་པ་ཞིག་རེད་ཨང་།

    མཚན་མོ་དེར།  མལ་ཁང་གི་གྲོགས་པོ་ཀུན་དགའ་སོགས་དང་མཉམ་དུ་ཤ་ཆང་ཉོས་དེ་ཁ་བརྡ་བྱས། ངས་ཝུ་ཆང་ཤེལ་ཏམ་མང་ཙམ་འཐུང་རྗེས།  སླར་ཡང་ཁ་པར་ནང་གི་བུ་མོ་དེའི་པར་ལ་ལྟ་ཞོར་སྐད་གདངས་ཆེ་རུ་བཏང་ནས། “གྲོགས་པོ་ཚོ། ངས་ཁྱོད་ཚོར་སྙིང་གཏམ་བཤད་པ་ཡིན།  ང་བུ་མོ་འདི་ལ་སྙིང་ཐག་ནས་དགའ་སོང”ཞེས་སྨྲས།

    དེ་དུས་ངའི་གན་གྱི་གྲོགས་པོ་ཀུན་དགའ་ཡང་ཝུ་ཆང་གིས་ཅུང་ཙམ་བཟི་འདུག་པས་”ངས་ཁྱོད་ཀྱི་སྙིང་སྟོབས་ལ་ཡིད་སྨོན་ཡིད་སྨོན་བྱེད་བཞིན་ཡོད།  ཉིན་དང་པོ་ནས་ཁྱོད་དེ་ལྟར་བུ་མོ་དེའི་གན་དུ་བཅར་ནས་སྐད་ཆ་བཤད་སྟངས་ལས། ངས་ཁྱོད་ཀྱིས་འཚོལ་འདོད་པ་དེ་ལས་སླ་མོ་བྱས་ནས་མི་འཇོག་པ་གསལ་པོ་ཤེས་སོང་།  ཡ་གྲོགས་པོའི་ཡིད་འཕྲོག་མ་དེའི་ཆེད་གཙང་བཞེས་བྱེད”ཟེར།

    མཚན་མོ་འདི་ནི་ཅི་འདྲའི་ལྷིང་འཇགས་ཤིག་ཡིན་ཡང་། ངའི་སེམས་པ་ནི་ཅི་འདྲའི་ཉོག་འཛིང་གི་འཇིག་རྟེན་ཅིག་རེད་ཨང་། སང་ཉིན་ནི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་བདུན་པ་རེད།  ངའི་ཡིད་དབང་འཕྲོག་པའི་བུ་མོ་དེའི་ཁ་པར་ཨང་གྲངས་ཙམ་ཡང་ཤེས་མེད། ངས་ཉིན་འདི་དག་ལ་གོམས་ལོབས་སུ་སོང་བའི་ཁ་པར་ནང་གི་གོ་མོའི་པར་ལ་ལྟ་ཞོར་རྨི་ལམ་དུ་འཚོལ་བར་ཕྱིན།

 

4

 

     ཚེ་རིང་བསམ་གྲུབ་ཀྱིས་གྱང་ལྡེབས་སུ་བཀལ་བའི་སྣུམ་ཚོན་རི་མོའི་སྟེང་གི་ལུག་རྫི་བུ་མོར་ལྟ་ཞོར་གཉིད་དུ་ཡུལ། ཨ་ཤོད་ཁ་བ་ལ་རིའི་རི་སྐེད་དུ་ན་བུན་ནི་ཁ་བཏགས་ཤིག་དང་འདྲ་བར་ལྷོད་ཀྱིས་རྒྱུ་བཞིན་འདུག རིམ་གྱིས་དེ་དག་ཀྱང་དཀར་བོང་བོང་གི་ལུག་ཁྱུ་ཞིག་ཏུ་གྱུར་ནས་སྙིའི་ཞོ་མར་ཐང་ཁེངས་བྱུང་། ལུག་ཁྱུའི་མཐའ་ནས་སྙན་ལ་འབྱེད་པའི་གླུ་སྐད་ཅིག་གྲག་ཡོང་།

    ལུག་རྫི་བུ་མོ་བསླེབས་བྱུང་། ངའི་ཡིད་ལ་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁེངས་ཏེ་མེ་ཏོག་གི་སྐེ་རྒྱན་བཟུང་ནས་ལུག་རྫི་བུ་མོའི་གམ་དུ་སོང་། ང་ལུག་རྫི་བུ་མོའི་གམ་དུ་སླེབས་ལ་ཉེ་དུས། མི་ཞིག་གིས་སྡོད་ཁང་གི་སྒོ་ཁྲོག་ཁྲོག་ཏུ་རྡུང་གིན་འདུག དེ་ནི་གྲོགས་པོ་ཀུན་དགའ་རེད།ཁོས་གྲོགས་པོ་ད་ཉལ་ཁོམ་མི་འདུག  ལས་ཞུགས་སུ་འགྲོ་ཟེར།མིག་རྡེབ་དབང་ཙམ་གྱིས་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་བདུན་པའི་ཕྱི་དྲོ་ལ་བསླེབས་སོང་།

   ང་ཁོ་མོར་ཡང་བསྐྱར་ཐུག་ན་འདོད། ཕྱི་དྲོ་དེར། གྲོགས་པོ་ལ་ལས་ཇ་ཁང་དུ་སོང་ནས་ཤོ་རྩེ་ཟེར་བ་དང་།ཁ་ཤས་ཀྱིས་སྲང་ལམ་དུ་མཛེས་མ་འཚོལ་དུ་འགྲོ་ཟེར།ངས་དེ་དག་ལ་ཁ་ཡ་བྱེད་མི་འདོད།  བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་དང་པོར་རྫ་ཆུ་ཁའི་བུ་མོ་དེ་མཐོང་བ་ནས་བཟུང་། ངའི་སེམས་སུ་བུ་མོ་དེ་ལས་གཞན་ཅི་ཡང་འཆར་རྒྱུ་མེད་པར་གྱུར།

    ས་ཡོངས་སུ་རུབ་སོང་། སྲང་ལམ་གྱི་ལམ་གློག་བཀར་བྱུང་བ་དང་།  དུད་ཁྱིམ་སོ་སོས་རང་རང་གི་ཁྱིམ་གྱི་གློག་སྒྲོན་བཀར་བྱུང་བས། གནུབ་ཟུར་ཡུལ་ཚོའི་སྲང་ ལམ་སྔར་བཞིན་འདུ་འཛིས་ཁེངས་འདུག  གྲོགས་པོ་ཀུན་དགས་ངེད་གཉིས་མོ་རང་སྡོད་སའི་ཁང་པའི་ནང་དུ་བལྟ་རུ་འགྲོ་ཟེར།

