ཉལ་ལེབ་སྡེ་བ།(སྒྲུང་ཐུང་།)

6493


རྩོམ་པ་པོ། གདོན་མིག

རིམས་འགོག་བདེ་སྲུང་གི་རླངས་འཁོར་ཞིག་རྐྱང་ལམ་ཉག་ཁ་བརྒྱུད་ནས་ཡོང་གིན་འདུག

ཉལ་ལེབ་སྡེ་བ་ནི་རི་མཐོ་ས་གཙང་གི་ཡུལ་དུ་ཡོད་པའི་སྡེ་བ་ཞིག་ཡིན་ལ། སྡེ་བ་དེའི་མཐའ་བཞི་རི་རྒྱུད་ལྷུན་པོས་བསྐོར་ཞིང་ནགས་ཚལ་སྟུག་པོས་ཡོངས་སུ་བཏུམས་ཡོད་པས། ཉལ་ལེབ་སྡེ་བའི་སྡེ་མི་ཚོས་བཤད་ན། ཉལ་ལེབ་སྡེ་བ་ནི་གནམ་འོག་གི་ཆེས་བདེ་ཞིང་སྐྱིད་པའི་སྡེ་བ་ཞིག་ཡིན་ལ། གནམ་འོག་གི་ཆེས་ལྷིང་ཞིང་འཇགས་པའི་སྡེ་བ་དེའང་ཡིན་པས། ཕྱི་མི་ནང་དུ་ཡོང་བར་དཀའ་ལ་ནང་མི་ཕྱི་ལ་འགྲོ་རྒྱུར་ཡང་ཤིན་ཏུ་ཁག་པོ་ཡོད། དེའི་རྒྱུ་མཚན་ནི་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བས། སྟག་ཚང་ཟམ་ཁ་ནས་རླངས་འཁོར་དང་འཕྲུལ་རྟ་བསྐྱུར་ཏེ་ནམ་རྒྱུན་རྐང་ཐང་དུ་རི་ལམ་བརྒྱུད་ནས་འགྲོ་དགོས།

རྒྱང་རིང་ནས་བལྟས་ན། ཕ་གའི་ནགས་རྫིབ་ཏུ་རས་ཡུག་དམར་པོ་ཞིག་བསྐྱོད་ཀྱིན་པ་ནི་ཉལ་ལེབ་སྡེ་བའི་རིམས་འགོག་ཚན་ཁག་གི་དར་དམར་རེད། ཁོ་ཚོས་སྟག་ཚང་ཟམ་ཁ་རུ་འགྲོ་མི་འགོག་པའི་ལས་བགྱི་བཞིན་ཡོད་ནའང་། ཉིན་གང་བོར་སྡེ་མི་ཕར་འགྲོ་མཁན་མེད་ལ། ཕྱི་མི་ཚུར་ཡོང་མཁན་ཡང་མི་འདུག ཉིན་གུང་ཡོལ་ཙམ་ཞིག་ལ། སྡེ་དཔོན་རྡོ་སྐྱབས་ལ་གོང་རིམ་གྱིས་ཁ་པར་འབྱོར་བྱུང་།

“ཧྲོའུ་ཅུ། བདེ་མོ། “

“ དེ་རིང་ངེད་ཚོ་ཁྱོད་ཚོ་ཉལ་ལེབ་སྡེ་བར་རིམས་འགོག་དྲིལ་སྒྲོག་བྱེད་དུ་ཡོང་བཞིན་ཡོད། ངེད་ཚོའི་སྔུན་ལ་རྟ་ཁྲིད་ཡོང་ཨེ་ཡོད།”ཟེར།

སྡེ་དཔོན་རྡོ་སྐྱབས་ཀྱིས་ཧ་ཅང་གུས་ཉམས་ཆེན་པོས” རྟ་ཁྲིད་ཡོང་མེད། མཛོ་ཁྲིད་ཡོང་ཡོད་པས་མཛོ་ལ་ཞོན་ནས་ཕེབས་ཆོག”ཅེས་བཤད་པ་དང་མཉམ་དུ། ཧྲུའུ་ཅུས་ཁྲོག་སྒྲ་དང་བཅས་ཁ་པར་ཁ་གཏན་བྱུང་།

