ང་ནི་བླ་རུང་སྒར་གྱི་བྱ་ཞིག་ཡིན།

68860

  


རྩོམ་པ་པོ། ཨ་སྐྱབས་དར་རྒྱས།

 1

ཉིན་དེར།  བླ་རུང་སྒར་ལ་ཁ་བ་འབབ་ཀྱིན་འདུག ཁ་བ་ཤུགས་ཀྱིས་བབས་པས། ཡུལ་གྲུ་འདིའི་རི་ར་བ་ཁང་ཁྱིམ་ཁ་བའི་འོག་ཏུ་མནན་ནས་དཀར་བོང་བོང་བྱེད།  འོ་རེད་ལགས། ང་ནི་བྱ་ཞིག་ཡིན། བླ་རུང་སྒར་གྱི་དུར་ཁྲོད་ནང་གི་བྱ་རྒོད་ཅིག་ཡིན། ང་ནི་སྒར་གྱི་དུར་ཁྲོད་ནང་གི་བེམ་པོར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དེ་རིང་ནི་མིའི་རིགས་ཀྱི་སྤྱི་ལོ2016ལོའི་དགུན་ཟླ་བཅུ་བའི་དཀྱིལ་ཞིག་རེད། ཉིན་དེར།  དུར་ཁྲོད་དུ་ཇོ་མོ་ཞིག་གི་ཤ་ཁྲག་ལ་རོལ་པ་ཡིན། ཇོ་མོ་དེ་ནི་བླ་རུང་སྒར་གྱི་ཇོ་མོ་ཞིག་རེད།  ལ་ལས་མོ་ནི་རང་སྲོག་བཅད་དེ་ཤི་བ་རེད་ཟེར། ལ་ལས་མོ་ནི་ནད་ཀྱིས་ཁྱེར་བ་རེད་ཟེར།  གང་ལྟར་ཉིན་དེར་མོ་ཤི་སོང་།

བླ་རུང་དུར་ཁྲོད་ནང་གི་བྱ་རྒོད་གཞན་དག་དང་འདྲ་བར། ངས་ཇོ་མོ་དེའི་ཤ་ཚིལ་ཡིད་ཚིམས་པ་ཞིག་ལོངས་སུ་སྤྱད་པ་ཡིན། མི་ཤ་གསར་པ་འདི་ལ་ནད་དྲི་ཅི་ཡང་མེད་པས།  ངས་ཁོ་མོ་དོན་རྐྱེན་གང་རུང་ཞིག་གིས་རང་སྲོག་བཅད་པ་མིན་ནམ་སྙམ། ང་ནི་བྱ་ཞིག་ཡིན་པས་དོན་དངོས་གསལ་པོ་ག་ལ་ཤེས། ཇོ་མོ་དེ་སུ་ཡིན་ནམ། ངོ་མི་ཤེས་པའི་མི་ཞིག་གིས་དེ་ནི་བླ་རུང་སྒར་གྱི་ཇོ་མོ་ཡིད་འཛིན་མཁའ་འགྲོ་རེད་ཟེར། དེ་ནི་ངས་གོ་ཐོས་ཙམ་ཡིན།  དྲང་མོ་བཤད་ན། ད་ལྟ་ང་ལ་བྱ་ལུས་ཞིག་ཡོད་པ་མ་གཏོགས། ང་ཡང་སྔོན་ཆད་བླ་རུང་སྒར་གྱི་ཇོ་མོ་ཞིག་ཡིན་པ་འདྲ། ང་རང་སྒར་གྱི་ཇོ་མོ་ཡིན་དུས། ངས་ཉིན་མཚན་དབྱེར་མེད་དུ།  སྒོམ་ཉམས་ལེན་བྱས་ཏེ་འཆི་རྐྱེན་ངེས་མེད་དང་།  ནམ་འཆི་ཆ་མེད་ཡིན་པ་ཉམས་ལེན་བྱས།  མོ་ཤི་སོང་བ་ནི་དོན་དངོས་ཞིག་ཡིན་ཡང་། ངས་མོ་རང་ལོ་འདིར་ཅིའི་ཕྱིར་ཤི་སོང་བ་གཏན་ནས་ཧ་གོ་མ་སོང་།

      གསལ་པོ་ཤེས་པ་ནི་ང་རང་སྒར་གྱི་བྱ་ཞིག་ཡིན་པ་དེ་ཡིན་ལ། མཚམས་རེར།  ངས་རང་ཉིད་ནི་ཡིད་འཛིན་མཁའ་འགྲོ་རེད་བསམས་བྱུང་།  ནམ་རྒྱུན་ང་བྲག་ཐེམ་ཞིག་ཏུ་ཉལ་བར་གོམས་ཡོད་ལ།  བྲག་ཐེམ་ནས་ཉལ་ཏེ་ཉི་འོད་གོས་སུ་གྱོན་ནས་བསམ་གཞིག་བྱེད་དུས།  ངས་རང་ཉིད་ནི་སྐྱེ་བ་སྔ་ཕྱི་དྲན་ལ་ཚེ་འདིར་འཇའ་ལུས་ཐོབ་པའི་ཇོ་མོ་ཡིད་འཛིན་མཁའ་འགྲོ་རེད་འདོད།  ང་ནི་བྱ་ཞིག་ཡིན་ཡང་ཡིད་ཆེས་དེ་ཉིན་རེ་ལས་ཉིན་རེ་ཇེ་བརྟན་རེད།