   བསམ་ཡུལ་ལས་འདས་པ་ཞིག་ལ།  མོ་སྡོད་སའི་ཁང་པའི་ནང་དུ་བལྟས་པ་ན། ཁང་པའི་ནང་དུ་མི་བརྒྱད་དགུ་ཙམ་འདུག་པ་དང་། ངས་གློག་འོད་དུ་ཆ་རྒྱུས་མེད་པའི་མི་དེ་ཚོའི་གདོང་ལ་རེ་རེ་བཞིན་བལྟས་ཀྱང་། དེ་དག་གི་ཁྲོད་དུ་ངས་འཚོལ་བཞིན་པའི་བུ་མོ་དེ་མི་འདུག  ང་ཕྱིར་སྒོར་འབུར་པར་བརྩམས་པ་ན། མི་གཉིས་ཀྱིས་ང་མཐོང་བ་ན་འགྲམ་དུ་སྦས་བྱུང་། ངས་ཅི་ཞིག་བྱེད་ཀྱིན་འདུག་སྙམ་ནས་གཟབ་ལྟ་ཞིག་བྱས་པ་ན། ཨ་ཙི།  དེ་ནི་ཏག་ཏག་ངས་འཚོལ་བཞིན་པའི་རྫ་ཆུ་ཁའི་བུ་མོ་དང་མོའི་གྲོགས་མོ་གཉིས་རེད། ང་ཧ་ལས་ཏེ་ཁྱོད་ཀྱིས་འདི་རུ་ཅི་ཞིག་བྱེད་ཀྱིན་ཡོད་ཅེས་དྲིས།མོ་དང་གྲོགས་མོ་གཉིས་དེ་མ་ཐག་ཡར་ལངས་བྱུང་། མ་གཞི་ང་དང་གྲོགས་པོ་ཀུན་དགས་མོ་འཚོལ་བཞིན་པ་མཐོང་བས་བསམ་བཞིན་དུ་སྦས་པ་ཡིན་འདུག

   ངས་མགྱོགས་མྱུར་ཁོ་མོའི་ཕུ་ཐུང་ནས་བཟུང་སྟེ།”ངས་ཁྱོད་ལ་སྐད་ཆ་ཞིག་བཤད་དགོས་པས། ཁྱོད་ཅུང་ཙམ་འདུག་རོགས”ཞེས་སྨྲས།

      དེའི་དུས་གྲོགས་པོ་ཀུན་དགའ་ཡང་མར་ཡོང་ནས་བུ་མོ་གཞན་པ་དེ་ལ། “ཨ་ཅེ།   སྐུ་ཚེ་རིང་རྒྱུ་མ། ཁྱོད་ཀྱི་ཁོ་ལ་སྐད་ཆ་བཤད་པའི་གོ་སྐབས་ཤིག་སྟེར་རོགས”ཟེར་ནས་ཁྲིད་སོང་།

    མོས་གཞི་ནས་ཁ་གྲགས་བྱུང་། “ཁྱེད་ཀྱིས་ངའི་ཕུ་ཐུང་ནས་ཐོངས་དང་། ཁང་པའི་ནང་དུ་ངའི་ཨ་ཅེ་དང་། ད་རདུང་ཁྱོ་གའི་སྲིང་མོ་བཅས་ཡོད་པའི་ཁོ་ཚོས་མཐོང་ན་ཡག་པོ་མི་འདུག”ཟེར།

   ངས་དེ་མ་ཐག”ངས་ཁྱོད་བཙལ་ནས་དེ་རིང་གི་ཉིན་བདུན་རེད། ཁྱོད་ཀྱིས་ང་ལ་སྐད་ཆ་ཞིག་བཤད་པའི་གོ་སྐབས་ཙམ་ཡང་མི་སྟེར་རམ།  ང་ཁྱོད་ལ་སེམས་གཏིང་ནས་དགའ་འདུག  ངས་བཤད་འདོད་པ་དེ་ལ་ཁྱོད་ཀྱིས་ཉན་མ་ཚར་ན་མི་གཏོང”ཞེས་སྔར་བཞིན་ཁོ་མོའི་ལག་པ་གཡས་པའི་ཕུ་ཐུང་གི་བཟུང་བསྡད།

   “ངས་ཀྱང་བསམ་གཟས་ནས་ཁྱོད་ལ་སྐད་ཆ་བཤད་མི་འདོད་པ་མིན།  འོན་ཀྱང་ངེད་གཉིས་ཀྱི་འབྲེལ་བ་ནི་དེ་འདྲའི་བཤད་མི་ཤེས་པ་ཞིག་རེད” མོའི་གདོང་ལ་ཡང་འུ་ཐུག་ཐབས་ཟད་པའི་ཉམས་ཤིག་ཤར།

     “ཁྱོད་ཀྱི་ཁ་པར་ཨང་གྲངས་ང་ལ་སྟེར་རོགས། ངས་ཁྱོད་ལ་ཁ་པར་ ལས་བཤད་འདོད་པ་ཚང་མ་བཤད་ཚར་ན།  ཁྱོད་དང་ཁྱོད་ཀྱི་ཁྱིམ་ཚང་ལ་གནོད་པའི་བྱ་བ་ཅི་ཡང་མི་བསྒྲུབ་ཁོ་ཐག་ཡིན”ངས་སྔར་བཞིན་ཨུ་ཚུགས་ཀྱིས་དེ་ལྟར་བཤད།

    “ངས་ཁྱོད་ལ་སྔོན་ནས་བཤད་མྱངས། ང་ལ་ངོ་མའི་ཁ་པར་མེད། ཁྱོད་ང་ལ་ཡིད་ཆེས་བྱེད་ཀྱི་མི་འདུག”

   “འོ།  དེ་འདྲ་ཡིན་ནམ” ང་རེ་ཞིག་ལ་ཁོ་མོས་དྲང་གཏམ་བཤད་པར་ཡིད་མ་ཆེས་པར་ངོ་ཚ་ནས་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར།

   “རེད། དེ་རིང་ཉིན་གུང་ཡང་འགོ་ཁྲིད་ཀྱིས་འཚོགས་འདུ་གལ་ཆེན་ཞིག་ཡོད་ཅེས་བཤད་ཀྱང་། ང་འཚོགས་འདུ་ལ་མ་ཞུགས་པར་གྲོགས་པོས་བཤད་པ་བཞིན་ཁྱོད་རང་རྫོང་ཐོག་ཏུ་འཚོལ་དུ་ཕྱིན།  ངས་རྫོང་གི་སྲང་ལམ་ཡོངས་ལ་བཙལ་ཀྱང་ཁྱེད་ཉིད་མཐོང་མ་བྱུང་།  ཁྱོད་རྫོང་ཐོག་ཏུ་ཨེ་སོང”ཞེས་དྲིས།

    “ང་འདིར་བསླེབས་མ་ཐག་ཡིན། ད་ཡུན་རིང་འགོར་སོང་བས་ཡག་པོ་མི་འདུག    ངེད་གཉིས་ནུབ་འཚལ་འཐུང་རྗེས་ཐུག་འཕྲད་བྱེད”ཟེར།

   མོས་ལམ་གློག་གི་འོད་དུ་གཞུང་ལམ་གྱི་ཐོག་ནས་སྐྱེས་པ་ཞིག་དང་ཡུན་རིང་ལ་ཁ་བརྡ་བྱེད་པར་འཚེར་སྣང་སྐྱེ་བཞིན་འདུག དེ་དུས་མོའི་སྡོད་ཁང་ནས་ཕ་ཡུལ་གཅིག་པའི་མི་ཞིག་གིས་ཀྱང་སྒོར་བུད་དེ་ཁ་པར་གཏོང་ཁུལ་བྱས་ཀྱང་། དོན་དངོས་སུ་ངེད་གཉིས་ཀྱི་ཕྱོགས་སུ་འཁོར་དེ་མོར་གཟབ་གཟབ་དགོས་ཞེས་ལྐོག་བརྡ་བྱེད་པ་འདྲ།

