སྤྲུལ་སྐུ་འཚོལ་བ།

70667

                                                             རྩོམ་པ་པོ།   ཞོགས་འོད། 

            ཟླ་བདུན་པའི་པེ་ཅིང་གི་གནམ་གཤིས་དྲོད་ཚད་ནི་ཆོས་གཞུང་ནས་བཤད་པའི་ཚ་དམྱལ་བརྒྱད་ཀྱི་ནང་གསེས་རབ་ཏུ་ཚ་བ་ཞེས་པ་དང་འདྲ་ལ། ལམ་འགྲམ་དུ་རྒྱུ་བའི་འགྲུལ་བའི་ཚོགས་དག་གི་ལུས་སེམས་གཉིས་ཀའང་ཙད་པ་ཡིས་ཉོབ་པོར་བཏང་ཞིང་། ཁོ་ཚོའི་ལུས་ལ་གྱོན་པའི་སྲབ་འཇམ་གོས་ལྭ་དག་གིས་ཉི་མའི་ཟེར་ཐིག་དང་ཚ་བའི་རེག་བྱ་འགོག་མི་ནུས་པས་གང་ནས་ལྡང་བའང་མི་ཤེས་པའི་རླུང་བུ་དེ་གདོང་དང་ལུས་ལ་བརྒྱབ་མ་ཐག་བསིལ་ཞིང་གྲང་བའི་ཚོར་བ་སྟེར་རྒྱུ་ལས་ལྡོག་སྟེ་ཚ་རླུང་གི་ཚོར་བ་ཞིག་གིས་ལུས་སེམས་གཉིས་ཀ་ཡོངས་སུ་དུབ་པར་བྱེད། ལྷ་སྲས་ཀྱང་མི་ཚོགས་དེ་དག་དང་འདྲ་བར་པེ་ཅིང་གི་གནམ་གཤིས་ཚ་བོ་དེའི་ཁྲོད་ནས་ཚ་རླུང་གིས་ལུས་ལ་རྡེག་བཞིན་པ་ཉམས་སུ་མྱོང་ཞོར་གཟའ་ཉི་མའི་ངལ་གསོའི་དུས་ཚོད་དང་བསྟུན་ཏེ་མྱུར་སྐྱེལ་ཁང་གི་ཕྱོགས་སུ་བསྐྱོད།

            ལྷ་སྲས་ཕ་ཡུལ་དང་གྱེས་ཏེ་ཏག་ཏག་མི་ལོ་བདུན་འགོར་བའི་དེ་རིང་ཁོས་རང་གི་ཕུ་བོ་ལགས་ཀྱིས་ཆང་ས་བརྒྱབ་པར་རྟེན་འབྲེལ་ཞུ་ཆེད་དུ་ཁོ་རང་ལ་གྲོགས་པོས་བལ་ཡུལ་ནས་བསྐུར་བའི་གསེར་གྱི་མཛུབ་དཀྲིས་དེ་དང་། ཉེ་སྔོན་རྒྱུགས་ཆེ་ལ་ཕོ་མོ་ཀུན་ཀྱིས་དགའ་བ་བླ་ལྷག་བྱེད་ཀྱིན་པའི་ཀུ་ཤུའི་མཁྲིག་འདོག་དུས་ཚོད་དེ་གཉིས་མྱུར་སྐྱེལ་ཁང་ལས་ཕ་ཡུལ་ལ་སྐུར་དགོས་བསམ་གྱིན་མྱུར་སྐྱེལ་ཁང་དུ་བསླེབས། མྱུར་སྐྱེལ་ཁང་དུ་ཐོན་རྗེས་མི་མང་འཚང་ཁ་ཤིག་ཤིག་གིས་དངོས་པོ་ཆེ་ཆུང་ཅི་རིགས་བཟུང་སྟེ་འགྲོ་བ་དང་། མཆན་ལ་བསྡུས་ཏེ་འགྲོ་བ། མི་རེ་གཉིས་ཀྱིས་མཉམ་དུ་འགྱིག་སྒམ་ཆེན་པོ་དག་ཕར་དྲུད་དེ་ཞབས་ཞུའི་སྟེགས་བུ་རུ་འཇོག་པ། མྱུར་སྐྱེལ་ཁང་གི་གཙང་སྦྲ་བྱེད་མཁན་གྱི་ཞབས་ཞུ་མས་འཐད་ལ་མི་འཐད་པའི་རྣམ་འགྱུར་དང་བཅས་འགྲུལ་བ་དག་གིས་གཏོར་ཟིན་པའི་ཤོག་ཧྲལ་དང་། འགྱིག་ཤོག ཤོག་སྒམ་དག་སོ་སོར་བཀར་ཏེ་སྙིགས་སྒམ་དུ་འཕེན་བཞིན་ཡོད་པ། ཡང་ན། མི་ལ་ལ་ཁང་དཀྱིལ་གྱི་མདུན་ཅོག་ཆེན་པོའི་ཟུར་དུ་ལངས་ཏེ་གཟབ་ནན་ཚུལ་གྱིས་མདུན་གྱི་ཤོག་བུ་ཆུང་ངུའི་སྟེང་དུ་ཡི་གེ་འབྲི་བཞིན་ཡོད་པ་དང་། མི་རེ་ཟུང་གིས་ལག་ཏུ་ཤོག་ལྷེ་དཀར་པོ་ཞིག་བཟུང་སྟེ་མདུན་ཐད་ཀྱི་གྱང་སོས་སུ་བཀལ་བའི་འཆར་ཤེལ་དེའི་སྟེང་དུ་གཤར་བཞིན་པའི་ཨང་ཀི་དམར་པོ་དག་ལ་ལྟ་ཞོར་དང་ཁ་པར་ངོས་ལ་ཅེར་ཞོར་ཅི་ཞིག་ལ་རེ་སྒུག་བྱེད་ཀྱིན་ཡོད་པ་ལྟར་དུ་མྱུར་སྐྱེལ་ཁང་ནི་ཁང་པ་ཆུང་ཆུང་ཞིག་ཡིན་ཡང་། དེའི་ནང་གི་མི་སྣ་དང་། མི་སྣ་དག་གི་བྱ་བྱེད་ནི་ཁང་པ་ཆུང་ཆུང་དེ་ལས་རིང་དུ་བརྒལ་ཏེ་སྤྱི་ཚོགས་ཆེན་པོ་ཞིག་གི་སྣང་ཚུལ་ཟུར་ཞིག་འཁྲབ་སྟོན་བྱེད་ཀྱིན་ཡོད་པ་མིན་ནམ་སྙམ་པ་ཞིག་འདུག ལྷ་སྲས་ཀྱང་གྲོང་ཁྱེར་འདིར་ལོ་མང་རིང་བསྡད་རྐྱེན་གྲོང་ཁྱེར་གྱི་འ་འུར་ཟང་ཟིང་དང་།སྐྱུང་ཚང་དུ་རྡོ་འཕང་བ་ལྟ་བུའི་འུར་ཟིང་ལ་གཏིང་ནས་གོམས་ལོབ་ཕྱིན་ཡོད་པས་ཁོས་ཀྱང་གཞན་ལ་སྣང་བ་མ་ཤོར་བར་རང་གིས་སྒྲུབ་དགོས་པའི་ལས་དེར་གཞོལ་མགོ་བརྩམས།

         ཁོ་ཁང་བའི་དཀྱིལ་གྱི་མདུན་ཅོག་ཆེན་པོ་དེའི་ལོགས་སུ་ཕྱིན་ཞིང་ཤོག་བྱང་ཞིག་བླངས་ཏེ་དེའི་ངོས་སུ་དངོས་པོ་སྐུར་སའི་སྡོད་གནས་དང་། དངོས་པོ་ལེན་མཁན་གྱི་འབྲེལ་གཏུག་ཨང་གྲངས། དེ་བཞིན། སྐུར་མཁན་རང་ཉིད་ཀྱི་སྡོད་གནས་དང་འབྲེལ་གཏུག་ཨང་གྲངས་སོགས་བྲིས་ཏེ་རང་གི་དངོས་པོ་དང་འཚམ་པའི་ཤོག་སྒམ་ཆུང་ཆུང་ཞིག་བླངས་ནས་དངོས་པོ་དེའི་ནང་དུ་བཅུག་ཅིང་། སྡོད་གནས་སོགས་བྲིས་ཡོད་སའི་ཤོག་བུ་དེ་དེའི་སྟེང་དུ་སྦྱར་ཏེ་མདུན་ཅོག་གི་གཡོན་ཕྱོགས་སུ་ཡོད་པའི་རང་བྱེད་ཞུབས་ཞུའི་འཕྲུལ་ཆས་ལས་ཨང་ཀི་བླངས་རྗེས་གཡས་ཕྱོགས་སུ་བསྟར་ཕྲེང་བསྒྲིགས་ཡོད་པའི་མི་དག་གི་གཞུག་ཏུ་འགྲོ་རྩིས་བྱས་ཀྱང་། ཁོ་རང་ཨང་གྲངས་ལྔ་བཅུ་ང་བཞི་ཡིན་པ་དང་། ད་ལྟ་གྱང་ངོས་ཀྱི་འཆར་ཤེལ་སྟེང་དུ་འཆར་བཞིན་པ་ནི་ཨང་གྲངས་སོ་བདུན་ཡིན་པས། ད་དུང་འདིར་གྲལ་བསྒྲིགས་ཏེ་བསྡད་ན་ཡུན་རིང་འགོར་སྲིད་པས་རེ་ཞིག་ངལ་གསོ་བྱེད་དགོས་སྙམ་ཞོར་གཡོན་ཕྱོགས་སུ་བཞག་ཡོད་པའི་རྐུབ་སྟེགས་རིང་པོའི་མཇུག་གྲལ་དུ་བཙོག་ཅིང་སྒལ་བ་རྐུབ་སྟེགས་ལ་བསྙེས་ཏེ་ཅུང་ཙམ་གྱི་ཡུན་ལ་ངལ་གསོ་བྱས།

         ཁོས་རང་གི་ལག་གཡོན་པའི་མཛུབ་ཀུའི་བར་ལ་བཟུང་བའི་ཤོག་བུ་ཆུང་ཆུང་དེ་ལ་བསྐྱར་ལྟ་ཞིག་བྱས་ཤིང་དེ་དང་སྦྲགས་ཁོའི་གདོང་ལ་ཡ་མཚན་པའི་རྣམ་པ་ཞིག་ཅིག་ཅར་དུ་མངོན་པ་དང་ཡིད་མི་ཆེས་པའི་སེམས་བྱུང་ཞིག་གིས་ཀྱང་མིག་ཟུང་གཉིས་ཡོངས་སུ་འཛིན་པར་བྱས། སྐབས་དེ་དང་མཉམ་དུ་ཁོའི་ཡིད་ཀྱི་གཏིང་རིམ་དུ་འདས་དོན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་བྱུང་བ་དང་། ད་ཆའི་རང་གི་མི་ཚེའི་ཁ་ཕྱོགས་དང་འབྲེལ་བྱས་བྱས་ཀྱི་མཐར་ལྷག་པའི་ལས་དབང་ལའང་ཡིད་ཆད་དང་སྨྲེ་ངག་འདོན་འདོད་ཀྱི་ཚོར་བ་ཞིག་གིས་ལུས་ངག་ཡིད་གསུམ་བློང་བློང་བར་བཏང་། སྐར་མ་ཁ་ཤས་ཀྱི་ཡུན་དུ་ཁོ་རང་ཚོར་བ་དེ་ཡིས་ཡོངས་སུ་མགོ་འཐོམས་པར་བྱས་ཤིང་ཁོའི་སེམས་ཁམས་ཀྱང་ཐང་སྟོང་དུ་ཙག་རླུང་གི་བུ་ཡུག་གཙུབ་པ་ལྟར་སྐྱོ་ལྷང་ལྷང་དང་འཁྱག་སིབ་སིབ་ཏུ་བཏང་། ཁོའི་དཔྲལ་གོང་དུ་ལྷག་པའི་རྒས་གཉེར་དག་ཕྱོགས་སུ་བསྡུས་ཤིང་དེ་མུར་དཔྲལ་གོང་ལའང་སྐྱོ་སྡུག་གི་མདུད་ལོག་ཅིག་ཐེབས་པ་ལྟ་བུ་བྱུང་ཡང་། ཁོའི་གདོང་ལ་ཅི་ཡང་དྲན་མི་འདོད་པ་ལྟ་བུའི་རྣམ་པ་ཞིག་མངོན་ཏེ་སླར་ཡང་ལག་པ་གཡོན་པའི་མཛུབ་ཀུའི་བར་བཟུང་བའི་ཤོག་བུ་དེ་ལ་ཡིད་མི་ཆེས་པའི་མིག་མདངས་ཀྱིས་ལྟ་ཙམ་ལྟ་ཙམ་བྱས།དེ་ནི་ཏག་ཏག་ཡ་མཚན་ཞིང་སྟབས་འཁེལ་བ་ཞིག་སྟེ། ཁོས་རང་བྱེད་འཕྲུལ་ཆས་ལས་བླངས་པའི་ཨང་ཀི་དེ་དང་ཁོ་རང་གི་མི་ཚེའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་འདས་དོན་གྱི་དུས་ཚིགས་གཉིས་ཏན་ཏན་གཞན་གྱིས་བསམ་བཞིན་དུ་ཐོད་གཏུགས་པ་ལྟར་སྟབས་གཅིག་ཏུ་ཁེལ་ཡོད་པ་དེ་རེད། དེ་ནི། ལྷ་སྲས་ལོ་བརྒྱད་ཀྱི་གོང་དུ་སྒམ་ཆེན་འབྲོག་ལུང་དགོན་དུ་གྲྭ་སར་ཞུགས་ཤིང་དེ་ནས་ལོ་གཅིག་ཕྱིན་པའི་རྗེས་ཀྱི་ཟླ་བ་ལྔ་པའི་ཚེས་བཞི་ཉིན་ཁོ་རང་སྒམ་ཆེན་འབྲོག་ལུང་དགོན་གྱི་སྒམ་ཆེན་བླ་མའི་སྐུ་ཕྲེང་བརྒྱད་པར་ངོས་འཛིན་བྱས།