 2

       བྲག་ཐེམ་དུ་ཤུར་ཤུར་ལྡང་བའི་ལྷགས་རླུང་གིས་ངའི་སྒྲོ་གཤོག་སིལ་སིལ་བསྒུལ་བྱུང་། འོན་ཀྱང་ངའི་དྲན་ངོགས་ཀྱི་དོན་དག་ནི་མེ་ལོང་ནང་གི་རི་མོ་ཇི་བཞིན་ཇི་འདྲའི་གསལ་བ་ལ་ཨང་། ཉི་མ་ནུབ་རིར་བཞུད་ལ་ཉེ།   དེ་ནི་མིའི་རིགས་ཀྱི་སྤྱི་ལོ755ལོའི་དབྱར་དུས་ཤིག་རེད། ལུང་པའི་ཁ་ནུབ་དུ་ཕྱོགས་ལ།  ཉི་འོད་ནམ་ཡང་མི་འཕྲོ་བའི་འགག་འཕྲེང་དོག་པོ་ཞིག་གི་ནང་དུ།  མགོས་ཁྲི་བཟང་དང་ཞང་ཉ་བཟང་ཟེར་བའི་བློན་པོ་གཉིས་ཀྱིས་རྟ་པ་བཅུ་སྐོར་ཞིག་ཁྲིད་ནས་རྔམ་རྔམ་ཤུགས་ཤུགས་ཀྱིས་སླེབས་བྱུང་། 

         ཞང་ཉ་བཟང་གི་མགོ་རྨོག་དཀར་གྱི་དར་འཕྲུ་དགུང་དང་མཉམ་ལ། ལུས་ཁྲབ་དཀར་གྱི་རྒྱབ་དར་རླུང་གིས་བསྐྱོད་བཞིན་དགྲ་བླའི་གོ་མཚོན་སྣ་དགུ་སྐུ་ལ་གསོལ་ཏེ་མི་ནག་རྟ་ནག་ཅན་ཞིག་ཁྲིད་འདུག་ལ།  མི་ངོ་གདོང་ནག་པོ་སོལ་བའི་མདོག་དང་འདྲ་ལ། མིག་རྩ་དམར་པ་ཁྲག་གི་བླུགས་ཡོད་པ་དེ་ཉིད་ཐག་པས་དམ་དུ་བསྡམས་ནས། ཕྱི་བཀྱིག་ཨ་ལོང་བཀུག་འདྲ།  ཨ་ལོང་འཕར་ཁ་མེད་ལེ། ནང་བཀྱིག་གྲུ་གུ་བསྡམས་འདྲ།  གྲུ་གུ་ཁུག་སོ་མེད་ལེ་ཞིག་བྱས་ནས་རྟ་ཕོ་ནག་པོ་ཕོ་རོག་འདྲ་བ་དེའི་སྒ་ཐོག་ལ་བཅིངས་འདུག མི་འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བོན་བློན་ཆེན་པོ་མ་ཞང་ཁྲོམ་པ་སྐྱེས་ཟེར་བ་དེ་རེད།

     མགོས་ཁྲི་བཟང་ལུང་པ་དེ་ཡི་རྡོ་ཕ་བོ་གཡག་རོ་འདྲ་བ་ཞིག་གི་གམ་དུ་ཐོན་དུས། རྟ་གོང་ནས་མ་ཞང་ཁྲོམ་པ་སྐྱེས་ཀྱི་རལ་བ་ནས་བཟུང་སྟེ་ཅལ་གྱིས་ཐང་ལ་གཡུག་པ་དང་། འཁོར་གཡོག་རྣམས་ལ་ས་དེ་ནས་དོང་རིམ་པ་དགུ་ཡོད་པ་ཞིག་རྐོ་རུ་བཅུག  ཞང་ཉ་བཟང་གིས་ཁ་ནས་ཁྲག་དམར་ཛར་བཞིན་པའི་མ་ཞང་ཁྲོམ་པ་སྐྱེས་ཀྱི་རྐང་པ་ནས་བཟུང་སྟེ་དོང་ནང་དུ་ཁ་ཐུར་ལ་བསྐོར་ནས་བཅུག་པ་དང་། མགོས་ཁྲི་བཟང་གིས་དོང་ཁ་ཚེར་ནག་གིས་བཅད།  སྤྱི་ལོ755ལོའི་དབྱར་དུས་ཀྱི་ས་སྲོད་ཅིག་ལ། ལྟད་མོ་ཨ་སྔོན་དགུང་དང་བར་བ་དོག་མོ་ས་ལས་མེད་པ་ན། བོན་བློན་མ་ཞང་ཁྲོམ་པ་སྐྱེས་འདི་ལྟར་དབུགས་ཀྱི་རྒྱུ་བ་མ་འགག་པའི་སྔོན་དུ་གསོན་པོར་དུར་ལ་བཅུག་སོང་།