   ཁོ་མོ་དེ་བས་ཀྱང་བྲེལ་འཚབ་ལངས་ནས་”དུས་ཚོད་དགུའི་ཐོག་ང་ས་འདི་རུ་ཐོན་འོང་ཟེར”

    “ངས་འདི་ནས་སྒུག”ཟེར་ཞོར་ལག་པ་དལ་གྱིས་ལྷོད། སྣང་བ་ཞིག་ལ་ཡིད་དུ་འོང་བའི་འཇའ་ཚོན་ཞིག་སྐད་ཅིག་གཉིད་ལ་མིག་ལམ་ནས་བཞུད་སོང་བ་དང་འདྲ།  ངེད་གཉིས་ཕྲད་དེ་སྐར་མ་ཁ་ཤས་ལས་མ་འགོར་ནའང་།  ང་ལ་མཚོན་ན། དེ་ནི་བོར་ཐོར་བྱུང་བའི་རྩ་ཆེན་གྱི་རིན་པོ་ཆེ་ཞིག་སླར་ཡང་ལག་ཏུ་སོན་པ་ལྟ་བུའི་སྤྲོ་དགས་མྱོས་སོང་།

   ང་ལ་སེམས་སྤྲོ་བའི་དུས་སུ་གོམས་གཤིས་ངན་པ་ཞིག་ཡོད་དེ། རླངས་འཁོར་གྱི་གླུ་དབྱངས་གཏོང་བའི་སྒྲ་སྒོ་ཆེས་ཆེར་ཕྱེས་ནས་སྣུམ་སྣོན་ཤེད་ཀྱིས་མནན་ཏེ་ཤར་རེར་བསྐྱོད་པར་དགའ།    གྲོགས་པོ་ཀུན་དགའ་རླངས་འཁོར་གྱི་མགྱོགས་ཚད་ལ་ཧ་ལས་ནས”གྲོགས་པོ། ཁྱོད་དེ་འདྲའི་སྣང་བ་མ་སྐྱིད།  བུ་མོ་དེས་གལ་ཏེ་རྫུན་ལབ་པ་ཡིན་ན་ཅི་ལྟར་བྱ”ཟེར།  ངས”གྲོགས་པོ་ལགས་ཁྱེད་ཀྱི་བཤད་པ་ཧ་ཅང་བདེན།  འགྲིམ་འགྲུལ་དོན་རྐྱེན་བྱུང་ན་ང་མོ་དང་ཐུག་ཐབས་ཡོད་པ་མ་རེད”ཅེས་རླངས་འཁོར་མགྱོགས་ཚད་དལ་དུ་བཏང་།

   སྒྱུ་འཕྲུལ་ལྷ་ཁང་ནི་བླ་རུང་སྒར་གྱི་སྒར་སྟོད་ཀྱི་རི་སྒང་དུ་ཡོད་པ་དང་། མཚན་མོའི་ཁ་དོག་སེར་པོའི་གློག་འོད་ཀྱི་འོག་ཏུ། གསེར་རི་ལ་ཉི་འོད་ཕོགས་པ་བཞིན་ཀུན་གྱིས་ཡིད་དབང་འཕྲོག་པ་ཞིག་རེད། འདི་ལ་སྐོར་བ་བྱེད་མཁན་ནི་ཉིན་མོ་ལས་ཀྱང་མཚན་མོ་མང་བའི་སྣང་བ་སྟེར།  ངས་སྒྱུར་འཕྲུལ་ལྷ་ཁང་གི་མདུན་ནས་ཆོས་རྗེ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་ཞོར་ང་དང་མོ་སླར་ཡང་བར་ཆད་མེད་པར་ཐུག་འཕྲད་ཡོང་བར་སྨོན་ལམ་བཏབ།

5

      ཀུན་དགས་སྡོད་ཁང་དུ་གློག་བརྙན་ལ་ལྟ་བཞིན་འདུག ང་ཡང་འདུག་སྟེགས་སུ་ཁེན་ནས་ཅི་མི་སྙམ་པར་གློག་བརྙན་ལ་བལྟས། གློག་བརྙན་ནི་ཕྱི་རྒྱལ་གྱི་གློག་བརྙན་ཞིག་ཡིན་ཡང་།གློག་བརྙན་ནང་གི་བུ་མོ་དེ་ནི་ཚེ་རིང་བསམ་གྲུབ་ཀྱིས་རྨི་ལམ་དུ་མཐོང་བའི་ལུག་རྫི་བུ་མོ་དང་ཇི་འདྲའི་འདྲ་ཨང་།  ངས་བལྟས་ཀྱིན་བལྟས་ཀྱིན་གློག་བརྙན་ནང་གི་བུ་མོ་དེ་ནི་རྨི་ལམ་ནང་གི་ལུག་རྫི་བུ་མོ་དང་དབྱེ་བ་མི་འདུག་ལ། ལུག་རྫི་བུ་མོ་དེ་ནི་ངས་གནུབ་ཟུར་ཡུལ་ཚོའི་སྲང་ལམ་ནས་མཐོང་བའི་རྫ་ཆུ་ཁའི་བུ་མོ་དེ་མིན་ནམ་སྙམ།

   ངས་དེ་ལྟར་བསམ་ཞོར་གློག་བརྙན་ལ་ལྟ་མ་འདོད་པར་ཕྱི་རོལ་དུ་སོང་། དུས་ཚོད་དགུ་ལ་ཐོན་པར་སྐར་མ་ཉི་ཤུ་ཡོད་དུས། ངས་མོའི་སྡོད་ཁང་མདུན་དུ་རླངས་འཁོར་བསྐོར་ནས་བསྒུགས། དུས་ཚོད་དགུ་དང་སྐར་མ་བཞི་བཅུར་བསླེབས་སོང་། ཁོ་མོ་ད་རུང་མ་ཡོང་།  ངའི་སེམས་ལ་བྲེལ་འཚུབ་ཀྱིས་མནར་གཅོད་བྱེད་བཞིན་འདུག  ངས་སྔར་བཞིན་རླངས་འཁོར་ནང་མོར་བསྒུགས།

   དོ་དགོང་།  ང་ལ་ལམ་འགྲོ་མི་རྒྱུགས་པ་ཡིན་ནམ། གནུབ་ཟུར་ཡུལ་ཚོའི་གློག་ཀྱང་གློ་བུར་དུ་ཆད་སོང་།  སྲང་ལམ་ནི་མུན་ནག་གིས་ཡོངས་སུ་གཡོགས་སོང་། ཆོས་ཞུ་ལ་ཡོང་བའི་མི་མང་དྲགས་པས་མི་དང་། རླངས་འཁོར། འཕྲུལ་རྟ་བཅས་དུས་ཚོད་དགུ་པ་ཡོལ་ཟིན་ཡང་ད་རུང་འཚང་ཁ་ཤིག་ཤིག་གིས་གང་སར་འགྲོ་བཞིན་འདུག   རླངས་འཁོར་དང་འཕྲུལ་རྟའི་གློག་འོད་ཀྱིས་གནུབ་ཟུར་ཡུལ་ཚོའི་སྲང་ལམ་འདི་ཡང་རེས་གསལ་རེས་མོག་གི་རྣམ་པས་ཁེངས་བྱུང་།

