མིང་མེད་པའི་བུ་མོ།

430

 

རྩོམ་པ་པོ།   ཀླད་ཀོར། 

 

 

   བུ་མོ་དེས་མུན་ནག་ནས་བདག་ཕྱོགས་སུ་སོ་གཙིགས་ཡོང་དུས་ང་རང་སྐྲག་ནས༼ཨ་བ་ཨ་མ༽ཞེས་སྐད་ངན་ཤོར་སོང་།  ཟླ་དྲུག་པའི་ཚེས་ལྔའི་མཚན་མོའི་ཆུ་ཚོད་བཅུ་དང་སྐར་མ་གསུམ་བཅུ་སོ་བཞིའི་ཐོག་ང་རང་ལས་ཀ་གང་ཡང་མེད་པར་མལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་ནས་ཁ་པར་གྱི་ངོས་སུ་ཅེར་བཞིན་ཡོད།  སྐབས་དེར་ངོ་མི་ཤེས་པའི་བུ་མོ་ཞིག་གིས་ཏིང་སྒྲ་དང་བཅས༼སྐུ་ཁམས་བཟང༽ཟེར་བྱུང་། ངས་ལན་དུ་མོར་ཞི་མི་ཞིག་གི་དགའ་སྤྲོ་ཆེན་པོས་ཙི་ཙི་ཞིག་ལ་ལག་འཇུ་བཞིན་པའི་འགུལ་རེས་ཤིག་བསྐུར།    ཡིན་ཡང་མོས་སོ་གཙིགས་པའི་རྣམ་འགྱུར་ཞིག་བསྐུར་བྱུང་བས་ང་རང་མོ་ལ་སྐྲག་ཁུལ་བྱས་ནས༼ཨ་བ་ཨ་མ༽ཞེས་ལབ་པ་ཡིན།

    ༼    ཁྱོད་རང་ལོ་རིམ་བཞི་པ་ཡིན་ནམ  ༽  མོས་བཤད།

    ༼    ལོ་རིམ་བཞི་པ་ཡིན ༽

     ༼   དེ་ན་མགྱོགས་པོར་ཁ་བྲལ་དགོས་པ་མ་ཡིན་ནམ ༽

    ༼ མགྱོགས་པོ་ཁ་བྲལ་དགོས ༽  ངས་ལན་འདི་འདྲ་ཞིག་བརྒྱབ་པས་མོས་ང་ལ་ཤིན་ཏུ་སྐྱོ་བའི་རྣམ་འགྱུར་གཅིག་བསྐུར་བྱུང་།

        ངས༼    ད་ལོ་ཐོན་ལ་ཉེ་བའི་ལོ་རིམ་བཞི་པའི་སློབ་མ་རྣམས་མི་རྒན་ཁྱུ་གཅིག་ཡིན་པས་སྐྱོ་བ་གང་ཡང་ཡོད་མི་སྲིད  ༽ ཅེས་བཤད་པ་ན་མོས་ང་ལ་ཧ་ལས་པའི་རྣམ་འགྱུར་ཞིག་བསྐུར་བྱུང་།

    ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་མཚན་མོའི་ཆུ་ཚོད་དང་པོ་དང་སྐར་མ་སུམ་ཅུ་སོ་ལྔར་ཐོན་དུས་མོས༼ཉལ་ཟིན་ནམ༽ཞེས་སྐད་འཕྲིན་དུ་བརྡ་འདི་འདྲ་ཞིག་སྐུར་ཡོད་པ་མཐོང་།  ཏག་ཏག་སྐབས་དེར་ང་རང་ཚ་བས་མ་བཟོད་པར་ཁྲུས་ཁང་དུ་བརྒྱུགས་ཏེ་ཆུ་གྲང་མོ་མགོ་ཐོག་ནས་ཤང་སྒྲ་དང་བཅས་གཏོར་བ་ན་ཁྲུས་ཁང་གི་སྒེའུ་ཁུང་ནས་རླུང་བུ་ཞིག་གློ་བུར་ལྡང་བྱུང་བས་ངའི་ལུས་ཀྱི་བ་སྤུ་ཀུན་འུར་རེ་གཟེང་བར་བྱས། ང་རང༼ཨ་ཆུ་ཆུ༽ཟེར་བཞིན་ཉལ་ཁང་དུ་བརྒྱུགས་པ་ན་ཉལ་ཁང་གཅིག་པའི་སློབ་གྲོགས་རྣམས་ཀྱི་རྔུལ་ཆུས་བརླན་པའི་ངོ་གདོང་ལས་ཧ་ལས་པའི་རྣམ་འགྱུར་ཞིག་མངོན་བཞིན་ང་ལ་ལྟ་བར་བྱེད། ངས་ཁོ་ཚོ་ལ་ཁ་ཡ་མ་བྱས་པར་མལ་ཁྲིའི་ཐོག་གི་ཁ་པར་ཡར་བླངས་ནས་སྐད་འཕྲིན་གྱི་ཁ་ཕྱེ་བ་ན༼ཉལ་ཟིན་ནམ༽ཞེས་པའི་སྐད་ཅིག་སྐུར་འདུག་པ་མཐོང་།

    ༼  ཉལ་མེད  ༽  ངས་བཤད།

      ༼   ཁྱོད་ཀྱིས་ང་སུ་ཡིན་ཞེས་མི་འདྲི་བའི་རྒྱུ་མཚན་ཅི་ཡིན ༽

      ༼   སྐད་འཕྲིན་གྱི་ནང་དུ་མི་རེ་རེ་ལ་ཁྱོད་སུ་ཡིན་ཞེས་འདྲི་དགོས་ན་སྐད་འཕྲིན་འདི་ལས་མི་གསར་པ་བསྡུ་ས་ལྟ་བུ་ཞིག་ཏུ་ཆགས་འགྲོ  ༽  ཟེར་དུས་མོས༼ ཁྱོད་རང་ས་ཆ་གང་གི་མི་ཡིན  ༽  ཞེས་དྲིས།

