བོད་འགྱུར་བརྩམས་སྒྲུང་གསར་པ(སྙིང་རྗེ་བའི་བུ་མོ།)

644

ཡིག་སྒྱུར་བ། ན་བུན།

__རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

            གྷེ་ཌི.མུ་པ་སན(Guy de Maupassant 1850-1893) ནི་ཧྥ་རན་སིའི་འབྱོར་ལྡན་གྲལ་རིམ་གྱི་ཕྱུག་བདག་ཅིག་གི་ཁྱིམ་དུ་སྐུ་འཁྲུངས། ཁོང་ཧྥ་རན་སིའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་དང་རང་བྱུང་དངོས་ཁམས་རིག་པ། དེང་རབས་སྒྲུང་ཐུང་གི་ཤིང་རྟའི་སྲོལ་འབྱེད་རྩོམ་པ་པོའི་གྲས་ (དེང་རབས་སྒྲུང་ཐུང་གི་འཐུས་ཚབ་རྩོམ་པ་པོའི་གྲས་ཀྱི་མི་སྣ་གཙོ་བོ་ཞེས་ཀྱང་འབོད) ཀྱི་རྩོམ་མཁན་གྲགས་ཅན་ཞིག་ཡིན་པ་མ་ཟད། ད་དུང་སྙན་ངག་མཁན་ཞིག་ཀྱང་ཡིན་པར་འདུག    ལོ་ན་བཅུ་གསུམ་སྟེང་ཕ་མ་གཉིས་གཉེན་འཐོར་བྱུང་རྗེས། མུ་པ་སན་རང་གི་མ་ཡུམ་ (ཁོང་མོ་ཡང་གནའ་དེང་གི་རྩོམ་རིག་ཤེས་བྱ་དང་དམིགས་སུ་དབྱིན་ཇིའི་རྩོམ་མཁན་གྲགས་ཅན་ཝེ་ལེམ.ཤཱ་ཀི་སི་ཕེར་ (William Shakespeare 1564 –1616) གྱི་འཁྲབ་གཞུང་དང་རྩོམ་རིག་སྒྱུ་རྩལ་ལ་དུང་བ་ཟབ་མོ་ཆགས་ཡོད) ལགས་ཀྱིས་བྱམས་སྐྱོང་དང་སློབ་སྒྲུབ་འོག་རིམ་བཞིན་འཚར་ལོངས་བྱུང་ཞིང་། ལོ་ན་ ༢༠ སྟེང་ཁོང་རྒྱལ་ས་ཕ་རི་སིའི་ཁྲིམས་ལུགས་སྡེ་ཁག་ནས་སློབ་མཐར་ཕྱིན། ཕྱིས་སུ་དང་བླངས་དམག་དང་སྤྱི་ཚོགས་ཞབས་ཞུ། མཚོ་ཐོག་སྐྱེལ་འདྲེན་ལས་རིགས་དང་ཤེས་རིག་སྡེ་ཁག་སོགས་སུ་རླབས་ཆེན་གྱི་ཕྱག་ལས་མཛད་ཅིང་། སྔ་རྗེས་སུ་ཁོང་གིས་མུ་འབྲེལ་སྙན་རྩོམ་རིང་མོ་གླེགས་བམ་གཅིག་དང་ཡུལ་སྐོར་ཟིན་དེབ་གསུམ། སྒྲུང་རིང་བརྩམས་ཆོས་དྲུག་དང་སྒྲུང་ཐུང་སུམ་བརྒྱ་ལྷག་གསར་རྩོམ་གནང་། ནུབ་ཕྱོགས་སུ་ཆེས་མང་དུ་གྲགས་པའི་བརྩམས་ཆོས་གཙོ་བོར་《སྐྱེས་མའི་མི་ཚེ》《A Woman’s Life, 1883》ཞེས་པ་དེ་ཉིད་ཡིན་པ་དང་ཕྱིས་སུ་ཁོང་གིས་དབྱིན་སྐད་ནང་བསྒྱུར་བསྐྲུན་མཛད་འདུག ཁོང་གི་སྒྲུང་ཐུང་གཙོ་བོར་ 《མགུལ་རྒྱན་》《The Necklace》 དང་ 《སྙིང་རྗེ་བའི་བུ་མོ》《A Poor Girl!》 《ནོངས་འགྱོད་》《Regret》 དང་《དམུས་ལོང་བ》《The Blind Man》 《བུད་མེད་ཤི་བོ་ཞིག་གི་གསང་བ་》《Dead Woman’s Secret》དང་ 《ར་བཟི་བ》《The Drunkard》 《དུར་ཁྲོད་》དང་《The Grave》 《སྔོན་མའི་བརྩེ་དུངས》《The Love of Long Ago》 《སྲིན་པོའི་མ་ཡུམ་》དང་《A Mother of Monsters》 《མ་བུ》《Mother and Son》 《བདག་གི་ཨ་ཞང་རྗོ་ལེ་སི་》དང་《My Uncle Jules》《བཙོན་མ》《The Prisoners》 《རི་སྤྱང་》དང་《The Wolf》《ཨ་ལེ་ཁི་སན་ཊི་ར་》《Alexandre》 སོགས་བགྲང་གིས་མི་ལང་བ་འདུག       གཞན་ཡང་ཁོང་གི་རྩོམ་རིག་བརྩམས་སྒྲུང་ལ་སྐབས་དེའི་ཆེས་ཕུལ་དུ་བྱུང་བའི་ཧྥ་རན་སིའི་རྟོག་སྒྲུང་དང་སྒྲུང་ཐུང་རྩོམ་མཁན་གྲགས་ཅན་ཧྥི་ལུ་བྷིར་ཊིའི་ (Flaubert 1821–80) (ཁོང་གི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་དགེ་རྒན་ཡིན) རྩོམ་རིག་སྒྱུ་རྩལ་གྱི་ཤུགས་རྐྱེན་ཟམ་མོ་ཐེབས་ཡོད་ཅིང་། ཁོང་གི་ལྗགས་རྩོམ་ཁག་ཏུ་དུས་རབས་དེའི་སྤྱི་ཚོགས་དཔལ་འབྱོར་གྱི་གནས་བབ་དངོས་དང་དེའི་འཕེལ་འགྲིབ། ལེ་ལོ་སྒྱིད་ལུག་གི་དབང་དུ་གྱུར་བའི་སྤྱི་ཚོགས་འཚོ་བའི་དོན་གནད་ཁག་བརྗོད་སྙིང་གཙོ་བོར་བཟུང་འདུག མ་ཟད་ཁོང་གི་ལྗགས་རྩོམ་མང་པོ་ཞིག་ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་དབར་བྱུང་བའི་དམག་འཁྲུག་ (Franco-Prussian War 1870s) སྐབས་སུ་བརྩམས་གྲུབ་མཛད་པས། སྐབས་དེའི་གཡུལ་འཁྲུག་གི་ཆག་སྒོ་དང་ཉེས་མེད་མི་སེར་ལ་ཐེབས་པའི་དཀའ་སྡུག་གི་འཚོ་གནས། དེའི་མྱོང་བ་ལས་བྱུང་བའི་སྤྱི་ཚོགས་འཚོ་བའི་འཕོ་འགྱུར་སོགས་འབྲི་བྱར་བཟུང་ནས། དེའི་ཐད་ཀྱི་བསམ་ཞིབ་གནད་དུ་འཁེལ་བ་དང་དེའི་དཔེར་མཚོན་གྱི་དོན་སྙིང་ལྡན་པའི་ཆ་ཟིན་པ་དང་། སྒྲུང་གཏམ་གྱི་སྒྲིག་བཀོད་མཚར་ཆེ་ཞིང་བྱུང་རིམ་ཕྲ་ཞིང་ཞིབ་པ། མི་སྣའི་གཟུགས་བརྙན་དང་སྐད་ཆར་གསོན་ཉམས་ལྡན་པ། ལྷག་པར་དུ་སྒྲུང་གཏམ་གྱི་མཇུག་བསྡུ་སྟངས་དེས་རྣམ་ཀུན་ཀློག་མཁན་རྣམས་བསམ་གཞིག་གི་ཀློང་དུ་ཁྲིད་འགྲོ་བ་བཅས་ནི་ཁོང་གི་སྒྲུང་རྩོམ་གྱི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་གཙོ་བོ་ཡིན་སྐད།
       ཕྱི་ལོ་ ༡༨༩༣ ཟླ་ ༡ ཚེས་ ༢ ཉིན་ཁོང་གིས་རང་གི་མིད་པ་བཅད་ནས་རང་སྲོག་དོར་བ་བཅས་སྐྱེས་ཆེན་ཁོང་གི་མི་ཚེ་ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས་སུ་སྒྲིག་བསྒྱུར་བྱས་པ་འདི་ཡང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཡར་ངོའི་ཟླ་བཞིན་འཕེལ་བའི་རྒྱུ་རུ་གྱུར་ཅིག།

