ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་པ་《བརྙས་བཅོས་མི་ཁུར་བའི་ཡི་གེ》ཞེས་པ།

22747


རྩོམ་པ་པོ། ཨ་སྐྱབས་དར་རྒྱས། [དཀར་མཛེས།]


  སྤྱི་ལོ3333ལོའི་ཟླ3པའི་ཚེས3ཉིན་གྱི་མཚན་མོའི་ཆུ་ཚོད3པའི་སྟེང་། ཁྱོད་ཀྱིས་གློག་ཀླད་ངོས་སུ། “སྐེ་དེ་ལས་རིང་ན་ཡི་དྭགས་རེད། ཉམས་དེ་ལས་ཆུང་ན་དུད་འགྲོ”རེད་ཅེས་པའི་བོད་ཡིག་གི་གཏམ་དཔེ་དེ་བྲིས་རྗེས། སེམས་ཀྱི་དོགས་སློང་དེ་ལ་གཞི་ནས་ངོས་ཟིན་གསར་བ་ཞིག་རྙེད་བྱུང་།

   ནམ་ལངས་པར་ད་དུང་ཡུན་རིང་པོ་ཞིག་འདུག
   དེ་ནི་ཁྱོད་ཀྱིས་མལ་ཁང་གི་སྒེའུ་ཡོལ་ཕྱེས་ནས་ཕྱི་རོལ་དུ་ཡུན་རིང་ཞིག་ལ་བལྟས་ནས་ཤེས་པ་ཡིན།

    ཕྱི་རོལ་དུ་མུན་ནག་གིས་ཡོངས་སུ་བཏུམས་འདུག་ཀྱང་། མཁའ་དབྱིངས་སུ་སྔར་བཞིན་བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་དང་། སྐར་མ་སྐེ་འཁྱོག སྐར་མ་སྨིན་དྲུག གང་ལྟར་རང་ཚུགས་ཡོད་ལ་ཁྱད་ཆོས་ཡོད་པའི་སྐར་མ་དེ་དག་ཁྲ་ཆིལ་ཆིལ་དུ་ཡོད་པ་མཐོང་ལ། ད་དུང་ཟླ་བ་ཡང་ཡོད་དགོས་མོད། མཚན་མོ་དེར་སྤྲིན་ནག་གི་གཡོགས་ནས་ཁྱོད་ཀྱིས་མཐོང་ཐུབ་མ་སོང་།

    ཁྱོད་ཀྱིས་སྒེའུ་ཡོལ་དལ་གྱིས་ཚུར་འཐེན་པ་དང་། དེ་ནས་སྒེའུ་ཁུང་འགྲམ་གྱི་གློག་ཀླད་ཀྱི་གམ་དུ་བསྡད། དེ་རུ་ནེམ་ཁྲིའུ་རྙིང་པ་ཞིག་འདུག

    ཁྱོད་ཀྱིས་གློག་ཀླད་ངོས་སུ་བོད་ཀྱི་གཏམ་དཔེ་དེ་གཏགས་རྗེས། རང་ཉིད་ཀྱི་འཁུམ་ཞིང་གཉེར་མས་བཏུམས་པའི་ལག་པ་ལ་རག་ཙམ་བྱས། ཁྱོད་ཀྱིས་རང་ཉིད་ཀྱི་མིང་ལ་དཔལ་བཟང་ཟེར་བ་གཞི་ནས་དྲན།

   དཔལ་བཟང་གི་སྐྲ་ལོ་ད་ལྟ་ཡོངས་སུ་དཀར་པོར་གྱུར་ལ། ལག་པ་ཅུང་ཙམ་འདར་གྱིན་འདུག་མོད། ཁྱོད་ཀྱིས་མིག་ཤེལ་དཀར་པོའི་ངོས་སུ་ཆགས་པའི་རླངས་པ་དཀར་པོ་དེ་ཕྱི་ཙམ་ཕྱི་ཙམ་བྱེད་ཞོར། ཡང་བསྐྱར་གློག་ཀླད་ངོས་སུ་གོང་བུར་ལྷུང་ལ་གཉེར་མས་བཏུམས་པའི་མིག་ཟུང་གིས་རིག་རིག་བལྟས།

   དེ་དུས་དཔལ་བཟང་གིས་གཞི་ནས་རང་ཉིད་ཀྱི་གློག་ཀླད་ངོས་སུ་བརྩམས་སྒྲུང་བརྙས་བཅོས་མི་ཁུར་བའི་ཡི་གེ་ཞེས་པ་དེའི་ཁ་བྱང་བྲིས་ཚར་བ་མ་ཟད།ད་ནི་མིའི་རིགས་ཀྱི་སྤྱི་ལོ3333ལོའི་ཟླ3པའི་ཚེས3ལ་བསླེབས་ཟིན་པ་དང་། དེ་རིང་ནི་རང་གི་སྐྱེས་སྐར་ཡིན་པས་རང་ཉིད་ལ་ལེགས་སྐྱེས་ཤིག་གི་ཚུལ་དུ་མི་ཚེ་འདིའི་ཆེས་མཐའ་མའི་སྒྲུང་གཏམ་དེ་འབྲི་བཞིན་ཡོད་པ་ཤེས།