  3

    ཁ་བ་ལྷབ་ལྷུབ་ཏུ་ལྡང་བའི་ཉིན་ཞིག་ལ། བླ་རུང་སྒར་གྱི་ཇོ་མོ་ཡིད་འཛིན་མཁའ་འགྲོ་ཚེ་ལས་འདས་སོང་།  ཙག་རླུང་ཤུགས་ཀྱིས་ལྡང་ཡང་། གནམ་ཨ་སྔོན་གྱི་ཁ་རྒྱ་གཅོད་པ་ནི་བྱ་ཞིག་གི་ལས་དབང་མིན་ནམ། ང་ནི་བླ་རུང་སྒར་གྱི་བྱ་ཞིག་ཡིན། ལ་ལས“ངའི་རྣམ་ཤེས་ནི་ཇོ་མོ་ཡིད་འཛིན་མཁའ་འགྲོ་རེད”ཟེར། ལ་ལས“ཇོ་མོ་ཡིད་འཛིན་མཁའ་འགྲོར་ཕྱིར་མི་ལྡོག་པའི་གོ་འཕངས་ཐོབ་ཟིན་པས་ད་དུང་འཁོར་བའི་གནས་སུ་འཁྱམ་མི་སྲིད་ལ།   བྱ་ཞིག་གི་ལས་ནི་དེ་བས་ཀྱང་ལེན་མི་སྲིད་ལ།  གལ་ཏེ་བྱ་ལུས་ཞིག་བླངས་ཡོད་ན། ཁོང་ནི་ཤ་ཟ་མཁའ་འགྲོ་ཞིག་གི་སྤྲུལ་པ་ལོས་ཡིན”ཟེར།

    ཇོ་མོ་ཡིད་འཛིན་མཁའ་འགྲོ་བླ་རུང་སྒར་ལ་ཡོང་དུས།  མོ་ནི་གསེར་སྟོད་འབྲོག་ཕྱོགས་ཀྱི་ཕྱུག་པོ་ཚང་ཞིག་གི་བུ་མོ་ཆེ་བ་དེ་ཡིན་ལ།  ཆུང་དུས་སློབ་གྲྭར་འགྲོ་མ་མྱོང་ཡང་། མོས་ཨ་ཁུ་གྲྭ་པ་ཞིག་ཡོད་པ་དེའི་མདུན་ནས་བོད་ཡིག་རང་སྦྱོང་བྱས་ཏེ།  བཟང་སྤྱོད་དང་བདེ་སྨོན་ཡིག་ཐོག་ནས་ཐོག་པ་མེད་པར་འདོན་ཤེས་ལ།  རྟག་ཏུ་འབུ་གྲོག་མ་ཞིག་ཡིན་ཡང་རྐང་འོག་ནས་གསོད་པར་སེམས་ཆུང་བྱེད་མཁན་ཞིག་ཡིན།  ཆར་བ་ཟིམ་ཟིམ་དུ་བབས་ནས་ཁུ་བྱུག་གིས་སྐད་སྙན་སྒྲོག་གིན་མཆིས།

         ཉིན་དེར། ཡིད་འཛིན་མཁའ་འགྲོ་རི་སྒང་ཞིག་ན་ཕྱུགས་རྫི་ཡིན། མཚམས་ཤིག་ལ། མོ་རང་གད་པ་ཞིག་གི་འགྲམ་ནས་གཉིད་དུ་ཡུལ་སོང་། རྨི་ལམ་དུ།  འཇའ་འོད་གོས་སུ་མནབས་པའི་མཁའ་འགྲོ་མ་གྱོན་གོས་དཀར་པོ་ཅན་ཞིག་གིས་མོ་རྒོད་ཐང་དཀར་ཞིག་གི་གཤོག་ཁུག་ཏུ་བཞག་ནས་ནུབ་ཕྱོགས་སུ་འཕུར་འགྲོ་བ་རྨིས་ལ།  གཉིད་ལས་སད་དུས་ལུས་སེམས་ཡོངས་སུ་བདེ་སྣང་བརྗོད་མི་ཤེས་པ་ཞིག་གིས་ཁྱབ་འདུག ཕྱི་ཉིན་མཐོ་རི་བོས་ཉི་མའི་གསེར་ཞྭ་གྱོན་པའི་དུས་དེར། ཡིད་འཛིན་མཁའ་འགྲོ་ཨ་ཁུ་གྲྭ་པ་ལ་འགྲོགས་ནས་བླ་རུང་སྒར་དུ་ཇོ་མོ་བྱེད་པར་ཡོང་། 

