རྩོམ་པ་པོ། ཕུར་བཀྲ།
བརྙན་ལེན་ཕབ་སྐྲུན་ཚན་ཆུང་གི་དགོང་སྲོད།
ས་སྲོད་ཀྱི་ཉི་ཟེར་རི་ར་བ་ཁང་ཁྱིམ་སོགས་སུ་འཕྲོས་ཤིང་སྤང་ཐང་གི་ཁ་དོག་ལས་གནས་དེ་ལ་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཅིག་བསྐྲུན་འདུག ཡལ་ལ་ཉེ་བའི་ས་སྲོད་ཀྱི་ཉི་ཟེར་ནི་ལོ་ན་ཤིན་ཏུ་མཐོ་བའི་བགྲེས་པོ་ཞིག་སྐར་མདའ་བཞིན་འཆི་བ་ཞེས་པའི་ཁྱུར་མིད་གཏོང་རན་པ་དང་ཇི་འདྲའི་མཚུངས། ཉེ་རྒྱང་གང་རུང་གི་རྟ་ནོར་རྣམས་ནི་བག་ཡངས་ངང་རྩྭ་ཆུ་ལ་རོལ་བཞིན་འདུག ཐག་མི་རིང་བའི་ས་ཡི་ཆུ་ཕྲན་དེ་ནི་ཞི་འཇམ་ལྷོད་ཡངས་ཀྱིས་མུ་ནས་མུ་རུ་རྒྱང་ནས་རྒྱང་དུ་གྱེས། ཆུ་འགྲམ་གྱི་མེ་ཏོག་དང་རྩྭ་ལྗང་གི་ཁྲོད་དུ་བྱིས་པ་འགས་དོར་མ་བརླ་རྩར་བརྫེས་ཏེ་གཞའ་རེས་སྐོང་རེས་བྱེད་བཞིན་ཡོད། ཁྱིམ་མཚེས་དག་གི་སྦྲ་ཡི་ཁ་ཚབ་ལས་དུད་ཞགས་གྱ་གྱུ་སྔོ་ཞིང་བསང་བའི་ནམ་མཁའི་ངོས་སུ་ཁ་བཏགས་དཀར་བོ་འཐེན་པ་ཇི་བཞིན་གཡེང་ཞིང་ཁྱབ། ན་དཀྱིལ་ནས་རྟ་ཁྱུ་ཞིག་འཚེར་སྐད་ལྷང་ལྷང་གིས་རི་འདབས་སུ་ཞོགས་ཡོང་དུས་ང་ལ་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་གྱི་བཙན་པོའི་དམག་དཔུང་གཡུལ་ལས་རྣམ་པར་རྒྱལ་ཏེ་ཕྱིར་རང་ཡུལ་དྲོན་མོར་ལོག་ཡོང་བ་ལྟ་བུའི་སྣང་བ་སྟེར། རི་ཞོལ་གྱི་ཤིང་སུལ་གྱི་གསེབ་ཏུ་བྱིས་པ་ཚོས་རང་རང་གི་བེའུ་རྣམས་ཕྱིར་ཡུལ་ལ་འདེད་ཀྱིན་འདུག
དྭངས་ཤིང་གཙང་བའི་ཆུ་ཕྲན་དང་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ནི་སུ་དང་གང་གིས་ཞིབ་འབྲི་བྱེད་དཀའ་འོ།། ས་སྲོད་ནི་ཇི་འདྲའི་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་ཞིག་རེད་ཨང་། དེ་ནི་འཇིག་རྟེན་འདིའི་སྣོད་བཅུད་ཀྱི་མཛེས་སྡུག་ཡོད་ཚད་གནས་འདི་རུ་བཀོད་པ་འདྲ། མི་ཞིག་ནར་སོན་པའི་གོ་རིམ་ནི་མི་ཞིག་རྒ་བར་གྱུར་བའི་གོ་རིམ་ཡིན་པས་སྤང་ཐང་འདི་ནི་དར་ཞིང་རྒྱས་ལ་ཉམས་རྒུད་དུ་གྱུར་བའི་རིག་གནས་ཤིག