སྟག་ཚང་ཟམ་ཁ་དེ་རུ། སྡེ་དཔོན་རྡོ་སྐྱབས་མ་གཏོགས་གཞན་རྒན་པ་ཏང་ཡོན་འགའ་རེ་དང་སྡེ་བའི་གསར་བུ་འགའ་ཡང་ཡོད། ཁོ་ཚོས་སྡེ་དཔོན་གྱིས་ཁ་པར་བཏལ་མ་ཐག་ཏུ་འཚབ་འཚུབ་ཀྱིས་ཁ་ཐུམ་བརྒྱབ་ཅིང་། གུར་ཆུང་གི་སྒོ་ཕྱི་ཁྱིམ་ལ་དུག་སེལ་བྱས། མིང་ཐོ་དགོད་སའི་ཤོག་བྱང་གི་སྟེང་ལ་མི་འགའི་མིང་དང་ཐོང་དཔང་ཨང་གྲངས་སོགས་གསལ་བོར་བྲིས། དེ་ནི་སྟག་ཚང་ཟམ་ཁ་བརྒྱུད་ནས་ནགས་གསེབ་ཏུ་ཟོག་འཚོ་རུ་འགྲོ་བའི་རྫི་བོ་དང་འབུད་ཤིང་འཐུ་མཁན་གྱི་བུ་མོ་འགའ་རེད།

དུས་ཚོད་གཅིག་ཙམ་འགོར་ཡོད་མེད་ཀྱི་མཚམས་ཤིག་ལ། ཞིང་ཧྲུའུ་ཅུ་བཀྲ་ཤིས་དང་རྫོང་སྨན་ཁང་གི་སྨན་པ་གཉིས། གཞན་ད་དུང་ལས་བྱེད་གཅིག་དང་བཅས་པས་ཁ་ཐུབ་བརྒྱབ་ཅིང་། ལུས་ཡོང་ལའང་རིམས་འགོག་ལྭ་བ་གོན་ནས་མིག་གཉིས་མ་གཏོགས་མི་མཐོང་བས། གཞན་རྣམས་སུ་ཡིན་པ་གཏན་ནས་ཤེས་ཐབས་བྲལ། ཁོ་ཚོ་རླངས་འཁོར་ལས་བབ་མ་ཐག་ལག་འཇུ་མི་བྱེད་ལ་སྐད་ཆའང་མང་པོ་མི་ལབ། ཁོ་ཚོ་སྡེ་དཔོན་གྱི་སྣེ་ཁྲིད་ལྟར་མཛོ་ལ་ཞོན་ཏེ་ཉལ་ལེབ་སྡེ་བར་ཆས། ཕྱི་དྲོའི་དུས་ཚོད་བཞི་ཡོལ་ཙམ་ལ་ཁོ་ཚོ་གཞི་ནས་ཉལ་ལེབ་སྡེ་བར་འབྱོར།

“སྡེ་བ་འདིར་དུད་ཁྱིམ་བརྒྱད་ཅུ་ལྷག་ཡོད་ཅིང་སྡེ་མི་སུམ་བརྒྱ་རེ་བདུན་ཡོད་ལ། ལས་བྱེད་གསུམ་དང་སློབ་ཆེན་སློབ་མ་གཉིས། ཆུང་འབྲིང་སློབ་མ་སུམ་ཅུ་སོ་གཅིག་ཡོད། སློབ་ཆེན་སློབ་མ་གཉིས་ནི་ཚེ་མགོན་ཚང་གི་རྡོ་རྗེ་དང་ཚེ་མཚོ་ཚང་གི་ལྷ་མོ་འཚོ་གཉིས་ཡིན། ཁོ་གཉི་ག་ད་ལྟ་ནང་ལོག་ནས་ཕྱིར་ཕ་ཡུལ་ལ་ལོག་ཐུབ་མེད། གཅིག་ཞི་ཨན་ན་ཡོད་ལ་གཅིག་ཁྲིན་ཏུའུ་ན་ཡོད། ལས་བྱེད་གསུམ་ཀའང་རྫོང་ན་ཡོད་པ་ཡིན། མདོར་ན། ང་ཚོའི་སྡེ་བར་དོགས་ཡོད་མི་སྣ་གཅིག་ཀྱང་ཡོང་མེད་པས། ཕལ་ཆེར་བདེ་འཇགས་ཡིན་སྲིད”ཅེས་སྡེ་དཔོན་གྱིས་སྡེ་འདབས་ནས་ཧྲུའུ་ཅུ་བཀྲ་ཤིས་ལ་གསལ་བཤད་བྱས།