  ཕྱི་དྲོའི་ཉི་ཟེར་གཉོམ་པོའི་གྲིབ་ནག་དེ་བླ་རུང་སྒར་གྱི་བཀྲ་ཤིས་ལུང་པའི་སྒང་ཐོག་ལ་བབས་འདུག ངས་གཤོག་ཟུང་མཁའ་རུ་བརྒྱངས་ནས་བླ་རུང་སྒར་གྱི་བྱུ་རུའི་མཚོ་མོ་འཕྱུར་འདྲའི་གྲྭ་ཤག་དང་།  ངུར་སྨྲུག་ན་བཟའ་གསོལ་བའི་སེར་མོ་བ་དག་ལ་ཡིད་སྨོན་གྱི་མིག་ཟུང་འཆོར་བཞིན།  བླ་རུང་སྒར་གྱི་སྟོད་ཕྱོགས་ཀྱི་སྒྱུ་འཕྲུལ་ལྷ་ཁང་ལ་མཁའ་དབྱིངས་ནས་གཡས་སྐོར་ལན་གསུམ་བརྒྱབས་ཏེ་ནུབ་ཀྱི་ཕྱོགས་སུ་འཕུར། ནུབ་ཕྱོགས་ཀྱི་རི་ངོའི་གཟར་བོའི་བྲག་ཐེམ་དེ་རུ་ངའི་ཚང་མལ་ཡོད། 

    བྲག་ཐེམ་ལ་སླེབས་དུས།  ཉི་མ་ནུབ་རིར་བཞུད་ཟིན་ལ།  ས་ཡང་རིབ་ལ་ཉེ་ཡང་ངའི་དྲན་པ་གློ་བུར་དུ་ཇེ་གསལ་ལ་སོང་།   སྐྱེ་བ་སྔོན་མའི་དུས་ཞིག་ལ།  ང་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཞེས་པ་དེ་ཡིན།  དེའི་དུས། ང་ལ་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་ལ།   གཟིགས་ལང་ཚོ་ཡིད་འཛིན་མཁའ་འགྲོ་ལས་ཀྱང་ལྡབ་འགྱུར་གྱིས་མཛེས་པས། ད་ལྟའི་འདི་འདྲའི་ལུས་ཡོངས་སྒྲོ་སྤུའི་ཁེངས་ལ། ཉམ་ཆུང་བའི་མི་སྡིག་པའི་བྱ་རྒོད་ཀྱི་ལུས་ཕོང་ཞིག་ག་ལ་ཡིན།

4

      ས་ཡོངས་སུ་རུབ་འདུག  བཙན་པོའི་ཕོ་བྲང་གི་སྒེའུ་ཁུང་ནས་མཆོད་མེའི་འོད་མདངས་གཉོམ་པོ་ཞིག་ཕྱི་རོལ་དུ་འཕྲོས་འདུག  འདི་ནི་མིའི་རིགས་ཀྱི་སྤྱི་ལོ755ལོའི་སྟོན་ཁ་ཞིག་གི་མཚན་མོ་རེད། ཕྱི་རོལ་དུ་མུན་ནག་གིས་ཡོལ་བ་མཐུག་པོ་གཡོགས་ནས་མཚན་མོ་འདིའི་ཡོད་ཚད་ཁུ་སིམ་མེར་གནས།  བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མདུན་དུ་ཆོས་བློན་རྦ་གསལ་སྣང་དང་།  བློན་ཆེན་སང་ཤི། མགོས་ཁྲི་བཟང་།  ཞང་ཉ་བཟང་སོགས་འདུས་ནས་གསང་བའི་གྲོས་མོལ་ཞིག་བྱེད་ཀྱིན་འདུག བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཆུང་ཡང་རྣམ་དཔྱོད་དང་བློ་གྲོས་སུས་ཀྱང་འགྲན་ཟླ་བྲལ་ཞིག་རེད།  ཁོང་གིས་གདོང་ལ་སྤྲོ་བའི་འཛུམ་ཆུང་ཞིག་བསྡུས་ནས“ཡ། བརྩེ་བའི་ཆོས་བློན་རྣམ་པ།  དེ་རིང་ཡང་མཚན་མོའི་དུས་སྐབས་འདི་འདྲ་ཞིག་ལ་གྲོས་མོལ་གལ་ཆེན་ཅི་ཞིག་གནང་རྒྱུ་ཡོད”ཅེས་དྲིས།