   ངའི་མིང་ལ་དཔལ་བཟང་ཟེར།  ང་ནི་བོད་ཀྱི་སྒྲུང་གཏམ་པ་ཞིག་ཡིན། སྤྱི་ལོ3220ལོའི་ཟླ3པའི་ཚེས3ལ་བོད་དུ་སྐྱེས།

   ལས་འཁྱུལ་ངལ་གསོ་བྱས་རྗེས་ཀྱི་མཚན་མོ་རེ་རེར། ང་ལ་གཉིད་དེ་ཙམ་མེད་པས་བོད་ཡིག་གི་སྒྲུང་གཏམ་འབྲི་མཚམས་གཏན་ནས་འཇོག་མ་མྱོང་། མ་གཞི་ངས་རང་ཉིད་འཇིག་རྟེན་འདིར་མི་ལོ113ལ་འཚོ་གཞིས་ཐུབ་པ་ཡིད་ལའང་ཤར་མྱོང་ལ། ལོ113འགོར་རྗེས་ངས་དྲན་ངོགས་ཀྱི་མི་དེའི་ཆེད་སྒྲུང་གཏམ་ཞིག་འབྲི་དགོས་པ་དེ་བས་ཀྱང་ཡིད་ལ་ཤར་མ་མྱངས།

   ངའི་དྲན་ངོགས་སུ་ལུས་པའི་འབྲོག་པ་རྒད་པོ་རྡོ་རྗེ་ཟེར་བ་དེས་སྔོན་ཆད་ང་ལ་སྐད་ཆ་འདི་འདྲ་ཞིག་ལབ་མྱོང་།

    དེ་ནི་ང་རང་གསེར་ལུང་གྲོང་དུ་གཞུང་ཞབས་པར་ལས་བགོས་བྱས་ནས་ཡོང་བའི་ཉིན་དང་པོ་རེད།

    རྡོ་རྗེ་ངའི་གཞུང་ལས་ཁང་གི་མདུན་ཅོག་གི་ཁ་གཏད་དུ་ཡར་ལངས་ནས“སྐལ་ཆད་པོ། ང་ལ་རིག་གནས་མེད་པས་ནོར་དང་འདྲ། ངོ་མ་རྒྱ་སྐད་ཅིག་མ་ཤེས་དུས་ནོར་རེད། རྩྭ་ཟ་ཤེས་པ་དང་ལྕི་བ་གཏོང་ཤེས་པ་ལས་གང་ཡང་ཐོན་ནི་མ་རེད”ཅེས་རང་ཉིད་ལ་གཤེ་གཤེ་གཏོང་བའི་སྐད་ཆ་དེ་སེམས་གཏིང་ནས་བཤད་བྱུང་།

     ངས་དེ་མ་ཐག“ཨ་ཁུ་འབྲོག་པ། ཁྱོད་ལ་རོགས་ཤིག་བྱ་དགོས་པ་ཡིན་ནམ”ཞེས་དྲིས། ཁོས་ང་ལ“དཀའ་ངལ་ཅན་གྱི་དུད་ཁྱིམ་གྱི་བདེན་དཔང་ཡི་གེ་ཞིག་འབྲི་རོགས”ཟེར།

    ངས་གསེར་ལུང་གི་འབྲོག་པ་མང་ཆེ་བར་དཀའ་ངལ་ཡོད་པ་ཤེས་ལ། ལྷག་ཏུ་སྲིད་གཞུང་གི་གནང་སྦྱིན་ལ་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་སྒུག་བྱས་ནས་ཡོད་པ་སྔར་ནས་ཤེས་ཡོད།

   ངས་ཁོར་དཀའ་ངལ་ཡོད་པའི་བདེན་དཔང་ཡི་གེ་ཞིག་བྲིས་ནས་ལག་ཏུ་བཞག

   ཁོས་བདེན་དཔང་ཡི་གེ་དེའི་མགོ་ནས་མཇུག་བར་གཟབ་ལྟ་ལན་ཞིག་བྱས་རྗེས། ཡང་བསྐྱར་ཁ་ཞེ་གཉིས་མེད་ཀྱིས“ཞུ་ལུ། ཁྱོད་ཡུལ་ཚོའི་ལས་བྱེད་པ་གསར་པ་ཞིག་ཡིན་པ་འདྲ། བླ་བདེ་གཤིས་འཇམ་ཞིག་རེད། ཞལ་དྲོ། ངོ་མ་རྒྱ་སྐད་ཅིག་མ་ཤེས་ན་ནོར་རེད། རྒན་མོ་ན་ནས་སྨན་ཁང་དུ་ཡོང་མོད། ནད་ཅི་ཞིག་ཡོད་པ་ད་དུང་ཤེས་མེད”ཟེར།