       ལྷ་སྲས་ཨ་མའི་མངལ་དུ་ཆགས་པ་ནས་བཟུང་ཨ་མ་ཁོ་ཚང་གི་དབྱར་ས་དང་ཁ་བྲལ་ཏེ་ཐག་རིང་བའི་སྒམ་ཆེན་འབྲོག་ལུང་དགོན་པའི་རྟ་མགྲིན་ལྷ་ཁང་ཆེན་མོར་སྐོར་བ་བྱེད་དུ་ཡོང་སྟེ་དགོན་པའི་མཐའ་བའི་གྲོང་ཚོའི་ནང་དུ་བསྡད་ཡོད། སྒམ་ཆེན་འབྲོག་ལུང་དགོན་པ་ནི་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་ཞིག་ཡིན་ཞིང་། དགོན་པ་ཆགས་སའི་གནས་དེ་ནི་གནའ་བོའི་དུས་སུ་འཇའ་ལུས་པ་མང་པོ་དུས་གཅིག་ལ་འཇས་ལུས་སུ་དྭངས་སའི་སྒམ་ལུང་ཟེར་བ་དེ་ཡིན་ཞིང་། ལུང་པ་དེ་ལ་ལུང་ཤར་གསུམ་ཡོད་པ་དང་སྒམ་ལུང་ནི་ལུང་པ་དེ་གསུམ་ལས་ཆེ་བ་དེ་ཡིན་པས་ཀུན་ཀྱིས་སྒམ་ཆེན་ལུང་པ་ཞེས་འབོད་ཀྱིན་ཡོད། ཕྱིས་སུའང་དེ་རུ་མི་ཚེ་གཅིག་ལ་སྒོམ་ཉམས་ལེན་དང་ཚེ་མཚམས་ལ་བཞུགས་མཁན་གྱི་རི་ཁྲོད་པ་མང་པོ་བྱུང་ཚུལ་ངག་རྒྱུན་དུ་བཟློ་རྒྱུ་འདུགདགོན་པའི་རྒྱབ་རི་ནི་དཀན་གཟར་གྱེན་དུ་བསླངས་འདྲའི་བྲག་རི་ཡིན་ལ། རྒྱབ་རིའི་བྲག་ངོས་སུ་ཤུགས་སྡོང་དང་གསོམ་སྡོང་སོགས་ཤིང་སྡོང་གི་རིགས་འདྲ་མིན་སྐྱེས་ཡོད། སྡོང་བོ་དག་གི་ཡལ་གའི་སྟེང་དུ་དར་ཚོན་སྣ་ལྔའི་རི་དར་སྣ་ཚོགས་གྱེན་དང་འཕྲེད་དུ་བཏགས་ཡོད་པ་ཤིན་ཏུ་མང་། ཐག་རིང་ནས་བལྟས་ཚེ་ནགས་དང་རི་དར་རྐྱ་འཐབ་པའི་དགོན་པའི་རྒྱབ་རི་ནི་སྣུམ་ཚོན་རི་མོ་པ་ཞིག་གིས་པིར་གྱིས་བྲིས་པ་དང་གཉིས་སུ་མེད་པ་ལྟ་བུའི་ཚོར་བ་ཅིག་ཅར་དུ་སྟེར། རྒྱབ་རིའི་ངོས་སུ་བྲག་ཁུང་ཆེ་མ་ཆུང་གསུམ་མང་དུ་ཡོད་ལ། བྲག་གི་བང་རིམ་ཡང་རིགས་མི་འདྲ་བ་ཤིན་ཏུ་མང་པོ་བྱས་ཏེ་ཆགས་ཡོད་པས་དགོན་པའི་རྒྱབ་རིའི་བྲག་ཐེམ་དག་གི་རྣམ་པ་ནི་ཆོས་ཀྱི་པོ་ཏི་མང་པོ་བརྩིགས་ཡོད་པ་དང་ཆ་འདྲ་བོ་འདུགམ་ཟད། དགོན་པའི་རྒྱབ་རིའི་རྩེ་མོ་ནི་ཧ་ཅང་གཟར་ཞིང་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་དུས་སུ་དགོན་པའི་རྒྱབ་རི་ལ་བལྟས་ཚེ་ཉ་གང་བའི་ཟླ་བ་ནི་རྒྱབ་རིའི་མགུལ་ཙམ་དུ་འཆར་རྒྱུ་ལས་རྒྱབ་རིའི་རྩེ་རུ་འཆར་མྱོང་དུས་ཤིག་ནམ་ཡང་ཡོད་མ་མྱོང་ཞེས་ཡུལ་དེའི་མི་ཀུན་ཀྱིས་བཤད་ཅིང་། ཁོ་ཚོས་དེ་ནི་དགོན་པའི་རྒྱབ་རི་གཞན་དང་མི་མཚུངས་པར་ཧ་ཅང་མཐོ་བའི་དཔེ་མཚོན་ཉིད་དུའང་བཤད་ཀྱིན་ཡོད་པ་འདྲ།

        ད་དུང་། ཉིན་དཀར་གྱི་དུས་སུ་དགོན་པའི་རྒྱབ་རིའི་དབུ་རྩེར་བྱ་རྒོད་ཀྱི་ཚོགས་སྤྲིན་གཏུབས་པ་ལྟར་འདུ་ཤིང་བྱ་རྒོད་དག་གིས་རྒྱབ་རིའི་དབུ་རྩེར་ངེས་མེད་ཀྱི་ལྡིང་སྐོར་མང་དུ་བྱེད། དབྱར་ཁའི་དུས་སུ་དགོན་པའི་རྒྱབ་རི་རྟག་པར་སྨུག་པ་ཡི་གོས་ཀྱིས་དཀྲིས་ཤིང་གནམ་གཤིས་ཤིན་ཏུ་དྭངས་པའི་དུས་མ་གཏོགས་དགོན་པའི་རྒྱབ་རི་ཡིས་སྨུག་པའི་ལྭ་བ་དེ་ནམ་ཡང་འཕུད་མི་སྲིད། རྒྱབ་རི་ཡིས་སྨུག་པའི་ལྭ་བ་ཕུད་མེད་པའི་དུས་སུ་ཡུལ་དེའི་ཕྱུགས་རྫི་དག་གིས་ཀྱང་དེ་རིང་ཆར་འབབ་ངེས་སྙམ་ཞོག་ཆུ་ལྭ་སོགས་གྲ་སྒྲིག་བྱས་ཏེ་ཕྱུགས་རྫིར་འགྲོ་ཞིང་། དེ་བཞིན་གློ་བུར་དུ་འབྲུག་གྲགས་ཤིང་སྤྲིན་འཁྲུགས་ཏེ་ཆར་ཆེན་འབབ་པའི་སྒང་དུའང་། ཐོག་མར་དགོན་པའི་རྒྱབ་རིའི་དབུ་རྩེར་སྤྲིན་ནག་འཁྲུགས་ཤིང་དེའི་ནང་དུ་གློག་གིས་ཀ་བ་སློང་ལ་རིམ་བཞིན་གཏིང་ནག་ཅིང་མཐུག་པའི་སྤྲིན་ནག་གི་ཕུང་པོ་དག་ཇེ་ཆེར་ཕྱིན་ཏེ་ཡུལ་དེར་ཆར་བ་དང་སེར་བ་འབབ་སྲིད། དེ་བས། ཡུལ་དེའི་མི་ཀུན་ཀྱིས་སྒམ་ཆེན་འབྲོག་ལུང་དགོན་པའི་རྒྱབ་རི་ནི་གནམ་གཤིས་བརྟག་དཔྱད་ཀྱི་བརྡ་རྟགས་ཤིག་ཏུ་ངོས་བཟུང་ཡོད།

         དེ་ལས་ཀྱང་ཡ་མཚན་པ་ཞིག་ཡོད་པ་ནི། གནའ་མི་དག་གིས་དགོན་པའི་རྒྱབ་རིའི་རྩེ་རུ་ལབ་ཙེ་ཞིག་ཚུལ་དང་། ལབ་ཙེ་དེ་ནི་སྒམ་ཆེན་འབྲོག་ལུང་དགོན་པ་ཕྱག་འདེབས་མཁན་གྱི་སྒམ་ཆེན་སྐུ་ཕྲེང་དྲུག་པས་བཙུགས་པ་ཡིན་ཞིང་། དེ་འཛུགས་དགོས་པའི་རྒྱུ་མཚན་ཡང་། སྔོན་གྱི་དུས་སུ་སྒམ་ཆེན་ལུང་པའི་ཕུ་རུ་ཁྱིམ་ཚང་ཞིག་གིས་གནས་བཅས་ཡོད་ལ་ཁོ་ཚང་གི་མག་པའི་ཚེ་སྲོག་རྩྭ་ས་རྩོད་གླེང་གི་གཡུལ་ལས་ཤོར་ཞིང་། བུ་མོས་ཀྱང་རང་གི་ཁྱོ་ག་རང་དང་གཏན་བྲལ་བྱུང་བའི་སྡུག་བསྔལ་གྱི་ཁུར་བོ་ཆེན་པོ་མ་ཐེག་པར་ལུང་བའི་ཕུ་ཡི་གད་པ་ཞིག་གི་ནང་དུ་རང་སྲོག་བཅད་པ་དང་། ཁྱིམ་དེའི་མི་ཀུན་ཀྱིས་ཉིན་ཞག་གཉིས་གསུམ་གྱི་ཡུན་ལ་མོ་རང་ལ་བཙལ་ལུང་བཙལ་བྱས་ཀྱང་མཐར་སུས་ཀྱང་མ་རྙེད་པར་མཇུག་མཐར་ཁོ་ཚང་གི་ལོ་བདུན་ཅུ་ལོན་པའི་རྨོ་རྨོས་རང་གི་ཚ་མོ་གར་སོང་འདིར་སོང་མ་ཤེས་པའི་སྡུག་བསྔལ་གྱིས་ནོན་པའི་སེམས་དེ་གཡེང་ཙམ་བྱེད་ཕྱིར་འདར་འདོར་གྱི་ལུས་པོ་ལག་རྟེན་ལ་ཁེན་ཙམ་ཁེན་ཙམ་བྱེད་ཞོར་ཁྱིམ་དང་ཅུང་ཙམ་ཐག་རིང་བའི་དེའུ་འབུར་དེའི་གཡོན་ཕྱོགས་སུ་བསྡད་དེ་དངན་པ་རིང་མོ་ཞིག་འཐེན་ཞོར་ཕྱོགས་བཞིར་ལྟ་ཙམ་བྱས་ཤིང་ཉམས་མ་བཞག་པའི་སྐབས་ཤིག་ཏུ་མོའི་གཡོན་ཕྱོགས་སུ་སྣང་བའི་གད་པ་ཁ་ཚུར་འཐོར་དེའི་ནང་དུ་ནག་ཡོལ་རེ་བ་ཞིག་མཐོང་ཡང་། མོའི་མིག་དབང་ཉམས་ཡོད་པ་དང་། ལྷག་ཏུ། ཚ་མོ་བོར་སོང་བའི་ཉིན་འདི་དག་ལ་མིག་ཆུ་མང་པོ་བཏོན་ཏེ་མིག་ཀྱང་སྐྲངས་ཡོད་པས་ཁོ་མོས་ཅི་ཡིན་གྱི་གསལ་ཁ་མ་འཁྲོལ་བར། སྐད་མགོ་མཐོན་པོས་རང་གི་བུ་འབྲིང་བའི་མིང་ནས་བཟུང་སྟེ་ཐེངས་མང་དུ་བོས་ཀྱང་། མི་སུས་ཀྱང་མོ་ལ་ཨ་ལན་མ་བྱིན། མཐར་མོ་རང་ཨུ་ཐུག་ཅིང་ལུས་པོ་ལག་རྟེན་ལ་ཤེད་ཀྱིས་ཁེན་ཏེ་ཡར་ལངས་ནས་འཁྱར་འཁྱོར་གྱི་གོམ་པ་ཁྱིམ་གྱི་ཕྱོགས་སུ་མི་སྤོ་ག་མེད་བྱུང་།

         མོ་རང་ཁྱིམ་དུ་ཕྱིན་ཏེ་ཅུང་ཙམ་ཡང་མ་འགོར་བར་ཁྱིམ་དེའི་མི་ཐམས་ཅད་གྲོག་ཚང་བརྡོལ་བ་ལྟར་སྒོར་བུད་ནས་མི་ཐམས་ཅད་གཅིག་ལས་གཅིག་མགྱོགས་ངང་མོ་བསྡད་སའི་དེའུ་འབུར་དེའི་ཕྱོགས་སུ་བརྒྱུགས། ཅུང་ཙམ་མ་འགོར་བར་ཕོ་མོ་ཀུན་ཀྱིས་ངུ་སྒྲ་དྲག་ཏུ་འབྱིན་ཞིང་མི་ལ་ལས་སྒམ་ཆེན་བླ་མ་ཚང་མཁྱེན་ཞེས་ངུ་སྒྲ་དང་འདྲེས་མའི་ཁྲོད་ནས་གསོལ་འདེབས་ཀྱང་མང་དུ་བྱས་ལ། སྐབས་དེའི་ངུ་སྒྲ་དང་སྡུག་བསྔལ་གྱི་འོ་དོད་དག་གིས་ལུང་བའི་ཕུ་རུ་བཞུར་བཞིན་པའི་སྒམ་ཆེན་ཆུ་བོ་ཡི་བཞུར་སྒྲ་ཡང་ཟིལ་གྱིས་མནན་ཏེ་སྒམ་ཆེན་ཆུ་བོས་ཀྱང་འོ་དོད་ཀྱི་སྨྲེ་ངག་འདོན་པ་ལྟ་བུ་ཞིག་བྱུང་། ཉིན་ཁ་ཤས་འགོར་མ་ཐག་ཡུལ་དེར་གཏམ་ངན་འདི་འདྲ་ཞིག་ཁྱབ་ཀྱིན་ཡོད་དེ། དེ་པ་ཚང་ལ། སྡུག་གཅིག་ཐོག་ཉིས་བརྩེགས་བྱས་སོང་། མག་པ་ཤི་བའི་སྟེང་དུ་བུ་མོས་ཀྱང་རང་སྲོག་བཅད་སོང་ཞེས་ཡུལ་དེའི་མི་ཀུན་ཀྱིས་སེམས་སྡུག་དང་འགྱོད་སེམས།ཐོབ་ཤོར་དང་དངན་པ་སྦྲགས་ཏེ་སྐད་ཆ་དེ་ལ་རླུང་གི་གཤོག་པ་བཏགས་དེ་གཏམ་དེ་གང་ས་གང་ལ་འཕུར་དུ་བཅུག