      མདུན་གྲལ་གཡས་ཕྱོགས་ནས་བློན་ཆེན་མགོས་ཁྲི་བཟང་གིས་རྒྱལ་པོའི་མདུན་དུ་དར་དཀར་པོ་དྲི་མ་མེད་པ་གཅིག་དང་།  གསེར་གྱི་དུང་ཙེ་བཅུ་བཞག་ནས་གུས་པ་ཆེན་པོས“རྒྱལ་པོ་ལགས།  ཁྱེད་རང་ན་ཚོད་ཆུང་བའི་དུས་དེར།  བློན་ཆེན་མ་ཞང་ཁྲོམ་པ་སྐྱེས་གཙོས་པའི་བོན་བློན་དག་གིས་ཁྱེད་ཀྱི་ཕ་ཡབ་བཙན་པོ་མེས་ཨག་ཚོམ་སྐུ་བགྲོངས་པ་དང་། བོད་འབངས་སུས་བན་དེའི་ཆོས་བྱས་ན། རྒྱུ་ནོར་གཞུང་བཞེས་བཏང་ནས་རྒྱང་ཕུད་གཏོང་རྒྱུ་དང་། མི་ཤི་བ་སོགས་ལ་བོན་ལུགས་མ་གཏོགས་མཆོད་འབུལ་བྱེད་མི་ཆོག་པ་དང་། བཙན་པོའི་ཆབ་སྲིད་ཀྱང་བོན་ལུགས་ཀྱིས་སྐྱོང་དགོས་པ་བཅས་ཁྲིམས་སྤེལ་ནས་འབངས་མི་ཡོངས་སྡུག་བསྔལ་གནམ་གྱིས་མི་ཐེག་པ་ཞིག་མྱོང་བཞིན་ཡོད་པ་ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད”ཅེས་སྨྲས། 

      རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དབུ་ནང་དུ་ལྡེམ་ལྡེམ་ཙམ་བྱེད་བཞིན་གསོལ་ཇ་ཁམ་གང་བཞེས་རྗེས།   ཆུ་བོ་བཞིན་རྒྱུན་རིང་བའི་ཞི་ལྷོད་ཀྱི་ཉམས་ཀྱིས“ཡ།  ངས་དོན་ཆེན་འདིར་བསམ་གཞིག་བྱས་ནས་ཡུན་རིང་ཞིག་ཡིན་མོད།  ད་བར་དོན་དག་ཐག་གཅོད་པའི་གྲོས་གཞི་ལེགས་པོ་ཞིག་ཡིད་ལ་འཁོར་མ་བྱུང་།  ཁྱེད་རྒྱལ་པོ་ལ་གློ་བ་ཉེ་བའི་བློན་ཆེན་རྣམས་ཀྱིས་ག་འདྲ་དགོངས་བཞིན་ཡོད” ཅེས་ཡང་བསྐྱར་གཟབ་ནན་གྱིས་དྲིས། 

      ཞང་ཉ་བཟང་གིས་རྒྱལ་པོའི་གསུངས་དེ་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་དགའ་བ་འབུམ་གྱིས་ཁེངས་ནས་དར་ཉིན་མོ་བདེ་ལེགས་ཤིག་རྒྱལ་པོའི་སྐུ་མདུན་དུ་འབུལ་རྗེས། “རྒྱལ་པོ་ལགས།  ངེད་ཆོས་བློན་སྐོར་ཞིག་གིས་རྒྱལ་པོ་ཁྱེད་ཀྱི་མཛད་པ་འཕྲིན་ལས་དང་། སྒོས་སུ་བོད་འབངས་སྤྱིའི་བདེ་སྐྱིད་ལ་དམིགས་ཏེ།  ཁ་སང་རྒྱལ་པོ་ལ་འཚེ་བ་དང་སངས་རྒྱས་བསྟན་པ་ལ་དགྲ་བའི་བོན་བློན་མ་ཞང་ཁྲོམ་པ་སྐྱེས་གསོན་དུར་བྱས་ནས་ཚར་བཅད་ཡོད།  ད་ནི་རྒྱལ་པོ་ཉིད་ཀྱིས་ཐུགས་འདུན་བཞིན་རྒྱལ་སྲིད་ནང་ཆོས་བཞིན་དུ་བསྐྱང་ན་འོས”ཞེས་བཤད་པ་ན།   བློན་འཁོར་གཞན་པ་རྣམས་ཀྱིས་ཀྱང་དར་ཉིན་མོ་བདེ་ལེགས་རེ་རྒྱལ་པོའི་མདུན་དུ་ཕུལ་ནས་དེ་དེ་བཞིན་ནོ་ཞེས་དགའ་བའི་དགོད་སྒྲ་སྒྲོག་བཞིན་བསྡད། མཚན་མོ་དེར།  ཁོང་རྒྱལ་བློན་རྣམས་ཀྱིས་གསོལ་སྟོན་གྱ་ནོམ་པ་ཞིག་ལ་རོལ་ནས་བཞུགས། 