   ༼   ང་རང་འཛམ་བུ་གླིང་གི་མི་ཡིན  ༽  ཞེས་བཤད་པ་ན་མོས་ང་ལ་མིག་ལོག་བགྲད་པའི་རྣམ་འགྱུར་ཞིག་བསྐུར་བྱུང་།   ངས་རྣམ་འགྱུར་དེའི་ལན་དུ༼   ཁྱོད་ཀྱིས་བལྟས་ན  ༽ ཞེས་བཤད།

   ༼   ཨ་མདོ  ༽  ཞེས་བསྐུར་བྱུང་བས་ངས་ཀྱང༼    ང་རང་ཨ་མདོ་ནས་ཡིན་དགོས་པའི་རྒྱུ་མཚན་ཅི་རེད   ༽  མོ་ལ་དྲིས་པས <<རྨུ་ཐག>>འགྲེང་སྤེལ་ཚོགས་འདུའི་སྐབས་སུ་ཁྱོད་ཀྱི་བཤད་པའི་ལྷ་སའི་སྐད་དེ་དག་མ་རང་མ་རེད  ༽ ཟེར།

   ༼   ཁྱོད་ཀྱིས་ནོར་སོང་།ང་ཨ་མདོ་ནས་མིན ༽  ཞེས་བཤད་པ་ན༼    ཁྱོད་རང་ཆབ་མདོ་ནས་རེད  ༽  ཅེས་བཤད་བྱུང་བས་ང་ལ་སྐད་ཆ་མེད་སོང་།   དེ་བཞིན་ངའི་མིང་ཡང་ལམ་བུ་ཀྱག་ཀྱོག་མང་པོ་ཞིག་བརྒྱུད་རྗེས་མོས་ཤེས་སོང་།

   ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་ལ་མོས་ངའི་སྐད་འཕྲིན་དུ༼    ཅི་བྱེད་བཞིན་ཡོད   ༽  ཅེས་སྐད་ཅིག་བསྐུར་འདུག

༼    ཕྱི་རོལ་ལ་ཟ་མ་བཟའ་བར་ཕྱིན་ནས་ད་ཉན་ཁང་དུ་སླེབས་ཙམ་ཡིན  ༽

༼   ང་ཡང་ཕྱི་རོལ་ན་ཟ་མ་བཟའ་བཞིན་ཡོད།  ང་གཉིས་མི་འཕྲད་པའི་རྒྱུ་མཚན་ཅི་ཡིན་ནམ  ༽  ངས་ལན་བཏབ་མ་ཐུབ་པས་སྙིང་བོ་མེད་པའི་རྣམ་འགྱུར་ཁ་ཤས་བསྐུར་བ་ཡིན།  མོས་ཀྱང་རྣམ་འགྱུར་ཁ་ཤས་ཚུར་བསྐུར་བྱུང་།  རྣམ་འགྱུར་དེ་དག་ལ་ལྟ་བཞིན་ལྟ་བཞིན་སྙིང་བོ་དེ་ཙམ་མི་འདུག

༼   ཁྱོད་རང་ནམ་ཞིག་ལ་སློབ་གྲྭ་དང་ཁ་བྲལ་རྒྱུ་ཡིན ༽

༼    ཚེས་པ་ཉི་ཤུ་རྩ་གྲངས་ལ་ཁ་བྲལ་དགོས༽མོས༼ང་ནི་གསར་འགོད་པ་བཞིན་ཁྱོད་ལ་འདི་ལྟར་དྲིས་དུས་མི་སུན་ནམ ༽ མོས་དྲིས་པ་ལ་ལན་དུ༼   བུ་མོ་ཚོ་ནི་ཚེར་མའི་ལམ་ཁར་ཉུལ་མཁན་ཡིན་པས་ཀུན་ལ་དོགས་པ་བྱེད། ཁྱོད་ཀྱང་དེ་བཞིན་རེད ༽  ཅེས་ཐལ་བས་མོས༼    ཧུན  ༽ཅེས་བསྐུར་བྱུང་།  དེ་ནས་མོས་དལ་བོའིངང་རིམ་གྱིས་འདྲི་རྒྱུར༼   ད་ལྟ་ཁྱོད་ལ་དགའ་མ་མེད་དམ  ༽  ཟེར།

   ༼   མེད ༽

༼    རྒྱུ་མཚན  ༽

   ༼   གཅིག་པུ་ལ་གོམས་སོང  ༽

    ༼   སློབ་ཆེན་གྱི་སྐབས་དགའ་རོགས་ཐེངས་གཅིག་མི་སྒྲིག་པར་ཅི་ཞིག་བྱེད་ཀྱིན་ཡོད  ༽  མོས་ང་ལ་ལེ་བདའ་འདི་ལྟར་བྱེད་འོང་དུས་སྣང་བ་ཞིག་ལ་དགེ་རྒན་ཞིག་གིས་བརྩེ་དུང་ཞེས་པའི་རྒྱུགས་ཤོག་ཅིག་ཁུར་འོང་ནས་ང་ལ༼    ཁྱོད་ཀྱིས་བརྩེ་དུང་སློབ་ཚན་གྱི་སྐར་མ་ཀླད་ཀོར་རེད་འདུག  ༽  ཅེས་བཤད་འོང་བ་དང་འདྲ།  ངས་ལན་གང་ཡང་མ་བསྐུར་ལ་རྣམ་འགྱུར་ཅི་ཡང་མ་བསྐུར་བར་ཡུན་ཙམ་འདས་རྗེས༼   ཁྱོད་ཀྱི་ཆེད་ལས་ཅི་ཡིན  ༽  ཞེས་དྲིས་བྱུང་།