         ལོ་དེའི་དབྱར་ཁ་ནས་བཟུང་ཡུལ་དེར་བཀྲ་མི་ཤིང་པ་དང་སེམས་མི་སྐྱིད་པའི་དོན་དག་མང་དུ་བྱུང་ཞིང་དེ་ཡང་མ་བསམ་ས་ནས་གནམ་རྡིབ་པ་ལྟ་བུའི་དོན་དག་ཚབས་ཆེན་རྐྱང་རྐྱང་བྱུང་བ་ཡིན་ཏེ། དཔེར་ན། བུ་མོ་དེས་རང་སྲོག་བཅད་དེ་ཞེ་དགུ་མ་རྫོགས་པའི་སྔོན་དུ་ཡུལ་དེའི་གསར་བུ་ལོ་ཉེར་ལྔར་ལོན་མ་ཐག་པ་ཞིག་རྟ་ཡིས་དྲུད་དེ་བསད་པ་དང་། ཁོའི་བེམ་པོ་དུར་ཁྲོད་དུ་མ་བསྐྱལ་གོང་དུ་སྡེ་བའི་ཁྱིམ་ཚང་ཞིག་གི་སྦྲུམས་མའི་མངལ་ཤོར་ཏེ་མ་བུ་གཉིས་ཀ་མ་འཚམས་པར་འཇིགས་རུང་གཤིན་རྗེའི་ཡུལ་དུ་གོམ་པ་སྤོས་ཚུལ་དང་། ཡང་། མཚན་དཀྱིལ་ཞིག་ལ་ཡུལ་དེར་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད་པ་དེ་ཚང་གི་ཁང་བར་མེ་ཤོར་ཏེ་རིན་ཐང་ལྡན་པའི་གནའ་རྫས་མང་པོ་འཕྲོ་བརླག་ཏུ་ཤོར་བར་མ་ཟད། ཁྱིམ་བདག་མེ་འབར་བཞིན་པའི་ཁང་བ་ལས་ཕྱིར་བསླེབས་མ་ཐུབ་པར་ཁྱིམ་མི་ཀུན་ཀྱི་མཐོང་ས་དང་ཐོས་ས་ནས་ན་ཟུག་གི་འོ་དོད་དང་ཟུག་རྔུ་ཡི་འབོད་པ་སྒྲོག་ཞོར་མིག་གཉིས་ཀད་དེ་ཚེ་འཕོས་པ་སོགས་རྨི་ལམ་དུའང་རྨི་མི་ཐུབ་པའི་དོན་དག་ཡ་ང་ཞིང་འཇིགས་སུ་རུང་བ་མང་དུ་བྱུང་བ་དང་། ད་དུང་། སྒམ་ཆེན་འབྲོག་ལུང་དགོན་གྱི་སྐྱོར་དཔོན་ཆབ་གསེང་ལ་བྱོན་པའི་ལམ་བར་དུ་དགོན་པའི་རྒྱབ་རིའི་ངོས་ནས་རྦབ་རྡོ་མང་པོ་ཐུར་དུ་འགྲིལ་ཏེ་ཁོའི་སྐུ་ལུས་ལ་ཕོག་པས་ཁོང་གི་སྐུ་ལུས་ལ་རྨས་སྐྱོན་ཆེན་པོ་ཐེབས་ཏེ་ཤག་ཏུའང་བསླེབས་མ་ཐུབ་པར་སྐུ་གྲོངས་པ་དང་། དགོན་པའི་མ་ཎའི་འཁོར་ཁང་གི་ཀླད་རྡིབ་སྟེ་དེར་སྐོར་བ་བྱེད་མཁན་གྱི་མཇལ་བ་དག་གི་རྐང་ལག་བཅགས་པ་དང་། མགོ་ལ་རྨ་བཟོས་པ་སོགས་མང་དུ་བྱུང་བར་བརྟེན་སྒམ་ཆེན་འབྲོག་ལུང་དགོན་གྱི་ཉེ་འཁོར་གྱི་གྲོང་ཚོ་དག་གཙོས་པའི་ཐག་ཉེ་རིང་ཀུན་ཀྱི་མི་དག་ལ། ད་དུང་ཡང་དོན་དག་ངན་པ་ཞིག་འབུད་སྲིད་དམ་སྙམ་པའི་རེ་དོགས་དང་འཇིགས་སྣང་གི་ཚོར་བ་ཡིས་ཡོངས་སུ་བཟུང་ཞིང་། འདི་ལྟ་བུའི་གནས་ཚུལ་མི་ལེགས་པ་འདི་རིགས་ནི་ལྷ་ཀླུ་འདྲེ་གསུམ་གྱི་ཆོ་འཕྲུལ་ཡིན་ནམ་སྙམ་པའི་དོགས་པ་མི་ཀུན་གྱི་རྣམ་རྟོག་གི་ར་བ་རུ་ངང་གིས་བྱུང་།

       མི་སུ་དང་སུ་ཡིན་ཡང་། སྡུག་བསྔལ་དང་རྐྱེན་ངན་གྱི་སྣེར་འཕྲད་པའི་སྐབས་སུ་དེ་དག་ལས་གཡོལ་བའི་ཐབས་སུ་རང་ངམ་ཡང་ན་གཞན་ལ་སྐྱབས་སུ་རེ་དགོས་ཏེ། ཚུལ་དེ་ནི་རྒྱ་མཚོར་བྱིངས་བའི་འགྲུལ་བ་དག་གིས་འཇིགས་ཉམས་དང་ཐར་འདོད་ཀྱི་ཉམས་ཀྱིས་རླབས་ཀྱི་གས་སྲུབ་རེ་ནས་མངོན་མི་མངོན་གྱི་ཚུལ་གྱིས་ལག་པས་རབ་རུབ་བྱེད་པ་དང་གཉིས་སུ་མེད། གྲོང་ཚོ་དེ་དག་གི་རྒན་པ་དག་མ་བགྲོས་གཅིག་མཐུན་གྱིས་གནས་གཅིག་ཏུ་འཛོམས་ཤིང་ཀུན་ཀྱིས་ཕྱིན་ཆད་ཀྱང་དོན་དག་ངན་པ་འདི་རིགས་འབུད་སྲིད་པས་སྒམ་ཆེན་བླ་མ་ཚང་ལ་ངེས་པར་དུ་ཞུ་དགོས་ཚུལ་དང་། ཁོང་ལ་ཞུས་ན་དོན་དག་འདི་རིགས་མི་འབྱུང་བ་དང་ཟློག་པའི་ཐབས་ཡོད་ངེས་ཡིན་ཞེས་བཤད། དེའི་ཁྲོད་ཀྱི་རྒན་པ་ཁ་ཤས་ཀྱིས་སྒམ་ཆེན་བླ་མ་ཚང་ད་ལྟའི་ཆར་སྐུ་མཚམས་ལ་བཞུགས་ཡོད་པ་དང། སང་ལོའི་དབྱར་ཁའི་དུས་སུ་མ་གཏོགས་མཚམས་ནས་སྒོར་འབུད་རྒྱུ་མ་རེད་གསུང་གི་འདུག་ཟེར་བ་ལྟ་བུ། ཡང་དེའི་ཁྲོད་ཀྱི་རྒན་པ་ཞིག་གིས་བླ་མ་ལ་ཐུགས་བཙན་པོ་ཡོད་པས་སང་ཉིན་འུ་ཅག་ལ་བཀའ་བཀྱོན་དྲག་པོ་གནང་ངེས། ང་འགྲོ་རྒྱུར་ཤིན་ཏུ་སྐྲག་གི་ཞེས་པ་ལྟ་བུའི་ཆ་མི་མཐུན་པའི་ལབ་གླེང་མང་པོ་ཞིག་བྱུང་ཡང་། མཐར། ཁོ་ཚོས་ཕྱོགས་དང་ཟུར་མང་པོར་འདང་བརྒྱབ་སྟེ། ད་དུང་འདི་ལྟར་བསྡད་པ་ཡིན་ན་གྱོང་དང་ཆག་སྒོ་སེམས་ཀྱིས་མི་བཟོད་ཅིང་མིག་གིས་ལྟ་ཐབས་བྲལ་བ་མང་པོ་འབུད་སྲིད་པས་ཅིས་ཀྱང་བླ་མ་ལ་ཞུ་དགོས་ཞེས་ཐག་ཅིས་བཅད་ཅིང་། ཐམས་ཅད་ཀྱིས་ཕྱི་ཉིན་གྱི་དུས་སུ་དགོན་པའི་ནང་དུ་འཛོམས་རྒྱུ་བྱས་ཏེ་སོ་སོའི་གནས་སུ་ཕྱིན།

       ཁོ་ཚོ་སྒམ་ཆེན་བླ་མའི་མདུན་དུ་འགྲོ་རྒྱུར་གྲོས་ཡོང་གི་མེད་པ་ཁག་མེད་དེ། སྒམ་ཆེན་བླ་མ་ནི་རྟོགས་ལྡན་པ་ཞིག་ཡིན་ལ། ཐུགས་ཁ་ཤིན་ཏུ་བཙན། ཁོང་གིས་གསུངས་རྒྱུའི་སྟེང་དུ་མ་བཞག་ཚེ་ཐུགས་སྤོ་རབ་ཏུ་བཞེས་ནས་གསུང་ལན་མི་སྩོལ་ལ། ཁོང་ནི་གཏམ་བཤད་རྒྱུར་མཁས་ཤིང་སྐད་གདངས་ཤིན་ཏུ་མཐོ་བ་ཞིག་ཡིན། ཁོང་ཐུགས་སྤོ་བཞེས་ཡོད་པའི་སྐབས་སུ་མི་སུ་ཞིག་ཁོང་གི་ཟུར་དུ་ཡོད་ན་དེ་ལ་མཐོ་དམན་དང་ཡག་བཙོག་སོགས་ཀྱི་དབྱེ་བ་ཅི་ཡང་མེད་པར་སྐད་གདངས་མཐོན་པོས་སྡིགས་ཤིང་ཕྲེང་ལྕག་གིས་རྒྱག་པར་བྱེད། དེ་བས་སྒམ་ཆེན་འབྲོག་ལུང་དགོན་པའི་གྲྭ་བ་དག་ལ་རྒྱུན་དུ་བླ་མའི་ཐུགས་ཁ་བཙན་པའི་དཔེ་རུ་གཏམ་རྒྱུད་འདི་འདྲ་ཞིག་བཤད་རྒྱུ་ཡོད་དེ། ཉིན་ཞིག་ཁོང་གི་མདུན་དུ་སྐྱ་མི་མང་པོ་ཞིག་བསླེབས་ཤིང་། དེའི་ཁྲོད་དུ་ལོ་ན་ཅུང་བགྲེས་ཤིང་ངོ་མདངས་སྨུག་པོ་ཅན་གྱི་མི་བརྗིད་པོ་ཞིག་ཡོད་པ་དང་། ཕར་བལྟས་ཚོད་ལ་དཔོན་པོ་ཞིག་མིན་ནམ་སྙམ་པ་ཞིག་འདུག ཁོ་ཚོ་འཁོར་དང་བཅས་པ་རྟ་ལས་བབས་ཏེ་དངོས་ཟོག་མང་པོ་ཞིག་ཁྱེར་ཏེ་སྒོམ་ཆེན་བླ་མའི་ནང་ཆེན་དུ་སོང་། དེ་དུས་སྒོམ་ཆེན་བླ་མ་ནི་ལོ་བདུན་ལ་སྐུ་མཚམས་སུ་བཞུགས་ཏེ་མཚམས་གྲོལ་མ་ཐག་ཡིན་པས། རྟག་པར་མཇལ་བ་མང་པོ་ལ་མཇལ་ཁ་གནང་གི་མེད་པ་དང་ནང་འཁོར་དག་ལ་ཞལ་བརྡའང་མང་པོ་བྱེད་ཀི་མེད། མི་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་བླ་མའི་ནང་ཆེན་གྱི་ར་སྐོར་ནང་དུ་འཛུལ་ཞིང་། སོ་སོའི་ལག་གི་དངོས་ཟོག་དག་ཐང་དུ་བཞག་ཅིང་ལག་ཟུང་ཐལ་མོ་སྦྱར་ཏེ་བླ་མའི་གཟིམ་ཁང་གི་ཕྱོགས་ལ་ཕྱག་གསུམ་རེ་འཚལ། ཕྱག་འཚལ་རྗེས་དེའི་ཁྲོད་ཀྱི་མི་ཞིག་གིས་སྒོམ་ཆེན་བླ་མའི་གྲྭ་བ་ལ་བླ་མ་ལགས་བཞུགས་ཡོད་དམ་ཞེས་དྲིས་ཤིང་། གྲྭ་བས་བླ་མ་བཞུགས་ཡོད་ཚུལ་ལབ་རྗེས་ཁོ་ཚོའི་མདུན་བསུས་ཏེ་བླ་མའི་གཟིམ་ཁང་དུ་ཕྱིན། སྒོམ་ཆེན་བླ་མའི་གཟིམ་ཁང་ནི་ཤིང་ཁང་ཆེ་རྒྱུ་ཆུང་རྒྱུ་མེད་པ་ཞིག་ཡིན་ལ། སྒོ་ནས་ཡར་འཛུལ་སྐབས་ཅུང་ཙམ་བཙན་གྱིས་ནང་དུ་མ་སོང་ཚེ་སྒོ་ཧ་ཅང་དོག་པའི་དབང་གིས་ནང་དུ་ཚུད་ཐབས་དཀའ།