འཚོ་སྟངས་ཤིག འཚོ་བ་ཞིག སྡོམ་ཐག་བཞིན་སྦྲེལ་བའི་ས་སྲོད་ཀྱི་དུད་ཞགས་ཁྲོད་དྲན་ཡོང་། སྦྲ་ཁྱིམ་རེ་རེའི་སྒྲ་སྡུད་འཕྲུལ་ཆས་ལས་གླིང་གེ་སར་རྒྱལ་བོའི་སྒྲུང་གྲག་ཡོང་དུས་དུས་རབས་དུ་མའི་སྔོན་གྱི་དཔའ་བོའི་ཀི་སྒྲ་དང་རྟ་ཕོའི་འཚེར་སྒྲ་སོགས་རྣ་ལམ་དུ་བྲག་ཅ་བཞིན་མཆེད་བྱུང་། དྭངས་གཙང་ལྷད་མེད་ཀྱི་བྱིས་བློའི་མངའ་ཐང་ན་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་ལ་ཟབ་ཞུགས་བྱེད་པར་བྲེལ་བའི་ཆུ་འགྲམ་གྱི་བྱིས་པ་ཚོ་འུར་ཆལ་ལེར་རང་རང་གི་སྦྲ་སྒོར་དམིགས་ནས་ཚུར་བརྒྱུག་འོང་། དུས་དེར། ངས་ནི་ངང་ངམ་ཤུགས་ཀྱིས་རང་ཉིད་ཀྱི་བྱིས་པའི་དུས་སྐབས་ཀྱི་འཛུམ་མདངས་དང་དགོད་སྒྲ་དྲན་ཡོང་།
“ཀ་ཁ་ག་ང་།……”ལོ་ན་དྲུག་ལ་སོན་པའི་བྱིས་པ་བུ་དེས་དགོད་ཞོར་དུ་ཀློག་འདོན་བྱས། དེ་ནི་ཇི་འདྲའི་གཅེས་སུ་འོས་པའི་བྱིས་པ་ཞིག་རེད། “ག་ང་ད་ན་བ་མ་འ་ར་ལ་ས་བཅས་རྗེས་འཇུག་བཅུ།” ལོ་དགུ་ཅན་གྱི་ལོ་རིམ་གཉིས་པའི་བྱིས་པ་བུ་དེས་ཀྱང་སྣབས་ཕྱིར་འཇིབ་ཞོར་དུ་ཤར་མར་བཏོན་སོང་། “ངས་ཉིན་ཐོ་མང་བོ་བྲི་ཤེས། དགེ་རྒན་གྱིས་ཧ་ཅང་བཟང་གི་ཟེར”ལོ་རིམ་དྲུག་པ་ཡིན་པའི་བུ་མོ་ཞིག་གིས་ལག་ཏུ་འབྲི་དེབ་ཅིག་ཐོགས་ཏེ་དེ་སྐད་ཟེར། ཁོ་མོ་ལོ་བཅུ་གསུམ་རེད་ཟེར། གམ་གྱི་བྱིས་པ་མང་བོ་འཚང་རེས་བྱས་ཏེ་“ངས་ཤེས། ངས་ཀྱང་ཤེས།” ཞེས་འཕྲོག་རྩོད་བྱེད་བཞིན་གདའ།ལོ་ན་ཆེས་ཆུང་ལ་དོར་མ་ཡང་གྱོན་མེད་པའི་བྱིས་པ་དེས་“ཀ་ཁ། ངས་ཀྱང་འདོན་ཤེས་”ཞེས་བཤད་བྱུང་། ལོགས་སུ་ཡོད་པའི་བྱིས་པ་ཚོ་འུར་ཆལ་ལེར་བུད་སོང་། མ་གཞི་ཁོ་ཚོ་དགོད་དོན་ནི་བྱིས་པ་དེའི་དོར་མ་གྱོན་མེད་པས་རེད། ང་རང་མར་ཙོག་སྟེ་བྱིས་པ་དེ་ལ་“ཡ། ཆོག་གི