    ངས༼   རྩོམ་རིག་ཡིན  ༽  ཞེས་བཤད།

   ༼    དེ་སྔོན་ཁྱོད་རང་བོད་རིག་པ་གླིང་གི་ཡིན་པ་ཤེས།  ཡིན་ཡང་ཆེད་ལས་མི་ཤེས།  ལོ་རིམ་བཞི་པ་ཡིན་པ་དེ་བས་ཀྱང་མི་ཤེས  ༽  ཟེར།

    ༼    ང་ལོ་རིམ་བཞི་པ་ཡིན  ༽  ངས་གསལ་བཤད་བྱས།  མོས་ཏིང་སྒྲ་དང་བཅས༼   ཕྱི་སོང ༽ ཟེར།

    ༼   ལས་དབང་རེད ༽

   མོས་སླར་ཡང་སྐད་ཆ་རྙིང་པ་ཞིག་བཤད་བྱུང༼   ཁྱོད་ཀྱིས་ང་རང་སུ་ཡིན་ཤེས་མི་འདོད་པ་ཨེ་རེད ༽

   ༼   ང་གཉིས་ངོ་ཤེས་རྗེས། ཁྱོད་གང་ནས་འོང་གང་དུ་འགྲོ།  མིང་ལ་ཅི་ཟེར་ཞེས་འདྲི་དགོས  ༽

   ༼   ངོ་ཤེས་རྗེས  ༽  མོས་ཡི་གེ་འདི་གསུམ་དང་མཉམ་དུ་དྲི་རྟགས་ཆེན་པོ་ཞིག་བསྐུར་འདུག

  ༼   ངོ་ཤེས་པའི་དབང་དུ་སྟངས་ན  ༽

   ༼    ངོ་ཤེས་པའི་དབང་དུ་སྟངས་ན་ཟེར་རྒྱུ་མེད།  ང་གཉིས་ཐེངས་གཅིག་འཕྲད་ན་མི་ཆོག་གམ  ༽

    ༼   ངས་ངོ་མི་ཤེས་པའི་བུ་མོ་ཞིག་ང་དང་འཕྲད་མི་སྲིད  ༽  མོས་ང་ལ་རྣམ་འགྱུར་གསུམ་བསྐུར་བྱུང་།  དེ་ནི་མིག་ལོག་གསུམ་རེད།

    ཟླ་དྲུག་པའི་ཚེས་བདུན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་སྐར་མ་ལྔ་བཅུ་ང་གསུམ་གྱི་ཐོག་མོས་ང་ལ་འདྲ་པར་ཞིག་བསྐུར་བྱུང་།   འདྲ་པར་གྱི་དཀྱིལ་དུ་ཆབ་རོམ་གྱི་རྣམ་པའི་ཐོག་ནས༼   ཀླད་ཀོར  ༽  ཞེས་ཡིག་འབྲུ་གཉིས་བྲིས་འདུག་ཅིང་འོག་ཏུ་དབྱིན་ཡིག་གི་ཚིག་ཕྲེང་གཅིག་བྲིས་འདུག་མོད།  ཡིག་ནོར་གྱིས་ཁེངས་ནས་འདུག་པས་ཡུན་རིང་པོ་ཞིག་ལ་ཚོད་དགམ་བྱེད་དགོས་བྱུང་།  དེའི་ནང་དོན་ནི༼   མི་དང་པིར་མིང་གཉིས་དྲོད་ཚད་གཅིག་པ་རེད  ༽  ཟེར་བ་འདྲ།  ངས་ཀྱང་རང་ཉིད་ཀྱི་གོ་བ་ལེན་སྟངས་མོ་རང་ལ་བཤད་པ་ཡིན།    མོས་ངའི་སྐད་ཆ་ལ་ཁ་ཡ་མ་བྱས་པར༼   ཁྱོད་ཀྱི་ཅི་བྱེད་བཞིན་ཡོད  ༽  ཟེར།

    ༼   ང་ལྟོགས་ཀྱིན་ཡོད  ༽    དེ་དང་མཉམ་དུ་ཤིན་ཏུ་ལྟོགས་པའི་རྣམ་འགྱུར་ཞིག་བསྐུར།

    ༼    ཟ་མ་བཟའ་བར་སོང   ༽  ཟེར་བ་དང༼    གལ་སྲིད་ང་རང་ཡང་ཟ་མ་བཟའ་སར་འཁྲིད་ན་ཁྱོད་རང་གི་ལྷ་སའི་སྐད་བཤད་སྟངས་སྙིང་རྗེ་བོ་ཇི་ལྟར་ཡོད་པར་ཁྱོད་ལ་བཤད་ཆོག  ༽  ཟེར།

    ངས༼   རྨི་ལམ་དུ་འཁྲིད་འོང  ༽  ཞེས་ཐལ་ཡང་མོས་སླར་ཡང༼   ཁྱོད་རང་ཕ་ཡུལ་དུ་ནམ་ལོག་རྒྱུ  ༽  ཞེས་དྲིས་བྱུང་།

    ༼    ཚེས་སུམ་བཅུའི་སྔོན་དུ  ༽

༼    ཚེས་གསུམ་བཅུའི་སྔོན་དུ་ང་གཉིས་ཐེངས་གཅིག་འཕྲད་དགོས  ༽  ཡིན་ཡང་ཟླ་དྲུག་པའི་ཚེས་ཉིར་གཉིས་ཀྱི་ཕྱི་དྲོ་ཆུ་ཚོད་གཉིས་པའི་ཐོག་ཏུ་མོས་ངའི་སྐད་འཕྲིན་ནང་དུ་བསྐུར་ཡོང་བའི་འདྲ་པར་དེ་ནི་ངའི་རྒྱབ་གཟུགས་ནག་པོ་ཞིག་རེད།  ངས་རང་ཉིད་ཀྱི་རྒྱབ་གཟུགས་དེ་མཐོང་མ་ཐག  བུ་མོ་ཁོ་རང་ནི་གཟུགས་མེད་ཀྱི་རྣམ་ཤེས་ཅིག་ལྟར་ངའི་འཚོ་བའི་གང་སར་འཚང་ཡོད་པའི་སྣང་བ་སྐྱེས།  ཡིན་ཡང་ངས་སྣང་བ་དེ་མོ་ལ་བརྗོད་མེད།