“བཟང་གི ཧ་ཅང་ལེགས་པོ་འདུག ཁྱོད་ཀྱིས་སྡེ་མི་ཚང་མ་འདིར་བོས་དང་། ངེད་ཚོས་རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱ་དགོས།”ཞེས་བཤད་པ་ན།
སྡེ་དཔོན་གྱིས་དེ་མ་ཐག་བརྡ་བརྒྱབ་ནས་སྡེ་མི་ཚང་མ་མ་ཎི་ཁང་གི་ར་སྐོར་དུ་བསྡུས་ཏེ། “སྡེ་མི་རྣམ་པ། དེ་རིང་གོང་རིམ་གྱིས་རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱ་་རྒྱུ་རེད། ཚང་མས་དོ་སྣང་དང་གཟབ་ནན་བྱས་ཉན་རྒྱུ་གལ་ཆེན་རེད།”ཞེས་བཤད་པའི་འཕྲོར། ཧྲུའུ་ཅུ་དང་སྨན་པ་གཉིས་ཀྱིས་ཏོག་དབྱིབས་ནད་དུག་གི་འགོས་ནད་ཀྱི་ཁྱབ་རྒྱ་དང་འགོ་བའི་བརྒྱུད་རིམ། འགོག་པའི་ཤེས་བྱ། དུག་སེལ་ཤེས་བྱ་སོགས་སྲིད་ཇུས་དང་སྦྲགས་ནས་གསལ་བོར་སྡེ་མི་རྣམས་ལ་བསྒྲགས་རྗེས། སྡེ་དཔོན་གྱིས “སྡེ་མི་རྣམ་པ། ད་ལྟ་ལུས་ལ་ཚ་བ་རྒྱག་གིན་པའི་མི་ཡོད་དམ། ཡོད་ན་སྨན་པས་བརྟག་དཔྱད་གཏོང་གི་རེད།”ཅེས་བཤད་པ་ན། ཚང་མས་ཡོད་པའི་ཨ་ལན་གཅིག་ཀྱང་མ་བྱིན།