སྙིང་རྗེ་བའི་བུ་མོ། 

         དེ་ཡང་ཡིན་ཏེ། དགོང་མོ་དེའི་བྱུང་བ་ནམ་ཡང་ངའི་སེམས་ནས་བརྗེད་ཐབས་མི་འདུག ཧ་ལམ་དུས་ཚོད་ཕྱེད་ཀ་ཞིག་རིང་ང་ལ་བཟློག་ཐབས་མེད་ཅིང་མཚན་ལྟས་ངན་པའི་མྱོང་བ་དེས་གཙེས་ཏེ་མི་ཞིག་ས་འོག་གཏེར་ཁྲོན་ནང་འབབ་སྐབས་ཀྱི་དངངས་འདར་དེ་འདྲ་ཞིག་བསླངས་སོང་། ང་ནི་འགྲོ་བ་མིའི་དཀའ་སྡུག་གི་མུན་ནག་གཡང་གཟར་ལ་ཕྲད་པས། གནས་བབ་དེ་འདྲ་ཞིག་གི་འོག་ཏུ་ངས་ཡང་དག་པའི་འཚོ་བ་ཞིག་རོལ་ཐབས་མེད་པ་འདྲ།

        སྐབས་དེར་ནམ་ཕྱེད་ཡོལ་འདུག ང་དགོད་བྲོའི་ཟློས་གར་ཁང་ནས་ཕྱིར་བུད་དེ་སྲང་ལམ་དུ་ཆར་གདུགས་ཐོགས་པའི་མི་ཚོགས་རྗེས་སུ་འབྲངས་ཤིང་ཌ་རུ་ཊི་ཁྲོམ་སྲང་དུ་འགྲོ་གིན་ཡོད། དགོང་མོ་དེའི་ཆར་བ་ཟམ་ཟིམ་དུ་འཇོ་བ་མ་ཡིན་པར་ཤག་ཤག་ཏུ་རྡོལ་ཡོང་གིན་འདུག སོལ་རླངས་ཀྱི་ལམ་སྒྲོན་དག་ཆར་སྨུག་གིས་བསྒྲིབས་ཏེ་ཁྲོམ་གཞུང་གི་སྲང་ལམ་ཧྲིལ་བོ་སྐྱོ་སྣང་དུ་བསྒྱུར་ཞིང་། མི་རྣམས་ལམ་འགྲམ་གྱི་འདམ་ཆུའི་ནང་རྟབ་རྟབ་པོར་བསྐྱོད་ཀྱང་། ཅི་ཡང་མཐོང་གིན་མི་འདུག

        སྨན་ཤར་བུ་མོ་ཚོས་ཤམ་ལྭའི་འདབས་སྣེ་ཡར་ལ་བསྡོགས་ཏེ་སྲེ་ལོང་ཕྱིར་བསྟན་ཞིང་། མཚན་མོའི་འགྲིམ་འགྲུལ་གློག་འོད་འོག་ཏུ་ཁོ་མོ་ཚོའི་རྐང་འབོལ་དཀར་པོ་གསལ་ལ་མི་གསལ་བ་རེ་མངོན་འོངས། ཁོ་མོ་ཚོས་སྒོ་འགྲམ་གྱི་མུན་ནག་ཁྲོད་དུ་སྐྱེས་པ་ཚོར་ངང་སྒུག་བྱེད་ཅིང་འབོད་པ་གཏོང་གིན་གདའ། དེ་དག་གྲས་ཀྱི་ཅུང་ངོ་ཚ་མ་སྨིན་པའི་བུ་མོ་རེ་འགས་ཕར་འགྲོ་ཚུར་འོང་གི་འགྲུལ་བ་ཚོར་གྲུ་མོས་འཕུད་ཀྱིན། ཁོང་ཚོའི་རྣ་བར་ཞེན་པ་ལོག་པའི་འཆལ་གཏམ་རེ་གཉིས་བཤད་ཅིང་། ནམ་ཀུན་ཁོ་མོ་ཚོ་དུས་ཚོད་སྐར་ཆ་རེ་འགར་སྐྱེས་པ་ཚོའི་རྗེས་སྙེག་སྟེ་ཁོང་ཚོར་དམ་དུ་འཁྱུད་པ་དང་ཁོང་ཚོའི་གདོང་ལ་རུལ་དྲི་འཐུལ་བའི་ཁ་རླངས་གཏོང་ངེས་ཡིན། འོན་ཀྱང་ཁོ་མོ་ཚོས་རང་གི་གཡོ་ཐབས་འབྲས་མེད་དུ་མཐོང་རྗེས། འདོད་བློ་མ་ཁེངས་པའི་ཉམས་འགྱུར་ཞིག་སྟོན་བཞིན་འཕྲལ་མ་ཉིད་དུ་སྐྱེས་པ་ཚོ་དང་ཁ་འགྱེ་སྟེ། སླར་ཡང་དཔྱི་མགོ་ཕར་ལ་ལྡེམ་ཞིང་ཚུར་ལ་གཡོ་བཞིན་བུད་འགྲོ་བ་རེད།