  མི་གཉིས་ནག་ཡོལ་ཡོལ་ཁོ་མོའི་སྡོད་ཁང་གི་སྒོ་རུ་བུད་བྱུང་ང་རླངས་འཁོར་གྱི་སྒོར་བུད་དེ་མི་དེ་གཉིས་ཀྱི་གན་དུ་སོང་། དེ་ནི་ཏག་ཏག་ངས་སྒུག་བཞིན་པའི་རྫ་ཆུ་ཁའི་བུ་མོ་དང་མོའི་གྲོགས་མོ་གཉིས་རེད།

“ཁྱོད་ད་གཟོད་ཕྱིར་ཡོང་བ་ཡིན་ནམ།”

“ཡིན།”

“ངས་ཁྱོད་ཕྱིར་མ་ཡོང་བ་རེད་འདོད།”

“ཁྱོད་ནམ་ཞིག་ལ་ཡོང་བ་ཡིན།”

“ང་དུས་ཚོད་དགུ་ལ་མ་བསླེབས་པའི་སྔོན་ནས་ཡོང་།”

  “ངས་ཀྱང་ད་ཚོད་ཁྱོད་འདི་རུ་ཡོང་ནས་ང་ལ་སྒུག་ཡོད་འདོད།    ངའི་གྲོགས་མོའི་ཁ་པར་གྱི་དུས་ཚོད་འཕྱུགས་འདུག ངེད་གཉིས་ཆུ་ལེན་དུ་བགྲོད་རྒྱུར་ཁ་གཡར་ཏེ་ཕྱི་རུ་ཡོང་།”

    ངས་ལག་སྒྲོན་གྱི་གློག་འོད་འོག་ཏུ་མོས་ང་ལ་ཟོལ་མེད་ཀྱིས་གཏམ་བཤད་བཞིན་ཡོད་པ་ཤེས་ཐུབ། “འདི་ན་མི་མང་བ་དང་། ཙག་རླུང་ཆེ་བས་ང་ཚོ་ངའི་རླངས་འཁོར་ནང་དུ་སོང་ནས་ཁ་བརྡ་བྱེད།”

    མོ་གཉིས་ཀྱིས་ཅུང་ཐེ་ཚོམ་ངང་རླངས་འཁོར་དུ་བུད་པ་དང་། གྲོགས་མོ་དེ་རྒྱབ་ཀྱི་འདུག་སྟེགས་སུ་བསྡད། མོ་གཉིས་ཀྱི་ང་ནི་ས་ཆ་མེད་ཀྱི་མི་རྒྱུས་མེད་ཞིག་ལ་བརྩིས་ཏེ་རླངས་འཁོར་གྱི་སྒོ་ཡང་རྒྱག་ཕོད་ཀྱིན་མི་འདུག   ངས་མོ་གཉིས་ཀྱི་སེམས་ཀྱི་དོགས་པ་ཤེས་ནས། “ཁྱོད་གཉིས་ཀྱིས་ང་འདི་འདྲའི་མི་སྡུག་པོ་ཞིག་ལ་མི་བརྩི་རོགས  ངས་དོན་ངོ་མའི་ཁོ་མོར་སེམས་གཏིང་ནས་ཁ་བརྡ་ཙམ་བྱེད་འདོད། ང་ནི་བོད་པ་ཞིག་ཡིན་པ་དང་། སྒོས་སུ་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པའི་གཞུང་ཞབས་པ་ཞིག་ཡིན་པས་ཁྱོད་གཉིས་སེམས་བདེ་མོ་བྱོས།  ངའི་རླངས་འཁོར་ལ་ལྡེ་མིག་གཅིག་མ་གཏོགས་མེད་པས་ཡིད་མི་ཆེས་ན་ལྡེ་མིག་ཁྱོད་ལ་སྟེར་ཆོག”ཅེས་སྨྲས།

    ངས་ལྡེ་མིག་མོའི་ལག་ཏུ་བཞག་པ་ན། ད་གཟོད་ཁོ་མོའི་གྲོགས་མོ་ནི་ཅི་ཞིག་ལ་ངོ་ཚ་བ་དང་ཡིད་ཆེས་པར་གྱུར་ནས་རླངས་འཁོར་ལས་བབ་ཏེ”ཁྱེད་གཉིས་ཁ་བརྡ་བྱོས་དང་། ངས་རོགས་པ་བྱེད” ཟེར་ནས་རླངས་འཁོར་ནས་ཕྱི་རུ་ལྡིང་སོང་།  མོས་ཀྱང་སེམས་ལྷོད་ལ་བབ་ནས་རླངས་འཁོར་གྱི་སྒོ་གཏན་དེ་ཁ་བརྡ་བྱེད་འགོ་བརྩམས། ང་རླངས་འཁོར་གྱི་དཀྱོག་འཁོར་ལ་ཁེན་ཏེ།”ང་ནི་ཁྱོད་ལ་ཐོག་དང་པོ་ཐུག་པ་ནས་བཟུང་ངའི་སེམས་པ་ལྷོད་ལ་འབབ་མ་ཐུབ།  འོན་ཀྱང་ཉིན་འདི་འདྲའི་མང་པོ་ཞིག་ལ་ཁྱོད་ཀྱིས་དོ་དགོང་མ་གཏོགས་གཏམ་ལན་ཡག་པོ་ཞིག་ཀྱང་མི་བྱེད་པ་ཅི་ཡིན”ཅེས་བཤད་པ་དང་། ངའི་མིག་ཟུང་ནི་ངོམས་པ་མེད་པར་མོའི་ཞལ་རས་ལ་བལྟས་ནས་བསྡད།”དེ་ནི་ངས་ཀྱང་བཤད་མི་ཤེས་པ་ཞིག་རེད། ཁྱོད་ཀྱིས་རང་ ཉིད་ངོ་སྤྲོད་ཞིག་བྱ་ཆོག་གམ”

“ལོས་ཆོག  ང་ནི་ས་གནས་འདིའི་མི་ཡིན། ངའི་མིང་ལ་ཚེ་རིང་བསམ་གྲུབ་ཟེར། ད་ལྟ་ཡུལ་ཚོ་ཞིག་གི་ཧྲུའུ་ཅི་གཞོན་པ་ཡིན།”

“ངས་ཁྱོད་ཀྱི་མིང་ལ་བདེ་སྐྱིད་ཟེར་བ་ལས་ཅི་ཡང་ཤེས་མེད་པས།  ཁྱོད་ཀྱིས་ཀྱང་ང་ལ་རང་ཉིད་ངོ་སྤྲོད་ཅིིག་བྱས་ན་་་་”

   “ང་ནི་རྫ་ཆུ་ཁའི་འབྲོག་མོ་ཕལ་བ་ཞིག་ཡིན། ངའི་ཁྱོད་ལ་ཆེད་དུ་བཤད་དགོས་པ་ཞིག་ལ་ང་ནི་གཉེན་སྒྲིག་བྱས་ཟིན།”མོས་སྐད་ཆ་བཤད་དུས་ཧ་ཅང་གཟབ་ནན་གྱི་ཉམས་ཤིག་མངོན་ཡོད།

    “ངས་དེ་ལ་ཁ་ཡ་མི་བྱེད།  ངས་ཐེངས་དང་པོར་ཁྱོད་མཐོང་བ་ནས་བཟུང་། ང་སེམས་གཏིང་ནས་ཁྱོད་ལ་དགའ་སོང་། ངས་ཉིན་འདི་དག་ལ་ཁྱོད་ཀྱི་པར་ལ་བལྟས་པའི་གྲངས་ཀ་ནི་བགྲང་གིས་མི་ལང་།  ང་རང་ད་དུང་གཉེན་སྒྲིག་བྱས་མེད།”