ཁྱོད་ཀྱིས་དོར་མ་མི་གྱོན་དོན་ཅི་ཡིན་”ཞེས་དྲིས། “རློན་པ་རེད། ངའི་དོར་མ་རློན་པ་རེད།” ཅེས་བྱིས་པས་ལན་བཏབ་བྱུང་། ཡང་ངས“ཁྱོད་ཀྱི་དོར་མ་ཅིའི་ཕྱིར་རློན་པར་གྱུར་སོང་བ་རེད་”ཅེས་དྲིས། བྱིས་པས་གོང་མཛུབ་ཁ་ནང་དུ་བཅུག་སྟེ་གམ་གྱི་བྱིས་པ་གཞན་དག་གི་ངོ་ལ་ཞིབ་ཏུ་ཐེངས་ཤིག་བལྟས་ཤིང་ཚུར་ང་ལ་ཕྱོགས་ཏེ“གཅིན་ཤོར་བ་རེད་”ཟེར། ལོགས་སུ་ཡོད་པའི་བྱིས་པ་ཚོ་སླར་ཡང་འུར་ཆལ་ལེར་བགད་བྱུང་། ཁོ་ལ་སྣང་དོགས་ཅི་ཡང་མི་འདུག
ངས་གཅེས་སུ་འོས་པའི་བྱིས་པ་དེའི་སླད་མ་འདྲེས་པའི་བྱིས་བློ་གཙང་མར་བསྟོད་པ་དང་ཡིད་སྨོན་སྐྱེས་ཞོར་དུ་ཁོ་རང་པང་དུ་བླངས་ཏེ་ཀ་ཁ་ཀློག་ཏུ་བཅུག་“ཀ་ཁ་ག་ང་། ཅ་ཆ་ཇ་ཉ།……”གསལ་བྱེད་སུམ་ཅུ་བོ་བྱིས་པས་ཤར་སེ་བཏོན་སོང་། “ཁྱོད་སློབ་གྲྭར་སོང་མྱོང་ངམ།”ཞེས་དྲིས། “མ་མྱོང་།” བྱིས་པས་དེ་ལྟར་བཤད་བྱུང་། ངས་དོགས་པ་དང་བཅས་ཏེ་“འོ་ན་ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན་”ཞེས་བཤད། བྱིས་པས་ལག་པ་གཡོན་མའི་ལག་རྒྱབ་ཀྱིས་སྣབས་འབྱིད་ཞོར་དུ་“ཕུ་བོ་དང་ཨ་ཅེ་གཉིས་ཀྱིས་དེ་ལྟར་ཀློག་བཞིན་འདུག་”ཟེར། དངོས་གནས་དྭངས་ཤིང་གཙང་བའི་སྤང་ཐང་གི་ཡུལ་ལྗོངས་ལྟ་བུའི་བྱིས་བློ་ནི་ཇི་འདྲའི་གཙང་བ་ལ་ཨང་། ངས་འཛམ་གླིང་གི་རླབས་ཆེན་གྱི་བྱིས་སྒྲུང་རྩོམ་མཁན་གྲགས་ཅན་ཨན་ཐུ་ཧྲིན་གྱི་གོང་མའི་ན་བཟའ་གསར་བའི་ཁྲོད་ཀྱི་བྱིས་པ་དེ་ཡང་ཐོལ་གྱིས་དྲན་བྱུང་། སྨུག་པོ་སྦྲ་ཡི་ནང་དུ་གླིང་སྒྲུང་སྔར་བཞིན་གྲག་གིན་ཡོད་ཅིང་མི་ཆེན་ཚོས་གཟབ་ནན་ངང་དེ་ལ་ཉན་ཡོད། ད་ལྟ་མུན་ཡོངས་སུ་རུབ་བྱུང་། བྱིས་པ་ཚོ་རང་ཁྱིམ་དུ་ལོག་སོང་།