        ང་ལམ་འགྲམ་ནས་འགྲོ་དུས། ཁོ་མོ་ཚོ་ཚང་མས་ང་ལ་འཆལ་གཏམ་སྨྲ་བཞིན་ངའི་ཕུ་ཐུང་གི་འཐེན་པས། ང་སུན་སྣང་དང་ཞེན་ལོག་གི་ངང་བསྐྱོད་པ་ཡིན། གློ་བུར་དུ་ངས་བུ་མོ་གསུམ་འཇིགས་སྣང་གིས་འབྲོ་བཞིན་པ་མཐོང་བྱུང་། རྟབ་རྟབ་པོར་འབྲོ་ཞོར་ཁོ་མོ་ཚོས་ཕན་ཚུན་ལ་ཅི་ཞིག་ལབ་པས། དེ་མུར་བུ་མོ་གཞན་དག་ཀྱང་བྲོས་པ་རེད། དེ་ལས་ཀྱང་མགྱོགས་པོར་འབྲོ་བདེ་བའི་སླད་དུ། ཁོ་མོ་ཚོས་ཤམ་ལྭའི་འདབས་སྣེ་ཡར་བརྫེས་ཏེ་བྲོས་པ་རེད། ཉི་མ་དེར་སྨད་འཚོང་གི་ལྟེ་གནས་དེ་གར་འུར་ཟིང་ཐེངས་གཅིག་བསླངས་སོང་།

            སྐབས་དེ་ཤེད་དུ་ལག་པ་ཞིག་ངའི་དཔུང་བར་འཇུས་པ་དང་། དངངས་སྐྲག་གིས་བཅུམས་པའི་སྐད་གདངས་ཤིག་གིས་ངའི་རྣ་ལམ་དུ“ངའི་སྲོག་སྐྱོབས་རོགས། སྐུ་ཞབས། སྲོག་སྐྱོབས་རོགས། ཁྱེད་རང་ང་དང་མི་འབྲལ་བར་ཞུ”ཞེས་ཤབ་ཤུབ་སྨྲས་སོང་།

          ངས་བུ་མོ་དེར་ཞིབ་ཏུ་ལྟ་དུས། ཁོ་མོ་ལོ་ན་ཉི་ཤུར་སོན་མེད་ནའང་བཞིན་མདངས་སྔོ་མོ་ནས་ཤོར་ཚར་འདུག ངས་ཁོ་མོར“དལ་མོ་བྱོས་དང་། ངེད་གཉིས་འགྲོགས་ནས་འགྲོ”ཅེས་བཤད་པར། ཁོ་མོས་ཤབ་ཤུབ་ཏུ“འོ་ཡ། ཁྱེད་ལ་བཀའ་དྲིན་ཆེའོ”ཟེར།

ངེད་གཉིས་ཉེན་ཟོན་ཞིབ་བཤེར་ས་ཚིགས་བརྒལ་རྗེས། ཁོ་མོ་རང་འགུལ་གྱིས་ངའི་དཔུང་བ་ལྷོད་ནས་ང་འགྲོ་རུ་བཅུག་པ་རེད། ཕྱིས་སུ་ཌ་རུ་ཊི་ཁྲོམ་སྲང་དུ་ང་ཁོ་མོར་ཕྲད་པར་གྱུར།

 འགྲོ་རོགས་བུ་མོ་དེས་ང་ལ“ཁྱེད་རང་ངའི་ཁྱིམ་དུ་འགྲོ་འམ”ཞེས་དྲིས་པར། ངས“མི་འགྲོ”ཅེས་ལབ་པ་ཡིན།

“ཁྱེད་ཀྱིས་ང་ལ་བརྗེད་དུ་མེད་པའི་རོགས་ཆེན་པོ་ཞིག་བྱས་མྱོང་བས། ཅིའི་ཕྱིར་མི་འགྲོ་འམ”

ཁོ་མོར་ངོ་ནོངས་མི་དགོས་པའི་ཆེད་དུ་ངས“རྒྱུ་མཚན། ང་གཉེན་སྒྲིག་ཟིན་པས་ཡིན”ཞེས་དེ་ལྟར་ལན་བཏབ་པ་ཡིན།

“དེ་ལ་ཁྱད་པར་ཅི་ཡོད”

       “གཅེས་ཕྲུག་མ། མནོ་བསམ་ཐོངས་དང་། ངེད་གཉིས་འདི་ལྟར་འགྲོགས་ནས་ཡོང་བ་དེས་ཡིད་ཚིམས་ན་འགྲིག ངས་ཁྱོད་ཉེན་ཁ་ལས་བསྐྱབས་མྱོང་བས། དེ་རིང་ང་ཁ་རོག་ལ་འགྲོ་རུ་ཆུགས་དང”

           ཁྲོམ་སྲང་དེ་ནག་རོག་གེར་སྟོང་སེང་ངེར་གནས་པས། ངོ་མ་ཞེ་སྨྲེང་བ་ཞིག་ཏུ་འདུག ང་སྔར་ནས་སྐྱོ་སྣང་གིས་བཟི་ཡོད་ཁར། ངའི་དཔུང་བར་འཐམ་པའི་བུད་མེད་དེས་ལྷག་ཏུ་སྐྱི་གཡའ་བར་བཏང་བ་རེད། ཁོ་མོས་ཆགས་ཉམས་སྣ་ཚོགས་བསྟན་ནས་ང་ལ་འཁྱུད་ཅིང་སྦྱོར་སྙིང་སྐྱེས་པས། ང་ཞེད་སྣང་གིས་ཕྱིར་ནུར་ཡང་བྱས།

སྐད་མགོ་དམའ་མོའི་ངང་ཁོ་མོས་ང་ལ“འདོད་པའི་བདེ་བར་ཐེངས་ཤིག་རོལ་སྙིང་མི་འདོད་དམ”ཟེར་ལ། དེའི་འཕྲོར་མོས་ཅུང་ཁྲོ་བའི་ཉམས་འགྱུར་ཞིག་བསྟན་ནས་ཧོབ་ཏེ་ངུ་སྔངས་བྱས་བྱུང་བས། ང་ནི་རྦད་དེ་མགོ་འཐོམས་ནས་ཧད་དེ་ལུས་སོང་། ཐ་མར་ངས་ཁོ་མོར“ང་ལ་ཤོད་དང་། ཁྱོད་ཅི་བྱུང་བ་ཡིན་ནམ”ཞེས་དྲིས་པ་ཡིན།

ཁོ་མོ་ངུ་ཞོར་དུ“གལ་སྲིད་ཁྱེད་ཀྱིས་དེ་ཤེས་རྒྱུ་ན། ངོ་མ་དེ་ལ་སྤྲོ་སྣང་ཅི་ཡང་མེད”ཅེས་ཤབ་ཤུབ་སྨྲས་སོང་།

“ཅི་ཞིག་ལ་སྤྲོ་སྣང་མེད་དམ”

“འཚོ་བ་དེའི་རིགས་ལ་ཟེར་བ་ཡིན”

“དེས་ན། ཁྱོད་ཀྱིས་ཏག་ཏག་ལ་དེ་འདེམ་དོན་ཅི་ཡིན”

“དེ་ངའི་ནོར་འཁྲུལ་ཡིན་ནམ”

“དེས་ན་སུའི་ནོར་འཕྱུག་རེད”