5

     ཉིན་དེར།  ཡིད་འཛིན་མཁའ་འགྲོའི་སྐུ་གདུང་བླ་རུང་དུར་ཁྲོད་དུ་བསྐྱལ་བྱུང་། བླ་རུང་དུར་ཁྲོད་དུ་ནམ་རྒྱུན་བཞིན་མི་ཚོགས་མང་པོ་ཞིག་གིས་ཁེངས་འདུག དེ་དག་ལས་ལ་ལ་ནི་རོ་བདག་རེད་ལ། མང་ཆེ་བ་ནི་ནང་ལོག་ནས་དུར་ཁྲོད་ལ་ཡོང་བའི་ལྟད་མོ་བ་དག་རེད། ཡིད་འཛིན་མཁའ་འགྲོ་ནི་བླ་རུང་གི་ཇོ་མོ་ཕལ་བ་ཞིག་ཡིན་ཡང་། མོའི་སྐུ་གདོང་གི་བྱ་སྦྱིན་ཐད་ལ་བཤད་ཚུལ་འདྲ་མིན་བྱུང་།

     ཕྱི་དྲོ་དུས་ཚོད་གསུམ་གྱི་སྐབས་སུ།  བླ་རུང་གི་དུར་ཁྲོད་དུ་ནམ་རྒྱུན་བཞིན་པུར་མང་པོ་ཞིག་བསྐྱལ་ནས་སླེབས་བྱུང་། རོ་བཤའ་བན་དེས་དེ་དག་རེ་རེ་བཞིན་དུར་བྱ་དག་ལ་མཆོད་སྦྱིན་བྱས་སོང་ཡང་། ཡ་མཚན་པ་ཞིག་ལ། ཡིད་འཛིན་མཁའ་འགྲོའི་པུར་ལ་དུར་བྱ་མང་པོ་ཞིག་གིས་ལྡིང་སྐོར་རེ་བརྒྱབ་ནས་གམ་དུ་བཅལ་མི་ཕོད་ལ། དུར་བྱ་མང་པོ་ཞིག་གིས་མོའི་པུར་ལ་གཟབ་ལྟ་རེ་བྱས་རྗེས། འཇིགས་ཉམས་ཀྱིས་རྒྱང་ལ་བཀྱེད་དེ་ལྷོད་ཀྱིས་མཁའ་དབྱིངས་སུ་འཕུར་འགྲོ

      སྐབས་དེར།  རོ་བཤའ་བན་དེས་མགོ་བོ་འཕྲེད་དུ་གཡུག་བཞིན“སྒར་ནས་ད་ལྟའི་བར་དུ་བེམ་པོ་གྲངས་མེད་ཅིག་མཆོད་སྦྱིན་བྱས་ཀྱང་།དེ་རིང་གི་ཇོ་རྒན་མ་འདིའི་རོ་འདི་ཡ་མཚན་ཞིག་རེད།  འདི་ལ་བདུད་དང་འགོང་པོ་གང་རུང་གིས་གནོད་པ་བྱས་ཡོད་ངེས”ཟེར། དུར་ཁྲོད་དུ་ཡིད་འཛིན་མཁའ་འགྲོའི་པུར་གྱི་སྐོར་ནས་ཁ་བརྡ་སྣ་ཚོགས་བྱེད་བཞིན་འདུག  མཚམས་ཤིག་ལ།  ཉི་མ་ནུབ་ཕྱོགས་ཀྱི་མཚམས་ནས་རྒོད་ཐང་དཀར་ཡིད་དུ་འོང་བ་ཞིག་གིས་བླ་རུང་དུར་ཁྲོད་ཀྱི་མཁའ་དབྱིངས་ནས་གཡས་སྐོར་ལན་གསུམ་བྱས་ཏེ།  གཤོག་སྒྲས་བར་སྣང་གང་ལེ། ཕུང་པོས་ཉི་མ་གཡོལ་བ་ཞིག་བྱས་ནས་དུར་ཁྲོད་ཡར་སྒང་དུ་བབ་པ་ན།  གནམ་ལྕག་གི་སྡེར་མོ་དེ་ཡང་ཤུགས་ཀྱིས་ས་ལ་བརྟེན་པའི་དབང་གིས་ས་འདོམས་པ་བཅོ་བརྒྱད་ལ་གཤགས་འདུག་ཟེར།