ང་དང་གྲོགས་པོ་ཚོས་བརྙན་ལེན་འཕྲུལ་ཆས་དང་ཡོ་བྱད་གཞན་རྣམས།ད་དུང་པར་ཆས་སོགས་བསྡུ་གསོག་བརྒྱབ་རྗེས་བཀྲ་ཤིས་ཚང་ལ་སོང་།
རྨི་ལམ།
བདག་གིས་ཀློག་བཞིན་པའི་དཔེ་ཆ་སྔས་འགྲམ་དུ་བཞག་ནས་བསམ་བློ་བཏང་། ལོ་མང་བོའི་རྗེས་ཀྱི་དབྱར་ཁ་ཞིག་ལ་ཡངས་ཤིང་མཐའ་ཡས་པའི་སྤང་ཐང་དུ་ར་སྐོར་གྲུ་བཞི་ཞིག་བསྐོར། དེའི་ནང་དུ་རྒྱུ་སྤུས་བཟང་ཞིང་བཟོ་བཀོད་ལེགས་པའི་ཉིས་ཐོག་ཅན་གྱི་ཁང་བ་ཞིག་འཛུགས་དགོས། ཁང་བའི་ཕྱོགས་བཞིར་སྒེའུ་ཁུང་ཡོད་པས་ལྷོ་ཡི་སྒེའུ་ཁུང་ལས་མཐོ་ཞིང་བརྗིད་པའི་གངས་རི་མཐོང་བ་དང་། ནུབ་ཀྱི་སྒེའུ་ཁུང་ལས་གནའ་བོའི་འཇིག་རྟེན་གྱི་གཟི་མདངས་མ་ཉམས་པའི་རི་གྲོང་གི་ཡུལ་ལྗོངས་མཐོང་བ། བྱང་གི་སྒེའུ་ཁུང་ལས་དྭངས་ཤིང་བསིལ་བའི་མཚོ་མོ་མཐོང་བ། ཤར་གྱི་སྒེའུ་ཁུང་ལས་གདོད་མའི་འཚོ་བའི་ཁྱད་ཆོས་མ་ཡལ་བའི་འབྲོག་ཐང་མཐོང་བར་བྱས་ཡོད། འབྲོག་ཐང་གི་འཚོ་བ་ནི་ངའི་དྲན་པའི་རྩིག་ལྡེབས་ངོས་སུ་བྲིས་པའི་ལོ་ངོ་སྟོང་ཕྲག་ལྷག་ལ་ཡལ་མ་མྱོང་བའི་རི་མོ་རྙིང་བ་ཞིག་དང་མཚུངས་པས་ཤར་གྱི་སྒེའུ་ཁུང་ལས་འབྲོག་པའི་འཚོ་བ་མཐོང་རྒྱུ་བྱས་ཡོད། དེ་ནི་ཇ་འཐུང་ཞོར་དང་ཟ་མ་ཟ་ཞོར། ཁ་བརྡ་བྱེད་ཞོར་དང་གླུ་དབྱངས་ལེན་ཞོར་དུ་སྒེའུ་ཁུང་ལས་བལྟས་ཆོག ཐ་ན་ཁོམ་དུས་བྲེལ་དུས་གཉིས་ཀར་བལྟས་ཆོག
ཁང་བ་ཐོག་ཁང་ཅན་ཞིག་ཡིན་པས་སྟེང་འོག་གཉིས་ལ་བསྡོམས་པའི་ཁང་བ་གྱན་བཅུ་གཉིས་ཡོད། ཁང་བ་དེ་དག་ནི་མཆོད་ཁང་དང་མཛོད་ཁང་། འགྲུལ་ཁང་། ཉལ་ཁང་། སྤྱོད་ཁང་སོགས་ཁང་བ་རེ་ལ་མིང་རེ་བཏགས་ཡོད། མིང་རེ་དང་དེ་མཐུན་གྱི་བེད་སྤྱོད་གཏོང་ལུགས་ཤིག་ཡོད། བདག་གིས་ཆུང་མ་ལེན་སྲིད་ལ་ཆུང་མ་ལེན་དུས་གཉེན་སྟོན་རྒྱ་ཆེར་སྤེལ་སྲིད། གཉེན་ཉེ་དང་གྲོགས་པོ། སློབ་གྲོགས། ལས་གྲོགས་སོགས་མི་སྣ་ཧ་ཅང་མང་བོ་བདག་གི་གཉེན་སྟོན་ལ་ཡོང་སྲིད། ང་