    ངས་སྔོན་ཆད་རང་གི་ཆུང་མ་ལྷ་མོ་ལ་ཡང་དེ་འདྲའི་སྐད་ཆ་བཤད་མྱོང་བ་མ་ཡིན་ནམ། སྐད་ཆ་འདི་དག་བཤད་དུས།  ངས་ལག་པ་རང་དབང་མེད་པར་ཁོ་མོའི་ལག་པར་འཇུ་དགོས་བྱུང་། ངའི་ལག་པ་གཡས་པ་དང་མོའི་ལག་པ་གཡོན་མ་གཉིས་འཕྲད་པའི་སྐད་ཅིག་མ་དེར།   ངའི་ལུས་ཡོངས་སུ་སྨྲ་མི་ཤེས་པའི་ཚོར་སྣང་སྐྱིད་པོ་ཞིག་གིས་ཁེངས་སོང་།

    “ཁ་སང་། ཁྱོད་་ཀྱིས་བླ་རུང་སྒོ་ཆེན་འགྲམ་དུ་སྤྲང་པོ་ཚོ་ལ་སྒོར་མོ་སྟེར་གྱིན་འདུག  དེའི་དུས་ང་ཁྱོད་ཀྱི་ལྟག་རྒྱབ་བརྒྱུད་དེ་ཆོས་ཞུ་རུ་སོང་། འོན་ཀྱང་ངས་ཁྱོད་མཐོང་བ་ལས་ཁྱོད་ཀྱིས་ང་མཐོང་མ་བྱུང”ཟེར་ནས་ཁ་ཚུར་ལ་འཁོར་ཏེ།  ཧ་ཅང་པྲ་ཆལ་གྱིས་ཉམས་ཀྱིས་དེ་སྐད་བཤད་བྱུང་། ངའི་མགོ་ཡང་ཁོ་མོ་དང་བར་ཐག་ཆེས་ཉེ་བར་བཏུད་ཡོད་པ་དང་། ངས་མོའི་གཏོང་ལེན་བྱས་པའི་མཁའ་དབུགས་ཀྱི་དྲི་ཞིམ་སྣོམ་པར་བྱེད་ཐུབ།    ངས་དམར་ཆུང་སེམས་པ་དྲག་ཏུ་ལྡིང་བཞིན་ཁོ་མོའི་སྐེ་ལ་འཁྱུད་དེ་འོ་ཞིག་བྱས།   ཁོ་མོའི་བསིལ་འཇམ་གྱི་མཆུ་ཏོ་དང་འཕྲད་པའི་སྐད་ཅིག་མ་དེར་འཇིག་རྟེན་ཧྲིལ་བོ་ནི་ངའི་རྐང་འོག་ཏུ་ཡོད་པའི་ཚོར་བ་བྱུང་ལ། བདེ་སྐྱིད་ཞེས་པ་ནི་རང་གི་འདོད་པ་ལག་ཏུ་ཡོང་ནས་ཡིད་ཚིམས་པའི་སྐད་ཅིག་མ་དེ་ཡིན་པ་འདྲ།

    ཆེས་སྙིང་ནག་པ་ཞིག་ལ།  སྲང་ལམ་དུ་རླངས་འཁོར་ཞིག་གི་གློག་ཞུ་རྒྱང་རིང་ནས་ངེད་གཉིས་ཀྱི་གན་དུ་མཆེད་དེ། འོད་ཀྱི་མགྱོགས་ཚད་ནི་འཇིག་རྟེན་འདིར་ཆེས་མགྱོགས་པས་བདེ་བའི་ཞིང་ཁམས་མྱུལ་བའི་ངེད་གཉིས་ལ་གློ་བུར་དུ་འཇབ་རྒོལ་བྱས་པ་དང་མཚུངས། ངེད་གཉིས་རང་རང་སའི་འདུག་སྟེགས་སུ་ཙོག་པུར་མི་འདུག་ག་མེད་བྱུང་།  བུ་མོ་འདི་ནི་ངའི་སེམས་སུ་བློས་བསླངས་བྱས་པ་བཞིན་ཇི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང་།

    ངའི་ཡ་ཆུང་ཧྲིལ་བོར་མོའི་ལང་ཚོའི་མཛེས་སྡུག་གིས་ཁེངས་སོང་།  ད་དུང་མོའི་ཡོད་ཚད་ཀྱི་ཡོད་ཚད་ནི་བསམ་བཞིན་ངའི་འདོད་འདུན་དུ་བསྐྲུན་པ་དང་འདྲ་བས།  ང་གློ་བུར་དུ་རྨོངས་པར་གྱུར་བས་ཁོ་མོའི་ལག་པ་ནས་དམ་དུ་བཟུང་སྟེ”ངས་ཁྱོད་ཁྲིད་ན་ཨེ་ཆོག”ཅེས་དྲིས། མོ་རེ་ཞིག་ལ་ཁུ་སིམ་མེར་བསྡད་བྱུང་།ཡུད་ཙམ་ནས་མོས་མགོ་བོ་དང་ཁར་སྨད་དེ། “དེ་འདྲ་བྱས་ན་ག་ལ་འགྲིག ང་ལ་ད་ལྟ་བྱིས་པ་གཉིས་ཡོད།གཅིག་ནི་ཡར་ལངས་ཏེ་འགྲོ་ཐུབ་པ་ཙམ་དང་།  ཅིག་ཤོས་ནི་ད་རུང་འགྲོ་ཡང་ཐུབ་ཀྱིན་མེད”ཟེར།

    ངའི་སེམས་སུ་རང་ཉིད་ལ་ཡང་ལོ་བདུན་ལ་སོན་པའི་བུ་མོ་ཞིག་ཡོད་པ་མིན་ནམ། ངས་ཅིའི་ཕྱིར་མོར་འདི་ལྟར་གཉེན་སྒྲིག་བྱས་མེད་ཅེས་རྫུན་ལབ་པ་རེད།   དེ་ནི་ང་རང་མོ་ལ་དགའ་དྲགས་པས་ལན་པ་མིན་ནམ། ངས་དེ་ལྟར་བསམ་བཞིན་དངན་པ་རིང་པོ་ཞིག་འཐེན་པ་དང་། ངས་སེམས་མི་སྐྱོ་བའི་ཆེད་པར་ཆས་ནང་གི་རྫ་ཆུ་ཁའི་གྲོགས་པོ་གསར་བུ་དེ་བསྟན་ནས”ཁྱོད་ཀྱིས་ཁོ་ངོ་ཤེས་སམ”ཞེས་དྲིསཔ་ན།  མོས་ཅི་ཞིག་ལ་ཧ་ལས་པ་བཞིན”ཏག་ཏག་རེད། ཁོ་ནི་ང་ཚོའི་རྫོང་ཐོག་ཏུ་བྱ་བ་བསྒྲུབས་པའི་ལས་བྱེད་པ་དེ་མིན་ནམ”ཟེར། པར་དེ་བསྟན་པས་མོ་དེ་བས་ཀྱང་ང་ལ་ཡིད་ཆེས་པར་གྱུར།

     “པར་འདི་ནམ་བླངས་པ་རེད” མོས་ང་རང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་བླངས་པའི་པར་ལ་ལྟ་ཞོར་དེ་ལྟར་དྲིས་བྱུང་།