    རྒོད་ཐང་དཀར་དེས་གཤོག་སྤྲུག་ལན་གསུམ་བྱས་ལ། དེ་ནས་གནམ་ལྕག་གི་མཆེ་སྡེར་གྱིས་ཡིད་འཛིན་མཁའ་འགྲོའི་ཐོད་པ་དེ་མེ་ཏོག་གི་ཁ་ཕྱེ་བ་བཞིན་བཀོགས་རྗེས། ཀླད་ཞོ་དཀར་པོ་དེ་ཐེངས་གསུམ་ལ་མཆོད་པ་དང་། སླར་ཡང་ཨ་མས་བུ་ཆུང་ཕྲག་ཏུ་ཁུར་བ་བཞིན་ཡིད་འཛིན་མཁའ་འགྲོའི་སྐུ་གདུང་ཕྲག་ཏུ་ཁུར་ནས། བླ་རུང་དུར་ཁྲོད་ཀྱི་མཁའ་དབྱིངས་སུ་གཡས་སྐོར་ལན་གསུམ་བརྒྱབས་ནས་ནུབ་ཕྱོགས་སུ་འཕུར་སོང་།

    རྒོད་ཐང་དཀར་འདི་ནི་ང་ཡིན་ལ།  ང་ནི་བླ་རུང་སྒར་གྱི་བྱ་ཞིག་ཡིན། ཉིན་དེར།  ལ་ལས“དེ་འདྲའི་བྱ་རྒོད་ཡ་མཚན་ཞིག འདི་ནི་ཨོ་རྒྱན་ཚོགས་འཁོར་གླིང་གི་ཤ་ཟ་མཁའ་འགྲོ་ཞིག་ཡིན་ངེས”ཟེར། ལ་ལས“བྱ་དེ་ནུབ་ཕྱོགས་སུ་འཕུལ་བས་བསྟན་པ་དང་སེམས་ཅན་ལ་བདེ་སྐྱིད་ཡོང་བའི་རྟེན་འབྲེལ་རེད”ཟེར།  རོ་བཤའ་བན་དེས་གདོང་ལ་འཛུམ་ཞིག་བསྡུས་ནས་ཧ་ཅང་གདེང་ཚོད་ཡོད་པའི་ཉམས་ཀྱིས“ཨེ་མ་ཧོ།  འདི་ནི་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཅན་གྱི་རོ་བྱ་གང་གྰ་རོ་ཟན་རེད།  སྔོན་ཆད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་བསམ་ཡས་དུར་ཁྲོད་དུ་ཐེངས་ཤིག་འོང་མྱོང”ཟེར།  

         6          

 ང་ནི་བླ་རུང་སྒར་གྱི་བྱ་ཞིག་ཡིན། ང་དེ་ལྟར་ནུབ་ཕྱོགས་སུ་འཕུར་ནས་སོང་། བྲག་ཐེམ་དུ་བསླེབས་རྗེས། དེ་རིང་ནི་ཤ་ཡིད་ཚིམས་པ་ཞིག་ཟོས་ཡོད་པས་མགྱོགས་མྱུར་གཉིད་སྐྱིད་པོ་ཞིག་ཁུག་དགོས་བསམ།  རྨི་ལམ་དུ།  ང་རང་བསམ་ཡས་གཙུག་ལག་ཁང་གི་སྒོ་དྲུང་དུ་འབྱོར་འདུག ངའི་ལུས་སུ་ངུར་སྨྲིག་གི་ན་བཟའ་ཞིག་གྱོན་འདུག་ལ། སེམས་སུ་ང་ནི་རང་གི་ཕུགས་འདུན་མངོན་དུ་གྱུར་ནས་ཉིན་མཚན་དུས་དྲུག་ཏུ།  བསམ་སྤྱོད་གཉིས་ཆ་ནས་གཞན་ཕན་གྱི་ལས་ཁོ་ན་གཞོལ་བའི་བཙུན་མ་བཟང་པོ་ཞིག་རེད་སྙམ།

  བསམ་ཡས་གཙུག་ལག་ཁང་གི་གསེར་ཏོག་ལ་ཉི་འོད་འཕྲོས་པའི་སེར་ལམ་ལམ་བྱེད་པ་དང་།  དད་ལྡན་གྱི་མཇལ་སྐོར་བ་མང་པོ་ཞིག་འཚང་ག་ཤིག་ཤིག་ངང་སྐོར་བ་བྱེད་ཀྱིན་གདའ།  བསམ་ཡས་གཙུག་ལག་ཁང་ནི་མཐོང་བ་ཙམ་གྱིས་ཀུན་གྱིས་ཡིད་དབང་འཕྲོག་པ་ཞིག་རེད། གཙུག་ལག་ཁང་གི་མདུན་ཕྱོགས་སུ་མེ་ཏོག་དཀར་སེར་དམར་གསུམ་རྣམ་པར་བཞད་ནས་དྲི་ཞིམ་ཕྱོགས་ཀུན་ལྡང་གིན་འདུག་ལ། ཁོ་ལག་རབ་ཏུ་རྒྱས་པའི་ལྗོན་ཤིང་གི་རྩེ་ན་བྱ་བྱེའུ་འདྲ་མིན་གྱིས་སྐད་སྙན་སྒྲོག་པ་ནི་བསྟོད་པའི་གླུ་དབྱངས་ལེན་པ་དང་མཚུངས།