    ༼   ང་ལ་མཉེས་བཅོས་བྱེད་ཀྱིན་འདུག  ༽

   ༼   མིན། ཁྱོད་རང་གློ་བུར་འཕྲད་པས་ཐད་ཀར་པར་བརྒྱབ་པ་ཡིན  ༽

   ༼   ཐད་ཀར་པར་བརྒྱབ་པ་མ་རེད་ལྐོག་ནས་པར་བརྒྱབ་པ་རེད  ༽

   ༼   བློ་ཕམ་པ་ཞིག་ལ་རྒྱབ་གཟུགས་མ་གཏོགས།  ངོ་གདོང་ལེན་ཐུབ་མ་སོང  ༽

  ༼   ཁྱོད་ཀྱིས་ངའི་རྒྱབ་ནས་ལྐོག་མདའ་འཕེན་བཞིན་འདུག  ༽

    ༼   དེ་ནི་ཁྱོད་ཀྱིས་ཁ་ཕྱིར་བསྐོར་ནས་ང་ལ་འཛུམ་ཙམ་ཡང་མི་བྱེད་པའི་རྐྱེན་གྱིས་རེད   ༽   དེའི་རྗེས་སུ་མོས༼   ཁྱོད་ལ་དགའ་མ་ཨེ་ཡོད  ༽  ཅེས་དྲིས། སྐད་ཆ་དེ་གཉིས་ནི་ཤིན་ཏུ་དོ་མི་མཉམ་པ་འདྲ་ནའང་ད་ལྟ་ངས་ང་གཉིས་ཀྱི་ཁ་བརྡའི་ལྕོག་ངོས་སློག་སྐབས་དེ་ག་རང་རེད།  དེའི་བར་དུ་ངས་སྐད་ཆ་རེ་གཉིས་བསུབ་མེད་ད་ལྟར་དྲན་རྒྱུ་མི་འདུག

༼   མེད  ༽

༼   དགལ་ས་ཨེ་ཡོད  ༽

༼   མེད  ༽

༼    ཕུགས་བསམ་ཨེ་ཡོད   ༽

༼   མེད  ༽

    ༼   ངོ་མ་ཁྱོད་དང་སྐད་ཆ་བཤད་ཐབས་མི་འདུག  ༽  ང་གཉིས་ཀྱི་ཁ་བརྡ་འདི་ནི་ཚེས་བཅུ་ཉིན་གྱི་ང་ལ་བསྐུར་བའི་པར་དེའི་རྒྱབ་ཏུ་བཤད་པ་ཡིན་ནམ་ཚེས་ཉེར་གཉིས་ཉིན་གྱི་ངའི་རྒྱབ་གཟུགས་ཀྱི་འོག་ཏུ་བསྟར་བ་ཡིན།   ད་ལྟ་ངས་གསལ་པོ་ཞིག་དྲན་ཐབས་མི་འདུག   དེའི་རྒྱུ་མཚན་ནི་ད་ལྟ་ང་ལ་ཁ་པར་རྙིང་ཧྲུལ་ཅན་གསུམ་ཡོད།  དྲ་ཡོད་དུས་ཁ་པར་དཀར་པོ་དེ་སྤྱོད་བཞིན་ཡོད་ལ་དྲ་མེད་དུས་ཁ་པར་སེར་པོ་དེ་སྤྱོད་ཀྱིན་ཡོད།  གཞན་ལ་ཁ་པར་རྒྱག་དགོས་ཚེNOKIAརྟངས་ཅན་གྱི་ཁ་པར་དེ་སྤྱོད་བཞིན་ཡོད་ལ་ཕྱི་རོལ་དུ་འགྲོ་དུས་ཀྱང་ཁ་པར་དེ་སྤྱོད་ཀྱིན་ཡོད།   ང་གཉིས་ཀྱི་ཁ་བརྡ་ནི་སྐུད་མེད་དྲ་ཡོད་དུས་བྱས་ལ་མེད་དུས་ཀྱང་བྱས། ཁང་པའི་ནང་དུ་བྱས་ལ་ཁང་པའི་ཕྱི་རོལ་དུའང་བྱས། དེའི་ཕྱིར་ང་གཉིས་ཀྱི་ཁ་བརྡ་དག་ཁ་པར་གསུམ་གྱི་ནང་དུ་བཀྲམ་འདུག་པས་དུམ་བུ་གསུམ་དུ་བཏུབ་པའི་སྐུད་པ་ཞིག་དང་འདྲ་བར་མཐུད་ཀྱང་སྔོན་གྱི་རང་བཞིན་ཅི་ལྟར་ཡིན་པ་དེ་ལྟར་མངོན་ཐབས་བྲལ།

༼   ཁྲག་དམར་ཆབ་རོལ་དུ་གྱུར་ཟིན་པའི་ཁྱོད  ༽

    ཚེས་ཉི་གསུམ་གྱི་མཚན་མོ་ཆུ་ཚོད་དང་པོའི་སྐར་མ་ཉེ་དྲུག་གི་སྐབས་སུ་མོས་ང་ལ་འདི་ལྟར་ཟེར།  སྐབས་དེར་དྲ་མེད་པ་འདྲ།  ད་ལྟ་ངས་ཁ་པར་སེར་པོ་དེའི་སྐད་འཕྲིན་ཁ་ཕྱེ་བ་ན་ང་གཉིས་ཀྱི་ཁ་བརྡའི་ལྕོག་ངོས་སུ་སྐད་ཆ་འདི་ཤར་འདུག  སྐད་ཆ་དེའི་སྔོན་དུ༼    ང་གཉིས་ངེས་པར་དུ་འཕྲད་འོང   ༽  ཟེར།