“སུའི་ཡིན་པ་ངས་ཤེས་ཡོད། ངས་ངོ་མ་ཤེས་ཡོད”

ང་རེ་ས་བརྟེན་ས་མེད་པའི་བུ་མོ་དེར་ཡ་མཚན་སྐྱེས་ནས“ཁྱོད་ཀྱི་གཏམ་རྒྱུད་ང་ལ་ཤོད་དང”ཞེས་བཤད་པར། མོས་འདི་སྐད་དུ་བརྗོད་སོང་།

         སྐབས་དེར་ང་རང་ལོ་བཅུ་དྲུག་ཡིན། ངས་འབྲུ་ཚོང་གཉེར་མཁན་སྐུ་ཞབས་ལི་ར་བྷལ་ཚང་གི་ཡུ་ཐོ་ཐི་འབྲུ་མཛོད་ཁང་དུ་ཞབས་གཡོག་སྒྲུབ་ཀྱིན་ཡོད། ངའི་ཕ་མ་གཉིས་སྔར་ནས་གྲོངས་ཟིན། ཤུལ་དུ་ང་ལ་གཉེན་ཉེ་གཅིག་ཀྱང་མེད། ཐེངས་ཤིག་ངའི་གླ་བདག་གིས་རྣམ་འགྱུར་ཡ་མ་བརླ་ཞིག་གི་ངང་ནས་ང་ལ་བལྟས་འདུག་པ་ངས་མཐོང་བྱུང་། ཁོས་ད་དུང་ངའི་འགྲམ་ཤ་གཉིས་ནས་འཐེན་ཙམ་བྱེད་ཅིང་། ངས་ཁོང་གིས་དེ་ལྟར་གནང་དོན་ལ་དོགས་འདྲི་བྱེད་མི་ཕོད། ཡིན་ནའང་དྲང་མོར་བཤད་ན་ངས་དེའི་ཕུགས་དོན་གསལ་བོར་ཧ་གོ་གི་ཡོད་པ་སྨོས་མ་དགོས་པ་རེད།

         སྤྱིར་གྲོང་གསེབ་ཏུ་མི་ཚོས་གྲུང་བོ་བྱེད་དགོས་པ་རེད། ཡིན་རུང་སྐུ་ཞབས་ལི་ར་བྷལ་ནི་གཟའ་ཉི་མ་རྟག་པར་གསོལ་མཆོད་དུ་ཕེབས་མཁན་མཆོད་དཔོན་རྒན་པ་ཞིག་ཡིན་པས། ངས་ཁོང་གིས་དེ་འདྲ་གནང་ཕོད་པ་ཡིད་ག་ལ་ཆེས་ཨང་། ཉིན་ཞིག་ཁོས་ང་ཐབ་ཚང་ནང་འཁྲིད་པའི་འདོད་དོན་བསྟན་པ་དང་ངས་ཁོ་ལ་འགོག་རྒོལ་བྱས་ཀྱང་། ཐ་མར་དོན་དག་དེ་བྱུང་བ་རེད།

        ངེད་གླ་བདག་ཚང་གི་མདུན་ཕྱོགས་སུ་ཟས་རིགས་འཚོང་མཁན་སྐུ་ཞབས་ཌུན་སི་ཊན་ཚང་ཡོད་ལ། ཁོང་ཚང་གི་ཚོང་ཁང་ནང་མི་སེམས་རབ་ཏུ་མགུ་ཞིང་སྤྲོ་བའི་གཡོག་པོ་ཞིག་ཡོད། དགའ་མགུ་དེའི་རྐྱེན་པས། ངས་གཡོག་པོ་དེའི་གཡོ་སྒྱུ་བསླུ་བྲིད་དང་ལེན་མི་བྱ་རང་དབང་ཅི། དེ་ནི་མི་ཚང་མར་འབྱུང་གིན་པའི་རྒྱུན་ལྡན་གྱི་དོན་དག་ཅིག་མ་ཡིན་ནམ། ཁོ་ཡོང་སྲིད་པས། ངས་མཚན་རྒྱུན་སྒོ་ཕྱེ་བཞག་པ་ཡིན།

         དེ་ཡིན་རུང་དགོང་མོ་ཞིག་ལ་སྐུ་ཞབས་ལི་ར་བྷལ་གྱིས་སྐད་ཅོ་ཐོས་འཕྲལ། ཁོང་ཐོག་གར་ཡོང་བ་དང་ཨན་ཊོན་ལ་ཕྲད་པས། ཁོ་གསོད་པར་བརྩམས་པ་རེད། དེ་ནི་ཁོང་གཉི་གས་རྐུབ་སྟེགས་དང་ཆུ་ཟེའུ་སོགས་ཁྱིམ་ཆས་ཀྱིས་རྒྱག་རེས་བྱས་པའི་གཡུལ་འཁྲུག་ཅིག་རེད་ལ། ངས་ནི་སྙིང་རུས་བསྐྱེད་ནས་སྲང་ལ་བྲོས་ཤིང་། དགོང་མོ་དེ་ནས་བཟུང་ང་འདི་ལྟར་ཕྱི་ལ་འཁྱམ་ཡོང་བ་ཡིན།

           ང་ངོ་མ་སྐྲག་པ་ཡིན། མུན་ནག་གི་འཇིག་རྟེན་འདིར་ང་ཧ་ཅང་སྐྲག་པ་ཡིན། ཁྱིམ་ཚང་ཞིག་གི་སྒོ་ཁྱམས་འོག་ཏུ་ངས་གོན་པ་གོན་རྗེས། ང་ཐད་ཀར་མདུན་ཕྱོགས་སུ་འབྲོ་འགོ་བརྩམས། ངས་སེམས་ལ་ཁོང་གཉིས་ཀྱི་གཅིག་གསོད་ཐག་ཆོད་ཡིན་པས། ཉེན་རྟོག་པ་ངའི་རྗེས་སུ་ཡོང་ངེས་རེད་སྙམ་བྱུང་། ང་རུ་ཨན་གྲོང་རྡལ་ལ་འགྲོ་སའི་གཞུང་ལམ་སྟེང་འབྱོར་རྗེས། ངས་རང་ཉིད་ལ་རུ་ཨན་གྲོང་རྡལ་དུ་ཐོན་ན། དེ་གར་ལེགས་པོར་བསྐུང་ཆོག་ཅེས་ཁེར་ལབ་བརྒྱབ་པ་ཡིན།