དང་ཆུང་མས་འཛུམ་དམུལ་དམུལ་གྱིས་ཆང་ཕོར་བཏེགས་ཏེ་མགྲོན་པོ་རེ་རེར་ཞབས་དག་གནང་དགོས། ལོ་མང་བོའི་རྗེས་སུ་ཆུང་མར་བྱིས་པ་སྐྱེ་སྲིད། བྱིས་པ་དེ་ནི་གཅེས་སུ་འོས་པའི་བུ་ཆུང་ཞིག་ཡིན་སྲིད། ཡང་ལོ་མང་བོའི་རྗེས་སུ་བུ་ཆུང་གིས་ཆུང་མ་བསུས་ཏེ་བྱིས་པ་སྐྱེ་སྲིད། བྱིས་པ་དེ་ཡང་གཅེས་སུ་འོས་པའི་བུ་ཆུང་ཞིག་ཡིན་ངེས། “ཨ་རོགས། བཀྲ་ཤིས།” སྐད་སྒྲ་དེས་ང་རང་གཉིད་ལས་བསླངས། དངངས་སྐྲག་དང་བཅས་ཏེ་མིག་ཟུང་ཕྱེ་དུས་དེ་ནི་རྨི་ལམ་ཡིན་པ་གཞི་ནས་རྟོགས་སོ།།
སྙན་ངག་པ།
ལོ་ན་སུམ་ཅུ་བརྒལ་བའི་སྙན་ངག་པའི་སེམས་སུ་རྫོང་མཁར་གྱི་ཆུང་མ་དང་བུ་ཆུང་དྲན་ཞིང་། སླར་ཡང་ཟླ་འགའི་སྔོན་ལ་དུས་དེབ་ག་གེ་མོའི་སྟེང་དུ་བསྐུར་བའི་སྙན་ངག་དང་། དུས་དེབ་སྟེང་བཀོད་པའི་སྙན་ངག་དང་རྩོམ་ཡོན་ཡང་དྲན། གནོན་ཐབས་བྲལ་བའི་དྲན་པའི་གསེང་ནས་ང་རྒྱལ་གྱི་མགོ་བོ་ཡང་ནམ་མཁར་དགྱེ་དགོས་བྱུང་། ཁང་མིག་ཏུ་ཉིན་འགར་གཙང་སྦྲ་མ་བྱས་པའི་རྐྱེན་གྱིས་དྲི་ངན་སྣ་ལ་གཟན་པ་ཞིག་བྲོ། གལ་ཏེ་ཆུང་མ་ཡོད་ན་དྲི་ངན་དེ་ཡང་བྲོ་དགོས་དོན་མེད་སྙམ། སྒྱིད་ལུག་ཆེ་བའི་སྙན་ངག་པའི་ཁང་མིག་ཏུ་ཉལ་ཁྲི་གཅིག་དང་མདུན་ཅོག་གྲུ་བཞི་གཅིག དེའི་ཐོག་ཏུ་དུས་དེབ་འགའ་དང་ཚིག་མཛོད་གཉིས། འབྲི་བདེ་བཞི། གློག་སྒྲོན་ཞིག་བཅས་ཡོད། སྒོ་འགྲམ་གྱི་གྱང་ངོས་སུ་གྲུ་བཞི་ནར་དབྱིབས་ཀྱི་མེ་ལོང་ཞིག་སྦྱར་ཡོད། སྒེའུ་ཁུང་ནང་རོལ་གྱི་གྲུ་སྟེགས་སུ་རྫ་བུམ་ཞིག་བཞག་ཅིང་དེའི་ནང་གི་རྙིད་འདུག་པའི་མེ་ཏོག་གི་ཉམ་ཆུང་བའི་ཚེ་སྲོག་གིས་ཁང་མིག་དེར་སྔར་ལས་སྡུག་པའི་སྐྱོ་ཉམས་ཤིག་བཏོད་འདུག ཉལ་ཁྲིའི་གཡས་གཡོན་དུ་རྐང་འབོབ་དང་ལྷམ། སྟོད་ཐུང་དང་དོར་མ་སོགས་གོ་རིམ་མེད་པར་གཡུག་འདུག