     ༼   ང་གཉིས་འཕྲད་མི་སྲིད།  ང་གཉིས་འཕྲད་དགོས་ན་ངེས་པར་དུ་ངོ་ཤེས་པ་སྔོན་དུ་འགྲོ་བྱེད་དགོས། ངས་ཁྱོད་རང་ངོ་ཤེས་ཀྱི་མེད   ༽  ཅེས་ཐལ་བས་ང་ལ༼   ཁྲག་དམར་ཆབ་རོམ་དུ་གྱུར་ཟིན་པའི་ཁྱོད   ༽  ཟེར་འདུག

      མཚན་མོ་དེར་མོས༼   ངས་ཁྱོད་ལ་འཁྲུལ་སྣང་དང་རེ་བ་གང་ཡང་བྱེད་ཀྱི་མེད   ༽  ཅེས་འབྲི་ཡོད་མོད།  སྐབས་དེར་ང་རང་ནི་རྨི་ལམ་གྱི་ཞིང་དུ་ཕྱིན་ཟིན་པ་འདྲ་སྟེ་ལན་གང་ཡང་བརྒྱབ་མི་འདུག

     ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ལ་མོས་ཉིན་ཐོ་དེ་མཐོང་བའི་ངའི་རྒྱབ་གཟུགས་སླར་ཡང་པར་བླངས་ནས་བསྐུར་འདུག    ངས་མོ་ལ་རབ་ཏུ་ཁྲོ་བའི་རྣམ་འགྱུར་མང་པོ་བསྐུར།

   ༼    ངས་ད་ནས་བཟུང་ངས་ཁྱོད་ལ་པར་མི་བརྒྱག  ༽  ཅེས་དམ་བཅའ་བཞག་སོང་།

   ངས་ཀྱང༼   ད་ནས་བཟུང་ཁྱོད་ཀྱིས་ང་རང་པར་དུ་བླངས་མི་ཐུབ  ༽  ཅེས་ལུང་བསྟན་པ་ཡིན།   ཁ་བརྡ་འདི་དག་བྱེད་དུས་དྲ་ཡོད་པ་འདྲ་སྟེ། ཁ་པར་དཀར་པོ་དེའི་ནང་དུ་ཁ་བརྡ་དེ་དག་ད་ལྟ་གསལ་ལྷང་ལྷང་རེད།

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བརྒྱད་པར་མོས༼   ཁྱོད་གང་དུ་ཡོད   ༽  ཟེར།

༼   མེ་འཁོར་ན  ༽

༼    ང་ལ་བརྡ་ཞིག་ཀྱང་མ་གཏོང་བར་བུད་སོང་བ་ཡིན་ནམ   ༽   ངས་འཛུམ་པའི་རྣམ་འགྱུར་ཞིག་བསྐུར།

༼   ག་དུས་བུད་སོང་བ་ཡིན  ༽

༼   དེ་རིང་ཕྱི་དྲོར   ༽

༼   ངས་གོ་སྐབས་ཤོར་སོང  ༽

༼    གང་ལྟར་མཇུག་འབྲས་ནི་གཅིག་པ་ཡིན་ངེས   ༽

༼   ཐམས་ཅད་ཁྱོད་རང་ལ་སྙིང་མེད་པས་ལན   ༽

༼   ངའི་སེམས་པ་ཆབ་རོམ་ནས་རྡོ་ལ་གྱུར་སོང  ༽

༼   འགྲིག་སོང་།  ལམ་དཀར་བོ།   རྗེས་སུ་ང་ཁྱོད་རང་འཚོལ་དུ་འོང་ངེས  ༽

༼   ཁྱོད་རང་ང་འཚོལ་དུ་འོང་མི་སྲིད)

༼   ཅིའི་ཕྱིར   ༽

   ༼    ཁྱོད་ཀྱི་སྐད་ཆ་འདི་བཤད་དུས་རང་ཉིད་ཀྱི་ལྦུ་བ་ལྟ་བུའི་དུང་བ་ལ་བརྟེན་ནས་བཤད་པ་ཡིན་གྱི། མ་འོངས་ང་ཚོ་ནི་དོན་དངོས་ཀྱི་འདམ་ཟབ་ཏུ་འཚོ་དགོས  ༽

༼   སོ་སོ་མ་བརྗེད་པ་ཙམ་གྱིས་ཆོག   ༽  ཉིན་དེར་ང་རང་ཁ་བྲལ་ཁར་སློབ་གྲྭའི་རྒྱལ་སྒོའི་མདུན་དུ་བརྒྱབ་པའི་མཛུམ་མདངས་འཁྲིགས་པོ་ཅན་གྱི་པར་དེ་མོ་ལ་བསྐུར་བ་ན།