          སྨག་ནག་པས། ངས་རྡོག་ལམ་གྱི་འོབས་དོང་མི་མཐོང་ཞིང་ངས་བྱང་ཐང་གི་ཁྱི་སྐད་གོ་འོངས། མཚན་མོར་ཐོས་པའི་སྐད་སྒྲ་དེ་དག་ཁྱེད་ཀྱིས་ངོས་ཟིན་ཐུབ་བམ། འདབ་ཆགས་དག་ལྐོག་གསོད་ཐེབས་པའི་མིའི་ཨག་འབོད་ལྟར་གྲག་ཅིང་གཅན་གཟན་རེ་འགས་ཟུག་སྒྲ་འབྱིན་པ་དང་འགའ་རེས་ཤུ་སྒྲ་སྒྲོག་ལ་ད་དུང་ངས་གོ་མ་མྱོང་བའི་སྐད་སྒྲ་གཞན་མང་པོ་གྲག་ཡོང་བས། ང་སྐྲག་ནས་ལུས་སྟེང་གི་བ་སྤུ་ཡང་གཟེངས་པར་གྱུར། གོམ་པ་རེ་རེ་མཚམས་ནས་ངས་རྒྱ་གྲམ་རེ་བྲིས་ཀྱང་། དེས་མི་སེམས་ལ་སྙིང་སྟོབས་བསྐྱེད་ཐུབ་མིན་ངས་དཔོག་དཀའ་བར་འདུག ནམ་ལངས་པ་དང་ངའི་སེམས་ལ་སླར་ཡང་ཉེན་རྟོག་པ་དྲན་ཡོང་བས། ངས་རང་ནུས་ཅི་ལྕོགས་སྒོས་ཐག་རིང་བོར་བྲོས་རྗེས་ད་གཟོད་ཡིད་སེམས་བདེ་ལ་འབབ་ཐབས་བྱས་པ་ཡིན།

         ང་སྐྲག་ནས་སྐྱི་གཡའ་བར་གྱུར་ཡང་། ལྟོགས་སྐོམ་གྱི་མནར་གཅོད་ངས་སྔར་བཞིན་ཚོར་བ་ཡིན། འཇིག་རྟེན་འདིར་ཐོབ་པའི་རྒྱུ་ནོར་ཆ་ཚང་བསྡོམས་ན། ང་ལ་ཧྥ་སྒོར་བཅོ་བརྒྱད་ཡོད། འོན་ཀྱང་ངས་སྒོར་མོ་བརྗེད་སོང་བས། ད་ལྟ་ང་ལག་སྟོང་ཡིན། ཐ་ན་ཊམ་ཀ་གཅིག་ཀྱང་མེད་པས། ང་ལག་སྟོང་ཁོག་སྟོང་ལ་རྐང་ཐང་དུ་མི་འབྲོ་ཐབས་མེད་རེད།

          ཚ་གདུག་རབ་ཏུ་ཆེ། ཉི་འོད་ཀྱིས་འཚིག་གྲབས་བྱེད། ཉིན་གུང་ཡོལ་རྗེས་ང་མུ་མཐུད་འགྲོ་གིན་བསྡད། གློ་བུར་དུ་ངའི་རྒྱབ་ཕྱོགས་ནས་རྟའི་རྨིག་སྒྲ་གྲག་པ་ཐོས་འཕྲལ། ང་ཁ་ཕྱིར་འཁོར་ནས་ལྟ་དུས། ཉེན་རྟོག་པ་རྟ་བཞོན་གཉིས་འོང་གིན་འདུག ང་སྐྲག་ནས་སྙིང་ཁྲག་ཀྱང་ལྷོག་ལྷོག་འཕྱུར་བྱུང་། སྣང་བ་ཞིག་ལ་ང་ཐང་ལ་འགྱེལ་ངེས་རེད་སྙམ། ཡིན་ཡང་ང་མུ་མཐུད་འགྲོ་གིན་བསྡད། ཁོང་གཉིས་ཀྱིས་ངའི་རྗེས་ཆོད་ནས་ང་ལ་ཞིབ་ལྟ་ཞིག་བྱས་རྗེས། ལོ་ན་ཅུང་བགྲེས་པོ་དེས་ན་རེ“བུ་མོ། ཉིན་བདེ་ལེགས”

“སྐུ་ཞབས། ཉིན་བདེ་ལེགས”

“ཁྱོད་གང་ལ་འགྲོ་གི་ཡིན”

“རུ་ཨན་གྲོང་རྡལ་དུ་ང་ལ་ཞབས་ཞུའི་ལས་ཀ་ཞིག་སྤྲད་པས། ལས་གནས་དེ་གར་འགྲོ་གི་ཡིན”

“འདི་ལྟར་རྐང་ཐང་ལ་འགྲོ་བ་ཡིན་ནམ”

“ཡིན་ལགས། རྐང་ཐང་ལ་འགྲོ་བ་ཡིན”

        སྐུ་ཞབས་ལགས། སྐབས་དེ་ཤེད་དུ་ངའི་སྙིང་རླུང་སྟོད་ལ་འཚང་ནས་ངས་སྐད་ཆའང་མི་ཤོད་པར་གྱུར། ངའི་སེམས་ལ་ད་ནི་འདི་གཉི་གས་ང་འཛིན་ངེས་རེད་སྙམ་ནས་ང་འབྲོ་སྙིང་བསྐྱེད་ཅིང་། འདོད་ཚུལ་དེས་ངའི་རྐང་བ་གཉིས་སྒུལ་ཙམ་སྒུལ་ཙམ་བྱས་སོང་། ཡིན་ན་ཡང་ང་ཇི་ལྟར་བྲོས་ཀྱང་། ཁོང་གཉི་གས་དེ་མ་ཉིད་དུ་ངའི་རྗེས་ཆོད་ངེས་རེད་ལ། དེ་ཁྱེད་ཀྱིས་ཀྱང་མཁྱེན་གསལ་རེད།

       ལོ་ན་བགྲེས་པོ་དེས“བུ་མོ། ང་ཚོའི་འགྲོ་ལམ་གཅིག་པས། བྷ་རན་ཊེན་གྲོང་ཚོ་བར་ང་ཚོ་མཉམ་དུ་སོང་ཆོག”ཟེར་བ་ལ། ངས“འདོད་པ་ལྟར་བགྱི། སྐུ་ཞབས”ཞེས་ལབ་པ་ཡིན།

       ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ཚོས་གཏམ་གླེང་ཐུང་ངུ་རེ་བྱས་རྗེས། ངས་རང་ནུས་གང་ཡོད་ཀྱིས་མིའི་སྤྲོ་བ་འདྲེན་པའི་སྒེག་ཉམས་བཏོད་ནས་ཁོང་གཉིས་ཀྱི་ཡིད་སེམས་འགུག་ཐབས་བྱས་ཤིང་། དེ་ནས་ང་ཚོས་ནགས་ཚལ་ཞིག་བརྒྱུད་སྐབས། བགྲེས་པོ་དེས“བུ་མོ་ཁྱོད་སྤང་ཐོག་འདི་གར་བསྡད་ནས་ངལ་གསོ་ན་འདོད་དམ”ཞེས་དྲིས་བྱུང་། ངས་བསམ་བློ་ཅི་ཡང་མ་བཏང་བར“སྐུ་ཉིད་ཀྱི་འདོད་པ་ལྟར་བགྱི། སྐུ་ཞབས”ཞེས་དེ་ལྟར་བཤད་པ་ཡིན།