སྙན་ངག་པས་དུ་བ་རྔུབ་བཞིན་མེ་ལོང་ལ་བལྟས། མེ་ལོང་དུ་ཤར་བའི་རང་ཉིད་ཀྱི་གཟུགས་བརྙན་ལ་བལྟས། ལན་རེ་དགོད། མཚམས་རེར་ཞིབ་ཏུ་ལྟ།ཡང་ལན་རེར་སྒེའུ་ཁུང་ལས་ཕྱི་རོལ་ལ་ལྟ། ཉི་མ་སྤྲིན་གསེབ་ཏུ་ཡིབ་ཅིང་སྡོང་མགོར་བྱེའུ་འགའ་བབ་འདུག མེ་ཏོག་གི་འདབ་མར་སྦྲང་མ་དང་ཕྱེ་ལེབ་འགའ་རེས་མོས་སུ་འཁོར།
སྙན་ངག་པའི་ཁྱིམ་མཚེས་ཡིན་པའི་དབུས་གཙང་གི་དགེ་རྒན་བུ་མོས་ལྕགས་རྟ་ཞོན་ནས་སློབ་གྲྭའི་ཕྱོགས་སུ་བུད་སོང་། སྙན་ངག་པས་ཞིབ་ཏུ་རང་ཉིད་ཀྱི་ཁང་མིག་ལ་མིག་མྱུལ་བྱས། ཇི་འདྲའི་རྗོབ་པ་ལ་ཨང་། སྒེའུ་ཁུང་ཕྱེ་ནས་ནང་དུ་བསེར་བུ་ལྡང་གི་བཅུག བསེར་བུས་སྙན་ངག་པའི་འབྲི་དེབ་དག་ཀྱང་བསྒུལ་བྱུང་། འབྲི་དེབ་འགུལ་བ་ནི་རྒྱ་མཚོའི་རྦ་རླབས་གཡོ་བ་ཇི་བཞིན་ཤུགས་ཀྱིས་འཕྲོ་རིམ་འཕྲོར་དེད། དགེ་རྒན་ཡིན་ལ་སྙན་ངག་པ་ཡང་ཡིན་པའི་སྙན་ངག་པས་སྙན་ངག་ཅིག་བྲིས་ཏེ་དུས་དེབ་ག་གེ་མོའི་སྟེང་དུ་བསྐུར། སྙན་ངག་དེ་ནམ་ཚོད་ཅིག་ལ་བྲིས་པ་མི་གསལ་མོད། སྙན་ངག་དེས་གྲག་འགུལ་ཆུང་ཆུང་ཞིག་བསླངས། སྙན་ངག་དེའི་འཕྲོར་སྙན་ངག་ཅིག་བྲིས། སྙན་ངག་དེ་འབྲི་དུས་ཀྱི་དུས་ཚོད་ནི་ཤིན་ཏུ་གསལ་ཏེ་ཟླ་ལྔ་བའི་ཚེས་ཉེར་ལྔའི་ཉིན། ལོ་ནི་ད་ལོ་སྟེ་ཆུ་ཕོ་འབྲུག་གི་ལོ་ཡིན། སྙན་ངག་དེའི་ཁ་བྱང་ལ་«སྙན་ངག་པ་ཤི་རྐྱེན»ཞེས་བཏགས། སྙན་ངག་པས་མཚམས་མཚམས་སུ་རང་ཉིད་ཁེར་རྐྱང་ཡིན་དུས་ཉལ་ཁང་ནང་ནས་སྙན་ངག་དེ་གྱེར་སྲིད། དེ་རིང་སྙན་ངག་པས་ཉལ་ཁང་ནང་ནས་སྙན་ངག་དེ་གྱེར་དུས་ཉིན་གུང་ཙམ་ཡིན། མི་གཞན་གྱིས་ཁོ་ལ་སྙན་ངག་པ་ཞེས་འབོད། དངོས་གནས་ཡུལ་དེར་མཚོན་ན་ཁོ་ནི་སྙན་ངག་པ་གཅིག་པུ་ཡིན། སྙན་ངག་པས་ཉལ་ཁང་ལ་གཙང་སྦྲ་རགས་ཙམ་བྱས་རྗེས་རྫ་བུམ་ནང་གི་མེ་ཏོག་ལ་ཆུ་ཉུང་ཙམ་གཏོར། ངལ་ཅུང་ཙམ་གསོས་རྗེས་«སྙན་ངག་པ་ཤི་རྐྱེན»ཞེས་པའི་སྙན་ངག་དེ་གྱེར།”