         ཁོ་ཚོ་རེ་རེ་བཞིན་གུ་དོག་པའི་སྒོ་ནས་ཡར་འཛུལ་ཏེ་བླ་མའི་གམ་དུ་སོང་ཞིང་། མི་རེ་རེས་རུམ་ནས་ཁ་བཏགས་བླངས་ཏེ་བླ་མར་ཕུལ་ཏེ། བླ་མ་ལགས། སྐུ་ཁམས་དྭངས་མོ་ཨེ་ཡིན་ལགས་ཞེས་དྲིས་ཀྱང་བླ་མས་ཅི་ཡང་མི་གསུངས་པར་ཞལ་ངོ་གནག་སྟེ་བསྡད། དེ་རྗེས་མཇལ་བ་དག་གིས་ཀྱང་སོ་སོའི་གདོང་ལ་ལྟ་ཞོར་རེ་ཞིག་ཁུ་སིམ་པོའི་ངང་བསྡད། ཅུང་ཙམ་འགོར་རྗེས་ལོ་ན་ཅུང་བགྲེས་ཤིང་ངོ་མདངས་སྨུག་པོ་ཅན་གྱི་མི་དེ་བླ་མའི་ཟུར་དུ་གཅར་ཙམ་བྱས་ཤིང་སྐད་མཐོན་པོས་བླ་མ་ལགས། ཁྱེད་ཚང་བདེ་མོ་ཨེ་ཡིན་ཞེས་དྲིས་པ་ན། ཅུང་ཙམ་གྱི་ཡུན་ལ་སྒམ་ཆེན་བླ་མས་ཁོས་བཤད་པའི་སྐད་ཆ་ཅི་ཡང་མ་གོ་བའི་ཁུལ་གྱིས་བཞུགས་པ་དང་། དེ་རྗེས་སྒམ་ཆེན་བླ་མས་སེམས་ཅན་ཐམས་ཅད་ཉོན་མོངས་ཀྱི་དུག་གིས་བདེ་གི་འཇོག་གིན་མེད་པས་ང་བདེ་མོ་ཡིན་རྒྱུ་ཨེ་རེད་ཅེས་ཚིག་ལན་བསློགས་ཤིང་། ཁོང་ཁྲོ་བའི་སྐད་གདངས་ཀྱིས་ཁྱེད་ཚོ་འདི་འདྲའི་མི་མང་པོ་ཞིག་གང་ནས་ཡོང་བ་ཡིན། ཅི་ལ་ཡོང་བ་ཡིན་ཞེས་དེང་གི་དཔོན་པོ་དག་གིས་སྟབས་བདེའི་དྲི་བ་འདོན་སྟངས་ལྟར་དྲིས།མི་བགྲེས་པོ་དེས་ང་ཚོ་ནི་སྟག་འབྲུག་གི་ཡིན། ང་སྟག་འབྲུག་ཚོ་བའི་དཔོན་པོ་ཡིན། ཡུལ་ཁམས་འདིའི་ཕྱོགས་སུ་བླ་མ་ཁྱེད་འདྲ་བ་ཞིག་དང་། དཔོན་ང་འདྲ་བ་ཞིག་ཡོད་པས་མི་སྔུན་ནས་སྤོབས་པ་ཞུམ་མི་དགོས་ལ། ཕྱི་མ་ནས་སྡུག་བསྔལ་མྱོང་མི་དགོས་ཞེས་སྐད་ཆ་ཚོན་པོ་ལབ་བཞིན་པའི་སྒང་དུ་སྒམ་ཆེན་བླ་མས་ཕྱག་ཏུ་བགྲངས་བཞིན་པའི་ཕྱག་ཕྲེང་གིས་ཁོའི་མགོ་ལ་ཚ་བེར་བ་ཞིག་གཞུས་ཤིང་། ཕྱག་ཕྲེང་ཁོའི་མགོ་ལ་ཕོག་མ་ཐག་རྫོངས་མཐུག་ཅིང་ཚིལ་དྲེག་གིས་ཟིན་པའི་ཁོའི་སྐྲ་ལོའི་ལས་རྡུལ་ཙམ་ཕྱིར་འཕྱུར་བར་བྱས། དེ་མ་ཐག བླ་མ་གྱེན་དུ་བཞེངས་ཏེ། འཇིག་རྟེན་གྱི་རྒད་པོ་དག་ལ་ནམ་རྒྱུན་འདི་འདྲ་མང་པོ་བཤད་རྒྱུ་ཡོད་པ་རེད། ཁྱེད་དེ་འདྲའི་དཔའ་མཛངས་གཉིས་ལྡན་ཞིག་ཡིན་ན་འདིར་ཅིའི་ཕྱིར་ཡོང་བ་ཡིན། ང་རྟོགས་ལྡན་བན་རྒན་ལ་འཇིག་རྟེན་ནས་གྲོགས་མི་དགོས། ང་ལ་གཞན་ཕན་སེམས་ཀྱི་གྲོགས་ཡོད་པས་ཆོག འཇིག་རྟེན་གྱི་གྲོགས་ཀྱིས་མཐོ་དུས་ངོ་འཚོ་ཞིང་དམའ་དུས་བརྙས་བཅོས་གཏོང་བ་རེད། ང་ལ་གཞན་ཕན་སེམས་ཀྱི་གྲོགས་ཡོད་པས་ངས་འཇིག་རྟེན་པའི་མི་ངོ་འཚོ་དགོས་དོན་མེད། ང་ལ་སློབ་མ་མི་དགོས། ང་ལ་རང་གི་ལུས་ངག་ཡིད་གསུམ་གྱི་སློབ་མ་ཡོད་པས་ངས་ནམ་རྒྱུན་ལུས་ངག་ཡིད་གསུམ་ལ་ཇི་ལྟར་བཀོད་འདོམས་བྱས་ན་ལུས་ངག་ཡིད་གསུམ་གྱིས་ངའི་ཁ་ལ་དེ་ལྟར་ཉན་པ་རེད། ངའི་སློབ་མ་སྟེ་ངའི་ལུས་ངག་ཡིད་གསུམ་ལ་ཨ་གསར་དང་མངོན་ལྐོག་མེད། འཇིག་རྟེན་པའི་སློབ་མར་གྱུར་བ་དག་ལ་བླ་མའི་ངོ་རིག་དུས་བཤད་རྒྱུའི་སྐད་ཆ་ཞིག་དང་། དེའི་རྒྱབ་ཏུ་བཤད་རྒྱུའི་སྐད་ཆ་གཉིས་ཡོད་པ་རེད། ཁྱེད་ཚོ་མར་སོངས། ད་སོངས། ཁྱེད་ཚོ་མི་འགྲོ་ན་ངས་ཆོས་སྐྱོང་སྲུང་མ་བོས་ཏེ་ཁྱེད་ཚོ་བདའ་གི་འཇོག་ཅེས་གཤེ་གཤེ་ཚད་མེད་ཅིག་བཏང་སྟེ་ཁོ་ཚོ་རེ་རེ་བཞིན་གཟིམ་ཁང་གི་ཕྱི་ལོགས་སུ་ཕུད།

        དེའི་མཚན་མོར་གློ་བུར་དུ་སྒམ་ཆེན་འབྲོག་ལུང་དགོན་པའི་རྒྱབ་རིའི་རྩེ་ནས་སྤྲིན་ནག་འཁྲུགས་ཤིང་གློག་ཕྲེང་དཀར་འཚུབ་དམར་འཚུབ་བྱས་ཏེ་འཕྲོས་ཤིང་ཆར་བ་ཆེན་པོ་བབས་ལ། སྐབས་སྐབས་སུ་འབྲུག་སྐད་དྲག་གིས་ལྡིར་ཏེ་སྙིང་ཡང་འགད་ལ་ཁད་བྱེད་ཅིང་འབྲོག་པ་དག་གི་ལྷས་སུ་བསྐྱིལ་བའི་རྟ་ནོར་ལུག་གསུམ་ཡང་དེ་དག་གི་འཇིགས་སྣང་ཁྲོད་ནས་ལ་གཤར་ལུང་གཤར་བྱས་ཤིང་། འབྲུག་སྒྲ་དང་གློག་འགྱུ་བ། ཆར་ཆེན་གྱི་སྒྲ་འཐབ་པའི་ཁྲོད་ནས་གཡང་དཀར་ལུག་གིས་འབའ་སྒྲ་དང་ཅང་ཤེས་རྟ་ཕོའི་འཚེར་སྐད། ཐུལ་དཀར་འབྲི་མོའི་ངུར་སྒྲ་སོགས་ཐེངས་རེར་གསན་ཙམ་བྱེད་ལ་ཐེངས་རེར་འབྲུག་དང་གློག་འགྱུ་བ། ཆར་བའི་སྒྲ་དག་གིས་ཟིལ་གྱིས་གནོན་པར་བྱས་ཏེ་རིང་ཙམ་ན་གྲགས་ཀྱིན་ཡོད་པ་ལྟ་བུའི་ཚོར་བ་སྟེར། དེ་དག་ཅུང་འཇགས་ཐེངས་རེར་ཉེ་འཁོར་ན་གྲགས་ཀྱིན་ཡོད་པ་ལྟ་བུ་བྱུང་ལ། ཡང་སྐབས་སྐབས་སུ་སྤྲིན་གསེབ་ནས་གློག་ཕྲེང་ནར་མ་འཁྱུག་གི་ཟོལ་གྱིས་འཕྲོས་ཏེ་འོད་ཆེན་པོ་སྩོལ། གློག་འགྱུ་ཆེན་པོ་འཕྲོ་ཐེངས་རེར་སྒམ་ཆེན་འབྲོག་ལུང་དགོན་པའི་འདུ་ཁང་གི་རྒྱ་ཕིབས་ཀྱང་སེར་ལམ་ལམ་ངང་མཐོང་ཙམ་མཐོང་ཙམ་བྱེད་ལ་འདུ་ཁང་གི་རྒྱ་ཕིབས་ནི་སྔར་བཞིན་བརྟན་བརླིང་ངེར་སུ་དང་གང་ལའང་སྐྲག་པ་མེད་པར་གནས་ཡོད།དེ་ལྟར་འབྲུག་སྐད་དང་གློག་འགྱུ་བའི་འོད། ཆར་བ་དྲག་ཏུ་འབབ་པའི་སྒྲ་ཆེན་པོ་དག་ནི་ཡུལ་དེ་གའི་མི་རྣམས་ཀྱི་མཚན་མོའི་གཉིད་ཐུན་དཀྲོགས་པའི་གཤེད་མ་རུ་ལངས་ཏེ་མཚན་གང་བོར་ཟམ་མ་ཆད་པར་ཆར་བབས་ཤིང་གློག་འགྱུ་ལ། འབྲུག་གྲགས་ཏེ་བསྡད།

          དེའི་སྐབས་སུ་མི་ཐམས་ཅད་ཀྱིས་སང་ཉིན་གྱི་ཞོགས་པ་ལ་རེ་སྒུག་བྱེད་ཀྱིན་ཡོད་ལ། སང་ཉིན་གྱི་ཞོགས་པ་བསླེབས་པར་དངངས་སྐྲག་ཀྱང་སྐྱེ་བཞིན་ཡོད། མཚན་མོ་འདི་ནི་མི་ཕྱུགས་ཀུན་གྱི་མགོར་དངངས་སྐྲག་ཚད་མེད་པ་ཞིག་བྱུང་བའི་མཚན་མོ་ཞིག་ཡིན་ཏེ། དངངས་སྐྲག་དང་འཇིགས་སྣང་གིས་བཙིར་བའི་མཚན་མོ་འདི་ནི་ཇི་འདྲའི་རིང་བ་ཞིག་དང་། ཐག་སྒྲ་དང་བཅས་བསྐྱོད་བཞིན་ཡོད་པའི་དུས་ཚོད་ཀྱི་རྐང་བ་དེའང་སྔར་དང་བསྡུར་ན་འགྲོས་ཚད་ཤིན་ཏུ་དལ་བ་ལ། དེ་ལྟར་ཡུལ་དེའི་མི་ཀུན་ཀྱིས་ངག་ནས་ཆད་མེད་དུ་སྐྱབས་འགྲོ་བཟློ་བཞིན་ནམ་ཞིག་ཆུ་ལོག་ཆེན་པོ་ཞིག་གམ། ཡང་ན།གནམ་ལྕགས་རྒོད་པོ་ཞིག་གིས་ཡོད་ཚད་ག་ཤེད་ཅིག་ཏུ་ནག་འཚུབ་སེར་གཏོང་འཇོག་གམ་སྙམ་པའི་དངངས་སྐྲག་རྐྱ་འཐབ་པའི་ཐེ་ཚོམ་ཞིག་གི་ཁྲོད་ནས་སང་ཉིན་གྱི་ཞོགས་པ་ལ་རེ་སྒུག་བྱས་ཏེ་བསྡད། ཕྱི་ཉིན་གྱི་ཞོགས་པར་ལུ་གུ་བོར་སྟོར་བྱུང་བའི་མ་མོའི་འབའ་སྒྲ་དང་། ཨ་མ་བོར་སྟོར་བྱུང་བའི་ལུ་གུའི་འབའ་སྒྲ། ད་དུང་། བེའུ་བོར་ཟིན་པའི་འབྲུའི་ངུར་སྒྲ་སོགས་བར་མེད་དུ་སྒྲོག་གིན་ཡོད་པ་དེ་ཡིས་ཡུལ་དེའི་ཞོགས་པའི་ལྷིང་འཇགས་དར་ཅིག་ངང་དཀྲོགས་ཤིང་ཕྱོགས་སུ་བདའ་བར་བྱས།