གོང་རིམ་གྱི་རིམས་འགོག་ཚན་ཁག་དེའང་སེམས་བདེ་མོའི་ངང་ཕྱིར་བུད་སོང། གནམ་འོག་གི་གྲོང་དང་གྲོང་སྡེ། གྲོང་ཁྱེར་སོགས་སུ་བཀག་སྡོམ་དམ་པོ་བྱས་ཏེ་དངངས་སྐྲག་གི་གསོལ་འདེབས་ཁྲོད་ན་དོག་ཟོན་གྱིས་བསྡད་འདུག ཡིན་ནའང་། ཉལ་ལེབ་སྡེ་བ་སྔར་བཞིན་ལྷིང་ཞིང་འཇགས་ལ་བདེ་ཞིང་སྐྱིད། མ་ཎི་ཁང་གི་སྒོ་ཁ་རུ་རྒན་པོ་འགའ་ཙོག་སྟེ་ཉི་མར་ལྡེ་ནས” ཁ་འཁྲུག”སྣ་ཚོགས་ལབ་ཀྱིན་འདུག ཉིན་འགའི་རྗེས་སུ། རྒན་པོ་དེ་དག་གི“ཁ་འཁྲུག”དེ་སྡེ་བའི་ནང་ཁྱབ་སྟེ་སྡེ་བའི་བདེ་སྲུང་དམག་མི་ཚེ་བྷ་ཡི་རྣ་ལམ་དུ་ལྷུང་། རྒན་པོ་དེ་དག་གི”ཁ་འཁྲུག”ནི་གཞན་མ་ཡིན་པར། “ ཚེ་བྷ་ནི་སྡེ་བའི་ནང་གི་ཉུལ་མ་རེད། ཉུལ་མ་ནི་མི་སྣ་ཚོགས་ལ་འཕྲད་ཀྱིན་ཡོད་པས། ཉལ་ལེབ་སྡེ་བའི་དོག་ཟོན་བྱ་དགོས་ས་ཁོ་རེད” ཅེས་པའི་སྐད་ཆ་དེ་རེད། སྐད་ཆ་དེ་ནི་ཉལ་ལེབ་སྡེ་བའི་རླུང་བུ་འཇམ་པོ་ཞིག་གིས་ཁྱེར་ཏེ་སྡེ་བའི་བདེ་སྲུང་དམག་མི་ཚེ་བྷ་ཡི་རྣ་ལམ་དུ་ལྷུང་བ་རེད།

ཕྱི་ཉིན་ཚེ་བྷ་ཡིས་ཉལ་ལེབ་སྡེ་བའི་དུད་ཁྱིམ་སྒོ་ཉུལ་བྱས་ནས་ཡིག་ཆ་ཤོག་དྲིལ་རེ་སྦྱིན་པ་རེད། ཤོག་དྲིལ་དེའི་སྟེང་དུ་འདི་ལྟར་བྲིས་ཡོད་དེ།
གོང་རིམ་ནས་བསྒྲགས་པའི་ཡིག་ཆ་གལ་ཆེན།

གཅིག སྡེ་བའི་ནང”ཁ་འཁྲུག”བཤད་མཁན་ཡོད་ན་རྫོང་སྤྱི་བདེ་ཅུའུ་ཡིས་འཛིན་བཟུང་བྱ་རྒྱུ་ཡིན།
གཉིས། “ཁ་འཁྲུག”་མ་བཤད་པར་ཁ་ཐུམ་རྒྱག་དགོས།
གསུམ། གཉེན་སྟོན་དང་རྟ་རྒྱུགས་སོགས་བྱས་ཆོག
བཞི། “ཆབ་སྲིད”ལ་ཐོགས་པའི་ལས་བྱས་མི་ཆོག
ལྔ། རྒྱལ་ཁབ་དཀའ་ཁག་ལ་འཕྲད་པའི་དུས་འདིར། ཚང་མས་རང་ནུས་ཡོད་དགུ་བཏོན་ཏེ་བོའུ་ཧན་ལ་རོགས་བྱ་དགོས།
དྲུག སྡེ་བའི་ནང་གི་ཏན་ཡོན་ཚོས་རིམས་འགོག་ལ་ནུས་ཤུགས་ཡོད་དགུ་འདོན་དགོས།
བདུན། ཉིན་འདི་དག་ལ་གཏན་ནས་སྒོ་ཕྱིར་སོང་མི་ཆོག་ལ། མི་ཕན་ཚུན་ཐུག་འཕྲད་ཀྱང་བྱས་མི་ཆོག་ཅེས་ཡིག་ནོར་དང་བཅས་བྲིས་འདུག