       དེ་ནས་ཁོང་རྟ་ལས་བབས་ཏེ། རྟ་མི་གཞན་པ་དེའི་ལག་པར་བཞག་རྗེས། ངེད་གཉིས་གཅིག་པུ་ནགས་ཚལ་དབུས་སུ་སོང་བ་ཡིན། དེ་ནི་བཤད་མ་དགོས་པ་རེད། གལ་ཏེ་ཁྱེད་ཉིད་སྐབས་དེའི་བདག་གི་གནས་བབ་ཏུ་ཡོད་ཚེ། ཁྱོས་ཅི་ཞིག་བྱེད་ནུས་སམ། ཁོ་རང་གི་འདོད་པ་ཚིམས་རྗེས་ང་ལ“བློ་མཐུན་ཕ་གི་ཡང་རུས་སུ་འབོར་མི་ཉན”ཟེར།

         མི་གཞན་པ་དེ་དང་ངེད་གཉིས་འགྲོགས་དུས། ཁོ་ཕྱིར་སོང་ནས་རྟ་གཉིས་བཟུང་བསྡད་པ་རེད། སྐུ་ཞབས་ལགས། སྐབས་དེར་ང་ངོ་མ་ངོ་ནོངས་ནས་ངུ་ཡང་ཤོར་སོང་། འོན་ཀྱང་ངས་འགོག་རྒོལ་བྱེད་མ་ཕོད། དེ་ཁྱེད་ཀྱིས་མཁྱེན་ནམ། དེ་ནས་ང་ཚོ་སླར་ཡང་ལམ་ལ་ཆས་པ་ཡིན། ངས་ཚིག་གཅིག་ཀྱང་བཤད་མ་ནུས། ངའི་སྙིང་ཁོང་དུ་སྐྱོ་གདུང་དྲག་ཏུ་སྐྱེས་འོངས། སོང་གིན་སོང་གིན་ང་ལྟོགས་སྐོམ་གྱིས་མནར་ནས་འགྲོ་མི་ནུས་པར་གྱུར། གྲོང་གསེབ་ཅིག་ཏུ་འབྱོར་རྗེས། ཁོང་གཉི་གས་ང་ལ་རྒུན་ཆང་ཤེལ་ཕོར་གང་བླུད་པ་དང་། དེས་ང་ལ་གནས་སྐབས་རིང་སྟོབས་ཤུགས་གསར་བ་ཞིག་བསྩལ་སོང་། དེའི་རྗེས་ཁོང་གཉིས་ང་དང་མཉམ་དུ་བྷ་རན་ཊེན་གྲོང་ཚོ་མི་བརྒྱུད་པའི་སླད་དུ། རྟ་གོམ་པ་གློད་ནས་སྔོན་ལ་བསྐྱོད་པ་རེད། ང་གྲོག་ཤུར་ཞིག་གི་འགྲམ་དུ་ཙོག་ནས་མིག་ཆུ་འཛད་རག་བར་དུ་ངུས་པ་ཡིན།

        དུས་ཚོད་གསུམ་རིང་སོང་རྗེས་ང་ད་གཟོད་རུ་ཨན་གྲོང་རྡལ་ལ་སླེབས་པ་དང་། ང་དེ་གར་འབྱོར་དུས། མཚན་གྱི་ཆུ་ཚོད་བདུན་པ་ཟིན་འདུག དང་ཐོག་ལམ་སྒྲོན་གྱི་འོད་སྣང་གིས་ངའི་མིག་དབང་རབ་རིབ་ཏུ་བཏང་ཞིང་ང་གང་དུ་བསྡད་ནས་ངལ་གསོ་ཆོག་པའང་མི་ཤེས། འདི་གར་ཡོང་བའི་ལམ་བར་དུ་ང་ལ་གཉིད་ཉལ་ས་དང་ངལ་གསོ་ས་གྲོག་ཤུར་དང་ནེའུ་གསེང་མང་པོ་ཡོད། འོན་ཀྱང་གྲོང་ཁྱེར་ནང་གང་ཡང་མེད་པ་རེད།

         ངའི་རྐང་བ་ཟུང་གིས་ངའི་ལུས་པོའང་མི་ཐག་པར་འདུག ནམ་ཞིག་ང་ཐང་ལ་འགྱེལ་འོང་བའི་སྣང་བ་སྐྱེས། ཕྱིས་སུ་ཆར་བ་འབབ་འགོ་ཚུགས་པ་རེད། དོ་ནུབ་ལྟར་ཆར་བ་ཟམ་ཟིམ་བབ་པས་ཀྱང་ཤེས་མེད་ཚོར་མེད་ལ་ཁྱེད་ཀྱི་མཐོང་ལམ་ཡོངས་སུ་སྒྲིབ་འགྲོ་བ་རེད། ང་ལས་ངན་པས། ཞག་ཆར་བབས་པ་རེད། ང་ཁྲོམ་སྲང་དུ་འཁྱམས་ཤིང་ཉུལ་འགོ་བརྩམས་པ་ཡིན། ངས་སྡོད་ཁང་དག་ལ་བལྟས་ནས་རང་ཉིད་ལ“ཕ་གའི་ནང་ཉལ་ཁྲི་དང་བག་ལེབ་ཡོད་ཀྱང་། ང་ལ་རྩྭ་གདན་ལེབ་མོ་གཅིག་དང་བག་ལེབ་གྱོང་བོ་ཞིག་ཀྱང་མི་ཐོབ”ཅེས་ཁེར་བཤད་བྱས་པ་ཡིན།

        ངས་བུ་མོ་ཚོས་ལམ་འགྲོ་བ་ཚོར་འདོད་གཏམ་གླེང་སའི་སྲང་ལམ་བརྒྱུད་པ་ཡིན། སྐུ་ཞབས་ལགས། གནས་སྟངས་དེ་འདྲར་ཐུག་དུས། ངོ་མ་ཅི་ཞིག་འཇོན་ན་དེ་ག་རང་མི་ལས་ཀ་མེད་རེད། བུ་མོ་དེ་ཚོ་དང་ལྷན་དུ་ངས་ཀྱང་རང་གི་སྐབས་དེའི་གོ་གནས་བཟུང་སྟེ་མགྲོན་པོ་བསུ་འགོ་བརྩམས་པ་ཡིན། འོན་ཀྱང་ང་ལ་ཁ་ཡ་བྱེད་མཁན་གཅིག་ཀྱང་མ་བྱུང་བས། ང་ངོ་མ་འཆི་སྙིང་འདོད་པ་ཞིག་བྱུང་། དེའི་ཚེ་ནམ་དཀྱིལ་ཟིན་གྲབས་འདུག ངས་ངོ་མ་རང་ཉིད་ཀྱིས་ཅི་བྱེད་དགོས་པའང་མི་ཤེས་པར་གྱུར། མཐའ་གཞུག་སྐྱེས་པ་ཞིག་གིས་ང་ལ་ཁ་གྲགས་བྱུང་། ཁོས་ང་ལ“ཁྱོད་གང་དུ་བསྡད་ཡོད”ཅེས་དྲིས་སོང་། ཅིས་ཀྱང་གཡོ་ཐབས་ཤིག་འཐེན་དགོས་པ་སྨོས་མེད་རེད། ལན་དུ་ངས“ང་ཨ་མ་ལགས་དང་མཉམ་དུ་བསྡད་ཡོད་པས། ཁྱེད་རང་འཁྲིད་མི་རུང་། ཁྱེད་ལ་འུ་གཉིས་འགྲོ་ཆོག་པའི་ཁང་ཁྱིམ་མེད་དམ”