          ཡིན་ཡང་། ཁ་སང་གི་གྲོས་ཁ་གནང་མཁན་གྱི་རྒན་པོ་དག་སྦྲའི་ཁ་ཚུབ་ལས་ནམ་མཁའི་ཁམས་སུ་ཀྱ་ཀྱུའི་ཚུལ་དུ་མཆེད་ཀྱིན་པའི་དུ་བ་དེ་དག་དང་འགྲོགས་ཏེ་ལུང་གཤོང་དུ་མར་བབས་ལ། རྒན་པོ་དག་རེ་རེ་བཞིན་ལུང་གཤོང་དུ་མར་འབབ་པ་དང་བསྟུན་ནམ་མཁར་མཆེད་པའི་དུ་བས་ཀྱང་སུ་ཞིག་ལ་བདེ་མོ་འཇོག་པ་ལྟར་མི་སྣང་བར་གྱུར། རྒན་པོ་ཁ་ཤས་ལུང་གཤོང་དེར་འཛོམས་ཤིང་ཁ་ཤས་ཀྱིས་དེའུ་འབུར་དེའི་སྐེད་པ་བརྒྱུད་དེ་རབ་ཏུ་བྲུག་ཡོད་པའི་སྒན་ཆེན་ལུང་མདོའི་ཆུ་ཆེན་གྱི་འགྲམ་དུ་མར་འགྲོ་ཞོར་དྲག་ཏུ་ཁྲོས་པའི་འབྲུག་སྒྲ་དང་སོ་སོའི་མགོར་བསླེབས་པའི་མདང་དགོང་གི་དངངས་སྐྲག་དག་གླེང་ཞོར་ཆུ་ཆེན་དེའི་བཞུར་སྟངས་བརྒྱུད་དེ་མར་འགྲོ་བཞིན་ཡོད་ལ། མདང་དགོང་མཚན་གང་བོར་ཆར་བབས་པའི་རྐྱེན་གྱིས་དེ་རིང་ལུང་མདོའི་ཆུ་ཆེན་དེ་རབ་ཏུ་ཤིན་ཏུ་བྲུག་ཡོད་ལ། མ་ཟད། མདང་དགོང་གི་ཆུ་ལོག་གིས་དེད་ཅིང་བདས་ཡོང་བའི་ས་རྩིད་སྣ་ཚོགས་དང་། གོན་པ་ཧྲལ་བོ་སྣ་ཚོགས། ད་དུང་། ལུག་མང་པོའི་ཤི་རོ་དང་། ལུ་གུ་མང་པོའི་རོ། ཟོག་མང་པོའི་ཤི་རོ་སོགས་ཆུའི་ཚུར་རོལ་དུ་འཕངས་ཡོད་པ་དང་། དེ་དག་གི་ཁྲོད་དུ་ད་དུང་འཆི་མ་ཐུབ་པར་དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ་བྱེད་ཞོར་ལུས་པོ་འདམ་གྱི་ནང་དུ་ཟུག་ཡོད་པའི་ལུག་དང་ཟོག་ཁ་ཤས་ཀྱང་ཡོད་པ་མཐོང་བས་ཁོ་ཚོའི་སེམས་སུ་སྒམ་ཆེན་བླ་མས་རྟག་པར་ཆོས་གསུང་སྐབས་སྒོ་ཕྱུག་དུད་འགྲོ་ཚུན་ཆད་རང་གི་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་པས། དེ་དག་ལ་ནམ་ཡང་བྱམས་སྐྱོང་བྱེད་དགོས་ཞེས་པའི་གསུངས་དེ་ངང་གིས་དྲན་ཞིང་། དེ་དག་འདམ་ལས་ཚུར་འདྲུད་ཙམ་བྱས་ཏེ་མ་ཎི་ཚར་འགའ་བཟློ་བཞིན་དེ་དག་གི་མགོ་ལ་ཕུ་རེ་འདེབས་ཞོར་མུ་མཐུད་དུ་སྒམ་ཆེན་འབྲོག་ལུང་དགོན་པའི་ཕྱོགས་སུ་བསྐྱོད། ཁོ་ཚོ་དགོན་པའི་འདུ་ཁང་གི་སྒོར་ཐོན་མ་དག་གྲྭ་བ་མང་པོ་ཞིག་འུར་ཆིལ་ལེར་ཞོགས་ཏེ་འདུ་ཁང་གི་ནང་དུ་ཕེབས་ཤིང་། དེའི་རྗེས་སུ་སྒོམ་ཆེན་བླ་མས་ཀྱང་ཞལ་གནག་སྟེ་ཕྱག་ཏུ་མི་རྐང་གླིང་བུ་ཞིག་བཟུང་སྟེ་འདུ་ཁང་གི་ཕྱོགས་སུ་ཕེབས་ཀྱིན་འདུག

      ཁོ་ཚོས་བླ་མ་མཐོང་མ་ཐག་དོན་དམ་ཅི་ཞིག་བཤད་རྩིས་བྱས་ཀྱང་། བླ་མས་ཁྱེད་ཚོས་ཅི་ཡང་བཤད་མི་དགོས། ངས་ཡོད་ཚད་ཤེས་ཡོད། ཉེ་བའི་དུས་འདིར་རང་རེའི་ས་འདིར་བཀྲ་མི་ཤེས་ཤིང་ཡིད་མི་བདེ་བའི་དོན་དག་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འབྱུང་གི་ཡོད་པ་ནི་གཅིག་ནས་རང་རང་གི་སྔོན་བསགས་ཀྱི་འབྲས་བུ་དུས་སུ་སྨིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཉེ་སྔོན་རང་སྲོག་གཅོད་མཁན་གྱི་བུ་མོ་དེའི་རྣམ་ཤེས་མི་མ་ཡིན་དུ་ཞུགས་ཏེ་ཕྱིར་ཡུལ་ཕྱོགས་འདིར་གནོད་པ་བྱེད་ཀྱིན་འདུག དེ་རིང་དགོན་པས་ཉིན་གསུམ་རིང་བཟློག་པ་འདོན་རྒྱུ་ཡིན། ཉིན་ཐ་མར་ངས་མི་མ་ཡིན་དེ་ཡུལ་འདིའི་གཞི་བཞག་ཏུ་བཀོད་རྒྱུ་ཡིན་ཞེས་ཞལ་གནག་པའི་ཚུལ་གྱིས་གསུངས་ཤིང་། ཁྱེད་ཚོ་འདིར་དོན་དག་ཅི་ཡང་མེད།ཕྱིར་རང་རང་སར་སོངས་ཏེ་ཉིན་གསུམ་པའི་ཕྱི་དྲོར་དགོན་ནང་དུ་ཐོན་ཐུབ་བྱོས་ཞེས་བཀའ་བསྒོས་ཏེ་བླ་མ་འདུ་ཁང་གི་ཕྱོགས་སུ་ཕེབས་སོང་། བླ་མ་ཕེབས་ཤུལ་དུ་ཁོ་ཚོས་ངོ་མཚར་བའི་མིག་མདངས་ཀྱིས་སོ་སོའི་གདོང་ལ་ཅེར་ཏེ་ཡུན་རིང་དུ་ལུས་པ་དང་། དེའི་ཁྲོད་ཀྱི་མི་ཞིག་གིས་མ་གཞི་ཡུལ་འདིའི་སྣོད་བཅུད་ཀུན་ལ་གནོད་བྱེད་མཁན་གྱི་གཏེ་བོ་དེ་ཡུགས་ས་མ་དེ་ཡིན་འདུག་ཅེས་རེ་ཆད་ཀྱི་སྐད་ཆ་མང་དུ་ལབ་ཅིང་། དེ་རྗེས་མི་དེ་དག་གི་གདོང་ལ་རེ་བ་ཞིག་དང་སྤོབས་པ་ཞིག་ཀྱང་རྒྱས་བྱུང་། རྒྱུ་མཚན་ནི་སྒོམ་ཆེན་བླ་མས་ཡུལ་འདིར་གནོད་པ་བྱེད་མཁན་གྱི་གཏེ་བོ་དེ་ཉིད་ཉིན་གསུམ་གྱི་རྗེས་ནས་གཞི་བདག་ལ་བཀོད་རྒྱུ་ཡིན་ཚུལ་གསུངས་པ་དང་། སྒོམ་ཆེན་བླ་མ་ནི་ཐུགས་ཧ་ཅང་སྒམ་པོ་ཅན་ཞིག་ཡིན་པས་གང་བྱུང་དུ་སྐད་ཆ་དགོས་མེད་ལབ་མི་སྲིད། གལ་སྲིད། ལབ་ཟིན་པ་དེ་དོན་དོག་ཏུ་བསྟར་ནུས་མཁན་ཞིག་ཡིན།

       ཉིན་གསུམ་པའི་ཕྱི་དྲོར་སྒོམ་ཆེན་བླ་མ་གཙོས་པའི་སྒམ་ཆེན་འབྲོག་ལུང་དགོན་པའི་གྲྭ་བ་དག་སེར་ལམ་མེར་འདུ་ཁང་གི་ར་སྐོར་མཐིལ་དུ་གྲལ་གོར་གོར་བྱས་ཏེ་བཞུགས་ཡོད་ལ། སྒོམ་ཆེན་བླ་མ་ཁྲི་ཅུང་ཙམ་མཐོན་པོ་ཞིག་གི་སྟེང་དུ་བཞུགས་འདུག གྲལ་གྱི་ཕྱི་རོལ་དུ་མང་ཚོགས་མང་པོ་ཞིག་གིས་ཅི་ཞིག་མཐོང་འདོད་ཀྱི་མིག་ཟུང་རིག་རིག་གིས་སྒོམ་ཆེན་བླ་མའི་ཕྱོགས་སུ་བལྟས སྒོམ་ཆེན་བླ་མ་ཉིན་གསུམ་གྱི་སྔོན་དང་བསྡུར་ནའང་ཤིན་ཏུ་ཁྲོ་བའི་མདངས་ཀྱིས་ཟིན་ཡོད། སེ་ཆ་དང་དྲིལ་བུའི་སྒྲ་སོགས་བར་མེད་དུ་མཆེད་པའི་དུས་མཚམས་རེ་རེར་སྒོམ་ཆེན་བླ་མས་ཕྱག་གཡོན་པའི་མི་རྐང་གླིང་བུ་དེ་ནམ་མཁར་འདེགས་ཙམ་བྱས་ཏེ་བསྟུད་མར་ཐེངས་གསུམ་ཙམ་འབུད་ཅིང་། དེ་ནས་སྔར་བཞིན་གྲྭ་མང་གི་འདོན་རྟ་དང་མཉམ་པོར་ཆོས་སྤྱོད་མང་དུ་གསུངས། སྔ་གཞུག་ཏུ་སྒོམ་ཆེན་བླ་མས་ཐེངས་ཉེར་བདུན་ཙམ་ལ་མི་རྐང་གླིང་བུ་དེ་བོས་ཤིང་ཕྱག་གི་རྡོ་རྗེ་རྩེ་ལྔ་བ་དེ་ནམ་མཁའི་ཁམས་སུ་འཕྱར་ཙམ་འཕྱར་ཙམ་བྱེད་པ་དང། གྲྭ་བ་མང་པོས་སྐད་གསེང་མཐོན་པོས་གསུང་བཞིན་པའི་ཆོས་སྤྱོད་ཀྱི་སྒྲ་དང་། སྐབས་རེར་ཧ་ཅང་འགྲོས་མཉམ་པའི་ངང་ཟློག་སྒྱུར་བྱེད་སྟངས་དེ་དག་མཐོང་ན་མི་ཀུན་གྱི་ཡིད་ལ་བདེ་བ་འགུ་གང་བ་ཞིག་ཅིག་ཅར་དུ་སྟེར་ཞིང་ཆོས་སྤྱོད་འདི་དག་ལ་བརྟེན་ཏེ་ངན་པའི་རྐྱེན་ལས་རྒྱལ་བའི་ཡིད་ཆེས་ཤིག་ཀྱང་ངང་གིས་ཐོབ།

       དེའི་སྐབས་སུ་སྒོམ་ཆེན་བླ་མ་ཁྲི་ལས་མར་ལྡང་ཞིང་ཚོགས་པའི་དབུས་སུ་ཡོད་པའི་སྦྱིན་བསྲེགས་བྱེད་སའི་ས་ཡི་ཐེམ་པ་དེའི་རྩར་སོང་སྟེ་སྤྱན་གྱི་གར་ལོག་ལོག་གི་ཆ་དེ་ནམ་མཁར་བསྒྲལ་ཙམ་བྱེད་ཞོར་ཕྱག་གཡོན་པའི་ནང་དུ་བཟུང་བའི་གཏོར་མ་རྐང་བ་དགུ་ཡོད་པ་དང། མགོ་གསུམ་ཡོད་པ། ལག་པ་མང་པོ་ཐོག་ཡོད་པ། སྟེང་དུ་ཚོན་དམར་པོ་བྱུག་ཡོད་པ་ཞིག་བཟུང་སྟེ་གསུངས་སྒྲ་དྲག་པོའི་གདངས་དང་མཉམ་དུ།

ཧཱིུཾ། ཉོན་ཅིག་ལས་ངན་མཚོ་ཆེན་འཁྲིགས་པ་ཡི། །

བསྟན་དང་འགྲོ་བར་གནོད་ཅིང་འཚེ་བའི་དགྲ། །

མ་རུང་དམ་ཉམས་ལས་ཀྱི་གཤེད་མ་ཁྱེད། །

བདག་གི་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །

དཀར་ཕྱོགས་སྐྱོང་བའི་ཡུལ་ལྷར་བཀོད་ལེགས་ན། །

བཀའ་ལས་མ་འདའ་དམ་ཚིག་འཛིན་བྱས་ཏེ། །

ཉིན་མཚན་ཁོར་མོའི་དུས་དང་རྣམ་ཀུན་ཏུ། །

ཡུལ་འདིའི་ཆོས་སྲིད་དོན་ལ་ཕྱྭ་ར་མཛོད། །

ང་ཡི་བཀའ་དང་དམ་ལས་འདའ་གྱུར་ན། །

མགོ་བོ་ཚལ་བ་བརྒྱ་རུ་གས་བྱས་ཏེ། །

ངན་སོང་འཇིགས་པའི་ཡུལ་དུ་འཕེན་པར་བྱེད། །

ཅེས་བདེན་གསུང་བཀའ་ཡིས་རྗེས་བཏབ་ཅིང་ཕྱག་ཏུ་བཟུང་བའི་རྐང་གླིང་ཐེངས་གསུམ་ལ་བུས་ཤིང་གཏོར་མ་དེ་ལྷབ་ལྷུབ་ཏུ་འབར་བཞིན་པའི་མེ་ལྕེའི་ནང་དུ་མ་འཕངས་པར་སྦྱིན་བསྲེག་གི་སའི་ཐེམ་པའི་ལོགས་ཤིག་ཏུ་འཕངས།