 “དེ་ནི་ན་ནིང་དགུན་ཁ་ང་རང་ལྷ་ས་ལ་ཕྱིན་དུས་བླངས་པ་རཡིན།”

“ན་ནིང་དགུན་ཁ་ང་ཡང་ལྷ་ས་རུ་ཡོད། འོན་ཀྱང་ལས་ཞེས་པ་འདི་འདྲའི་ཡ་མཚན་ཞིག་རེད། དེ་དུས་ངེད་གཉིས་ངོ་མི་ཤེས།”

    “སྐྱོན་མི་འདུག  ད་ཐེངས་ངེད་གཉིས་ངོ་ཤེས་ས་ནི་ཡིད་བཞིན་ནོར་བུའི་སྒར་རེད།  དེ་རིང་ང་དང་གྲོགས་པོ་ཀུན་དགས་སྒྱུ་འཕྲུལ་ལྷ་ཁང་སྐོར་དུས། ཁོས་ངེད་གཉིས་སླར་ཡང་ཐུག་འཕྲད་ཡོང་ཆེད་བར་ཆད་ལམ་སེལ་བཏོན་བྱུང་།”

“ཁྱོད་ཀྱི་གྲོགས་པོ་ནི་ཅི་འདྲའི་བློ་སེམས་དཀར་བ་ལ”

“………”

   ངེད་གཉིས་མ་བསྐུལ་དང་བླངས་ཀྱིས་སླར་ཡང་ཕན་ཚུན་གྱི་སྐེ་ལ་འཐམ་ཏེ་མཆུ་སྦྱོར་གྱི་བདེ་བར་རོལ།  “ཨ་ཙི། ད་ནི་ཡུན་རིང་ཞིག་འགོར་སོང་།   ཕྱིར་སྡོད་ཁང་དུ་མ་སོང་ན་ཨ་ཅེ་  ལགས་ཀྱིས་ང་ལ་གཤེ་གཤེ་གཏོང་གི་རེད།”

“རེད། ཁྱོད་ཀྱི་ངེས་པར་དུ་ཤེས་དགོས་པ་ཞིག་ལ།  ངས་ཁྱོད་རང་སྤྱིར་བཏང་གི་ངོ་ཤེས་པ་ཙམ་གྱི་ཆེད་སྐད་ཆ་འདི་དག་བཤད་པ་མིན། ང་ཞེ་གཏིང་ནས་ཁྱོད་ལ་དགའ།”

“ང་ཡང་ཁྱོད་ལ་དགའ།”

“སང་ཉིན་ཆོས་ཚོགས་སུ་འགྲོ་དུས། ངས་ཁྱོད་ལ་ཁ་པར་བཏང་ཡོང་། འདི་ནི་ངའི་གྲོགས་མོའི་ཁ་པར་ཨང་གྲངས་རེད།”

“བདེ་མོ་བྱོས”

    “བདེ་མོ”ང་མལ་ཁང་དུ་ཐོན་དུས། གྲོགས་པོ་ཚོ་སྔ་མོ་ཞིག་ནས་གཉིད་ཀྱི་བདེ་བ་ལ་རོལ་འདུག  ང་སེམས་དགའ་སྟེ་གཉིད་ཀྱི་བདེ་བ་ལ་ཇི་ལྟར་ཞུགས་པ་ཡང་ཤེས་ཀྱིན་མི་འདུག   དེ་རིང་ནི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་བརྒྱད་པ་རེད།ང་སྔ་མོ་ནས་གཉིད་ལས་སད་བྱུང་། ངས་མལ་ཁང་དུ་བལྟས་པ་ན།   གྲོགས་པོ་ཚོ་ནི་སྔར་བཞིན་རྨི་ལམ་གྱི་ཞིང་ཁམས་ཉུལ་ནས་འཇིག་རྟེན་འདིའི་ཡོད་ཚད་ཁ་ཡ་བྱེད་བཟོ་མི་འདུག

     དེ་རིང་ནི་མོས་ང་ལ་དུས་ཚོད་དྲུག་གི་ཐོག་ཁ་པར་གཏོང་ཡོང་ཞེས་བཤད་ཡོད་པས་ང་དུས་ཚོད་དྲུག་ལ་མ་ཐོན་པའི་སྔོན་ནས་གཉིད་ལས་སད། དུས་ཚོད་དྲུག་དང་སྐར་མ་ཉི་ཤུ་ལ་སླེབས་ཀྱང་། བདེ་སྐྱིད་ཀྱི་ཁ་པར་ད་རུང་སླེབས་མ་བྱུང་།  འདི་ནི་ཅི་འདྲའི་ངང་སྒུག་བྱེད་དགོས་པ་དང་། མི་སེམས་ལ་དོགས་པ་སློང་བའི་རེ་སྒུག་ཅིག་རེད་ཨང་།  དུས་ཚོད་དྲུག་དང་ཕྱེད་ཀྱི་ཐོག་གཞི་ནས་ངའི་ཁ་པར་གྱི་འབོད་བརྡ་དིང་དིང་དིང་ཞེས་གྲགས་བྱུང་།  ཁ་པར་གྱི་འཆར་ངོས་སུ་རྫ་ཆུ་ཁའི་བདེ་སྐྱིད་ཅེས་ཡིག་འབྲི་འགའ་ཤར་འདུག

  ཁ་པར་ལས”ཁྱོད་ཀྱི་ཅི་ཞིག་བྱེད་ཀྱིན་ཡོད”ཅེས་དྲིས་བྱུང་། འདི་ནི་བདེ་སྐྱིད་ཁོ་ན་ལ་ཡོད་པའི་ངའི་ཡིད་དབང་འཕྲོག་པའི་སྐད་ཅིག་རེད།

“ང་ད་དུང་མལ་སའི་ནང་དུ་ཉལ་ནས་བསྡད་ཡོད”ཅེས་ལན་བཏབ།

    “ང་ཚོ་ད་ལྟ་བླ་རུང་སྒོ་ཆེན་ནས་ཡར་འགྲོ་བཞིན་ཡོད།དེ་རིང་རྗེ་བཙུན་མ་མུ་མཚོ་ལགས་ཀྱི་དབང་ཡོད་པས་མགྱོགས་པོར་འགྲོ་དགོས། ཁྱོད་ལ་ཁོམ་པ་ཡོད་ན་དབང་ཞུ་རུ་ཤོག”

“འོ་ཡ། ང་ཡང་ཡོང་བསམ་ཡོད།”

“དེ་ན་ཉིན་གུང་ཐུག་ཡོང་།”

“ཆོག་གི”

    “བདེ་མོ”ངས་ཁ་པར་གྱི་སྒྲས་གྲོགས་པོ་ཀུན་དགའ་གཉིད་ལས་དཀྲོགས་པས། ཁོས་མི་འཐད་པའི་ཉམས་ཀྱིས”དེ་རིང་ཡང་ཁྱེད་ཚོའི་ཚན་ཆུང་ལས་རེས་བ་ཡིན་ནམ། ནམ་མ་ལངས་གོང་ཞིག་ནས་ཉལ་དུ་མི་འཇོག་གི”ཟེར་ནས་ཁ་ཕར་འཁོར་དེ་མལ་ཐུལ་གྱི་མགོ་བོ་བཏུམས་བྱུང་།  འོན་ཀྱང་ང་དེ་རིང་སྔ་མོ་ཞིག་ནས་གཉིད་འདོད་མི་འདུགམདང་  ནུབ་རླངས་འཁོར་ནང་དུ། ངས་ཁ་པར་ལས་ཁོ་མོའི་པར་དེ་བསྟན་པ་ན། ནམ་མཁའ་གཡའ་དྭགས་ལ། ཉི་འོད་ཧ་ཅང་འཇམ།