   ཉིན་དེར། ང་ཁོམ་ནས་ཡོད་པས་ཁོ་ལ་རོགས་བྱས་ནས་སྨན་ཁང་དུ་སོང་།ལམ་བར་དུ། ཁོས་ང་ལ་ཡང་བསྐྱར“ཞུ་ལུ། རྒྱ་སྐད་ཅིག་མ་ཤེས་ན་ནོར་རེད། མི་ན་ནས་ཤི་ཆས་བྱས་རུང་སྨན་ཁང་དུ་འདུག་ཐབས་དཀའ་མོ་རེད”ཟེར།

  སྨན་པས“ཁོའི་ཆུང་མའི་ནད་ནི་ཐུམ་འབུའི་ནད་རེད་ཟེར། དེ་ནི་གཙོ་བོ་འབྲོག་པ་ཚོས་ཟས་ཟ་དུས་ལག་པ་མི་བཀྲུ་དང་ནམ་རྒྱུན་གཙང་སྦྲ་མི་ལེགས་པས་རེད”ཟེར། ངས་ཉིན་ཕྱེད་ཞིག་ལ་ཁོར་སྐད་བསྒྱུར་བྱས་རྗེས། ཁོས་ཡིན་གཅིག་མིན་གཉིས“ཉིན་གུང་ཁོ་དང་མཉམ་དུ་ཕྱེ་ཐུག་ཅིག་འཐུང་དགོས”ཟེར།

   ཟས་ཁང་དུ། ཁོས་ཡང་བསྐྱར་ང་ལ“ཞུ་ལུ། ངའི་རྒྱ་སྐད་མི་ཤེས་པའི་ནོར་དང་འདྲ། ད་ལྕི་བ་མི་གཏོང་བ་མ་གཏོགས་དེ་མིན་མི་གྲལ་དུ་འགྲོ་བཞིན་ཡོད་པའི་ནོར་ཞིག་ཡིན”ཟེར།  

   སྐད་ཆ་འདི་ཁོས་ང་ལ་ཡིད་ཆད་དང་འཁང་རའི་ཚུལ་དུ་ལབ་བྱུང།

   ཉིན་དེར།  ང་ཕྱིར་གཞུང་ལས་ཁང་དུ་ཡོང་ནས་བརྙེས་བཅོས་མི་ཁུར་བའི་ཡི་གེ་ཞེས་པའི་སྒྲུང་གཏམ་ཞིག་འབྲི་འགོ་བརྩམས་ཀྱང་ཇི་ལྟར་འབྲི་དགོས་པ་གཏན་ནས་མ་ཤེས།

   དེ་རིང་ང་ལོ113ལོན་པའི་སྐྱེས་སྐར་གྱི་ཉིན་འདིར། གཞི་ནས་གཉིད་ལས་སད་པ་བཞིན་སྒྲུང་གཏམ་འདི་ཤར་མར་འབྲི་ཐུབ་སོང་།

    དུས་ཚོད་ཕྱེད་ཙམ་གྱི་གོང་ལ་ངས་གློག་ཀླད་ངོས་སུ“སྐེ་དེ་ལས་རིང་ན་ཡི་དྭགས་རེད། ཉམས་དེ་ལས་ཆུང་ན་དུད་འགྲོ་རེད”ཅེས་པའི་བོད་ཀྱི་གཏམ་དཔེ་དེ་ཤར་མར་བྲིས།

    དོ་དགོང་སྒྲུང་གཏམ་བརྙེས་བཅོས་མི་ཁུར་བའི་ཡི་གེ་འབྲི་དུས།ངའི་མིག་ལམ་དུ་སྔོན་ཆད་ང་ལ“རྒྱ་སྐད་ཅིག་མ་ཤེས་ན་ནོར་རེད”ཟེར་བའི་རྡོ་རྗེ་དྲན་ཡོང་ལ། དེ་དུས་ང་རང་གཞི་ནས་སྔངས་འདར་ཞིག་བརྒྱབས་བྱུང་།