མོས༼    ཁྱོད་ཀྱི་འགྲུལ་སྒམ་དེ་མཛེས་གི་ཡ  ༽  ཟེར།

༼   སྒམ་ལ་མ་གཏོགས།  མི་ལ་བལྟ་གི་མི་འདུག  ༽

༼   མི་ལ་བལྟ་དགོས་དོན་མེད  ༽

༼   ཅི  ༽

     ༼   ངའི་སེམས་ནང་ཡོད་པའི་ཕྱིར  ༽   སྐབས་དེར་ང་རང་མེ་འཁོར་ན་ཡོད་ཅིང་ལམ་བར་དུ་རྒྱའི་རྩོམ་པ་པོ་ཡུས་ཧའི་རྩོམ་གསར<<ཉིན་བདུན་པ>>ཞེས་པ་དེ༼   ཉིན་གསུམ་པ  ༽  ཡི་བར་དུ་བཀླགས་པ་དང་NOKIAརྟགས་ཅན་གྱི་ཁ་པར་ནང་དུ་མོ་ལ་སོགས་པའི་མི་ཁ་ཤས་ལ་ཁ་བརྡ་བྱས་པས་མིག་ན་བ་དང་ངལ་བའི་སྣང་བ་འགོག་མེད་ཅིག་སྐྱེས་བྱུང་།  ངས་སྒྲུང་དེབ་སྔས་འོག་ཏུ་བཅུག་རྗེས་འགུལ་བཞིན་པའི་མལ་ཁྲིའི་ཐོག་ཏུ་གན་རྐྱལ་དུ་ཉལ་བ་ན་དེ་མ་ཐག་རྨི་ལམ་གྱི་ཞིང་དུ་ལྷུང་། ༼   ངའི་སེམས་ནང་ཡོད་པའི་ཕྱིར  ༽  ཞེས་པའི་སྐད་ཆ་འདི་མཐོང་དུས་ནི་ང་རང་གཉིད་ལས་སད་པའི་རྗེས་སུ་རེད།

     ང་རང་གཉིད་ལས་སད་དུས་མུན་བསལ་རན་ནམ་སྙམ་གྱིན་ཁ་པར་ཡར་བླངས་ནས་གཅིག་བལྟས་པ་ན་མཚན་མོ་ཆུ་ཚོད་གཉིས་པ་རེད།    སྐབས་དེར་མེ་འཁོར་མུན་ནག་ནང་རྒྱུག་བཞིན་འདུག   ང་རང་ཆུ་ཚོད་ལྔ་དྲུག་ཙམ་ལས་གཉིད་མེད་ནའང་ལོ་བཞི་ཙམ་ལ་རྨི་ལམ་རྨིས་པ་ལྟ་བུའི་སྣང་བ་ཞིག་གིས་ང་ལ་སྐྱོ་སྣང་འགོག་མེད་ཅིག་སྐྱེས་སུ་བཅུག   ངས་བསྟུད་མར་སྐད་འཕྲིན་གྱི་ཁ་ཕྱེ་ནས་གྲོགས་པོའི་ཚོམས་ནང༼   མཚན་མོར་ང་རང་གློ་བུར་སད།  སྒེའུ་ཁུང་ཕྱི་རོལ་གྱི་རྩྭ་ཐང་དེ་ནི་མི་མེད་ལུང་སྟོང་ཞིག་ཡིན་པ་འདྲ་ནའང་།  གློག་འོད་རབ་རིབ་མང་པོ་ཞིག་ངའི་ཕྱོགས་སུ་འཕྲོ་བཞིན་པ་མཐོང་།  གློག་འོད་དེ་ནི་ཁྱིམ་ཚང་ཆུང་ཆུང་ཞིག་གི་དྲོད་ཁུལ་ཡིན་ནམ། ཡང་ན་ང་རང་སྡོད་སའི་མེ་འཁོར་འདིའི་མདུན་ལམ་གསལ་བྱེད་ཡིན་སྙམ་གྱིན་མིག་བགྲད་བཞིན་ཕྱི་རོལ་ལ་ལྟ་སྐབས། གྱང་ཧྲུལ་དུ་གྱུར་ཟིན་པའི་ཐོག་བརྩིགས་ཁང་ཆེན་ཞིག་གློ་བུར་ངའི་མིག་མདུན་དུ་ཐོན་ཅིང་ཡལ།   ང་རང་སྔར་བཞིན་ཕྱི་རོལ་གྱི་མུན་པར་ཧད། མུན་ནང་འཆམ་འཆམ་དུ་འགྲོ་བཞིན་པའི་འདྲེ་ཞིག་མཐོང་ན་ཅི་མ་རུང་སྙམ༽འདི་འདྲ་བ་ཞིག་སྤེལ། འདི་ནི་སྐབས་དེ་ངའི་སྣང་བ་གསོན་པོ་དེ་ཡིན་ངེས།

   དེ་ནས་མོས ༼   ངའི་སེམས་ནང་ཡོད་པའི་ཕྱིར  ༽   ང་ལ་བསྐུར་བའི་སྐད་འདི་མཐོང་བས༼    ང་རང་ཕ་ཡུལ་དུ་སླེབས་སོང་ན་དྲ་མེད་པས་ཁྱོད་ལ་ཁ་ཡ་བྱེད་ཁོམ་མེད   ༽  ཅེས་སྐད་བཞག  མོ་རང་ཡང་སྔ་མོ་ནས་རྨི་ལམ་གྱི་ཞིང་དུ་ལྷུང་ཟིན་པ་འདྲ་སྟེ་ཨ་ལན་ཅི་ཡང་མི་འདུག

  མོས༼   དེ་ན་ངས་ཅི་ཞིག་བྱེད་དགོས་སམ  ༽  ཞེས་ང་ལ་ཨ་ལན་སྤྲོད་དུས་ཞོགས་པ་ཆུ་ཚོད་བདུན་པར་རེད།  སྐབས་དེར་ང་རང་སླར་ཡང་རྨི་ལམ་གྱི་ཞིང་དུ་ལྷུང་ཟིན།  མོའི་སྐད་འདི་ངས་རྗེས་སུ་མཐོང་བ་ཡིན། ཆུ་ཚོད་བདུན་པ་ལ་བསྐུར་ཡོང་བ་ཤེས་ཤིང་མོ་རང་མལ་ལས་ལངས་པ་དེ་འདྲའི་སྔ་བ་ལ་ཨང་སྙམ།