     དེ་རིང་ནི་ཞིང་བསྒྲུབས་ཀྱི་ཉིན་བརྒྱད་པ་རེད།བླ་རུང་སྒར་གྱིས་བཀོད་སྒྲིག་བྱས་པའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ནི་དེ་རིང་ནས་མཇུག་རྫོགས་པ་རེད། ཉིན་གུང་ལ་བསླེབས་ཀྱང་། བདེ་སྐྱིད་ཀྱི་གྲོགས་མོའི་ཁ་པར་ད་དུང་ལེན་མཁན་མི་འདུག  ངའི་སེམས་པ་བྲེལ་འཚུབ་ཀྱིས་གདུང་གིན་འདུག ང་དང་གྲོགས་པོ་ཀུན་དགའ་གཉིས་ཀྱིས་དུས་ཚོད་བཅུ་གཅིག་གི་ཐོག་ནས་གནུབ་ཟུར་ཡུལ་ཚོའི་སྲང་ལམ་དུ་བདེ་སྐྱིད་ལ་བསྒུགས་ནས་བསྡད། ཉིན་གུང་གི་དུས་ཚོད་དང་པོར་བསླེབས་སོང་། བདེ་སྐྱིད་ད་དུང་བསླེབ་མ་བྱུང་།

    ང་ལ་མཚོན་ན་ཁོ་མོ་སྒུག་པའི་དུས་ཚོད་དེ་དག་ནི་ལོ་རེ་རེར་བསྒུགས་པའི་སྣང་བ་བྱུང་། ཕྱི་དྲོའི་དུས་ཚོད་གཉིས་པ་ལ་བསླེབས་དུས། གྲོགས་པོ་ཀུན་དགའ་ཡང་ཅུང་ཡིད་ཆད་པའི་ཉམས་ཀྱིས་”ཡ་གྲོགས་པོ། བདེ་སྐྱིད་ཀྱི་གྲོགས་མོས་ཁ་པར་མི་ལེན་པར་བལྟས་ན། ད་རུང་སྟབས་བདེ་ཡོད་ཀྱི་མ་རེད། དུས་ཚོད་གཉིས་པ་བརྒལ་ཟིན་པས། ངེད་གཉིས་གྲོས་ཇ་བཏུང་དུ་འགྲོ་” ཟེར། ངེད་གཉིས་ཀྱི་གནུབ་ཟུར་ཡུལ་ཚོའི་ཟས་ཁང་ཞིག་ཏུ་ཆུ་མོག་བཟའ་རུ་སོང་། ང་ཉིན་གུང་བདེ་སྐྱིད་དང་མ་ཐུག་པའི་ད་ལྟ་ཆུ་མོག་ལྡོག་ཅིག་བཟས་རྗེས་ཡི་ག་མེད་པར་གྱུར།

    “གྲོགས་པོ། དེ་རིང་ཉིན་བརྒྱད་པ་ཡིན་པས་མི་མང་ཆེ་བ་ཞིག་དེ་རིང་ཕྱི་དྲོ་ནས་ཕྱིར་ཕ་ཡུལ་དུ་ལོག་འགྲོ་བ་རེད། མོ་ཡང་ཕྱིར་ལོག་ན། ངེད་གཉིས་ཐུག་པའི་སྐལ་བ་མེད།”ངས་སེམས་སྐྱོ་བཞིན་དེ་ལྟར་བཤད།  གྲོགས་པོ་ཀུན་དགས་ཆུ་མོག་རྔམ་ཟ་བྱེད་ཞོར་”ཁྱོད་མོར་ཕལ་ཆེར་ཐུག་ཐུབ་སྟེ། མ་མཐའ་ཡང་གྱེས་བརྡ་ཞིག་གཏོང་སྲིད” ཟེར། ངའི་ཡ་ཆུང་ཧྲིལ་བོ་འཁྱག་སིབ་སིབ་དུ་གྱུར་པ་དང་། སེམས་ཀྱི་མཛེས་སྡུག་གི་རེ་སྒུག་མ་ལུས་འཇའ་བཞིན་སྐད་ཅིག་ལ་མེད་པར་གྱུར་ནས། གོམ་པ་སྤོས་པ་ཡང་ཇེ་ལྗི་རུ་གྱུར་བའི་ཚོར་སྣང་བྱུང་།

    གྲོགས་པོ་ཀུན་དགའ་ཡང་སེམས་སྐྱོ་བཞིན་ཆོས་གསུངས་སའི་མར་སྒང་གི་རི་ངོས་སུ་ལྟ་བཞིན་”གྲོགས་པོ། ཁྱོད་ཀྱི་ངོ་མདངས་མི་བཟང་གི  ད་སེམས་ཁུར་མ་བྱེད་དང་།  ཁོ་མོ་ད་རུང་སོང་མེད་ན་ཐང་།  ཁྱོད་ཀྱིས་ལྟོས་དང་ཆོས་ད་རུང་གསུངས་ཚར་མི་འདུག་ལ། མི་མང་པོ་ཞིག་གཞི་ནས་ཆོས་ཞུ་སའི་རི་སྒང་མར་ཡོང་གིན་འདུག”ཟེར། “ངེད་གཉིས་བླ་རུང་སྒོ་ཆེན་གྱི་སྲང་ལམ་དུ་མརོ་སྒུག་ཏུ་འགྲོ”བླ་རུང་སྒོ་ཆེན་འགྲམ་དུ་མི་ཚོགས་ཧ་ཅང་མང་།  ངས་རྫ་ཆུ་ཁའི་གྱོན་གོས་ཅན་གྱི་མི་རྣམས་ལ་རེ་རེ་བཞིན་ཞིབ་ལྟ་བྱས།

    ཕྱི་དྲོའི་ དུས་ཚོད་བཞི་པར་བསླེབས་སོང་།  ཁོ་མོ་ད་དུང་བསླེབ་མ་བྱུང་།  དུས་ཚོད་ལྔ་ལ་ཐོན་དུས་ངའི་ཁ་པར་གྱི་འབོད་བརྡ་གཞི་ནས་གྲགས་བྱུང་།  དེ་ནི་བདེ་སྐྱིད་རེད། “ང་ད་ལྟ་གཞི་ནས་བླ་རུང་སྒོ་ཆེན་ནས་མར་ཡོང་གིན་ཡོད།  འོན་ཀྱང་ང་དང་ཨ་ཅེ་མཉམ་དུ་ཡོད་པས་མོས་ང་གང་ལ་ཡང་གཏོང་གིན་མི་འདུག”ཟེར།  ངས་མགྱོགས་མྱུར་སྒོས་མོ་ལ”བླ་རུང་སྒོ་ཆེན་གྱི་མར་ནང་དུ་ཁྱོད་ལ་བསྒུགས་ནས་ཡོད”ཅེས་བཤད།  བདེ་སྐྱིད་དང་མོའི་ཨ་ཅེ། དེ་མིན་མི་གཞན་པ་མང་པོ་ཞིག་མཉམ་དུ་བསླེབས་བྱུང་།  ང་ཤར་གྱིས་བདེ་སྐྱིད་ཀྱི་གམ་དུ་བཅར།  མོའི་ཨ་ཅེ་ནི་དངོས་གནས་མོ་དང་ཁ་མི་གྱེས་པར་མཉམ་དུ་ཐོན་འོངས། ངས་དེ་ལ་ཁ་ཡ་མ་བྱས་པར།  མོའི་ཕུ་ཐུང་ནས་འཇུས་ཏེ་རྒྱབ་ཏུ་འཐེན།