        དེ་རྗེས་སྒམ་ཆེན་བླ་མ་སྔར་གྱི་བཞུགས་གནས་སུ་འཁོད་ཅིང་ཆོས་སྤྱོད་མང་དུ་གསུངས། དུས་ཚོད་གང་འཚམས་ཤིག་རྫོགས་རྗེས་ཆོས་སྤྱོད་ཀྱི་རིམ་པ་དག་ཡོངས་སུ་ཚར་ཞིང་མང་ཚོགས་ཡོངས་དགོན་པའི་འདུ་ཁང་གི་ར་སྐོར་གྱི་དཀྱིལ་དུ་འདུ་ཙམ་བྱས་ཏེ། སྒམ་ཆེན་དགོན་པའི་འདུ་ཁང་གི་གཤམ་འོག་དང་ཁ་མར་འཁོར་ནས་དེ་རིང་ནས་བཟུང་ཁྱེད་ཚོས་སེམས་བདེ་མོ་སྐྱིད་པོ་བྱོས། ད་ནས་བཟུང་རང་རེའི་བདེ་སྐྱིད་དང་བསོད་ནམས་ལ་དོ་བསྡོ་བའི་མ་རུང་བདུད་ཀྱི་རིགས་དམ་ལ་བཏགས་ཏེ་རང་རེ་ལ་ཁ་དན་སྡོང་གྲོགས་མཛད་མཁན་གྱི་དཀར་ཕྱོགས་སྐྱོང་བའི་ལྷར་བཀོད་ཡོད་པ་རེད། ད་ནི་རང་རང་ས་ནས་རྐྱེན་འདིའི་དབང་གིས་འཆི་ལམ་དུ་སོང་ཟིན་པའི་འདས་པོ་འདས་མོ་དག་ལ་བསྔོ་བ་སྨོན་ལམ་དང་། ཤི་བོའི་ར་མདར་ཆོས་འགྲུབ་ཚད་ཅིག་སྒྲུབ་དང་དེའི་ཕན་ནས་གནོད་པ་གཞན་ལ་སེམས་ཁུར་མི་དགོས་ཚུལ་གྱི་ཁ་ཏ་མང་དུ་གསུངས།

         ལྷ་སྲས་སྒམ་ཆེན་དགོན་པའི་ཁྲི་ལ་མངའ་གསོལ་ཏེ་ཉིན་མང་པོ་མ་འགོར་བའི་མཚན་མོ་ཞིག་ལ་ཁོས་རྨི་ལམ་འཇིགས་ཡེར་བ་ཞིག་རྨིས་ཤིང་ཕྱི་ཉིན་མལ་ལས་སད་དུས་ཀྱང་འཇིགས་གཡེར་བའི་རྨི་ལམ་དེའི་དབང་གིས་ཞོགས་ཟས་གསོལ་བའི་ཡི་ག་སོགས་གཏན་ནས་མེད་པར་བྱས། ཁོའི་སྐུ་ཕྲེང་དང་པོ་སྒམ་ཆེན་བླ་མ་ནས་ཁོ་ལ་མ་ཐུགས་ཀྱི་བར་གྱི་སྐུ་ཕྲེང་དག་དགུང་ལོ་སོ་བདུན་གྱི་ཕན་ལ་བཞུགས་མྱོང་མཁན་གཅིག་ཀྱང་མེད་ལ། དེ་ལའང་ཀུན་གྱིས་སྐད་ཆ་འདི་འདྲ་ཞིག་ལབ་བཞིན་ཡོད་དེ། ལོ་རེར་སྒམ་ཆེན་འབྲོག་ལུང་དགོན་པའི་རྒྱབ་རིའི་གཞི་བདག་དེ་བསྟོད་ཐེངས་རེ་རེར་སྒམ་ཆེན་བླ་མའི་སྐུ་ཕྲེང་རིམ་བྱོན་གྱིས་སྐུ་ཕྲེང་དང་པོའི་ཕྱག་བཞེས་ལྟར་རྒྱབ་རིའི་རྩེ་ཡི་ལབ་ཙེ་བསྟོད་དུ་རང་ཉིད་གཅིག་པུ་ཕེབས་ཀྱིན་ཡོད་ལ།གཞན་དག་གིས་དགོན་པའི་ནང་དུ་བསང་མཆོད་བྱེད་ཀི་ཡོད་པ་རེད། སྐུ་ཕྲེང་དང་པོ་ནས་ད་ལྟའི་སྐུ་ཕྲེང་བརྒྱད་པར་མ་ཐུགས་བར་དུ་ལབ་ཙེ་བསྟོད་དུ་མ་སོང་མཁན་གཅིག་ཀྱང་མེད་ལ། ཁོང་ཅག་ལོ་རེར་ལབ་ཙེ་བསྟོད་དུ་འགྲོ་ཐེངས་རེར་ཉིན་གསུམ་ཙམ་འགོར་གི་ཡོད་ཅིང་ཉིན་གསུམ་ཙམ་འགོར་ཏེ་ཕྱིར་དགོན་པར་བསླེབས་རྗེས་སྐུ་ཕྲེང་རིམ་བྱོན་ལ་གཅིག་མཐུན་གྱི་སྣང་ཚུལ་ཞིག་ཡོད་པ་ནི་བཞིན་གྱི་མདངས་ཤོར་ཞིང་། གསུངས་སྐད་འགགས་ཡོད་པ། ཉིན་མཚན་གཉིས་ཀར་གསོལ་བ་ཁམ་གང་ཡང་མི་གསོལ་བར་བཞུགས་ཏེ་ནམ་རྒྱུན་དང་འདྲ་བའི་མི་དེ་མ་རེད་སྙམ་པ་ཞིག་འདུག་པས། མི་ཀུན་གྱིས་སྒམ་ཆེན་བླ་མས་ལབ་ཙེ་བསྟོད་དུ་འགྲོ་བ་ཐུགས་ཁ་གཡར་བ་ཙམ་ལས་དོན་དུ་ཁོང་ཚང་གིས་རང་སྟེང་ལ་ཡུལ་འདིའི་བདེ་སྐྱིད་འཕྲོག་པའི་གཤེད་མ་ཡི་གནོད་པ་ཐམས་ཅད་ལེན་ཕྱིར་རི་རྩེར་འཛེགས་པ་རེད་ཅེས་པ་དང་། ཡང་མི་རྣམ་རྟོག་རྒོད་པོ་ཅན་ཁ་ཤས་ཀྱིས་གནོད་པ་རང་སྟེང་དུ་ལེན་ན་རི་རྩེ་ལ་ཅིའི་ཕྱིར་ཕེབས་དགོས་སམ། གཟིམ་ཁང་དུ་བཞུགས་ཏེ་གནོད་པ་རང་སྟེང་དུ་བླངས་ནའང་ཆོག་རྒྱུ་རེད་ཅེས་ལབ་གླེང་མང་དུ་བྱེད་ཀྱིན་ཡོད་པ་དང་། གང་ལྟར། སྐུ་ཕྲེང་རིམ་བྱོན་གྱི་ཁྲོད་དུ་ལོ་རེར་ཆད་མེད་དུ་རི་རྩེ་ལ་འཛེགས་མ་མྱོང་མཁན་གཅིག་ཀྱང་མེད་ལ་ལོ་རེ་རེར་བསྟུད་མར་འཛེགས་ཏེ་དགུང་ལོ་སོ་བདུན་གྱི་ཕན་ལ་བཞུགས་མྱོང་མཁན་ཡང་གཅིག་ཀྱང་མེད།

        ལྷ་སྲས་ཀྱིས་མཚན་གུང་དུ་རང་ཉིད་སྒམ་ཆེན་དགོན་པའི་རྒྱབ་རི་ལ་འཛེགས་ཏེ་ཤིན་ཏུ་གཟར་བའི་རི་བྲག་དང་།རྫོང་མཐུག་པའི་ནགས་ཚལ་དང་བརྒལ་ཏེ་རྒྱབ་རིའི་རྩེ་ལ་ཐོན་པའི་སྐབས་སུ། རྒྱབ་རི་ནི་སྨུག་པས་གཡོགས་ཡོད་པ་དང་། རྩེ་མོ་ངོ་མ་དེ་གང་ཡིན་ཡང་མིག་གིས་མཐོང་ཐབས་བྲལ་ལ། ཁོས་ཕྱོགས་བཞི་མཚམས་བརྒྱད་ལ་བལྟས་ཀྱང་ཡོད་ཚད་སྟོང་སང་ངེ་བ་ཞིག་དང་། ཐ་ན་བྱ་བྱིའུའི་ཡི་སྐད་ཙམ་ཡང་གྲག་རྒྱུ་མེད། ཁོས་སླར་ཡང་སྨུག་པ་འཐིབས་ཡོད་སའི་ཕྱོགས་དེར་མིག་གིས་ལྟ་ཙམ་བྱེད་པའི་སྐབས་དེར་སྨུག་པ་དེ་རང་དང་ཐག་ཇེ་ཉེ་ཇེ་ཉེར་ཡིན་ཞིང་། དེ་ལྟར་སྨུག་པ་རང་དང་ཐག་ཉེར་བཅར་བའི་སྐབས་སུ་སྨུག་པའི་ཁྲོད་དུ་བུད་མེད་ཅིག་གིས་ཨག་རྒྱངས་བྱེད་ཀྱིན་ཡོད་པ་ཐོས་ཐུབ་ལ། སྨུག་པ་ཐག་ཇེ་ཉེར་ཕྱིན་པ་དང་བསྟུན་ཨག་སྐད་དེ་ཡང་ཇེ་ཆེར་ཕྱིན་ཏེ་ཁོའི་ཟུར་དུ་གྲགས་ཀྱིན་ཡོད་པ་ལྟ་བུའི་ཚོར་བྱུང་། ཅུང་ཙམ་ནས་ཨག་སྐད་དེ་ཐག་ཉེ་སར་གྲགས་པ་དང་བསྟུན་ཁོའི་མིག་ལམ་དུ་སྣང་བ་ནི་བུད་མེད་གཅེར་བུ་ཞིག་སྟེ། གཟུགས་ཀྱི་བོང་ཚད་ཁོ་ལས་ལྡབ་བརྒྱ་འགྱུར་གྱིས་ཆེ་ཞིང་ཁ་ནང་མིག་ནང་དུ་མེ་ལྕེ་མཆེད་ཀྱིན་ཡོད་པ། མགོའི་སྐྲ་ལོ་དཀར་སེར་འདྲེས་མ་དག་གྱེན་དུ་གཟེངས་ཡོད་པ་ཞིག་ཁོའི་འཁྲིས་སུ་བསླེབས་པ་དང་། ཁོའི་འཁྲིས་སུ་བསླེབས་ཡོད་པའི་བུད་མེད་གཅེར་བུ་དེས་ཁོ་མཐོང་མ་ཐག་སོ་དང་སོ་བརྡར་ཞིང་མིག་ཟུང་ཆེར་བགྲད་དེ་རྐང་མགོ་དང་ལག་མགོའི་ལྕགས་སྒྲོག་དག་བཙན་གྱིས་གསིག་སྟེ་ཕྱོགས་སུ་གཏོར་བ་དང་། ལག་ཏུ་བཟུང་བའི་སོག་ལེ་ལྷ་སྲས་ཀྱི་ལུས་པོའི་སྟེང་འཛུགས་གྲབས་བྱེད་སྐབས་ལྷ་སྲས་ཤིན་ཏུ་རབ་ཏུ་ཁྲོས་ཏེ་ཁ་ཕྱིར་འཁོར་ནས་འབྲོ་གྲབས་བྱས་ཀྱང་ལྷ་སྲས་ཀྱི་སྣང་ངོར་ཁོ་རང་གི་རྒྱུགས་ཚད་ནམ་མཁའི་བྱ་ལྟར་དུ་མགྱོགས་པའི་ཚོར་བ་ཡོད་ཀྱང་། ཁོའི་གོམ་པ་སྤོ་ཐེངས་བདུན་ཙམ་གྱི་ཡུན་ནི་མོའི་གོམ་པ་སྤོ་ཐེངས་གཅིག་ཙམ་ཡིན་པས་ཁོ་རང་ཁྲ་ཡིས་བྱིའུའི་བཟུང་བ་ལྟར་བཙན་གྱིས་བཟུང་ཞིང་། སོག་ལེ་རྣོན་པོ་དེ་སྐེ་རུ་བཞག་སྟེ་ཤེད་ཀྱིས་ཕར་ལ་གཅུད་ཙམ་བྱེད་ལ། དེ་མ་ཐག་ཁྲག་གི་ཁོལ་མ་དག་ཧུབ་ཀྱིས་འཐུང་ཞིང་། ཁྲག་གི་ཐིགས་པ་རེ་རེ་ཡིས་མོའི་ལུས་ཀྱི་མདུན་ཡོད་ཚད་ཀྱང་དམར་ལེ་བ་ཞིག་ཏུ་བཏང་།

        དེ་ནས་ལྷ་སྲས་ཀྱི་སྙིང་བླངས་ཏེ་སོས་ཁམ་བུ་ཁམ་བུ་བྱས་ཏེ་ཟས་ཤིང་ལུས་ཀྱི་སྐྱི་པགས་ཚུན་ཆད་ཟོས་རྗེས་རུས་པ་དག་ཕྱོགས་སུ་གཏོར་ཏེ་ཨག་རྒྱངས་ཤིག་དང་མཉམ་དུ་སྨུག་པ་དེ་ཁུར་ནས་རྒྱབ་རིའི་རྩེ་ཙམ་ལ་འཁྱིལ་འགྲོ།ལྷ་རྣས་དགོན་པའི་ནང་དུ་ཡོད་དུས་ཁོས་རྟག་པར་འདི་འདྲའི་འཇིགས་སུ་རུང་བའི་རྨི་ལམ་རྐྱང་རྐྱང་རྨི་བས། སྐབས་ཤིག་ནས་བཟུང་ཁོ་རང་གཉིད་རྒྱུར་ཞེད་སྣང་རབ་ཏུ་ལངས་ཏེ་མཚན་མོ་ཐོན་ཐེངས་རེར་དགོན་པའི་གྲྭ་ཆུང་གཉིས་གསུམ་རེ་གཟིམ་ཁང་དུ་བོས་ཏེ་ཅི་འཕྲོས་མོལ་འཕྲོས་ཀྱི་སྐད་ཆ་ལབ་སྟེ་མཚན་བསྐྱལ་བ་ནི་གྲངས་ཀྱིས་མི་ཟིན།