    ཚེས་སུམ་བཅུ་པའི་ཕྱི་དྲོ་ཆུ་ཚོད་གསུམ་པ་ལ་ང་རང་ཁྲིན་ཏུའུའི་སྲང་ལམ་ག་གེ་མོ་ཞིག་བརྒལ་བཞིན་འགྲོ་ཞོར་དུ་སྐད་འཕྲིན་ནས་མོ་རང་ལ་ཕག་མགོ་ཞིག་བསྐུར་བ་ན་ང་ཡང་སྲང་ལམ་གྱི་བཞི་མདོ་རུ་སླེབས་སོང་།   མོས་ཀྱང་ཏིང་སྒྲ་དང་བཅས་ང་ལ་ཁྱི་མགོ་ཞིག་བསྐུར་བྱུང་། ངས་ཁྱི་མགོ་དེ་མཐོང་རྗེས་དགོད་ཙམ་བྱས་ནས་ཕྱོགས་བཞི་ལ་ལྟ་ཡག་གཅིག་བྱེད་སྐབས་ངས་ལམ་ནོར་ཤོར་སོང་བ་ཤེས།  ང་རང་འགྲོ་དགོས་པའི་སྲང་ལམ་དེ་ལ་ཁ་གཏད་དེ་འགྲོ་ཞོར༼   ང་རང་ནི་སྲང་ལམ་གྱི་བཞི་མདོ་ན་སྔ་མ་གཡུག་བཞིན་པའི་ཁྱི་དེའོ  ༽  ཞེས་བསྐུར།

   ང་རང་སྲང་ལམ་དེ་བརྒྱུད་ནས་འགྲོན་ཁང་དུ་སླེབས་རྗེས་སྐད་འཕྲིན་གྱི་ཁ་ཕྱེ་སྐབས༼ང་རང་སྤོ་ལངས་གི༽ཞེས་བསྐུར་འདུག  མོས་ང་ལ་སྤོ་ལངས་པ་ཡིན་ངེས་སྙམ་བཞིན་སྐད་ཆ་མང་པོ་ཞིག་བསྐུར་ནས་དོན་དུ་སྤོ་མ་ལངས་རོགས་ཅེས་ཞུ་བ་བྱས།   ཡིན་ཡང་མོས༼ཁྱོད་ལ་སྤོ་ལངས་དགོས་དོན་མེད༽ཅེས་བསྐུར་བྱུང་།

༼   དེ་ན་སུ་ལ་སྤོ་ལངས་པ་ཡིན  ༽

༼   པོད་འཕྲིན་ལ  ༽

༼    པོད་འཕྲིན་ལ་སྤོ་ལངས་རྒྱུ་ཅི་འདུག  ༽

༼   རྒྱ་མིས་གླུ་མ་ཧན་ཧུང་ལ་དམའ་འབེབས་བྱེད་བཞིན་འདུག  ༽

༼   སྤོ་ལངས་དགོས་པ་མ་རེད།  བཏང་སྙོམས་སུ་བཞག་ན་བཟང   ༽

༼    བཏང་སྙོམས་སུ་བཞག་ཐུབ་གི་མི་འདུག  ༽

   ༼    ཁྱོད་ཀྱིས་ངའི་ཁ་ལ་ཉན་ནས་པོད་འཕྲིན་གྱི་ཁ་མི་བརྒྱག་ན་ང་རང་ངུ་སྙིང་འདོད་གི  ༽  ངས་འདི་ལྟར་བོས་ཀྱང་མོ་ལ་གྲགས་འགུལ་ཅི་ཡང་མེད་སོང་།

   ངས་པོད་འཕྲིན་གྱི་ཁ་ཕྱེ་ནས་གླུ་མ་ཧན་ཧུང་གི་པོད་འཕྲིན་འོག་གི་དཔྱད་བརྗོད་ནང་ལྟ་སྐབས་གང་སར་དམའ་འབེབས་ཀྱིས་ཁེངས་ནས་འདུག དམའ་འབེབས་ཀྱི་སྐད་ཆ་མང་པོའི་དཀྱིལ་དུ་ངས་མོ་རང་མཐོང་བྱུང་། མོས་གླུ་མ་ཧན་ཧུང་ལ་དམའ་འབེབས་བྱེད་མཁན་ཁ་ཤས་ལ་ཕར་དམའ་འབེབས་བྱས་འདུག མོའི་དམའ་འབེབས་ཀྱི་ཚིག་དག་གིས་ངའི་སྙིང་ཁ་འདར་དུ་བཅུག   དེའི་རྗེས་སུ་མོས་སྐད་འཕྲིན་ནས༼   ང་ལ་རྒྱུས་ལེན་མི་བྱེད་པའི་རྒྱུ་མཚན་ཅི་ཡིན  ༽  ཟེར།

         ༼    ང་ལ་རྒྱུས་ལོན་མི་བྱེད་པའི་རྒྱུ་མཚན་ཅི་ཡིན   ༽  ཅེས་པ་དང༼    ཁྱོད་རང་ང་འཕྲད་པར་མི་འོང་བའི་རྒྱུ་མཚན་ཅི་ཡིན   ༽  དེ་གཉིས་ཁོར་ཡུག་འགྱུར་སོང་བའི་དབང་གིས་བཤད་སྟངས་མི་འདྲ་བ་ཙམ་ལས་ནང་དོན་གཅིག་ཏུ་སྣང་།