ཉིན་དེ་ནས་བཟུང་སྟེ། ཉལ་ལེབ་སྡེ་བའི་རིམས་འགོག་ཇེ་དམ་དུ་བཏང་ཞིང་། སྡེ་བའི་ནང་གི་ཏང་ཡོན་ཚོས་ཀྱང་གཡག་དང་མཛོ་ཞོན་ཏེ། རླུང་ཁ་ནས་ལྷབ་ལྷུབ་ཏུ་བསྐྱོད་པའི་རྒྱལ་དར་བཟུང་སྟེ་སྟག་ཚང་ཟམ་ཁ་འགྲོ་སའི་སྐྱེས་ལམ་ན་འགྲོ་བཞིན་འདུག་ལ། སྡེ་བའི་ནང་གི་བྱིས་པ་ཚོས་ཀྱང་སྐད་ཆེན་པོས”བོའུ་ཧན་ཤུགས་རྒྱོབ། བོའུ་ཧན་ཤུགས་རྒྱོབ།”ཟེར་བའི་སྐད་སྒྲ་དེ་བྲག་ཅར་འཁོར་གྱིན་འདུག

དེ་ལྟར་བདུན་ཕྲག་ཅིག་ཕྱིན་སོང་། ནམ་ཟླ་ཧ་ཅང་ཡག་པའི་ཉིན་གུང་ཞིག་ལ། སྡེ་དཔོན་རྡོ་སྐྱབས་ཀྱིས་སེམས་ཁུར་ཆེན་པོས”ད་ལྟ་སྡེ་བའི་གསར་བུ་ཚོས་མཚན་མོར་སྡེ་འདབས་སྲུང་དགོས་འདུག”ཅེས་ཟེར་བ་ན། སྡེ་དཔོན་གྱི་གམ་ན་ཡོད་པའི་གསར་བུ་དེས”ཨ་ཁུ་རྡོ་སྐྱབས། དགུང་མོར་ཅི་ཞིག་བསྲུང་ངམ། ཁྱི་ལྡོམ་བསྲུང་དགོས་པ་ཡིན་ནམ།”ཟེར།

སྡེ་དཔོན་རྡོ་སྐྱབས་ཀྱིས་གཟབ་ནན་གྱིས”ཨོ་ལེ། ཏག་ཏག་སྡེ་བ་ཕར་ཚུར་ལ་འགྲོ་བཞིན་པའི་ཁྱིམ་སྡོམ་འགོག་དགོས།”ཟེར།

“ཁྱེད་ཀྱིས་ཝར་བ་ཟེེར་བ་ཡིན་ནམ”

“ ཡིན། ཝར་བ་ཚོ་ངེས་པར་དུ་འགོག་འདུག”

“དེ་ཇི་ལྟར་འགོག་གམ། ཚུར་ཡོང་འགོག་ཐུབ་རུང་། ཕར་འགྲོ་སུ་ཡིན་སུ་ཡིས་ཤེས་སམ།”

ཉིན་འགའི་རྗེས་ཀྱིས་ཕྱི་དྲོ་ཞིག་ལ། ཉལ་ལེབ་སྡེ་བའི་སྐྱེེས་པ་ཞིག་ལ་ཚ་བ་དྲག་པོ་རྒྱས་ཏེ་རྫོང་སྨན་ཁང་ལ་ཁྱེར་སོང་། ཉལ་ལེབ་སྡེ་བ་འུར་འུར་ཟིང་ཟིང་དུ་གྱུར་ནའང་། ཚ་བ་རྒྱས་པའི་སྐྱེས་པ་དེའི་ནད་རྟགས་ད་དུང་བསླེབ་མ་བྱུང་། ཉིན་དེ་ནས་བཟུང་། ཉལ་ལེབ་སྡེ་བ་རང་རང་གི་ཁྱིམ་དུ་ཉལ་ནས་སྒོ་ཕྱིར་ཡོང་བའི་མི་གཅིག་ཀྱང་མི་འདུག་པས། ཉལ་ལེབ་སྡེ་བ་ནི་གཉིད་ཉལ་སྡེ་བར་གྱུར་ལ། མ་ཎི་ཁང་གི་སྒོ་ཁའང་སྟོང་ཞིང་འཇགས་པ་ཞིག་ཏུ་གྱུར།

ཕྱི་ལོ༢༠༢༠ལོའི་ཟླ༢པའི་ཚེས༡༡མཚན་མོར།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།