        ད་དུང་ཁོ་ལ་སེམས་ཁྲལ་ལྷག་མ་ཞིག་ཡོད་པ་ནི། ཁོ་རང་ཁྲི་ཁར་བཞག་པའི་རྗེས་ཀྱི་ཟླ་གཉིས་ཀྱི་རྗེས་ནས་ཡུལ་དེའི་གཞི་བདག་བསྟོད་རྒྱུའི་དུས་ཚོད་ལ་བསླེབས་ཡོད་པས། ཁོ་ཡང་སྒམ་ཆེན་བླ་མའི་སྐུ་ཕྲེང་བརྒྱད་པ་ཡིན་པའི་ཐད་ནས་སྐུ་ཕྲེང་གོང་མ་དག་གི་རྣམ་ཐར་དང་དུ་བླངས་ཏེ་རང་ཉིད་གཅིག་པུ་རྒྱབ་རིའི་རྩེ་ལ་ལབ་ཙེ་བསྟོད་པར་འགྲོ་དགོས་ཚུལ་དེ་ཡིན་ཞིང་། དེ་དང་སྦྲགས་ཁོའི་སེམས་སུ་ཤུགས་ཀྱིས་འཆར་བ་ཡོང་ནི་ཁོ་ཁྲི་ཁར་བསྡད་དེ་ཉིན་མང་པོ་མ་འགོར་བར་ད་ལྟའི་བར་དུ་མཚན་མོར་གཉིད་དུ་ཡུར་ཐེངས་རེར་རྨི་བཞིན་པའི་འཇིགས་རུང་གི་རྨི་ལམ་དེ་རེད།

        ཁོ་རང་པེ་ཅིང་དུ་འབྱོར་བའི་མཚན་མོ་རེར་ཁོས་སླར་རང་དགོན་པར་ཡོད་དུས་ཀྱི་རྨི་ལམ་དེ་བཏང་མོད། ཡ་མཚན་པ་ཞིག་ལ་ད་ཐེངས་ཀྱི་རྨི་ལམ་འདིའི་ཁྲོད་ནས་ཁོ་རང་གི་སྟེང་དུ་སོག་ལེ་རྒྱག་མཁན་གྱི་བུད་མེད་འཇིགས་སུ་རུང་བ་དེ་ནི་སྔར་ལྟ་བུའི་གཟུགས་མི་སྡུག་པའི་བུད་མེད་དེ་མིན་ཞིང་། བཞིན་བཟང་ལེགས་མཛེས་དཔལ་གྱིས་བརྒྱན་པའི་བུད་མེད་ཅིག་ཡིན་ལ། མོ་རང་སྨུག་པ་དང་འགྲོགས་ནས་ཚུར་ཡོང་སྐབས་ཀྱང་ཨག་རྒྱངས་སོགས་ཅི་ཡང་མི་བྱེད་པར་ལ་གཞས་སྙན་སང་ངེ་བ་ཞིག་བླངས་ཏེ་ཁོའི་ཟུར་དུ་ཐོན་ཏེ་ཁོ་ལ་དགའ་དགའ་དང་གཅེས་གཅེས་ཀྱི་རྣམ་པ་མང་དུ་སྟོན་པ་དང་། སྐབས་སྐབས་སུ་མོའི་ལག་པ་ཁོའི་ཕྱོགས་སུ་བསྲིངས་ཏེ་མོ་ལ་ལག་འཇུག་བྱོས་ཟེར་བ་ལྟ་བུའི་རྣམ་པ་མང་དུ་མངོན་པར་བྱེད།

        ལོ་དེར་ཁོ་ལ་ཁྲི་འདོན་བྱས་རྗེས་གཏམ་རྒྱུད་འདི་འདྲ་ཞིག་གང་སར་འཕུར་མྱོང་སྟེ། སྒམ་ཆེན་བླ་མའི་སྤྲུལ་སྐུ་ཁྲི་འདོན་བྱེད་སྐབས་ནམ་མཁར་འཇའ་གུར་སྣ་ཚོགས་ཤར་ཡོད་པ། མེ་ཏོག་གི་ཆར་བ་བབས་པ། འདུ་ཁང་གི་གཤམ་འོག་ཏུ་རང་བསྲེལ་གྱི་རིལ་བུ་མང་པོ་བབས་ཡོད་པ་དང་། ད་དུང་སྤྲིན་གསེབ་ནས་ལྷ་ལྷ་མོའི་གཟུགས་སྐུ་མངོན་པ་ལྟ་བུའི་དགེ་མཚན་གྱིས་སྤྲས་པའི་སྐད་ཆ་མང་པོ་ཞིག་སྒམ་ཆེན་ལུང་པ་ལས་བརྒལ་ཏེ་ཕྱོགས་གང་སར་མཆེད་ཅིང་ཀུན་ཀྱིས་དགའ་དད་མོས་གསུམ་བྱེད་ས་ཞིག་ཏུ་གྱུར། སྐབས་དེར་ཁོང་ཡང་མཐོན་པོ་ཁྲི་ཡི་སྟེང་དུ་བརྗིད་ཉམས་ཀྱིས་འགྱིང་ཞིང་། མང་ཚོགས་གྲངས་ཀྱིས་མི་ཟིན་པ་ཞིག་དང་དགོན་སྡེ་བཅུ་ཙམ་གྱིས་གསོན་ན་སྐྱིད་སྡུག་ཞུ་ས། ཤི་ན་རྣམ་ཤེས་བཅོལ་ས་ཡི་སྐྱབས་ཀྱི་དྭངས་མ་ཉིད་དུ་གྱུར།

        སྐབས་དེར་ཁྲི་འདོན་བྱེད་དུས་ཀྱང་། གཟིམ་ཁང་ནས་འདུ་ཁང་གི་སྒོ་ཆེན་བར་དུ་དགོན་གཞུང་དང་དེ་འབྲེལ་གྱི་བུ་དགོན་དག་གི་གྲྭ་བ་ཉིས་བརྒྱ་ལྷག་གིས་སེར་ཕྲེང་བསྟར་ཞིང་། དེའི་ཁྲོད་ཀྱི་གྲྭ་བ་རྒན་པ་རེ་གཉིས་ཀྱིས་ཁོང་གི་གཡས་གཡོན་ནས་བསྐྱོར་ཞིང་། ཁོའི་སྔོན་དུ་གྲྭ་བ་རྒྱགས་པ་ཞིག་གིས་ཆོས་གོས་སེར་པོ་མནབས་ཤིང་ཕྱག་ཏུ་སྤོས་སྣ་བཟུང་སྟེ་ཕྱག་གཡོན་པས་སྤོས་སྣ་མདུན་གྱི་ནམ་མཁར་ཚད་ལ་རན་པའི་ཚུལ་གྱིས་ཕར་འཁྱེར་ཚུར་འཁྱེར་བྱེད་ཅིང་གོམ་པ་ཅུང་ཙམ་དལ་བའི་ངང་མདུན་དུ་སྤོས་ཤིང་བསང་དུད་དང་རོལ་མོ་སྣ་ཚོགས་ཀྱིས་མདུན་བསུས། ཁོང་གི་དབུ་ལ་གདུགས་དང་། སྐུ་ལ་གོས་ཆོས། ནང་འགག་སེར་པོ། ཤམ་ཐབས་གླེགས་བུ་ཅན་མནབས་ཤིང་། ད་དུང་འདུ་ཁང་གི་སྒོ་ཆེན་ལས་ཁྲི་རྩེའི་བར་གྱི་ས་ངོས་སུ་ས་རྩི་དཀར་པོ་ཡིས་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་སྣ་ཚོགས་བྲིས་ཡོད་པ་དང་། ལྷ་སྲས་ཀྱང་མང་ཚོགས་ཁྲི་གཅིག་ལ་ལོན་པ་ཙམ་གྱི་དབུས་ནས་ཞི་དལ་དང་བག་ལྷོད་ཀྱིས་ས་རྩི་དཀར་པོས་རི་མོ་བྲིས་ཡོད་པ་དེའི་སྟེང་དུ་གོམ་པ་ཤུགས་ཀྱིས་བླངས་ཏེ་གསེར་ཁྲིའི་རྩར་ཕེབས་ཤིང་སྤྲུལ་ཞུ་སོགས་མནབས་ཏེ་རྟེན་འབྲེལ་གྱི་མནྡལ་བཞེས་ཤིང་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་བརྗིད་ཆེ་བ་དག་བླངས། ཁྲི་སྟོན་གྱི་ཆོ་ག་སོགས་ཕྱོགས་གང་ཐད་ནས་གདུལ་བྱ་ཀུན་ཀྱི་ཡིད་ཚིམ་པ་ཞིག་བྱས་ཏེ་ཐམས་ཅད་དགའ་སྤྲོའི་ངང་གྱེས།

        ལྷ་སྲས་པེ་ཅིང་དུ་ཡོང་དོན་ནི་དད་ལྡན་དག་ལ་ཆོས་ཀྱི་འཁོར་ལོ་སྐོར་བའི་ཆེད་དུ་མིན་ལ། གནས་བྱིན་ཅན་དག་ལ་མཇལ་སྐོར་དུ་ཡོང་བའང་མིན། དེ་ནི། ཁོ་རང་དགོན་པས་གནས་དབྱུང་བཏང་སྟེ་ཡུལ་གཞན་འགྲོ་ཐབས་མ་བྱུང་བར་པེ་ཅིང་གི་གྲོགས་པོའི་སར་ཡོང་བ་ཡིན། ཁོ་རང་དགོན་པས་གནས་དབྱུང་གཏོང་དོན་ཁོས་དགོན་པའི་སྒྲིག་ལམ་དང་འགལ་བ་བྱས་པའི་རྐྱེན་ཡང་མིན། སྒམ་ཆེན་འབྲོག་ལུང་དགོན་པའི་ལོ་རེའི་བསང་མཆོད་ཀྱི་ཉིན་མོར་སྒམ་ཆེན་སྐུ་ཕྲེང་སྔོན་མ་དག་གི་ཕྱག་སྲོལ་ལྟར་ལྷ་སྲས་ཀྱང་རྒྱབ་རིའི་རྩེའི་ལབ་ཙེ་སྟོད་དུ་གཅིག་པུ་འགྲོ་དགོས་པའི་རྐྱེན་དེའི་དབང་གིས་ལྷ་སྲས་ཀྱིས་མཚན་རེར་རྨིས་པའི་འཇིགས་རུང་གི་རྨི་ལམ་དེ་དང་། སྐུ་ཕྲེང་གོང་མ་དག་ཀྱང་ལབ་ཙེའི་ཁར་སོང་ནས་ཕྱིར་ཐོན་རྗེས་ཀྱི་གནས་ཚུལ་དག་ཁོའི་ཉེ་གནས་ཀྱི་ངག་ལས་ཐོས་རྐྱེན་ཁོ་རང་ལབ་ཙེའི་ཁར་འགྲོ་རྒྱུར་ཤིན་ཏུ་སྐྲག་ཤིང་དེ་ལས་གཡོལ་ཐབས་ཀྱི་ཐབས་ཤེས་མང་པོ་བཙལ་བ་དང་། གནས་ཚུལ་དེའི་དབང་གིས་ཁོས་དགོན་པ་དང་གདུལ་བྱ་དག་ལའང་ཐེངས་མང་རིང་བསླུ་བྲིད་གཏོང་མྱོང་ཡོད་དེ། ཁོ་ཁྲི་ཁར་བཞག་པའི་ལོ་དེར་རྒྱབ་རིའི་རྩེར་ལབ་ཙེ་སྟོད་དུ་འགྲོ་བའི་ཟོལ་གྱིས་རྒྱབ་རིའི་སྐེད་ཀྱི་བྲག་ཁུང་ཞིག་ཏུ་ཉིན་གསུམ་གྱི་རིང་དུ་ཡིབས་ནས་བསྡད་པ་དང་། ཉིན་གསུམ་འགོར་རྗེས་མར་བབས་པས་ཁོའི་སྟེང་དུ་གདོང་མ་བཀྲུས་པའི་རྣམ་པ་ཙམ་ལས་འགྱུར་བ་ཅི་ཡང་མེད་པ་ལ། ཁམས་དྭངས་མི་དྭངས་ཀྱི་གནས་ཚུལ་ཡང་མེད་པས་དགོན་གཞུང་དང་གདུལ་བྱ་དག་གིས་སྒམ་ཆེན་བླ་མའི་སྤྲུལ་སྐུ་འདི་ནི་སྤྲུལ་སྐུ་དག་མ་ཞིག་ཡིན་ས་རེད།