         ཁོས་ང་ལ“ངས་རྟག་པར་ཊམ་ཀ་ཉི་ཤུ་བྱིན་ནས་ཁང་མིག་ཅིག་གླ་མི་འདོད”ཟེར་ཞིང་། ཡུད་ཙམ་བསམས་རྗེས་ཁོས་ཡང་བསྐྱར་ན་རེ“ཤོག་དང་། ད་ངའི་ཡིད་ལ་དབེན་གནས་ཤིག་དྲན་བྱུང་། དེ་གར་ངེད་གཉིས་ལ་བར་ཆད་གཏོང་མི་སྲིད”

         ཁོས་ང་ཁྲིད་ནས་ཟམ་པ་ཞིག་བརྒལ་རྗེས། གྲོང་འདབས་ཀྱི་ཆུ་ངོགས་སྤང་ཁུག་ཅིག་ཏུ་ཁྲིད་ཅིང་། ང་ཁོའི་རྗེས་སུ་འབྲང་རྒྱུ་ལས་བྱ་ཐབས་ཅི། ཆུ་ངོགས་དེ་གར་ཁོས་ང་མར་ཙོག་ཏུ་བཅུག་སྟེ་ངེད་གཉིས་དེ་གར་ཡོང་དོན་གླེང་འགོ་བརྩམས་པ་རེད། ཁོས་ང་ལ་ཕོ་མོའི་བར་གྱི་མཛའ་འབྲེལ་རྩོད་རྙོག་མང་པོ་མང་པོ་ཞིག་གླེང་སྐབས། ང་ནི་ལུས་སེམས་གཉི་གའི་ངལ་དུབ་ཀྱིས་མནར་ནས་གཉིད་ཤོར་བ་རེད། ཁོས་ང་ལ་ཅི་ཡང་མ་བྱིན་པར་བུད་སོང་། ངས་ཁོ་སོང་བའི་རྡོག་སྒྲ་ཙམ་ཡང་གོ་རྒྱུ་མ་བྱུང་། ཞག་གང་བོར་ང་སྤང་རློན་ཐོག་ཉལ་བའི་རྐྱེན་གྱིས། མཚན་མོ་དེ་ནས་བཟུང་ང་ལ་བཅོས་ཐབས་མེད་པའི་ན་ཟུག་སྣ་ཚོགས་སྐྱེས་པ་རེད།

       ནངས་མོ་དེར་སྐོར་གཡེང་ཉེན་རྟོག་པ་གཉིས་ཀྱིས་ང་གཉིད་ལས་བསླངས་བྱུང་། ཁོང་གཉི་གས་ང་ཉེན་རྟོག་ཁང་ལ་ཁྲིད་ཅིང་དེ་ནས་བཙོན་ཁང་དུ་བསྐྱལ་བ་དང་། བཙོན་ཁང་དུ་ང་ཉིན་བརྒྱད་ལ་འདུག་དགོས་བྱུང་། ཉིན་དེ་དག་རིང་ཁོང་ཚོས་ང་ཡང་སྙིང་མི་ཅི་ཞིག་ཡིན་པ་དང་ས་ཆ་གང་ནས་ཡོང་བ་སོགས་འདྲི་གཅོད་བྱས་པ་རེད། འདྲི་གཅོད་ཀྱི་མཇུག་འབྲས་ལ་སྐྲག་ནས་ངས་ཅི་ཡང་བཤད་མ་ཕོད། གང་ལྟར་ཁོང་ཚོས་ང་ལ་ནག་ཉེས་མེད་པ་ཐག་གིས་ཆོད་རྗེས། ང་བཙོན་གྲོལ་བཏང་བ་རེད།

         ཕྱིས་སུ་ངས་རང་གི་འཚོ་བ་འཕྱིད་དགོས་པ་ནི་གཡོལ་ཐབས་མེད་པ་རེད། ངས་འཚོ་གནས་ཤིག་རྙེད་ཐབས་ལ་འབད་ཀྱང་། ང་བཙོན་ནས་ཡོང་བའི་རྐྱེན་གྱིས་ང་ལ་ལས་གནས་ཤིག་མ་རག་པ་རེད། དེ་ནས་ངས་དེ་སྔོན་ང་ལ་འདྲི་གཅོད་གནང་མཁན་ཉེན་རྟོག་པ་བགྲེས་པོ་དེ་ཡིད་ལ་དྲན་འོངས། མཆོད་དཔོན་ལི་ར་བྷལ་ནང་བཞིན། ཁོས་ང་ལ་འདྲི་གཅོད་གནང་དུས། ཁོས་ང་ལ་ཟུར་མིག་གིས་ལྟ་ཡི་འདུག་པས། ང་ཁོ་རང་འཚོལ་དུ་སོང་བ་ཡིན། དེ་ནི་ངོ་མ་ངས་བསམས་པ་ནང་བཞིན་རེད། ང་ལོག་ཡོང་ཁར། ཁོས་ང་ལ་ཊམ་ཀ་བརྒྱ་ཐམ་པ་བྱིན་ནས“ཁྱོད་ལ་ཐེངས་རེར་འདི་ཙམ་རེ་སྟེར། འོན་ཀྱང་གཟའ་འཁོར་རེར་མང་ན་ཐེངས་གཉིས་ཙམ་མ་གཏོགས་ཉིན་རྒྱུན་ཡོང་མི་ཆོག”ཟེར།

          ངས་རང་ཉིད་ལ“ལོ་གཞོན་ཚོ་ནམ་རྒྱུན་ཀུ་རེ་རྩེད་མཚར་དང་སྤྲོ་སྐྱིད་བག་མེད་ལ་དགའ་ཡང་། ཁོ་ཚོའི་ལག་ནས་ཡོང་འབབ་མོད་པོ་འཐོབ་མི་སྲིད། དེ་ལས་བགྲེས་པོ་ཚོ་དང་མཉམ་དུ་བསྡད་ན་དེ་ལྟ་མ་ཡིན”ཞེས་ཁེར་ལབ་བརྒྱབ་པ་ཡིན། སྐབས་དེ་ནས་བཟུང་ངས་ནམ་ཀུན་སྤྲེའུ་རྒན་དེ་ཚོའི་ཟུར་མིག་ལས། ཁོང་ཚོའི་འཁྲུལ་སྣང་གི་ཀླད་ཆུང་ནང་དུ་དོན་ངོ་མར་ཅི་ཞིག་དྲན་གྱི་ཡོད་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཡིན།

         སྐུ་ཞབས། དེའི་རྗེས་ངས་ཅི་ཞིག་བྱས་པ་ཁྱེད་ཀྱིས་མཁྱེན་ནམ། ཁྲོམ་ལ་འགྲོ་བའི་གྲོང་གསེབ་བུ་མོ་ཚོ་ལྟར། ངས་གཟབ་འཕྱོར་སྤྲས་ནས་ཁྲོམ་སྲང་ལ་འཚོ་བ་སྒྲུབ་ཏུ་ཕྱིན་པ་ཡིན། ཨེ། ངས་འཇོ་སྒེག་ཕྲན་ཙམ་བཏོད་པས་ཀྱང་། ངས་ཁོ་ཚོ་འགུག་ཐུབ་པར་འདུག འགུག་ཐེངས་རེ་རེར་ངས་རང་ཉིད་ལ“ཡང་གཅིག་ཁུག་སོང”ཞེས་བཤད་པ་ཡིན། མི་དེ་ཚོའི་རིགས་ཉེ་བར་བཅར་དུས། ཐོག་མར་འདི་སྐད་དུ་སྨྲ་ཡོང་།