“ཁྱོད་ཉིན་གུང་མི་ཡོང་དོན་ཅི་ཡིན།”

“ང་ཨ་ཅེས་མངགས་མ་བྱུང་།”

“ཁྱོད་ནམ་ཕ་ཡུལ་དུ་འགྲོ་རྒྱུ་ཡིན།”

“ང་ཚོ་དེ་རིང་ལམ་དུ་ཆས་རྒྱུ་ཡིན།”

   “མ་གཞི་ངས་ཁྱོད་ལ་དྲན་རྟེན་གྱི་ལེགས་སྐྱེས་ཤིག་ཉོ་འདོད་ཀྱང་།ཁྱོད་ཕྱིན་སོང་མིན་མི་ཤེས་པས་ཉོ་མ་ཐུབ”

    “དེ་ག་ལ་དགོས། ང་དངོས་སུ་ཡོང་འདོད་ཡོད་ཀྱང་ཐབས་ཤེས་མི་འདུག   ང་ནི་ཨ་ཅེ་ལ་ཧ་ཅང་སྐྲག་པ་དང་། མོས་ཚུལ་མིན་གྱི་བྱ་བ་ལ་གཤེ་གཤེ་གཏོང་གིན་འདུག”

“ཁག་མི་འདུག”

    “ངས་ལམ་དུ་བཟའ་རྒྱུ་ཞིག་ཉོ་དགོས།  “ངེད་གཉིས་མཉམ་དུ་ཐེངས་དང་པོ་ངས་ཁོ་མོ་ལ་ཁ་པར་ཨང་གྲངས་དགོས་ཟེར་སའི་ཚོང་ཁང་དུ་སོང་།ཚོང་ཁང་དུ་ངས་མོར་ལམ་ནས་བཟའ་རྒྱུའི་གོ་སྦྲང་དང་བཏུང་ཁུ་མང་ཙམ་ཉོས།ངས་ད་དུང་སྒོར་ཁུག་ལས་སྒོར་སུམ་བརྒྱ་བླངས་ཏེ།”འདིས་ཁྱོད་རྫ་ཆུ་ཀར་ཐོན་དུས། རང་ཉིད་དགའ་སའི་ལེགས་སྐྱེས་ཤིག་ཉོ་རོགས”ཞེས་བཤད།

“མི་དགོས།  བཀའ་དྲིན་ཆེ།”  ངས་བཙན་གྱིས་ཁོ་མོའི་ལག་ཏུ་བཞག

“ཁྱོད་ཀྱིས་ང་མི་བརྗེད་རོགས།  ང་ནི་ཁྱོད་ལ་སེམས་གཏིང་ནས་དགའ།”

    “ངས་མི་བརྗེད་ཁོ་ཐག་ཡིན” མོ་རང་འགུལ་གྱིས་ངའི་ཕུ་ཐུང་ལ་འཇུས་ཏེ།  ངེད་གཉིས་མཉམ་དུ་ག་ལེར་གནུབ་ཟུར་ཡུལ་ཚོའི་སྲང་ལམ་ནས་བུད་དེ་བླ་རུང་གི་འཁོར་ལྷས་སུ་ཕྱིན། དེ་རུ་མོའི་ཨ་ཅེ་དང་རོགས་པ་ཚོས་སྔ་མོ་ཞིག་ནས་འཁོར་འཕྲན་ནང་དུ་མོར་སྒུག་འདུག  ངེད་གཉིས་དེ་ལྟར་མཉམ་གཤིབ་ཀྱི་འཁོར་ལྷས་སུ་སོང་།

   བདེ་སྐྱིད་དང་མོའི་གྲོགས་མོ་གཉིས་ནི་ལོ་ཆུང་ཡིན་པས་རླངས་འཁོར་གྱི་འདུག་སྟེགས་ཆེས་རྒྱབ་མ་རུ་བསྡད་བྱུང་།  མོ་རླངས་འཁོར་ནང་དུ་འཛུལ་དུས་ང་རང་རླངས་འཁོར་གྱི་གན་དུ་ཡར་ལངས་ནས་བསྡད།

“ད་བདེ་མོ་བྱོས།”

   “བདེ་མོ་བྱོས།”སྐད་ཆ་དེ་བཤད་དུས།  མོས་ལག་ཟུང་གིས་ངོ་གདོང་བཀབ་ནས་མགོ་སྒུར་བྱུང་། ངས་མོས་མིག་ཆུ་གཏོང་བཞིན་ཡོད་པ་ལོས་ཤེས། དེ་དུས་ངའི་མིག་ཟུང་ཡང་ཅི་ཞིག་གིས་བསྒྲིབས་ཏེ་རབ་རིབ་ཏུ་གྱུར་སོང་།  མིག་ཆུ་ནི་འདི་ལྟར་རང་དབང་མེད་པར་ངའི་སེམས་སུ་ལྷུང་ནས་ང་ལ་མནར་གཅོད་གཏོང་གིན་འདུག  རླངས་འཁོར་རྫ་ཆུ་ཁའི་ཕྱོགས་སུ་ཆས་སོང་།

    ངས་རླངས་འཁོར་གྱི་རྒྱབ་ཕྱོགས་སུ་མིག་སྐྱེལ་བྱས་ནས་སྡོད་པའི་དུས་སུ། ཁ་པར་གྱི་དྲིལ་བརྡ་གྲགས་བྱུང་།  ཁ་པར་གྱི་འཆར་ངོས་སུ་ཆུང་མ་ལྷ་མོ་ཡིག་འབྲུ་འགའ་ཤར་འདུག ངས་ཁ་པར་ལ་མ་ཉན་པར་ཕྱིར་གློ་ཁུག་ཏུ་བཅུག  ངས་སླར་ཡང་བདེ་སྐྱིད་བསྡད་ཡོད་པའི་རླངས་འཁོར་རྗེས་སུ་བལྟས་པ་ན།  རླངས་འཁོར་ནི་འདུ་འཛི་ཆེ་བའི་སྲང་ལམ་དུ་སྔར་ནས་ཡལ་ཟིན།

    ཁ་པར་གྱི་འབོད་བརྡ་སླར་ཡང་གྲགས་བྱུང་། ངས་འདོད་ལ་མི་འདོད་པས་ཁ་པར་ལ་ཉན་དེ”ཝེ”ཞེས་ལབ་པ་ན། “ཨ་ཕ།ཁྱོད་ཁྱིམ་དུ་ནམ་ཡོང་རྒྱུ་ཡོད། ངས་ཁྱོད་དྲན་གྱིན་འདུག་ཟེར།”དེ་ནི་ངའི་སྙིང་གི་ཕྱེད་ཀ་ཏེ་ལོ་བདུན་ལ་སོན་པའི་བུ་མོ་རེད།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།