ཁྱེད་ཀྱིས་སྒོ་དང་སྒེའུ་ཁུང་ཡུན་རིང་བརྒྱབ་པས
ཁྱེད་ཀྱིས་བུམ་ནང་གི་མེ་ཏོག་ལ
གཙང་སྦྲ་མ་གནང་བས
ཁྱེད་ཀྱི་ལུས་སྟེང་དུ་ཅ་ལག་བཙའ་རོ་འགའ་དང
ཕྱེ་ལེབ་ཤི་བོ་ཞིག་ལས་ཅི་ཡང་མི་འདུག་”ཤོག་ལྷེ་གཅིག་གི་ངོས་སུ་བྲིས་པའི་སྙན་ངག་ལ་བལྟས་ནས་མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ།
ཟླ་བརྒྱད་ཙམ་འགོར་རྗེས་སྙན་ངག་པས་«སྙན་ངག་པ»ཟེར་བའི་སྙན་ངག་ཅིག་བྲིས། སྙན་ངག་དེ་ཡང་དུས་དེབ་ག་གེ་མོའི་ཞིག་གི་སྟེང་དུ་བསྐུར། ཁོས་སྙན་ངག་དེ་དགོང་སྲོད་ཅིག་ལ་གྱེར།”
འོད་སྣང་དང་མུན་པ་ལུས་སུ་གྱོན་ནས མཚམས་མེད་པར
སྤྲིན་པ་དག་ལག་པས་འཛིན་ཅི་ཐུབ་བྱས་རྗེས
དུས་ཚོད་ཀྱིས་རང་ཉིད་དང་བཅས་པར་མེར་བསྲེག་སྟེ
སྲིད་པའི་མཛེས་སྡུག་གི་ཡུལ་ཁམས་མཐའ་དག
སྐལ་བ་གྲངས་མེད་པ་ཞིག་གི་ནང་དུ་མཐོང་ཐབས་བྲལ་”ཡོངས་སུ་གྱེར་ཚར་རྗེས་ཆང་རག་བར་མེད་དུ་འཐུང་། གཡག་རོག་པོས་རྫ་ཆུ་འཐུང་བ་ལྟར་རྔམ་གྱིས་འཐུང་། སྙན་ངག་དེ་དུས་དེབ་ཏུ་འགོད་དུས་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་རེད། དེ་དུས་སྙན་ངག་པ་རྫོང་མཁར་དུ་ཡོད།ཆུང་མ་དང་བུ་ཆུང་ཁྲིད་དེ་རྫོང་མཁར་གྱི་སྤྱི་གླིང་ཞིག་ཏུ་ཡོད།
དེ་རིང་ཉིན་གུང་སྙན་ངག་པས་རང་སྲོག་བཅད་འདུག སྙན་ངག་པ་འབྲོང་གཡག་གཙང་བོར་མཆོང་སྟེ་རང་སྲོག་བཅད་པའི་གནས་ཚུལ་འབྱོར་དུས། ཁོའི་ཆུང་མས་ངུ་རྒྱངས་སྙིང་ལ་གཟན་པ་ཞིག་བྱས་པ་དང་“ཁྱོས་ངེད་མ་བུ་གཉིས་བསྐྱུར་ནས་གང་དུ་བུད་སོང་།” ཞེས་སྨེ་ངག་བཏོན། མི་ཚོགས་ཀྱིས་ཁོ་མོ་བསྐོར་འདུག ད་ལྟ། དུས་དེབ་ག་གེ་མོའི་རྩོམ་རིག་བྱ་དགའ་ཞིག་ཁོ་ལ་ཐོབ་པའི་བརྡ་སྦྱོར་ཡང་འབྱོར་འདུག
མཆན། སྲིན་པོའི་སྙན་ངག«སྙན་ངག་པ་ཤི་རྐྱེན»ཨ་མཆོག་ཟུར་མིག་གི་སྙན་ངག«སྙན་ངག་པ»