   མོས་སླར་ཡང་སྐད་ཆ་དེ་བཤད་འོང་དུས་ཏག་ཏག་ཕྱི་ཉིན་ཕྱི་དྲོ་རེད། སྐབས་དེར་མགྲོན་ཁང་གི་གློག་འོད་མག་མོག་འོག་ཏུ་ངས་ཁུ་ལུ་ནག་པོ་ཁམ་གང་བཏུང་རྗེས་ཀྱི་<<མིང་མེད་པའི་བུ་མོ>>ཞེས་པའི་བརྩམས་སྒྲུང་འདི་འབྲི་སྒང་ཡིན།  མོས༼   ཁྱོད་ཀྱིས་ང་ལ་རྒྱུས་ལོན་མི་བྱེད་པའི་རྒྱུ་མཚན་གང་ཡིན  ༽   ༼   ཁྱོད་ཀྱི་ངའི་མིང་མི་འདྲི་བའི་རྒྱུ་མཚན་གང་ཡིན   ༽  ༼    ཁྱོད་ཀྱིས་ངའི་ཕ་ཡུལ་དང་སློབ་གླིང་། ད་དུང་དགའ་ཕྱོགས་སོགས་མི་འདྲི་བའི་རྒྱུ་མཚན་ཅི་ཡིན  ༽  ༼  དེ་ཚོ་འདྲི་བར་དཀའ་རྒྱུ་ཅི་ཡོད། ཁྱོད་ཀྱིས་ཤོད་ཡ  ༽  མོས་སྐད་ཆ་འདི་དག་མེ་མདའི་མདེའུ་བཞིན་དཱ་དཱ་ཞེས་བདག་ཕྱོགས་སུ་འཕང་བྱུང་བས་ང་རང་རེ་ཞིག་ཧད་དུ་བཅུག

    དེའི་སྔོན་དུ<<མིང་མེད་པའི་བུ་མོ>>ཞེས་པའི་སྒྲུང་གཏམ་འདི་ཇི་ལྟར་འབྲི་དགོས་པར་ངའི་ཀླད་པའི་ནང་གློག་བརྙན་ལ་བལྟ་བ་བཞིན་གསལ་མོད།  ད་ནི་ངའི་བསམ་གཞིགས་ཀྱི་ཤེལ་ངོས་དྲི་བའི་མདེའུ་ཡིས་བཅགས་སོང་།

    ང་རང་ཡང་རྩོམ་འབྲི་མི་ཐུབ་དུས་སྐད་འཕྲིན་དང་པོད་འཕྲིན་ནང་ཉུལ་ཞིང་དེ་གཉིས་ཀྱི་ནང་དུ་སྙིང་བོ་མེད་པའི་སྐད་ཆ་རེ་གཉིས་སྤེལ་བར་དགའ། ཟླ་བདུན་པའི་ཚེས་གཅིག་གི་ཕྱི་དྲོ་ཆུ་ཚུད་བརྒྱད་པའི་ཐོག་ཏུ་མོས་དྲི་བ་འདི་འདྲ་མང་པོས་བདག་ལ་མེ་མདའ་འཕངས་པ་ལྟར་བྱས་པས་བརྩམས་སྒྲུང<<མིང་མེད་པའི་བུ་མོ>>ཞེས་པ་དེ་འབྲི་མཚམས་གློ་བུར་ཆད་ལ་མུ་མཐུད་དུ་ཅི་ལྟར་འབྲི་དགོས་པ་སོགས་ཀྱང་ཡོད་ཚད་བརྗེད་སོང་།

    ངས་སྟོང་ལྷང་ལྷང་གི་ཀླད་པ་དེ་ཁུར་ནས་སྐད་འཕྲིན་གྱི་གྲོགས་ཚོམས་སུ་ཉུལ༼    གཅིག གཉིས། གསུམ། བརྩམས་སྒྲུང<<མིང་མེད་པའི་བུ་མོ>>ཞེས་པ་དེ་འབྲི་མགོ་རྩོམ  ༽ ཞེས་ངས་རང་ཉིད་ཀྱིས་རང་ཉིད་ལ་སྒྲུང་གཏམ་མུ་མཐུད་དུ་འབྲི་དགོས་པའི་ངར་བླུད་པ་ཡིན།

   མོས་ཀྱང་ངས་སྤེལ་བའི་སྐད་ཆ་དུམ་བུ་དེ་མཐོང་བ་འདྲ། ང་ལ་མེ་མདའ་འཕང་མཚམས་བཞག་ནས༼   བརྩམས་སྒྲུང<<མིང་མེད་པའི་བུ་མོ>>ཞེས་པ་དེ་ངས་བཀླག་ཐག་ཆོད་ཡིན  ༽  ཞེས་བཤད་བྱུང་། མོས་རང་ཉིད་ནི་བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་དེ་ཡིན་པ་ད་ལྟའང་ཤེས་མི་འདུག་ལ༼    ཁྱོད་ཀྱི་ང་ལ་རྒྱུས་ལེན་ཙམ་ཡང་མི་བྱེད་པའི་རྒྱ་མཚན་ཅི་ཡིན  ༽  ཞེས་དང༼     ཁྱོད་ཀྱིས་ངའི་མིང་མི་འདྲི་བའི་རྒྱུ་མཚན་ཅི་ཡིན། མི་ཞིག་གི་མིང་འདྲི་རྒྱུ་ནི་ངོ་མ་དེ་འདྲའི་ཁག་པོ་ཞིག་ཡིན་ནམ   ༽  ཞེས་སོགས་ཟེར་རྒྱུ་ཡང་རེ་ཞིག་བརྗེད་སོང་བ་འདྲ། ཁ་པར་དང་ང་རང་སྡོད་སའི་མགྲོན་ཁང་གཉིས་ཀ་ངས་འབྲི་མི་ཐུབ་པའི་བརྩམས་སྒྲུང་འདི་དང་འདྲ་བར་ཁུ་སིམ་མེར་ལུས།

  ཁྲིན་ཏུའུ་ཡི་མགྲོན་ཁང་ཞིག་ནས་ཟླ་༧ཚེས་༡ཉིན་གྱི་མཚན་མོ་ཆུ་ཚོད་༨ནས་༡༠བར་བྲིས།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།