    ང་རང་མི་ཡུལ་འདིར་འཚོ་གཞིས་གནངས་བའི་ལོ113གྱི་རིང་ལ། ངས་ཇི་འདྲའི་སྐད་ཆ་མང་པོ་ཞིག་གོ་མྱོང་ལ། ངས་ཇི་འདྲའི་སྐད་ཆ་མང་པོ་ཞིག་བཤད་ཀྱང་མྱོང་། འོན་ཏེ་ངས་དེ་རིང་གཞི་ནས་མི་ཚེ་འདིའི་ཆེས་མཐའ་མཇུག་གི་སྒྲུང་གཏམ་བརྙས་བཅོས་མི་ཁུར་བའི་ཡི་གེ་ཞེས་པ་འབྲི་དུས་སྐད་ཆ་ཅི་ཞིག་ནི་བརྙས་བཅོས་ཞེས་པའི་ཐ་སྙད་འདིའི་གོ་དོན་དངོས་ཡིན་པ་ཤེས་སོང་།

     སྒྲུང་གཏམ་བྲིས་ནས་མཚམས་འདིར་བསླེབས་དུས། སྒེའུ་ཡོལ་གྱིས་འགོག་ཐབས་བྲལ་འོད་སྣང་དཀར་པོ་ཞིག་གིས་ཁང་ཁྱིམ་འདི་སྔར་ནས་དཀར་ཆིལ་ལེར་བཏང་ཡོད་པ་མཐོང་ལ། ཆུང་མས་ད་དུང་མལ་ཁྲིའི་སྟེང་དུ་སྔུར་བ་ཡང་མོ་ཞིག་འཐེན་ནས་གཉིད་དུ་ཡུལ་འདུག་པ་མཐོང་། ངས་སེམས་སུ་བརྙས་བཅོས་མི་ཁུར་བའི་ཡི་གེ་ནི་ནམ་ཡང་འོད་སྣང་དང་འབྲེལ་བ་ཡོད་ལ། མུན་ནག་དང་དཀའ་སྡུག་གི་འཚོ་བ་ལ་འཐབ་རྩོད་བྱེད་པའི་ཡི་གེ་ནི་བརྙས་བཅོས་མི་ཁུར་བའི་ངའི་ཚེ་གང་བློས་ཐུབ་ཀྱི་གྲོགས་པོ་དེ་རེད་འདོད།

    སྒྲུང་གཏམ་འདི་བྲིས་ཚར་རྗེས་ཏག་ཏག་དུས་ཚོད་གསུམ་འགོར་འདུག་ལ། ངས་ཡང་བསྐྱར་ཁྱིམ་གྱི་སྒེའུ་ཡོལ་ཕྱེས་ནས་ཕྱི་རོལ་དུ་བལྟས་པ་ན། ནམ་ལངས་ནས་དུས་ཚོད་ཕྱེད་ཙམ་འགོར་ཟིན་ཡང་། ར་སྐོར་ནང་ནི་ད་དུང་ཁུ་སིམ་མེར་འདུག

     དེ་དུས་གློག་ཀླད་གཡས་ཕྱོགས་ཀྱི་ཟུར་ངོས་སུ། ཐུན་ཤིན་གསར་འགྱུར་ཐུང་ཐུང་ཞིག་བཀོད་འདུག་ལ།གསར་འགྱུར་དེ་རུ་མིའི་རིགས་ཀྱི་སྤྱི་ལོ3333ལོའི་ཟླ3པའི་ཚེས3ཉིན། འཛམ་གླིང་སྟེང་ན། རང་ཉིད་ཀྱི་སྐད་ཡིག་ཡོད་པའི་རྒྱལ་ཁབ་དང་མི་རིགས33ལས་ལྷག་མི་འདུག་ཟེར།

     ངས་གསར་འགྱུར་དེ་ལ་ཞིབ་ལྟ་ལན་ཞིག་བྱས་རྗེས། སེམས་སུ་སྤྲོ་སྣང་སྨྲ་མི་ཤེས་པ་ཞིག་བྱུང་།

     ངས་ཡང་བསྐྱར་གློག་ཀླད་ངོས་ཀྱི་བོད་ཡིག་གི་གསལ་བྱེད་དེ་དག་མཐོང་བ་ན། གསལ་བྱེད་དེ་དག་ནི་སྐད་ཆ་བཤད་ཤེས་ལ། མིག་ཟུང་ཁྲ་གེམ་གེམ་དུ་གཡོ་བ་དང་། རྣ་བ་ཀྲོང་ངེར་བརྒྱངས་ནས་ང་ལ་བརྩེ་བའི་འཛུམ་ཉམས་སྟོན་པ་ཏག་ཏག་རེད་འདུག   ཡི་གེ་དེ་ཚོ་ནི་བརྙས་བཅོས་མི་ཁུར་བའི་དཔའ་བོ་རྐྱང་རྐྱང་རེད་ཡ། 


2018.2.8ལ་གྲུབ་པ་དང2020ལོའི་ཟླ3ཚེས15ཉིན་གསར་བཅོས་བྱས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།