         སྐུ་ཕྲེང་གོང་མ་དག་ལོ་རེར་རྒྱབ་རིའི་རྩེའི་ལབ་ཙེ་སྟོད་དུ་སོང་སྟེ་ཕྱིར་ཕེབས་རྗེས་སྐུ་ཁམས་མི་དྭངས་བ་སོགས་ཀྱི་གནས་ཚུལ་མང་དུ་བྱུང་ཡང་ཁོང་ལ་གནས་ཚུལ་དེ་འདྲའི་ཟུར་ཙམ་ཡང་མེད་པས་སྐུ་ཕྲེང་སྔོན་མ་དག་ལའང་བལྟས་ནའང་ནུས་པ་ཆེན་པོ་ཡིན་ཚོད་འདུག་ཅེས་དངོས་ཤུགས་གང་རུང་ནས་གླེང་། ལོ་དེའི་ཕྱི་ཉིན་ཡང་ལྷ་སྲས་ཀྱིས་སྔར་བཞིན་ལབ་ཙེ་གཏོད་དུ་འགྲོ་སྐབས་བྲག་ཁུང་དུ་འདུག་དགོས་པའི་འཆར་གཞི་སེམས་སུ་བཟུང་ནས་ཉིན་དེའི་ཉིན་གུང་ཙམ་གྱི་དུས་སུ་སྔར་བསྡད་སའི་བྲག་ཁུང་དེར་ཐོན་ཞིང་། དགོན་པའི་རྒྱབ་རིའི་མདུན་ཕྱོགས་ནས་འཕྲོས་པའི་ཉི་འོད་དེ་བྲག་ཁུང་དང་ལྷ་སྲས་ཀྱི་གདོང་ལ་ཕོག་སྟེ་ཚ་བེར་བེར་གྱི་སྣང་བ་ཞིག་བྱིན་ཞིང་། ལྷ་སྲས་ཀྱིས་རང་གི་གདོང་ལ་ཕོགས་པའི་ཉི་འོད་དང་། ད་དུང་ཉི་འོད་དེའི་བྱིན་པའི་ཚ་བེར་བེར་གྱི་ཚོར་བ་དེ་ནི་ཉི་འོད་ཀྱིས་ཀྱང་ཁོ་རང་ལ་ངོ་ཚ་བྲལ་ཞིང་ཁྲེལ་དང་མི་ལྡན་པ་ཞིག་རེད་ཅེས་དམོད་ཀྱིན་པ་ལྟ་བུའི་ཚོར་བ་ཞིག་བྱུང་སྟེ་ད་ལྟ་རང་གིས་བྱེད་བཞིན་པའི་གནས་ཚུལ་ལ་བསམ་བློ་མི་གཏོང་ག་མེད་དུ་གྱུར།

         ལབ་ཙེ་གཏད་རྒྱུའི་དུས་ཚོད་ཡོལ་ནས་ཉིན་ཁ་ཤས་འདས་པའི་དུས་སུ་སྒམ་ཆེན་འབྲོག་ལུང་དགོན་པ་དང་ཡུལ་སྡེའི་ནང་དུ་ཡིད་ཆེས་བྱེད་ཐབས་བྲལ་བའི་དོགས་གཞི་ཆེན་པོ་ཞིག་གིས་མི་ཡོངས་ཀྱི་སེམས་ཁམས་ཀྱི་ལྷིང་འཇགས་དཀྲོགས་ཤིང་། ཐམས་ཅད་སེམས་མི་བདེ་བའི་ངང་གནས་ཡོད། དེ་ནི་སྔར་ལྟར་ཡུལ་སྡེའི་ནང་དུ་མི་ཤི་རྟ་འགྱེལ་གྱི་རྐྱེན་ངན་བྱུང་བས་མ་ཡིན་ལ། དེ་ནི་ཏག་ཏག་ད་ལྟའི་བར་ཐམས་ཅད་ཀྱིས་སྤྱི་བོའི་གཙུག་དང་སེམས་ཀྱི་གསང་དུ་བཟུང་བའི་སྒམ་ཆེན་སྐུ་ཕྲེང་བརྒྱད་པའི་སྤྲུལ་སྐུ་ནི་སྤྲུལ་སྐུ་དག་མ་མིན་རབས་ཀྱི་ལོ་རྒྱུས་དེ་རེད།

        སྒམ་ཆེན་དགོན་ལ་མཚོན་ན་སྒམ་ཆེན་བླ་མ་གཅིག་པུ་ལས་བླ་མ་གཞན་མེད་པ་དེ་འདྲ་མ་ཡིན་ཏེ། དེའི་ཁྲོད་དུ་མཁས་བཙུན་བཟང་གསུམ་འཛོམས་པའི་བླ་མ་ཡོད་ལ། ཁྲིའི་མཐོ་དམའ་ཡང་རིམ་པ་ལྟར་ཡོད། དེའི་ཁྲོད་ཀྱི་བླ་མ་བྲག་ནག་་ཟེར་བ་དེ་ནི་སྒམ་ཆེན་བླ་མ་སྐུ་ཕྲེང་བདུན་པའི་ཐུགས་ཀྱི་བུ་ཆེན་དང་ཚ་བུའང་ཡིན། ད་ལྟའི་ཆར་སྒམ་ཆེན་སྐུ་ཕྲེང་དྲུག་པའི་ཡན་ལ་དབང་ཆེན་ཞིག་ཡོད་པ་ནི་ཁོང་རེད། ཁོང་ནི་ཕར་བལྟས་ཚོད་གཟམ་ཤམ་སྐྱོ་བོ་གྱོན་མཁན་དང་ཚུགས་ཀ་རྫོབ་པོ་ཡིན་ནའང་། སྒམ་ཆེན་དགོན་པའི་ནང་ལ་ཁོང་གི་བླ་བྲང་ལས་ཕྱུག་ཅིག་མེད། ཁོ་རང་རྒྱུན་དུ་བལ་ཡུལ་སོགས་ནང་ཆོས་དང་འབྲེལ་བ་ཡོད་པའི་གནའ་ཤུལ་མང་པོར་གནས་མཇལ་འགྲོ་གི་ཡོད་པ་དང་། བླ་ཆེན་པོ་མང་པོར་མཇལ་འཕྲད་གནང་གི་ཡོད། ཀུན་ཀྱི་ཡིད་ལ་མ་འཁོར་ཞིང་རྣར་མི་འགྲོ་བ་ནི་ད་ཐེངས་སྒམ་ཆེན་སྤྲུལ་སྐུ་དག་མ་རེད་མི་འདུག་ཟེར་བ་ནི་བླ་མ་བྲག་ནག་འཁོར་དང་བཅས་པ་ཡིན་ཏེ། ཁོང་གིས་ཞབས་བརྟན་གསོལ་འདེབས་བྲིས་ཡོད་སའི་ཤོག་བུ་མང་པོ་དང་། ད་དུང་ཕྱག་ཐེམ་མང་པོ་བརྒྱད་ཡོད་པའི་ཤོག་ལྟེབ་མང་པོ་བསྟན་ཏེ། ཁྱེད་ཚོས་ལྟོས། འདི་ལ་ཅི་བྲིས་འདུག འདི་ནི་བླ་མ་ག་གེ་མོས་བྲིས་པ་རེད།འདི་ནི་མཁའ་འགྲོ་ཆེ་གེ་མོས་བྲིས་པ་རེད། མདོར་ན་ལ་ལུང་མང་པོ་ཞིག་གསུངས་ཤིང་མང་པོ་ཞིག་བསྟན་ཡང་། དོན་དུ་ད་ལྟའི་སྒམ་ཆེན་སྤྲུལ་སྐུ་ནི་སྒམ་ཆེན་སྐུ་ཕྲེང་བདུན་པའི་སྤྲུལ་སྐུ་དག་མ་མིན་པ་སྒྲུབ་བྱེད་ཀྱི་བདེན་དཔང་རྐྱང་རྐྱང་རེད། ཁོང་གིས་གསུངས་རྒྱུར་འཛམ་གླིང་གི་ཕྱི་ནང་གང་སར་བཞུགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དག་གིས་མགྲིན་བརྒྱ་དབྱངས་གཅིག་གིས་གསུངས་ཤིང་ངོས་འཛིན་ཡང་དག་བྱས་པའི་སྒམ་ཆེན་བླ་མའི་སྤྲུལ་སྐུའི་མཚན་འདི་རེད་ཅེས་ཁོང་གི་ཚ་མོའི་བུ་འབྲིང་བའི་མིང་ནས་བཟུང་ཞིང་དེ་ལ་ལྷན་ཐབས་ཀྱི་སྐད་ཆ་མང་པོ་ཞིག་མང་ཚོགས་ཀྱི་སེམས་སུ་བཞག ད་དུང་སྤྲུལ་སྐུ་དག་མ་འཚོལ་བའི་ཆེད་དུ་ཁོ་རང་ངོས་ནས་དཀའ་ལས་མང་པོ་བརྒྱབ་པ་ཡིན་ཞེས་དགོན་པ་དང་མང་ཚོགས་ལ་ཤ་ཚ་མདོག་གི་ཚུགས་ཀ་བསྟན།

         ཁ་ཕྱོགས་ངེས་མེད་དུ་རྒྱུ་བཞིན་པའི་རླུང་བུ་དེས་ཡངས་ཤིང་སྲབ་པའི་ཤིང་བལ་རེ་ཁུར་ཏེ་ཕྱི་དྲོའི་དུས་ཚོད་ཕར་བདས་ཤིང་། དུས་ཚོད་ཐུང་ངུ་དེའི་ཡུན་དུའང་འཇིག་རྟེན་ཁམས་ཀྱི་བྱ་དངོས་མང་པོ་ཞིག་གི་ངོ་བོ་འགྱུར་ཏེ་ལ་ལའི་བདེ་སྐྱིད་ཀྱི་རང་བཞིན་དེ་སྡུག་བསྔལ་གྱི་ངོ་བོར་གྱུར་ཞིང་། ལ་ལའི་མཛེས་པ་དང་ཡིད་འོང་དེ་མི་མཛེས་པ་དང་མི་སྡུག་པ་ཉིད་དུ་གྱུར། དེ་བས་རྟག་པ་དང་འཛིན་ཐབས་བྲལ་བ་ནི་འཇིག་རྟེན་གྱི་གཤིས་ལུགས་ཁོ་ན་ཡིན་པ་རེད་དམ། ལྷ་སྲས་ཀྱི་སེམས་སུ་དྲི་བ་སྣ་ཚོགས་ཀྱིས་འཚང་ཁ་བྱས་ཏེ་འོང་ཞིང་རླུང་བུས་དཀྲོལ་བའི་སྒམ་ཆེན་དགོན་པའི་འདུ་ཁང་གི་ཕྱོགས་ལས་མཆེད་པའི་ཅོང་སྒྲ་ལ་ཉན་ཞོར་སེམས་པ་ཐག་རིང་གི་ཡུལ་ཞིག་ཏུ་མི་ཕྱོགས་ག་མེད་དུ་གྱུར།

           ལྷ་སྲས་ཀྱིས《སྤྲུལ་སྐུ་འཚོལ་བ།》ཞེས་པའི་དེབ་དེ་ནི་ཁོ་རང་དགོན་པ་ནས་གནས་དབྱུང་བཏང་རྗེས་ཀྱི་ལོ་གསུམ་གྱི་རྗེས་ནས་བྲིས་པ་ཡིན་ལ། ཁོས་དེབ་དེ་བྲིས་ཤིང་དཔར་དུ་བཏང་ནས་སྤྱི་ཚོགས་སུ་བཀྲམ་རྗེས་དེབ་དེའི་ཕྱོགས་སུ་དོ་སྣང་བྱེད་མཁན་མང་དུ་བྱུང་། ཉོ་མཁན་ཡང་ཤིན་ཏུ་མང་པོར་གྱུར་ཏེ་གཟའ་འཁོར་གཅིག་གི་ཡུན་དུ་དེབ་ཁྲི་གསུམ་ལྷག་བྲིན་པོ་བྱུང་། དེའི་ཁྲོད་ནས་ཀྱང་ཉོ་མཁན་མང་ཆེ་ཤོས་ནི་རྒྱ་མི་རྐྱང་རྐྱང་རེད། ཁོའི་དེབ་དེའི་ནང་དུ་ཁོ་རང་གི་མི་ཚེའི་ལོ་རྒྱུས་བརྗོད་པའི་ལྷུག་རྩོམ་མང་པོ་བྲིས་ཡོད་ལ། ཁོ་རང་སྤྲུལ་སྐུ་ཡིན་པ་ནས་མ་ཡིན་པར་གྱུར་བའི་གོ་རིམ་དང་། དེའི་བར་གྱི་འགལ་འདུ་སོགས་ཞིབ་མོ་དར་ཚག་ཀྱི་རྣམ་པས་བྲིས་ཡོད་རྐྱེན། ཁོའི་དཔེ་ཆ་ཀློག་མྱོང་མཁན་ཞིག་ཡིན་ཚེ་ཁོ་ལ་དགའ་བ་མི་བྱེད་མཁན་གཅིག་ཀྱང་མེད་པ་དེ་འདྲར་གྱུར། སྐབས་ཤིག་ལ་ཁོའི་མཚན་སྙན་ཕྱོགས་གང་སར་རྒྱས་ཤིང་ཁོ་ལ་བཅར་འདྲི་བྱེད་མཁན་དང་། གྲོགས་པོ་སྒྲིག་མཁན། ཁོའི་སློབ་མ་བྱེད་འདོད་མཁན་གྱི་མི་ཡང་མང་དུ་མང་དུ་བྱུང་སྟེ་ཁོ་ནི་སྐར་ཆེན་ལྟ་བུ་ཞིག་ཏུ་གྱུར་ནས་འགྲོ་ས་དང་འདུག་ས་ཐམས་ཅད་ནས་མིས་བསྐོར་ཞིང་མིའི་གུས་གུས་དང་ཞུམ་ཞུམ་གྱི་རྣམ་པ་དང་གཏན་དུ་འབྲལ་བ་མེད་པར་གྱུར། ད་དུང་དངོས་ཤུགས་གང་རུང་ནས་ཁ་བཏགས་དང་སྐུ་གསུང་ཐུགས་རྟེན་བཟུང་སྟེ་མི་སྐོར་ཚོགས་སྐོར་ཚོགས་ཚུལ་གྱིས་ཁྱེད་རང་ངེད་ཀྱི་དགོན་པའི་བླ་མ་ག་གེ་མོའི་སྤྲུལ་སྐུ་ཡིན་ཚུལ་དང་། གྲུབ་ཆེན་ག་གེའི་མོའི་རྣམ་སྤྲུལ་ཡིན་ཚུལ་སོགས་མང་དུ་ལབ་སྟེ་ཁོ་རང་སྤྲུལ་སྐུ་ཉིད་དུ་འཚོལ་མཁན་ཡང་མང་ནས་མང་དུ་བྱིན། ཡིན་ཡང་། ཁོ་ནི་སྔར་བཞིན་ཁོས་བྲིས་པའི་《སྤྲུལ་སྐུ་འཚོལ་བ།》ཞེས་པའི་དེབ་ནང་གི་སྤྲུལ་སྐུ་དེ་ལས་གཞན་གང་ཡང་མ་བྱས་སོ།།

                                   ___2017/7/7ཉིན་པེ་ཅིང་དུ་བྲིས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།