“བུ་མོ། ཉིན་བདེ་ལེགས”

“སྐུ་ཞབས། ཉིན་བདེ་ལེགས”

“འདི་ལྟར། ཁྱོད་གང་དུ་འགྲོ་གི་ཡིན”

“ང་གླ་བདག་ཚང་ལ་ལོག་འགྲོ་གི་ཡིན”

“ཁྱེད་ཀྱི་གླ་བདག་ཚང་ལ་ལམ་ཐག་རིང་ངམ”

“མི་རིང་། ཉེ་རྒྱུའང་མེད”

        དེ་མིན་ཁོས་ཅི་ཞིག་བཤད་དགོས་པ་མི་ཤེས་པར་འགྱུར། ངས་ཁོ་ཚོར་གསོང་བོར་བརྗོད་དུ་འཇུག་ཆེད་གོམ་པའི་འདེགས་འཇོག་ཇེ་དལ་ལ་བཏང་བ་ཡིན། དེ་ནས་ཁོ་ཚོས་འཇམ་པོའི་ངག་གིས་ང་ལ་ཁ་ཡག་ངོ་བསྟོད་བྱས་ནས་ང་ཁོ་ཚང་ལ་འགྲོ་བའི་རེ་བ་འདོན་པ་རེད། འོན་ཀྱང་ངས་དང་ཐོག་ཁོ་ཚོར་ཁས་བླངས་པ་མིན། ཁོ་ཚོས་ང་ལ་ཨུ་ཚུགས་ནན་སྐུལ་བྱས་རྗེས་ངས་ད་གཟོད་དང་ལེན་བྱས་པ་ཡིན། དེ་ཁྱེད་ཀྱིས་མཁྱེན་ནམ། ཉིན་རེའི་ཞོགས་པ་རྟག་པར་ང་དེ་འདྲའི་མི་གཉིས་གསུམ་རེར་འཕྲད་ཅིང་། ཉིན་རྒྱབ་ཧྲིལ་བོ་ངའི་རང་དབང་གི་དུས་ཚོད་ཡིན། སྐབས་དེ་ནི་ངའི་མི་ཚེ་འདིའི་བདེ་སྐྱིད་རྫོགས་ལྡན་གྱི་དུས་སྐབས་ཡིན་པས། ང་ལ་འཚེར་སྣང་དང་སྐྱོ་སྣང་གང་ཡང་མེད་པ་རེད།

      ཡིན་ན་ཡང་མིའི་བདེ་སྐྱིད་རྫོགས་ལྡན་གྱི་དུས་ཡུན་ཤིན་ཏུ་ཐུང་བ་འདྲ། ངའི་ལས་ངན་པས། ཡུལ་ལུང་དེ་གའི་འབྱོར་ལྡན་པ་ལོ་བདུན་བཅུ་དོན་ལྔར་སོན་པའི་སྲིད་འཛིན་ཟུར་བ་དེ་ངོ་ཤེས་སུ་གྱུར་ཅིང་། དགོང་མོ་ཞིག་ལ་ཁོས་ང་ཉེ་འདབས་ཀྱི་ཟ་ཁང་ཞིག་ཏུ་དགོང་ཟས་ལ་རོལ་བར་ཁྲིད་པ་རེད། ཁྱེད་རང་གིས་མཁྱེན་གསལ་ལྟར། དེའི་འཕྲོར་ཁོས་ཟ་ཚོད་འཐུང་ཚོད་མ་ཟིན་པར། དགོང་ཟས་རྗེས་ཀྱི་ཞོར་ཟས་ལ་རོལ་སྐབས་ཁོ་ཤི་སོང་བ་རེད།

     ངས་ཁོང་ལ་དོ་སྣང་མ་བྱས་པའི་རྐྱེན་པས། ང་ཡང་ཟླ་གསུམ་ལ་བཙོན་དུ་བཅུག་པ་རེད། ཕྱིས་སུ་ང་རྒྱལ་ས་ཕ་རི་སིར་ཡོང་བ་ཡིན། ཨེ། སྐུ་ཞབས། གནས་འདི་ནས་ངོ་མ་འཚོ་དཀའ་ཨང་། མི་འབོར་ཧ་ཅང་མང་བས། ཉིན་རྒྱུན་དུ་བཟའ་བཏུང་ལ་རོལ་བའི་རེ་བ་ཡོད་པ་མ་རེད། ལར་མི་ཚང་མར་རང་རང་གི་དཀའ་སྡུག་རེ་ལོས་ཡོད་ཀྱང་། ངའི་ལས་དབང་འདི་གཞན་སུ་ལས་ཀྱང་སྡུག་པ་འདྲ། སྐུ་ཞབས། ཁྱེད་ཀྱིས་བལྟས་ན་དེ་འདྲ་མ་རེད་དམ།

      ཁོ་མོ་ཁ་རོག་གེར་བསྡད་བྱུང་། ང་ཁོ་མོར་གཤིབས་ནས་སོང་བ་ཡིན། ང་སེམས་འགུལ་ཐེབས་སོང་། གློ་བུར་དུ་ཁོ་མོས་ང་ལ་ངོ་ཤེས་རྙིང་པ་ཞིག་ལྟར“སྙིང་ཉེ། དེས་ན་ཁྱེད་ཉིད་ངེད་ཚང་ལ་མི་འགྲོ་འམ”ཟེར།

“ངས་ཁྱོད་ལ་བཤད་ཟིན། མི་འགྲོ”

       “དེས་ན་བཟང་གི། བདེ་མོ་བྱོས། ང་ཁྱེད་ལ་སྡང་སེམས་ཅི་ཡང་མེད་ཁར། ད་དུང་ངས་ཁྱེད་ལ་བཀའ་དྲིན་ཞུ་འོས། ཡིན་ནའང་བྱེད་སྟངས་དེ་ཁྱེད་རང་གི་ནོར་འཁྲུལ་ཡིན་པ་ངས་ཁ་ཚོན་བཅད་ཆོག”

           སེང་རས་ཤིག་གིས་ཡོངས་སུ་གཡོགས་པ་འདྲ་བའི་ཞག་ཆར་ཟམ་ཟིམ་ཁྲོད་དུ་ཁོ་མོ་བུད་སོང་། སོལ་རླངས་གློག་སྒྲོན་ཞིག་གི་འོད་ངོགས་བརྒྱུད་ནས་མུན་པའི་ཀློང་དུ་ཡལ་རག་བར་ང་ཁོ་མོའི་རྒྱབ་གཟུགས་སུ་ཅེར་ནས་བསྡད་པ་ཡིན། བུ་མོ་དེ་སྙིང་རེ་རྗེ།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།