    ཕྱི་ནས་བལྟས་ན་གཙུག་ལག་ཁང་འདིའི་སྟེང་ཤོད་རྒྱ་གར་དང་། བལ་ཤོད་བོད། འོག་ཤོད་རྒྱ་ནག་གི་ལུགས་སུ་བཞེངས་པས།  དེ་ནི་ངེས་དོན་གྱི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞིག་རེད།  གཙུག་ལག་ཁང་གི་འོག་ཁང་དུ། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཉིན་མོ་བདེ་ལེགས་ཤིག་བཟུང་ནས་མཁན་ཆེན་བོ་དྷི་ས་ཏྭའི་སྐུ་དྲུང་དུ་བཅར།

“མཁན་ཆེན་ལགས།  ད་ནི་ལྷ་འདྲེ་བཏུལ་བ་དང་ཕྱི་ནང་གི་བར་ཆད་མ་ལུས་སེལ་ནས་གཙུག་ལག་ཁང་ལེགས་གྲུབ་བྱུང་ཡང་། རྒྱལ་བསྟན་དར་རྒྱས་ཡོང་བའི་ཆ་རྐྱེན་གཙོ་བོ་ནི་དགེ་འདུན་གྱི་སྡེ་ཡིན་པས་ག་རེ་གནང་དགོས”ཞེས་དྲིས།

        མཁན་ཆེན་བོ་དྷི་ས་ཏྭས་སྤྱན་གཉིས་བཙུམས་ནས་ཡུན་རིང་ཞིག་ལ་བསམ་གཞིག་བྱས་པ་དང་།  དེ་ནས་སླར་ཡང་རྒྱལ་པོ་ལ། “ཡ། ཆོས་རྒྱལ་རིན་པོ་ཆེ། ཉིད་ཀྱིས་རྒྱལ་བསྟན་གྱི་སྲོག་སྙིང་ནི་དགེ་འདུན་པའི་སྡེ་ཡིན་པ་མཁྱེན་འདུག་པས་ཤིན་ཏུ་ངོ་མཚར་ཆེའོ།  འོ་ན་ཉིད་ཀྱིས་གཞོན་ནུ་བློ་རིག་བརྟན་པ་བདུན་གྲ་སྒྲིག་བྱོས་དང་། ངས་ཁོང་རྣམས་རབ་ཏུ་བྱུང་སྟེ་བཙུན་པ་བྱེད་དུ་འཇུག  དེ་ལྟར་བྱས་ན་སངས་རྒྱས་བསྟན་པ་བོད་ལ་རྒྱ་ཆེར་སྤེལ་ཐུབ”ཅེས་གསུངས། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོའི་བཀའ་བཞིན་དུ་རྒྱལ་བློན་ཚང་མ་བསྡུས་ནས་བཀའ་གྲོས་མང་དུ་མཛད་ལ། མཐར་དབས་རིན་ཆེན་བསྲུང་བ་དང་། རྦ་ཡེ་ཤེས་དབང་པོ་སོགས་རིག་པ་རྣོ་ལ།  ལོ་ན་གཞོན་པའི་མི་བདུན་མཁན་ཆེན་བོ་དྷི་ས་ཏྭའི་དྲུང་དུ་ཁྲིད་ནས་རབ་བྱུང་སྒྲུབ་ཏུ་བཅུག 

         ལོ་རྒྱུས་སུ་ཁོང་རྣམས་ལ་བོད་ཀྱི་སད་མི་མི་བདུན་ཞེས་གྲགས་ལ།  དེ་ནས་བཟུང་བོད་དུ་རབ་བྱུང་པའི་སྡེ་བྱུང་པ་དང་། རྒྱལ་བསྟན་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཞིག་ཚུགས་སོ། གཉིད་ལས་སད་པ་ན།  ངས་དེ་རིང་མཆིམས་ཕུ་རི་ཁྲོད་ལ་ལན་ཞིག་འཕུར་དགོས་སྙམ་བྱུང་།  དེ་ནི་བླ་རུང་སྒར་གྱི་བྱ་ཞིག་ལ་མཚོན་ན། དེ་འདྲའི་དཀའ་ཁག་ཅན་གྱི་ལས་ཞིག་གཏན་ནས་མིན།  

གཉིད་ལས་སད་པ་ན། ངས་དེ་རིང་མཆིམས་འཕུ་རི་ཁྲོད་དུ་ལན་ཞིག་འཕུར་དགོས་སྙམ་བྱུང་། དེ་ནི་བླ་རུང་སྒར་གྱི་བྱ་ཞིག་ལ་མཚོན་ན། དེ་འདྲའི་དཀའ་ཁག་ཅན་གྱི་ལས་ཞིག་གཏན་ནས་མིན། 


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཟན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།